Nitartha Digital Library
Tibetan
 
previousདབུ་མ་ཡང་དག་པར་བརྗོད་པ།next

དབུ་མ་ཡང་དག་པར་བརྗོད་པ།

དབུ་མ་ཡང་དག་པར་བརྗོད་པ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། མ་དྷྱཱ་མཱ་ཀ་སཾ་གཱི་ཏི། བོད་སྐད་དུ། དབུ་མ་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རྗེ་བཙུན་ཆེན་པོ་དཔལ་བཞད་པའི་རྡོ་རྗེ། མཚན་ཡོངས་སུ་གྲགས་པ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ཆུ་བར་སྤྲུལ་སྐུའི་ཕོ་བྲང་སྐུ་གསུང་ཐུགས་བདེ་ཆེན་གྱི་དཀྱིལ་འཁོར་དུ་ཉིད་ལས་གཞན་མ་ཡིན་པའི་ཡེ་ཤེས་ཀྱི་ལྷའི་ཚོགས་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། ། དེའི་ཚེ་ལྷ་མ་སྲིན་སྡེ་བརྒྱད་དྲེགས་པ་ཅན་གྱི་སྡེ་དཔོན་དུ་གྱུར་པ་རྣམས་སོ་སོ་རང་རང་གི་རིགས་དང་མཐུན་པའི་འཁོར་དཔུང་བུ་ཆུང་གི་ཚོགས་དང་བཅས་པ་དང་། འཇིག་རྟེན་མིག་བསྒྱུར་གྱི་ཌཱ་ཀི་མ་རྣམས་སྒེག་ཅིང་མཛེས་པ་མི་མོ་གཞོན་ནུའི་ཆ་བྱད་དུ་བསྒྱུར་ནས་ལྷབ་ལྷུབ་དར་གྱི་གོས་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་། སྤུད་པ་དོ་ཤལ་འཕྲེང་བ་སལ་སིལ་དང་། སེ་མོ་དོ་ལ་སོགས་པའི་ཆས་ཀྱིས་རབ་ཏུ་བརྒྱན་ཏེ། བྲན་དང་གཡོག་འཁོར་དུ་མའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁའ་ལ་ལྷགས་ནས་ལྷ་མ་སྲིན་དེ་རྣམས་ཀྱིས། རྗེ་བཙུན་ལ་མེ་ཏོག་སྣ་ཚོགས་ཀྱི་ཆར་ཕབ། སྤོས་དང་རོལ་མོ་སྣ་ཚོགས་ཀྱི་མཆོད་པ་ཕུལ། བཟའ་བ་དང་བཅའ་བ་གྱ་ནོམ་པ་སྣ་ཚོགས་ཀྱི་སྤྱན་གཟིགས་དྲངས་ནས། རྗེ་བཙུན་ཁྱེད་རང་གི་ཐུགས་ལས་བྱོན་པའི་རྟོགས་ཚད། དུས་གསུམ་སངས་རྒྱས་རྣམས་ཀྱི་དགོངས་པ། མཐར་ཐུག་ལམ་གྱི་སྐྱེལ་ས་འདི་ལས་མེད་ཅེས་པ། ངེས་དོན་གྱི་ཆོས་ཞིག་ངེད་འདིར་ཚོགས་པའི་ལྷ་མ་སྲིན་རྣམས་ལ་གསུང་བར་ཞུ་འཚལ་ཞུས་པས། དེའི་དུས་སུ་རྗེ་བཙུན་གྱི་རྟོགས་ཚད་ལྟ་བའི་མགུར། གནས་ལུགས་ངེས་དོན་འབའ་ཞིག་ཏུ་གདམས་པ་འདི་རྣམས་ཡིན་གསུངས་ནས་མགུར་བཞེངས་པ། ཡོངས་བལ་བོད་གཉིས་ཀྱི་སོ་མཚམས་ན། །ཡུལ་ཡ་མཚན་ཆེ་བའི་དིང་མ་བྲིན། །ཟོང་འདོད་དགུ་འབྱུང་བའི་ཚོང་འདུས་ན། །ལྷ་སྨན་བཙུན་མི་ལ་དཔལ་འགོ་བ། །དཔའ་བརྗིད་གངས་ཀྱི་རྒྱལ་མོ་ནི། །ཚེ་གཡུང་དྲུང་བརྟན་པའི་ཟུར་ཕུད་ཅན། །དེ་མཚན་སྙན་བཀྲ་ཤིས་ཚེ་རིང་མ། །རི་ན་བུན་འཐིབས་ཀྱི་གཡོན་ཟུར་ན། །འབྲོག་རྨ་གཡང་གངས་ཀྱིས་བསྐོར་བ་དེ། །སྨན་ལུང་ཆུ་བར་མ་ལགས་སམ། །གནས་དེ་ན་རྩེ་གཅིག་ཉམས་ལེན་པ། །ང་མི་ལ་རྣལ་འབྱོར་མི་ཟེར་རམ། །མི་ང་ལ་སྔོན་ཆད་མཐོ་འཚམ་ཞིང་། །ཅོ་འདྲི་བཞད་གད་བྱེད་པ་སྟེ། །ཁྱེད་ཅག་འཇིག་རྟེན་ལྷ་མ་སྲིན། །ཤིན་ཏུ་དྲེགས་ཤིང་མི་བསྲུན་པས། །རྣལ་འབྱོར་ཡོངས་ཀྱི་དྲོད་མྱུལ་བ། །དེ་རིང་འདིར་ཚོགས་མ་ལགས་སམ། །མདང་སང་དགུང་ཟླ་སྔ་མ་ལ། །ཡིད་འཕྲོག་བུ་མོ་མཛེས་མ་ལྔ། །བླ་མེད་མཆོག་ཏུ་སེམས་བསྐྱེད་དེ། །ཅི་འདོད་དངོས་གྲུབ་ཁས་བླངས་ནས། །མི་སྣང་མཁའ་ལ་འཕུར་ནས་ཐལ། །དེ་ཡང་ངོ་མཚར་ཁྱེད་ཅག་ལྔ། །དགུང་དོ་ནུབ་དཀར་གསལ་ཟླ་མདངས་ལ། །སྤྲུལ་པའི་བུད་མེད་བཞིན་བཟང་མ། །གར་བསྒྱུར་སྒེག་མོའི་ཆ་བྱད་ཅན། །ལྷབ་ལྷུབ་དར་གྱི་ན་བཟའ་དང་། །དོ་ཤལ་རྒྱན་གྱིས་མཛེས་པ་ཡི། །གཙོ་མོ་ཁྱོད་ཀྱིས་མདོང་གསོལ་ནས། །སྡེ་བརྒྱད་དྲེགས་པའི་ལྷ་མ་སྲིན། །སྡེ་དང་དཔུང་དང་དམག་མི་དང་། །རིགས་མཐུན་འཁོར་གྱི་ཚོགས་བཅས་རྣམས། །ནམ་མཁའ་ཁེངས་པའི་མཆོད་སྤྲིན་དང་། །རོ་བརྒྱ་ལྡན་པའི་ཁ་ཟས་དང་། །སྣ་ཚོགས་རོལ་མོ་ཕུལ་ནས་ཀྱང་། །ངེས་དོན་དགོངས་པ་ཞུ་བ་དེ། །ཁྱེད་སྣང་སྲིད་ལྷ་འདྲེ་མ་ལགས་སམ། །ཚིག་དེ་སྐད་ཟློ་ན་རྣ་བར་སྙན། །ངག་བདེན་པས་བཀྲོལ་ན་ཀུན་ཀྱང་ཉན། །ད་ཅ་ཅོ་མ་ཟེར་གླུ་འདི་ཉོན། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་ལ། །འདོད་པའི་བྱང་ཆུབ་སྣ་ཚོགས་ཡོད། །ངར་འཛིན་ལྟ་བ་ཐ་དད་ཡོད། །དེ་དག་སྤྱོད་ཚུལ་སྣ་ཚོགས་ཡོད། །གཞི་བདག་ཏུ་ལྟ་བ་ཤིན་ཏུ་མང་། །ཁྱེད་བློ་དམན་རྣམས་ཀྱི་བློ་ངོ་དང་། །བསྟུན་ནས་ཀུན་མཁྱེན་སངས་རྒྱས་ཀྱིས། །ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །དོན་དམ་བདེན་པའི་དབང་དུ་ནི། །བགེགས་བས་སངས་རྒྱས་ཉིད་ཀྱང་མེད། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །བགྲོད་བྱ་ས་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