Nitartha Digital Library
Tibetan
 
previousགསེར་འོད་དམ་པ་ནས་གསུངས་པའི་བཤགས་པ།next

གསེར་འོད་དམ་པ་ནས་གསུངས་པའི་བཤགས་པ།

གསེར་འོད་དམ་པ་ནས་གསུངས་པའི་བཤགས་པ་བཞུགས་སོ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཆོས་དང་བྱང་ཆུབ་སེམས་དཔའི་ཚོགས། །རང་སངས་རྒྱས་དང་འཕགས་པ་བརྒྱད། །སྐྱབས་གྱུར་ཀུན་ལ་ཕྱག་འཚལ་ལོ། །སངས་རྒྱས་རྐང་གཉིས་དམ་པ་དག །ཐུགས་བརྩེ་ཐུགས་རྗེར་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་བདག་མཆིས་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང་། །སངས་རྒྱས་རྣམས་སུ་མི་འཛིན་དང་། །དགེ་བ་དག་ཏུ་མི་འཛིན་པའི། །སྡིག་པ་བདག་གིས་གང་བགྱིས་པ། །ཕྱུག་པའི་རྒྱགས་པས་དྲེགས་པ་དང་། །རིགས་དང་ལོངས་སྤྱོད་རྒྱགས་པ་དང་། །གཞོན་པའི་དྲེགས་པས་རྒྱགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་པ། །ཉེས་བསམ་ཉེས་པར་སྨྲས་པ་དང་། །ཉེས་པར་བགྱིས་པའི་ལས་རྣམས་དང་། །ཉེས་པ་དམིགས་སུ་མ་ལགས་པས། །བདག་གིས་སྡིག་པ་གང་བགྱིས་དང་། །བྱིས་པའི་བློ་ཡིས་འཇུག་པ་དང་། །མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་ཀྱི་དབང་གྱུར་དང་། །ཉོན་མོངས་རྣམ་པར་འཁྲུག་སེམས་དང་། །རྩེད་མོར་དགའ་བའི་དབང་ཉིད་དང་། །མྱ་ངན་དང་ནི་ནད་དབང་དང་། །ནོར་གྱིས་མི་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །འཕགས་མིན་སྐྱེ་བོ་འདྲ་བ་དང་། །ཕྲག་དོག་སེར་སྣའི་རྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །འཕོངས་པ་བྱུང་བའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱི་འཇིགས་རྒྱུ་དང་། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །གཡོ་བའི་སེམས་ཀྱི་དབང་ཉིད་དང་། །འདོད་དང་༼༢ན༣༽ཁྲོ་བའི་དབང་དག་དང་། །བཀྲེས་དང་སྐོམ་གྱིས་ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །བཟའ་བ་དག་དང་བཏུང་བ་དང་། །བུད་མེད་རྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང་། །ལུས་དང་ངག་དང་ཡིད་ཀྱིས་སྡིག །ཉེས་པར་སྤྱོད་པ་རྣམ་གསུམ་བསགས། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང་། །དེ་བཞིན་ཉན་ཐོས་རྣམས་ལ་ཡང་། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ་གང་། །དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ་དང་། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང་། །ཕ་མ་རྣམས་ལ་མ་གུས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པ་དང་ནི་བྱིས་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་དྲེགས་པས་སྡིག་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་རྗེར་