Nitartha Digital Library
Tibetan
 
previousཙ་རི་ཏྲ་ཞེས་པའི་གནས་ལ་བསྟོད་པ་པད་དཀར་ལེགས་བཤད།next

ཙ་རི་ཏྲ་ཞེས་པའི་གནས་ལ་བསྟོད་པ་པད་དཀར་ལེགས་བཤད།

ཙ་རི་ཏྲ་ཞེས་པའི་གནས་ལ་བསྟོད་པ་པད་དཀར་ལེགས་བཤད་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་ཙ་རི་ཏྲཱ་ཡ། ཕུན་ཚོགས་པདྨ་ཅན་ཡོངས་དཔལ་འདི་ཞེས། །མཁས་པའི་དད་པ་དཔྱད་པས་ཡིད་མགུ་ནས། །སྙན་དངགས་གཤོག་ཡངས་དཀར་པོ་རབ་བརྐྱང་སྟེ། །ཡ་མཚན་བསྟོད་པའི་མགྲིན་རྔ་དལ་གྱིས་བརྡུང་། །ཀུན་ཁྱབ་ཀུན་ཏུ་བརྫུས་ཀྱང་དང་པོའི་ཚུལ། །ནམ་ཡང་འགྱུར་མེད་འགྱུར་བ་ཟད་པའི་མཐའ། །རྒྱལ་རྣམས་གཟིགས་པའི་རྩེར་ཐོན་ཉིད་འདིས་ཉིད། །དག་པ་ཆོས་སྐུའི་ཞིང་ཞེས་རི་མོར་བྱེད། །གཞི་གཅིག་སྟེང་དུ་མ་ལུས་དཀྱིལ་འཁོར་ཆེ། །ཞི་ཆགས་ཁྲོ་བ་རྣམ་པའི་མཆོག་ཐམས་ཅད། །སྟོན་ལ་རྡུལ་རེར་རྡུལ་སྙེད་དེ་འདྲའི་ཚུལ། །འཆར་བས་སྣང་བ་ལོངས་སྐུའི་ཞིང་ཡང་འདི། །མཐའ་མ་འབྲིང་དང་མཆོག་གི་གང་ཟག་ལ། །ངོ་མཚར་གང་གིས་འདུལ་དེའི་ཆུ་ཟླའི་གར། །པྲ་ཕབས་མིག་ལ་ཤེལ་མཚུངས་འདིར་སྣང་བ། །སྒྱུ་འཕྲུལ་སྤྲུལ་པའི་ཡུལ་གྱི་གཏན་ཚིགས་མཐོང་། །སྟོན་པས་སྤྲུལ་བཤད་མཛད་དེའི་ལྷོ་ཕྱོགས་ཀྱི། །དུར་ཁྲོད་ཆེ་འདི་ཉི་ཤུ་རྩ་བཞིའི་གྱ། །བླ་མེད་རྒྱུད་གཞུང་རྒྱ་མཚོས་གནས་མཆོག་ཏུ། །བསྒྲུབས་པས་རྟོག་གེའི་ལྕེ་ཆད་ཙ་རི་ཏྲ། །འཇིགས་བྱེད་བསད་པའི་ཁྲག་དམར་རྦ་གློང་གིས། །ཞབས་མཐིལ་བགོས་པའི་དཔའ་བོ་ཧ་རུ་ཀ །སྒྲིབ་གཉིས་དག་པའི་ཌཱ་ཀི་དང་ལྷན་དུ། །བདུད་འཇོམས་ཤེལ་རི་ཆོས་སྐུའི་མཆོད་སྡོང་གིན། །རིགས་ལྡན་མ་དང་ཕོ་ཉ་མོར་བཅས་དང་། །ཀུན་ཏུ་སྤྱོད་པའི་འཁོར་ས་བཅུ་གཉིས་གླིང་། །དངོས་གྲུབ་ལེན་ལ་དཔག་བསམ་དབང་པོ་ནི། །ཡོངས་འདུ་ལྟ་བུ་དམ་ཚིག་མཁའ་འགྲོའི་རྟེན། །སྣ་ཚོགས་ལྗོངས་དང་རི་དང་མཚོ་ཀླུང་ཤིང་། །པས་ཀྱི་མཁའ་འགྲོ་ཉམས་དྲོད་མྱུལ་བའི་ས། །ལས་འཕྲོ་བཟང་ངན་བརྟག་པའི་མེ་ལོང་འདི། །སྤྲུལ་སྐུའི་གནས་ཡིན་སྐལ་མེད་སྲོག་ལ་གཏུམ། །ཨེ་མ་ཧོ་དད་པའི་སྙིམ་པ་ཁ་ཕྱེ་ནས། །མཆོད་པའི་ཡོ་བྱད་འདི་ཡི་ཕྱོགས་འཐོར་༼༢ན༣༽བ། རྟག་ཆད་ལམ་གོལ་དགག་པའི་སྒོ་གླེགས་ཞེས། །རྒྱུ་འབྲས་མྱུར་བུའི་འགྲམ་གྱིས་གསལ་བར་བྱས། །ཁྱིམ་ནས་རབ་བྱུང་ཞེན་མེད་ཆས་གོས་ཀྱི། །སྒྲུབ་པའི་ཤུལ་རྗེས་བལྟ་བའི་ཤེས་རབ་དང་། །རྩེ་གཅིག་བསྐོར་བའི་ཏིང་འཛིན་ཆེན་པོ་འདིས། །ཆགས་བྲལ་ལམ་གྱི་ཁེངས་པ་ཐམས་ཅད་བསྙིལ། །བྱམས་པས་རབ་བརླན་སྙིང་རྗེའི་ནེའུ་རྫབ་ཏུ། །ཐབས་ཤེས་ཟུང་གི་གོམ་པ་འདོར་མཁས་པ། ཕ་རོལ་ཕྱིན་པའི་སྙིང་པོ་འདི་ཡིན་ཞེས། །དགོངས་ནས་སྐལ་བཟང་ཡུན་རིང་དེ་ལ་བཀྲིས། བོད་གླུངས་ཆོས་འབྱུང་ཆེན་པོའི་སྒོར་བཅུག་ནས། །གནས་སྲུང་གཉན་པོའི་དམ་ཚིག་ནོད་རྣམས་ལ། །དཔལ་གྱི་ནགས་སུ་ཉམས་རྟོགས་ཅིག་འཆར་བའི། །བྱིན་ཕབ་དེ་ལ་དཀྱིལ་འཁོར་མ་ལུས་བསྟན། །ཡིད་ཅན་སྡིག་ལ་ཆེར་གནག་སྤྲིན་གྱི་བུམ། །ས་དཔའི་སྐབས་དགག་ན་བུན་མགུལ་དཀྲིས་ནས། །ཐུགས་རྗེའི་ཆུ་རྒྱུན་ཕབ་འདིས་ལུས་བཀྲུས་པ། །དག་བྱེད་ཕྱིར་མི་ལྡོག་པའི་དབང་བསྐུར་ཡིན། །རོང་བཞིའི་ནང་འབབ་ལ་བཞིར་འཛེག་པ་ཡིས། །ཉི་ཟླའི་བགྲོད་པས་རྨི་ལམ་སྐབས་ཕྲལ་ནས། །གསང་བའི་ཚོགས་རྫས་ལོངས་སྤྱོད་འདི་ཁོ་ན། །སྣོད་ལྡན་རྣམས་ལ་གཉིས་པ་ཞེས་བསྒྲགས་སོ། །དེ་ནས་བཅུ་གཉིས་གླིང་སའི་པད་ཅན་གྱིས། །ཞུ་བ་འཐུངས་བ་རི་བཞིའི་རྩེར་སོན་ཚེ། །གཉིད་འཐུག་མུན་པ་འཇོམས་པ་ནམ་མཁའ་ཡི། །ཐིག་ལེར་རབ་གནས་གསུམ་པ་ཞེས་པར་བཏགས། །དེ་ནས་ཕུག་བཞིར་གཤེགས་ནས་སེང་གེའི་ཁྲིར། །མངོན་པར་བྱང་ཆུབ་ཆེ་ལ་མཉམ་གཞག་པས། །བསམ་གཏན་བཞིར་ཞུ་གཡུ་མཚོ་ལྷ་མོའི་གླུས། །དགའ་ཡོ་ལ་དེར་འབྲས་བུའི་སྟོན་པར་བཞེངས། །གང་དུ་བག་ཡོད་དམ་ཚིག་སྤྱོད་པའི་འགོངས། །འབུམ་སྡེར་བསྐྱོད་པས་མ་ཆེན་ལུང་བརྒལ་ནས། །མཐའ་ཡས་སྐྱེ་དགུའི་ཕན་བདེའི་གཞི་ཡིན་པའི། །གྲགས་པའི་གཏེར་༼༢བ༤༽ཆེན་སྐྱོང་བར་བྱ་བ་ཡིན། །འགའ་ལ་དང་པོར་དེ་དེར་བཏགས་པ་ཙམ། །བར་མར་བྱིན་རློབ་བརྙན་པོ་ཙམ་ཞིག་སྟེ། །ཐ་མར་ཐམས་ཅད་ལྷ་རུ་མངོན་རྫོགས་པས། །ལན་གསུམ་གྱིས་འདི་འཁོར་ཞེས་འགྲོ་ལ་བསྙད། །དེ་སྐད་རྡོ་རྗེ་འཆང་གིས་གསང་བ་བྱིན། །དཀར་རྒྱུད་བླ་མའི་ཚ་བོ་དེས་སྨྲས་ཚེ། །ཌཱ་ཀིའི་ཞལ་གྱི་པདྨོའི་ལེགས་སོའི་འཛུམ། །མ་ལུས་བདག་ལ་ཐོད་བཞིན་འཆིང་བར་མཛད། །ཅེས་ཙ་རི་ཏྲ་བསྐོར་བ་གསང་ཆེན་གྱི་ལམ་རིམ་པར་བགྲོད་པའི་བརྡར་མཐོང་བ་ལྟར། །གཞན་ལ་སྦྱིན་པའི་ཆོས་སུ་རྒྱས་པར་བསྙད་པ་པད་དཀར་ལེགས་བཤད་ཅེས་བྱ་བ། ཅིག་ཅར་དཔལ་གྱི་ནགས་ལྗོངས། །རྡོ་རྗེ་འཛིན་པ་ཆེན་པོ་རྣམས་མངོན་པར་རོལ་བའི་གཞལ་སེད་ཁང་དུ་སྦྱར་བ་བདེ་ལེགས་སུ་གྱུར་ཅིག། །།སརྦ་མངྒ་ལཾ། །ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousཙ་རི་ཏྲ་ཞེས་པའི་གནས་ལ་བསྟོད་པ་པད་དཀར་ལེགས་བཤད།next