Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང།next

བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང།

བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། གུ་རུ་པཱུ་ཙ་བི་དྷི་ནཱ་མ། བོད་སྐད་དུ། བླ་མ་མཆོད་པའི་ཆོ་ག་ཞེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་རབ་རྫོགས་ཀུན་མཁྱེན་ཡེ་ཤེས་ཐུགས། །རྣམ་གྲོལ་ཞི་བའི་གསུང་གིས་མ་རིག་མུན་པ་སེལ། །བསོད་ནམས་མཆོག་གིས་བརྒྱན་པའི་གཟི་བརྗིད་དཔལ་འབར་བའི། །དཔལ་ལྡན་རིན་ཆེན་ཞབས་ལ་གུས་པས་སྤྱི་བོས་འདུད། །དཔལ་ལྡན་ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ། །དེ་ལ་གུས་པས་མཆོད་ཅིང་བསྟོད་པ་ཡི། །བསོད་ནམས་ཡོན་ཏན་བསམ་གྱིས་མི་ཁྱབ་པས། །ཡོན་ཏན་ཀུན་འབྱུང་ཆོ་ག་བཤད་པར་བྱ།། དེ་ཡང་སྡོམ་པ་འབྱུང་བ་ལས། །མཆོད་པ་ཐམས་ཅད་ཡོངས་སྤངས་ལ། །བླ་མའི་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔར་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བྱས་ཤིང་། །དཀའ་ཐུབ་མ་བརྟེན་ཅི་ཞིག་ཡོད། །མཚན་བརྗོད་ལས་ཀྱང་དེ་བཞིན་དུ། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗོད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །དེ་སོགས་ཡོན་ཏན་དྲན་བྱས་ལ། །བླ་མ་མཆོག་ལས་སངས་རྒྱས་སུ། །མཐོང་བའི་མོས་གུས་དམ་པ་ཡིས། །བླ་མ་མཆོད་ལ་བརྩོན་པར་བྱ། །དངོས་སུ་བཞུགས་ན་བླ་མ་མཆོག །གང་དང་གང་ལ་མཉེས་པས་མཆོད། །འདས་སམ་གཞན་ན་བཞུགས་གྱུར་ཀྱང་། །དངོས་སུ་བཞུགས་དང་ཁྱད་མེད་པར། །གུས་པའི་ཡིད་ཀྱིས་བསམ་བྱས་ལ། །མཎྜྻལ་སྔོན་དུ་འགྲོ་བ་ཡིས། །ཅི་འབྱོར་རྫས་དང་བརྟན་གཡོའི་ཚོགས། །ཐམས་ཅད་བློ་ཡིས་བླངས་ལ་འབུལ། །དེ་ཡི་རིམ་པ་འདི་ཡིན་ཏེ། །དང་པོ་ལྷ་ཡི་རྣལ་འབྱོར་གྱི། །བློ་ལྡན་རྡོ་རྗེ་གསོར་བྱེད་ཅིང་། །དྲིལ་བུ་དཀྲོལ་བར་བརྩོན་པ་ཡིས། །ལྷ་དང་ལྷ་མིན་བསྲུང་བ་དང་། །བར་དུ་གཅོད་པའི་བགེགས་ཚོགས་བསྐྲད། །དེ་ནས་བློ་ལྡན་སྔགས་པ་ཡིས། །རྟེན་དང་བརྟེན་པར་བཅས་པ་བསྐྱེད། །སྤྱན་དྲངས་བཞུགས་སུ་གསོལ་ནས་ཀྱང་། །ཕྱི་ནང་གསང་སོགས་མཆོད་པ་དང་། །བསྟོད་པ་རྣམས་ཀྱིས་ཡང་དག་བསྟོད། །སྡིག་བཤགས་བསྡོ་བའི་བར་དུ་བྱ། །དེ་ཡི་རིམ་ལ་འདི་ཡིན་སྟེ། ཧཱུྃ། རྡོ་རྗེ་གསོར་བ་མཛེས་པ་ཡིས། །སེམས་ཅན་ཐམས་ཅད་བསྒྲལ་བར་བྱ། །རྣམ་ཐར་ཆོས་སུ་བྱེད་པ་སྟེ། །སྙིང་པོ་མཆོག་གི་རྡོ་རྗེ་གཟུང་། །མ་ཧཱ་བཛྭ་ཧཱུྃ། ཨཱཿ ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །འགྲོ་བ་རྣམས་ནི་སད་པའི་བདག །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་དོན་ཕྱིར་དཀྲོལ་པར་བྱ། །དྷརྨ་གཎྜྻེ་ཨཱཿ ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །མཉམ་པར་བཞག་པ་ཧཱུྃ་གི་ལུས། །ཕྱོགས་བཅུ་ཀུན་ཏུ་བསྒྲག་བྱ་སྟེ། །ཤེས་རབ་ཐབས་ཀྱི་སྒྲ་སྒྲོག་བྱ། །ཧཱུྃ་ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བསྲུང་བའི་འཁོར་ལོ་རབ་སྦྱོར་བས། །ལུས་སྲུལ་ལ་སོགས་གང་ཡང་རུང་། བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། །ཅི་སྟེ་ངས་བསྒོ་སུ་ཞིག་འདའ། །རྡོ་རྗེའི་བདག་པོ་སྐུ་ཡིས་ནི། །ལུས་སྲུལ་ལ་སོགས་འགས་བྱ་སྟེ། །འདིར་ནི་བརླག་འགྱུར་གཞན་དུ་མིན། །ཧཱུྃ་ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང་། །ཕྲིན་ལས་ཀུན་གྱི་བདག་པོ་རུ། །ང་ནི་རྗེས་སུ་གནང་བ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་ཀུན། །ང་ཡི་བཀའ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདས་པ་ན། །བརླག་པར་འགྱུར་བ་གདོན་མི་ཟ། །བླ་མའི་རྗེས་སུ་མི་འཇུག་ཅིང་། །དཀོན་མཆོག་གསུམ་ལ་མ་དད་པ། །གང་དག་ཇི་སྙེད་ཡོད་པ་ཀུན། །མྱུར་བ་ཉིད་དུ་ཕྱིར་དེངས་ཤིག། ཧཱུྃ་བཞི་ལ་སོགས་དྲག་སྔགས་ཀྱིས། རྡོ་རྗེའི་རྭ་བ་དྲ་བ་བྱ། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷཱོཧཾ། ཞེས་པའི་སྔགས་ཀྱིས་མཆོད་རྫས་རྣམས་བསངས་ལ། ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ། ཨོཾ་ཨཱཿབཛྭ་དྷཱུ་པེ་ཧཱུྃ། ཨོཾ་ཨཱཿབཛྭ་ཨཱ་ལོ་ཀེ་ཧཱུྃ། ཨོཾ་ཨཱཿབཛྭ་གནྡྷེ་ཧཱུྃ། ཨོཾ་ཨཱཿབཛྭ་ནཻ་ཝི་དྱ་ཧཱུྃ། ཨོཾ་ཨཱཿབཛྭ་ཤཔྟ་ཧཱུྃ། ཞེས་བྱ་བའི་སྔགས་བརྗོད་ཅིང་བྱིན་གྱིས་བརླབ་བར་བྱའོ། །དེ་ནས་ཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ། ཧཱུྃ། འགྲོ་མགོན་ཐུགས་རྗེའི་སྤྱན་ལྡན་རྣམས། །ཆོས་སྐུ་སྤྲོས་དང་བྲལ་བ་ལས། །གཟུགས་སྐུའི་རྣམ་པར་བཞེངས་ནས་ཀྱང་། འགྲོ་བའི་དོན་ལ་གཤེགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ཏ་ག་ཏ་ཨེ་ེ་ཧི་བྷ་ག་ཝ་ན་མཧཱ་ཀ་རུ་ཎི་ཀ་ཧོཿ ས་མ་ཡ་ཛཿ ས་མ་ཡ་ཧྶཾ་བཛྭ་ཨངྐུ་ཤ་ཛཿ མགོན་པོ་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པྲ་ཝར་སད་ཀ་ར་མཧཱ་སད་ཀ་ར་མཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་ཞལ་བསིལ་དབུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །དེ་བཞིན་དག་པ་ལྷ་ཡི་ཆུ། །དག་པ་ཡིས་ནི་སྐུ་ཁྲུས་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མཧཱ་པཱ་དྱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་ཞབས་བསིལ་དབུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟཾ། ཞེས་གདན་ལ་བཞུགས་པ་ལ་ཕྱག་འཚལ་བ་ནི། གང་གི་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་མ་རིག་མུན་པའི་ཚོགས། སྨག་ཏུ་གྱུར་པ་སེལ་མཛད་པ། །ཉི་མའི་དཀྱིལ་འཁོར་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་འཁོར་བའི་སྡུག་བསྔལ་གྱི། །ཚད་གདུང་མ་ལུས་སེལ་མཛད་པ། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་འདོད་ཆགས་ལ་སོགས་པའི། །ཉོན་མོངས་ནད་རྣམས་སེལ་མཛད་པ། །སྨན་པའི་རྒྱལ་པོ་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་ཟག་མེད་བདེ་ཆེན་གྱི། །གྲོང་ཁྱེར་མཆོག་ཏུ་སྐྱེལ་མཛད་པ། །རྟ་མཆོག་རིན་ཆེན་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་སྐྱེ་རྒ་ན་འཆི་ཡི། །ཆུ་བོ་ཆེ་ལས་སྒྲོལ་མཛད་པ། །མཉན་པའི་རྒྱལ་པོ་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་འགྲོ་བའི་དགོས་འདོད་དག །ཡིད་བཞིན་རྫོགས་པར་འབྱུང་འགྱུར་བའི། །ནོར་བུ་རིན་ཆེན་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་ཆོས་རྣམས་ཐམས་ཅད་ཀུན། །འདུ་འབྲལ་མེད་པར་ཁྱབ་གྱུར་པ། །ནམ་མཁའ་ལྟ་བུའི་ཐུགས་མངའ་བའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་གསུང་གི་འོད་ཟེར་གྱིས། །བདག་སོགས་རྨོངས་པ་མ་ལུས་པ། །སྙིང་གི་པདྨོ་ཁ་འབྱེད་པའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆང་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད།། དེ་ནས་ཕྱིའི་མཆོད་པ་ནི། །བདེ་མཆོག་རྩ་རྒྱུད་ལས། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དྲི་དང་དེ་བཞིན་མེ་ཏོག་སྤོས། །མར་མེ་བརྒྱ་ཡང་དབུལ་བྱ་ཞིང་། །ཆོ་ག་བཞིན་དུ་དེ་བཞིན་མཆོད། །ཅེས་འབྱུང་བས། །དངོས་སུ་འབྱོར་དང་བློ་ཡིས་བླངས་ཏེ་དབུལ་བ་ནི། ཧཱུྃ། པདྨོ་ཨུཏྤ་ལ་དང་ཀུ་མུཏྟ། །པུཎྜྻ་རི་ཀ་ལ་སོགས་མེ་ཏོག་རིགས། །ཁ་དོག་དབྱིབས་ལེགས་དྲི་གསུང་ལྡན་པ་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །ཨོ་གུ་རུ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཙ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། །ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས། །ཞིང་ཁམས་ཀུན་ཏུ་སྤོས་ངད་ལྡང་གྱུར་པའི། །འཇིག་རྟེན་བདུག་སྤོས་མཆོག་གྱུར་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །དྷུ་པེ། འབྲུ་མར་སྙིང་པོ་མར་གྱི་མར་མེ་དང་། །རྩྭི་ཤིང་འདམ་བུ་འོད་མའི་སྒྲོན་མེ་སོགས། །འཇིག་རྟེན་མུན་སེལ་སྣང་བྱེད་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །ཨཱ་ལོ་ཀེ ག་བུར་ཙན་དན་གུར་གུམ་ལ་སོགས་པའི། །ལྷན་ཅིག་སྐྱེས་དང་དེ་བཞིན་སྦྱར་བ་ཡི། །དྲི་མཆོག་བྱུག་སྤོས་རེག་ན་བདེ་བ་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །གནྡྷེ། འབྲས་ཆན་དག་དང་དེ་བཞིན་གཙང་མའི་བཤོས། །སྣ་ཚོགས་གཡོས་ཀྱི་བྱེ་བྲག་དཔག་མེད་པ། །སྦྱར་བའི་ཞལ་ཟས་རོ་མཆོག་ལྡན་པ་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །ནཻ་ཝི་དྱ། རྔ་ཆེན་དུང་དང་རྫ་རྔ་པ་ཊ་ཧ། །སིལ་སྙན་ཕེག