བཏགས་པ་ཙམ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་གདའ། །ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་བྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །དེ་ལྟར་རྟོགས་པའི་མཁས་པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། །དེ་ལས་སྙིང་རྗེའི་ཤུགས་ཕྱུང་སྟེ། །སྟོབས་དང་མི་འཇིགས་གཟུངས་ལ་སོགས། །སངས་རྒྱས་ཡོན་ཏན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །དེ་རྣལ་འབྱོར་ང་ཡི་རྟོགས་ཚད་ཡིན། །ཁྱེད་འདིར་ཚོགས་ལྷ་འདྲེའི་རྣ་ལམ་དུ། །ཆོས་ཟབ་མོ་བས་ཀྱང་བོན་སྒྲ་སྙན། །ཨ་བྷི་ར་ཡི་རྒྱལ་ཁམས་ན། །མཁས་པ་བས་ཀྱང་བླུན་པོ་བྲིན། །དུར་ཁྲོད་མྱུལ་བའི་ཝ་སྤྱང་རྣམས། །སེང་གེའི་ང་རོས་འཇིགས་ཤིང་སྐྲག །འགའ་ཞིག་སྐལ་ལྡན་ཡོད་སྲིད་ན། །འདི་དོན་ཐོས་པས་གྲོལ་བར་འགྱུར། །ལར་མི་ང་ལ་དགའ་བའི་ཉམས་ཤིག་སྐྱེས། །སོ་དགའ་ཡོ་སྐྱིད་དོ་ཐོ་ལེ་རྒྱལ། ཞེས་པའི་མགུར་དེ་སྐད་གསུང་ནས་དེ་དག་གི་དོན་བཤད་པ། སྤྱིར་སྟོན་པ་སངས་རྒྱས་ཀྱི་ཞལ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་ཅིག་གསུངས་པ་དེ་དག་ཐམས་ཅད་གདུལ་བྱ་གང་ཟག་གི་བློ་ངོ་དང་བསྟུན་ནས་ཐེག་པ་སྣ་ཚོགས་སུ་བསྟན་པ་ཡིན་གྱི། མཐར་ཐུག་སྐྱེལ་ས་གཅིག་ལས་མེད། གཅིག་པོ་དེ་ཆོས་ཉིད་མ་བཅོས་པ་ཡིན། དེ་ཡིན་ལུགས་ཤེས་པས་མི་གྲོལ་ཏེ། ལམ་སྦྱང་པས་མངོན་དུ་འགྱུར་དགོས། དེ་ལ་ལམ་གྱི་ངོ་བོ་སྟོང་པ་སྙིང་རྗེ་ཟུང་འཇུག་ཡིན། ལམ་གྱི་བགྲོད་ཚུལ་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཅིག་ཡོད་ཀྱང་མདོར་སྲིལ་གྱིས་དྲིལ་ན་ཐབས་ཤེས་ཟུང་འཇུག་གམ། བདེན་གཉིས་དབྱེར་མེད་དུ་འཁྱེར་འཚལ་ལོ། དེ་སྐད་ཅེས་བཀའ་སྩལ་པ་དང་བཀྲ་ཤིས་ཚེ་རིང་མ་ལ་སོགས་པ་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། རྗེ་བཙུན་ཆེན་པོས་གསུང་པ་ལ་མངོན་པར་བསྟོད་དོ། །དེས་རྗེ་བཙུན་ཆེན་པོ་བཞེད་པ་རྡོ་རྗེའི་ལྟ་བའི་མགུར་དབུ་མ་ཡང་དག་པར་བརྗོད་པ་ཞེས་བྱ་བ་རྫོགས་སོ།། །།


previousདབུ་མ་ཡང་དག་པར་བརྗོད་པ།next