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པ་རབ་ཏུ་གཟུང་དུ་གསོལ། །བདག་གིས་བསྐལ་པ་བརྒྱ་རྣམས་སུ། །སྔོན་ཆད་སྡིག་པ་གང་བགྱིས་པ། །དེ་ཕྱིར་བདག་ནི་མྱ་ངན་སེམས། །འཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱི། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་སྤྱོད་བགྱིས་པ། །བདག་གིས་གང་༼༢བ༤༽བུའང་དགའ་མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེར་ལྡན། །འགྲོ་བ་ཀུན་གྱི་་་་་་་་་་་བས། །ནོངས་པ་རབ་ཏུ་གཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོན་ཆད་བདག་གིས་གང་བགྱིས་དང་། །ད་ལྟ་བདག་གིས་སྡིག་པ་གང་། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སླན་ཆད་མི་བགྱིད་བསྡམ་པར་བགྱི། །བདག་གིས་ནོངས་པ་བགྱིས་པ་གང་། །སྡིག་དེ་བཅབ་བར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་ལས་ནི་རྣམ་བཞི་དང་། །ཡིད་ཀྱི་ལས་ནི་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱི་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང་། །ལས་རྣམས་བཅུ་པོ་བགྱིས་པ་དག །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱིས། །མི་དབང་དོན་གྲུབ་རྡོ་རྗེས་བསྐུལ་ནས། །གསེར་འོད་ནས་སྐབས་སུ་བབས་པ་ཙམ་ཕྱུང་བའོ། །ཕན་ཡོན་ཀྱང་མདོ་དེ་ཉིད་དུ། །གང་གི་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་འགྱུར་པ། །གསེར་འོད་དམ་པ་དགེ་བ་ཡིས། །བཤགས་པ་འདི་དག་བཤགས་ནས་ནི། །ཞེས་གསུངས་སོ།། །།དེ་ལྟར་བདག་གིས་སྡིག་པའི་ལས་སྤངས་ནས། །ལེགས་པའི་འབྱུང་གནས་དགེ་བ་སྤྱོད་པར་བགྱི། །འཇིག་རྟེན་འདིར་ཡང་བདག་གིས་ཅི་བསམས་པ། །དེ་དག་ཡིད་བཞིན་མྱུར་བ་ཉིད་འགྲུབ་ཅིང་། །དམ་པའི་ཞབས་རྡུལ་རྟག་ཏུ་མཆོད་པ་དང་། །ནོར་དང་འབྲུ་ཡི་མཛོད་རྣམས་འབྱོར་གྱུར་ཅིག །༼༣ན༥༽སྙན་དང་གྲགས་དང་གཟུགས་དང་ཁ་དོག་གིས། །རྣམ་པ་ཀུན་ཏུ་ལེགས་པར་བརྒྱན་པ་དང་། །ཕས་ཀྱི་རྒོལ་བའི་མིང་ཡང་མི་གྲག་པའི། །སྟོབས་བཅེས་སྡེ་དང་བཅས་པ་རྒྱལ་པོ་ཉིད། །འཁོར་ལོས་བསྒྱུར་བ་ཇི་བཞིན་ཐོབ་གྱུར་ནས། །ཡོན་གནས་དམ་པའི་སྦྱིན་བདག་ཉིད་ཀྱི་ནི། །ཆོས་བཞིན་མཉེས་པ་ཀུན་གྱིས་མཉེས་བྱེད་ཤོག །འདི་ནས་གཟུང་སྟེ་མཐོ་རིས་རྟེན་ཁོ་ནས། །སྲིད་པའི་གནས་ལ་དབང་པོ་ཆེར་གྱུར་ནས། །སེམས་ཅན་ཀུན་ལ་ཕན་དང་བདེ་བསྒྲུབ་པའི། །བྱང་ཆུབ་དམ་པའི་སྤྱོད་པ་གོམས་བགྱིས་པས། །མྱུར་དུ་སྟོབས་བཅུ་ལ་སོགས་ཡོན་ཏན་གྱི། །རྒྱ་མཚོ་རྫོགས་པའི་སངས་རྒྱས་ཉིད་གྱུར་ཅིག །འདི་ཡང་མི་དབང་དོན་གྲུབ་རྡོ་རྗེའི་སྨོན་ལམ་ཞལ་འདོན་དུ་ལྷུན་པོ་རྩེར་སྦྱར་བའོ།། །།མངྒ་ལཾ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousགསེར་འོད་དམ་པ་ནས་གསུངས་པའི་བཤགས་པ།next