་རྡོབ་ལ་སོགས་རོལ་མོའི་ཚོགས། །འཇིག་རྟེན་སྒྲ་དབྱངས་སྙན་པ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །ཤཔྟ་པུ་ཙ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སོ། །སྐུ་གསུང་ཐུགས་ཀྱི་བསྟོད་པ་ནི། ཧཱུྃ། སྐུ་ལ་ཚད་མེད་བགྲང་དུ་མེད། །ནམ་མཁའ་དང་ནི་མཉམ་གྱུར་ཅིང་། །སྣ་ཚོགས་དབང་ཕྱུག་མི་ཤིགས་པ།རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཐམས་ཅད་སྟོང་པའི་ཆོ་འཕྲུལ་ལས། །འབྱུང་ལྔའི་བདག་ཉིད་རང་བྱུང་དཔལ། །སྒྱུ་འཕྲུལ་ཆེན་པོ་ཆེ་བའི་བདག །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །དངོས་མེད་དངོས་ཀུན་བདག་ཉིད་ཅན། །གཟུགས་མེད་གཟུགས་བཟང་དམ་པའི་མཆོག །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། ཐོག་མཐའ་འགྲོ་འོང་མི་མངའ་ཞིང་། སྐྱེ་འཇིག་འདུ་འབྲལ་མི་མངའ་ཡང་། འགྲོ་དོན་ཅིར་ཡང་སྟོན་མཛད་པའི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རྣམ་སྤྲུལ་སྒྱུ་མའི་སྐུར་བསྟན་ནས། །སྣ་ཚོགས་སྒྱུ་མའི་གར་མཛད་ཅིང་། །རྣམ་གྲོལ་འབྲས་བུ་སྟེར་མཛད་པའི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་ཡི་རྣམ་སྤྲུལ་རེ་རེས་ཀྱང་། །སེམས་ཅན་ཁམས་ནི་དཔག་མེད་པའི། །དགོས་འདོད་ཡིད་བཞིན་སྐོང་མཛད་པ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཇི་སྲིད་འཁོར་བ་དེ་སྲིད་དུ། །སྐུ་ཡི་མཛད་པ་རྒྱུན་མི་ཆད། །ཐུགས་རྗེའི་ལྕགས་ཀྱུས་འགྲོ་བ་འདྲེན། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བརྗོད་དུ་མེད་པའི་ངང་ཉིད་ལས། །ཚངས་པ་ལ་སོགས་སྙན་པའི་དབྱངས། །ཕྱོགས་བཅུ་ཀུན་ཏུ་སྒྲོག་མཛད་པ། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །སྲིད་གསུམ་འགྲོ་བ་མ་ལུས་པའི། །རྣ་བའི་དབང་པོ་ཚིམ་མཛད་ཅིང་། །ཐམས་ཅད་ཡིད་དང་མཐུན་གྱུར་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །གསུང་གི་བརྗོད་པ་རེ་རེས་ཀྱང་། །མ་རིག་མུན་པ་སེལ་མཛད་ཅིང་། །ཐར་པའི་ལམ་མཆོག་སྟོན་མཛད་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །ཞི་སོགས་ལས་རྣམས་ཐམས་ཅད་ཀུན། །ཞལ་ནས་བརྗོད་པ་ཙམ་གྱིས་ནི། །ཚུལ་བཞིན་དུ་ནི་འགྲུབ་གྱུར་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །ཟབ་ཅིང་རྒྱ་ཆེའི་གསུང་དབྱངས་ཀྱིས། །ཐེ་ཚོམ་དྲྭ་བ་གཅོད་མཛད་ཅིང་། །ཡིད་བདེ་དང་བ་སྟེར་མཛད་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །འགྲོ་བའི་དགོས་འདོད་ཐམས་ཅད་ཀུན། །ཐུགས་རྗེའི་ཆེན་པོའི་སྨོན་ལམ་གྱིས། །ཕུན་སུམ་ཚོགས་པར་འབྱུང་འགྱུར་བའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །གསུང་གི་རྣམ་སྤྲུལ་རང་བྱུང་གསུང་། །ནམ་མཁའ་ལ་སོགས་དངོས་རྣམས་ལ། །ཆོས་ཀྱི་སྒྲ་ནི་འབྱུང་