Nitartha Digital Library
Tibetan
 
previousདབེན་པ་ཡིད་ལ་འདོད་པའི་གཏམ།next

དབེན་པ་ཡིད་ལ་འདོད་པའི་གཏམ།

དབེན་པ་ཡིད་ལ་འདོད་པའི་གཏམ་བཞུགས་སོ། །རྗེ་བཙུན་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །དབང་བསྒྱུར་གནས་པ་བདུད་དུ་མ་གཟིགས་པར། །ལང་ཤོར་རང་གི་སེམས་རྒྱུད་བཏུལ་མཛད་པས། །རྒྱལ་བའི་གྲོང་ཁྱེར་མཆོག་ལ་མངའ་བསྒྱུར་བའི། །འདྲེན་པ་མཉམ་མེད་རྣམས་ཀྱིས་བདག་ལ་གཟིགས། །དབེན་པར་གནས་པ་གཞན་དོན་མི་གཡེལ་ཞིང་། །དལ་བར་འདུག་པས་བྱང་ཆུབ་སྤྱོད་རྫོགས་པའི། །སེམས་དཔའ་ཆེན་པོའི་ཚུལ་དེར་བདག་ཅག་ཀྱང་། །གྱུར་ཅེས་དད་པས་ལག་གཉིས་ཐལ་སྦྱར་རོ། །བག་མེད་སྐྱེ་བོ་རྒྱུ་བའི་ལམ་སྟོང་ཞིང་། །ཁྲེལ་ལྡན་དཀའ་ཐུབ་པ་རྣམས་ཡིད་ཕེབས་པ། །ཐུབ་པའི་ཚོགས་ཀྱིས་ཡང་ཡང་བརྟེན་བྱས་པའི། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །གསེར་གཞི་གནམ་སྔོན་འོད་ཀྱིས་བྱུགས་འདྲ་བའི། །ལྗང་སྔོན་སྤང་གི་ངོགས་སུ་རི་དགས་རྣམས། །བག་ཕེབས་རྩེ་འཇོའི་ལྟད་མོ་མི་ཟད་པའི། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །ཟླ་བ་ལྷུན་པོ་བསྐོར་བས་ངལ་གྱུར་ནས། །རི་རྩེར་གཉིད་འདྲ་གངས་རིའི་ཉམས་བག་རྣམས། །སོས་ཀའི་དུས་ཀྱང་བསིལ་བའི་དཔལ་ཡོན་ཅན། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །རྒྱུ་སྐར་ཐིགས་པ་བསིར་བུའི་དད་དག་གིས། །རེངས་པ་དང་འདྲ་གཡའ་མའི་རི་བར་དུ། །གོང་མོའི་གཏམ་གྱིས་སྐྱོ་བ་སངས་བྱེད་པ། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །ཡོངས་འདུའི་དྲུང་ནས་དེ་རིང་འོངས་གྱུར་བའི། །ལྗོན་ཤིང་གཞོན་ནུ་ཡལ་གའི་ལག་པ་ཡིས། །རྣམ་མང་བདུད་རྩིའི་འབྲས་བུས་མགྲོན་བགྱིད་པ། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །སྣ་ཚོགས་ནོར་བུའི་ཕ་བོང་བརྩེགས་པའི་སྐྱིབས། །ཆོས་བཟང་མདུན་སའི་རྡོ་ལེབ་འཕོས་པ་ལྟའི། །བྲག་ཕུག་ཉམས་དགའ་རྡོ་བའི་མལ་སྟན་ཅན། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །སྔོ་བསངས་ནམ་མཁའི་བླ་རེ་བྲེས་གྱུར་ཅིང་། །རྒྱུ་སྐར་ནོར་བུའི་འཕྲེང་བས་ལྔ་ལྡིར་བྱས། །ཕྱོགས་རྣམས་གློག་གི་ཡོལ་བས་རྣམ་བརྒྱན་པ། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །གེ་སར་རྒྱས་པའི་དྲི་བསུང་ཞིམ་པོ་ཡིས། །བུང་བ་མྱོས་པའི་གླུ་སྐྲས་གང་གྱུར་པའི། །མེ་ཏོག་མགོ་ལྕོགས་ལྡེམ་༼༢ན༣༽པའི་ལྡིང་ཁང་ཅན། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །དངས་པའི་མཚོན་ནང་ངང་པའི་བུ་མོ་རྣམས། །མགྲིན་པའི་རྔ་བརྡུང་ཆུ་སྐྱར་བྱིས་པའི་ཚོགས། །སྙན་པའི་སིལ་སྙན་འཁྲོལ་བའི་ངོ་མཚར་ཅན། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །མནན་ན་ནེམ་ཞིང་བཏེག་ན་འཕར་གྱུར་པའི། །མཐོན་པའི་ནེའུ་གསིང་ཡངས་པའི་དབུས་མཐོ་བ། །འཁྲི་ཤིང་ཡལ་གའི་བླ་གབ་ཀྱིས་སྡུག་པའི། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །འབྲུག་སྒྲ་དབྱངས་སུ་གྱེར་བའི་སྤྲིན་འཕྲེང་གིས། །དལ་བུ་དལ་བུར་ཕབ་པ་ཆར་གྱི་ཆུས། །རྟག་པར་བཀྲུས་པས་རི་ངོས་གཙང་བ་ཡི། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །རྦ་རླབས་ཆུ་ཆེ་ལྦུ་བའི་འཛུམ་བསྟན་ནས། །བདག་ལ་ཕེབས་སྨྲ་ལྷུང་ལྷུང་སྒྲ་སྒྲོགས་པའི། །ཆུ་ཀླུང་མཛེས་མ་དལ་གྱིས་རྒྱུ་བྱེད་པ། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །དྲི་ཟའི་དགའ་མའི་གླུ་དང་ལྷན་ཅིག་ཏུ། །རིན་ཆེན་རྒྱུད་མངས་སྒྲོག་པ་ལས་སྙན་པའི། །བྱ་རྣམས་དུས་སུ་འཐེན་པའི་གླུ་སྙན་ཅན། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །ཉིན་བྱེད་འོད་ཟེར་རྒྱས་པའི་གདུགས་དཀར་ཕུབ། །དབང་པོའི་མཚོན་ཆ་བཀྲ་བའི་འཕྲེང་བས་གཡོགས། །མདངས་བཟང་མེ་ཏོག་གསིལ་མ་བརྡལ་བའི་གླིང་། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །ཁ་དོག་རྨ་བྱའི་མགྲིན་པས་མི་མཚོན་ཞིང་། །ཀ་ཙ་ལིནྡའི་རིག་བྱའི་ཁེངས་འཕྲོག་པ། །འཇམ་ཞིང་བདེ་བ་རྩཱ་སྔོའི་གདིང་བ་ཅན། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །བསམ་གཏན་སྤྱོད་པ་རྣམས་ལ་ཆོམ་རྐུན་གཉིད། །བསྲུང་བའི་ཕྱིར་དུ་རླུང་ལྷའི་ལག་གཉིས་ཀྱིས། །ག་བུར་བཟང་པོའི་ཆུ་ཡིས་བྲན་བྱེད་པ། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །མངར་བསིལ་ཆབ་ཀྱི་བཏུང་བ་འཁྲིས་ན་རྒྱུ། །རྩ་བ་འབྲུ་དང་ལོ་མའི་ཁ་ཟས་མཆོག །མདུན་ན་བདར་བས་རྣམ་གཡེང་སྐྱེངས་བྱེད་པ། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །གང་དེར་བགྲོད་པའི་གོམ་པའི་འོད་དཀར་གྱིས། །ཚེ་འདིའི་བློ་འདྲིད་བདུད་ཀྱི་ན་ཆུང་གི། །བཞིན་རས་པདྨོའི་ཚལ་རྣམས་ཟུམ་བྱེད་པ། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །གཞན་གྱི་དཔལ་ལ་སྡང་བ་བཙུབས་གྱུར་པའི། །སྐྱེ་བོའི་ཕྲག་དོག་ཚེར་རྣོན་དེ་དག་ཀྱང་། །རྡོ་པས་རྡུལ་བཞིན་གང་གིས་འཇམ་༼༢བ༤༽བྱེད་པ། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །དུག་གསུམ་གདུང་བྱེད་གཉེན་པོའི་ཆུ་ལོན་གྱིས། །དལ་བུར་བཅོམ་པས་ཕྱོགས་འཛིན་དུ་གསངས་ནས། །མཛའ་བཤེས་སྐྱོང་བའི་ངལ་དུབ་མ་མཆིས་པ། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །ངུར་སྨྲིག་ཆོས་གོས་གསུམ་གྱིས་ལུས་མཛེས་ཤིང་། །རློམ་བྲལ་ཚུལ་ཁྲིམས་དམ་པས་རྒྱུད་དུལ་བས། །རྟག་ཏུ་ཡང་དག་འཇོག་ལ་བསམ་གཏན་ཕྱིར། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །དཀོན་མཆོག་བླ་མའི་སྲི་ཞུ་འཕེལ་འགྱུར་ཞིང་། །མ་གྱུར་འགྲོ་བའི་དྲིན་ལ་ལན་ལོན་ལས། །བདག་གཞན་དོན་ཀུན་མྱུར་དུ་འགྲུབ་ངེས་པའི། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །སྲིད་པའི་འབྱོར་བ་རྩྭ་བཞིན་ལེགས་དོར་ཏེ། །མི་འཛད་འཕགས་པའི་ནོར་ཆེན་མཛོད་བཟུང་ནས། །ཀུན་ལ་འཕང་མེད་སྦྱིན་པའི་ངང་ཚུལ་ཕྱིར། །དབེན་པའི་གནས་དེ་བདག་གི་ཡིད་ལ་དྲན། །ཕྱོགས་བཅུའི་ཞིང་གི་ཕན་མཛད་རྒྱལ་བའི་ཚོགས། །མྱུར་བ་མྱུར་བར་ཐུགས་རྗེའི་ཕྱག་བརྐྱང་ནས། །གཞན་དོན་ཡིད་ལ་བ་རྣངས་པའི་ནུས་པ་ངའི། །སྤྱི་བོར་གཞོག་ལ་རྟག་པར་བྱིན་གྱིས་རློབས། །དབེན་པ་ཡིད་ལ་འདོད་པའི་གཏམ་དགེ་སློང་པདྨ་དཀར་པོས་སྦྱར་བའོ།། །།མངྒ་ལཾ། །ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousདབེན་པ་ཡིད་ལ་འདོད་པའི་གཏམ།next