འགྱུར་བའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་ལ་སོགས་པའི། །རྟོག་པ་ཀུན་ལས་རྣམ་པར་གྲོལ། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །བསམ་གྱིས་མི་ཁྱབ་དཔག་ཏུ་མེད། །ཚད་མེད་གཞལ་དུ་མེད་གྱུར་ཅིང་། །མཉམ་པ་མེད་ཅིང་དཔེ་མེད་པའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །འཁོར་འདས་ཆོས་རྣམས་མ་ལུས་ཀུན། །ཉིད་ཀྱི་ཐུགས་སུ་མཁྱེན་གྱུར་ཅིང་། །མཁའ་ལྟར་དྲི་མ་མི་མངའ་བའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་སྤྱོད་པ་སྣ་ཚོགས་ཀུན། །ཀུན་རྫོབ་སྒྱུ་མ་ལྟར་གཟིགས་ཤིང་། །སྐྱེ་འཇིག་ཆེད་པར་མཁྱེན་གྱུར་པའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །དུས་གསུམ་ཤེས་བྱ་མ་ལུས་ཀུན། །སྐྱེ་བ་མེད་ཅིང་གཞི་མེད་པར། །སྐད་ཅིག་ཉིད་ལ་མཁྱེན་གྱུར་པའི། །ཡེ་ཤེསྎ སྐྱེ་བ་མེད་ཅིང་འགག་པ་མེད། །དམིགས་མེད་རབ་ཏུ་མི་གནས་པ། །མཚན་ཉིད་མེད་པའི་མཚན་ཉིད་ཅན། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །རྣམ་དག་སྤྲོས་དང་བྲལ་བའི་ཐུགས། །སྐྱོན་སྤངས་ཐུགས་རྗེའི་བདག་ཉིད་ཅན། །སངས་རྒྱས་ཕྲིན་ལས་མཛད་པ་པོ། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད།། ཕྱི་སྣོད་ཀྱི་འཇིག་རྟེན་མཆོད་པ་དབུལ་བ་ནི། ཧཱུྃ། ནམ་མཁའ་ཉི་ཟླ་གཟའ་སྐར་འཇའ་ཚོན་དང་། །མཛེས་པའི་སྤྲིན་དང་ཁུག་སྣ་ལ་སོགས་པས། །རབ་ཏུ་བརྒྱན་ཅིང་ཡིད་རབ་དང་གྱུར་པ། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །རི་བོ་མཆོག་དང་དེ་བཞིན་རི་ཕྲན་དང་། །གངས་རི་སྨན་རི་རིན་ཆེན་རི་བོ་སོགས། །དགོས་འདོད་འབྱུང་བའི་རི་གཞན་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །རིན་ཆེན་ས་གཞི་ལོ་ཏོག་སྨིན་བྱེད་ཅིང་། །སྐྱེད་མོས་ཚལ་དང་ཀུན་དགའ་ར་བ་དང་། །གཙུག་ལག་ཁང་སོགས་ཕོ་བྲང་གཞིར་གྱུར་པ། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །གཞལ་མེད་ཁང་ཆེན་བསིལ་ཁང་སྒོ་ཁང་དང་། །རྟ་བབས་ལ་སོགས་མཛེས་པའི་རྒྱན་གྱིས་བརྒྱན། །ངོ་མཚར་མཆོག་ཏུ་གྱུར་པ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་དང་། །མཁར་དང་ཡུལ་འཁོར་གྲོང་དང་གྲོང་ཁྱེར་དང་། །ཡིད་འོང་མཛེས་པའི་ཁང་བཟང་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། བླ་བྲེ་གདུགས་དང་རྒྱལ་མཚན་བ་དན་དང་། དར་དཔྱངས་ལྷབ་ལྷུབ་ཕན་དང་ལྡ་ལྡི་དང་། ཡོལ་བ་ལ་སོགས་བཀོད་པའི་ཁྱད་པར་རྣམས། སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། གསེར་དངུལ་ཟངས་ལྕགས་དེ་བཞིན་མུ་ཏིག་དང་། བཻ་ཌུ་རྻ་དང་དུང་དང་མན་ཤེལ་དང་། །བྱི་རུ་ལ་སོགས་རིན་ཆེན་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །རྒྱ་མཚོ་ཆེ་དང་ཆུ་བོ་ཆུ་ཕྲན་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་མིག་སོགས། །རྙོག་པ་མེད་ཅིང་ཡན་ལག་བརྒྱད་ལྡན་ཆབ། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །ལོ་ཏོག་རྩི་ཏོག་ཤིང་ཏོག་ཇི་སྙེད་པའི། །དྲི་དང་རོ་ལྡན་འགྲོ་བའི་གསོས་གྱུར་པ། །དབང་པོའི་སྤྱོད་ཡུལ་ངོ་མཚར་སྣ་ཚོགས་པ། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །ཙན་དན་ག་བུར་གུར་གུམ་ལ་སོགས་ཏེ། །རོ་དང་ནུས་པ་བསམ་གྱིས་མི་ཁྱབ་པའི། །ནད་སེལ་སྨན་གྱི་རྣམ་པ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །རྒྱུ་མཆོག་རྐྱེན་གྱིས་ལེགས་པར་སྦྱར་བ་ཡི། །བཟའ་དང་བཅའ་དང་ལྡག་དང་བཏུང་ལ་སོགས། །འཇིག་རྟེན་ཟས་མཆོག་མ་ལུས་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །འཇིག་རྟེན་དག་ན་ན་བཟའི་མཆོག་གྱུར་པ། །ཁྱད་འཕགས་སྐུ་ལ་འཇམ་ཞིང་མཛེས་པ་ཡི། །བྱེ་བྲག་དཔག་མེད་ཇི་སྙེད་ཡོད་པ་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི།། སྐུ་བཞིའི་ངོ་བོ་བླ་མ་བསྟོད་པ་ནི། ཧཱུྃ། ཀུན་རྟོག་ཐམས་ཅད་རྣམ་སྤངས་པ། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །དག་པ་གཉིས་ལྡན་དྲི་མ་མེད། །སྟོང་ཉིད་སྙིང་པོ་ཁྱོད་ལ་བསྟོད། །ཀུན་མཁྱེན་ཡེ་ཤེས་སྙིང་པོ་ཅན། །སྐྱོན་རྣམས་ཀུན་དང་བྲལ་གྱུར་ཅིང་། །ཡོན་ཏན་ཐམས་ཅད་འདུས་པའི་སྐུ། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་མི་ཤེས་བཅད་ནས་སུ། །དེ་ཉིད་དག་པ་སྟོན་མཛད་ཅིང་། བདག་མེད་ཆོས་ལ་ཀུན་འབྱུང་བའི། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །ཕ་རོལ་ཕྱིན་པའི་ཡོན་ཏན་དག །མགོན་པོ་ཁྱོད་ལས་བྱུང་བ་སྟེ། །བྱང་ཆུབ་སེམས་དཔའ་ཕྱག་འཚལ་བསྟོད། །དཀོན་མཆོག་གསུམ་དང་ཐེག་པ་ཆེ། །ཁམས་གསུམ་དེ་དག་ཐམས་ཅད་ཀྱི། །བརྟན་དང་གཡོ་བ་ཁྱོད་ལས་བྱུང་། །འགྲོ་བའི་དཔའ་བོ་ཕྱག་འཚལ་བསྟོད། །འགྲོ་བའི་འདོད་པ་དོན་གྲུབ་ཕྱིར། །ཡིད་བཞིན་ནོར་བུ་ལྟར་འབྱུང་ཞིང་། །དཔལ་ལྡན་བདེ་གཤེགས་ཡེ་ཤེས་གནས། །སངས་རྒྱས་སྲས་པོ་ཕྱག་འཚལ་བསྟོད། །ཆོས་དབྱིངས་དམིགས་མེད་རྣམས་དག་ཅིང་། །རང་བཞིན་དྲི་མེད་ཁྱོད་ལས་ཀྱང་། །སྣ་ཚོགས་དཔག་མེད་སྤྲུལ་མཛད་པ། །འགྲོ་བའི་སྐྱབས་ཆེན་ཁྱོད་ལ་བསྟོད།། ནང་བཅུད་ཀྱི་སེམས་ཅན་འབུལ་བ་ནི། ཧཱུྃ། ལྷ་ཡི་དབང་པོ་ཉེ་བའི་དབང་པོ་དང་། །བུ་དང་བུ་མོ་མཛེས་པའི་འཁོར་དང་བཅས། །ལོངས་སྤྱོད་འདོད་ཡོན་ཚོགས་བཅས་དེ་དག་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །ལྷ་མིན་ཀླུ་དང་གནོད་སྦྱིན་དྲི་ཟ་དང་། །དབང་པོ་ལ་སོགས་བུ་དང་བུ་མོ་དང་། །འཁོར་དང་ལོངས་སྤྱོད་ངོ་མཚར་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །འཁོར་ལོས་བསྒྱུར་རྒྱལ་མི་ཡི་དབང་ཕྱུག་མཆོག །བཙུན་མོ་སྲས་བཅས་རིན་ཆེན་སྣ་བདུན་དང་། །དཔུང་གི་ཚོགས་དང་བཅས་པ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །རྒྱལ་ཕྲན་ལ་སོགས་སྐྱེས་པ་བུད་མེད་དང་། །ཁྱེའུ་བུ་མོ་མཛེས་པའི་གོས་གྱོན་ཅིང་། །རིན་ཆེན་རྒྱན་གྱིས་བརྒྱན་པ་དེ་དག་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །སེང་གེ་ཁྱུ་མཆོག་ལ་སོགས་སྟོབས་ཆེན་དང་། །ཨེ་ནྱ་ཡ་སོགས་མཛེས་པའི་རི་དྭགས་ཚོགས། །ནགས་ཁྲོད་རི་བོའི་སུལ་ན་རྒྱུ་བ་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །རྟ་དང་གླང་པོ་དེ་བཞིན་ཤིང་རྟ་དང་། །འཇིག་རྟེན་དག་ན་ཐེག་ཆེན་བཞོན་པའི་མཆོག །ཤུགས་ཆེན་མགྱོགས་པར་འགྲོ་བ་དེ་དག་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །མཁའ་ལྡིང་རྒྱལ་པོ་ཀ་ལ་པིང་ཀ་དང་། །ཁུ་བྱུག་རྨ་བྱ་ཁྲུང་ཁྲུང་ངུར་པ་སོགས། །སྐད་སྙན་མཛེས་པའི་འདབ་ཆགས་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །ལྷ་མིའི་ལོངས་སྤྱོད་ཡོངས་སུ་བཟུང་བ་དང་། །ཡོངས་སུ་བཟུང་མིན་རང་བཞིན་གནས་པའི་རིགས། །ངོ་མཚར་སྤྱད་དུ་རུང་བ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །སྣོད་ཀྱི་འཇིག་རྟེན་ཕོ་བྲང་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་སྣ་ཚོགས་སྤྲུལ་པའི་རིགས། །ཡིད་འོང་མཛེས་པའི་རོལ་མོ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་དང་། །མཁའ་དང་མཉམ་པའི་འགྲོ་བ་མ་ལུས་ཀུན། །སྐྱེས་མཆོག་ཁྱེད་ཀྱི་འབངས་སུ་འབུལ་ལགས་ན། །ཐུགས་རྗེས་དགོངས་ནས་བཞེས་ཏེ་སྐྱབས་དུ་གསོལ།། སྐུ་བཞི་རྣམ་དག་གི་སྒོ་ནས་བསྟོད་པ་ནི། ཧཱུྃ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། སྐུ་ལ་སྙུན་མེད་མི་གཙང་མེད། བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། འཇིག་རྟེན་བྱ་བ་སྟོན་པར་མཛད། དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། ཆུ་ཟླ་བཞིན་དུ་བཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་པ་མེད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །ཁྱོད་ནི་རྟག་ཏུ་མཉམ་འཇོག་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེན་པོ་རྣམ་འཕྲུལ་ཞིང་། །སྣ་ཚོགས་སྨིན་ལ་སྙོམས་འཇུག་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱི་མ་གོས་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་མི་རྟེན་ཅིང་། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཇི་ལྟར་ནམ་མཁའ་གནས་མེད་ཅིང་། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད།། དེ་ནས་ནང་གི་མཆོད་པ་ནི། །གསང་འདུས་ལས། རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །སངས་རྒྱས་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པས། འདོད་པའི་ཡོན་ཏན་ལྔ་འཕུལ་བ་ནི། ཧཱུྃ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །གཟུགས་མཆོག་རྒྱལ་བའི་སྤྱན་ལ་མཛེས་པ་ཀུན། །རྡོ་རྗེ་གཟུགས་མའི་ཚོགས་སུ་རྣམ་སྤྲུལ་ཏེ། །དཔལ་ལྡན་བླ་མའི་ཚོགས་ལ་འབུལ་བར་བགྱི། །ཨོཾ་གུ་རུ་མཎྜྻལ་དེ་ཝ་ཏ་བ་བཛྭ་རཱུ་པ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །སྒྲ་མཆོག་རྒྱལ་བའི་སྙན་ལ་འཇེབས་པ་ཀུན། །རྡོ་རྗེ་སྒྲ་མའི་ཚོགས་སུ་རྣམ་སྤྲུལ་ཏེ། །དཔལ་ལྡན་བླ་མའི་ཚོགས་ལ་འབུལ་བར་བགྱི། །བཛྭ་ཤཔྟ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །དྲི་མཆོག་རྒྱལ་བའི་ཐུགས་ལ་བདེ་བ་ཀུན། །རྡོ་རྗེ་དྲི་མའི་ཚོགས་སུ་རྣམ་སྤྲུལ་ཏེ། །དཔལ་ལྡན་བླ་མའི་ཚོགས་ལ་འབུལ་བར་བགྱི། །བཛྭ་གན་དྷེ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རོ་མཆོག་རྒྱལ་བའི་ལྗགས་ལ་བདའ་བ་ཀུན། །རྡོ་རྗེ་རོ་མའི་ཚོགས་སུ་རྣམ་སྤྲུལ་ཏེ། །དཔལ་ལྡན་བླ་མའི་ཚོགས་ལ་འབུལ་བར་བགྱི། །བཛྭ་རཱ་ཀྵྼེ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རེག་མཆོག་རྒྱལ་བའི་སྐུ་ལ་འཇམ་པ་ཀུན། །རྡོ་རྗེ་རེག་མའི་ཚོགས་སུ་རྣམ་སྤྲུལ་ཏེ། །དཔལ་ལྡན་བླ་མའི་ཚོགས་ལ་འབུལ་བར་བགྱི། །ཨོཾ་གུ་རུ་མཎྜྻ་ལ་དེ་ཝ་ཏ་བཛྭ་པརྴེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ།། ཕ་རོལ་ཏུ་ཕྱིན་པ་བཅུའི་སྒོ་ནས་བསྟོད་པ་ནི། ཧཱུྃ། ཐབས་དང་ཤེས་རབ་བདག་ཉིད་ཀྱིས། །ཕ་རོལ་ཕྱིན་པ་ཀུན་རྫོགས་ཤིང་། །ས་བཅུར་གནས་ཤིང་གཤེགས་པ་པོ། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །གཏོང་བ་གསུམ་ལ་མ་རྨོངས་ཤིང་། རབ་ཏུ་དགའ་བ་གནས་ཀྱི་མཆོག །འཇིགས་མེད་རྡོ་རྗེ་བརྟན་པའི་ཐུགས། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤིང་ཉེ་བའི་གནས་མཆོག་དྲི་མ་མེད། །རྣམ་དག་རྡོ་རྗེ་སྐྱོན་དང་བྲལ། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤིང་། །ཡང་དག་ཞིང་ནི་འོད་བྱེད་པ། །སྒྲིབ་མེད་རྡོ་རྗེའི་ཡོན་ཏན་ལྡན། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤིང་། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཐོགས་མེད་རྡོ་རྗེ་ནམ་མཁའི་ཐུགས། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤིང་། །ཚན་དྷོ་ཧ་ནི་སྤྱང་དཀའ་བ། །ཤིན་ཏུ་སྦྱངས་པའི་ཡེ་ཤེས་ཐུགས། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤིང་། །ཉེ་བའི་ཚན་དྷོ་མངོན་དུ་གྱུར། །སྒྲོ་འདོགས་ཆོད་པས་ཐེ་ཚོམ་བྲལ། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །ཐབས་ཀྱི་ཕ་རོལ་ཕྱིན་རྫོགས་ཤིང་། །འདུ་བ་རིང་ངུ་སོང་བ་སྟེ། །ཐེག་དམན་ས་ལས་འདས་པ་པོ། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །སྟོབས་ཀྱི་ཕ་རོལ་ཕྱིན་རྫོགས་ཤིང་། །ཉེ་བའི་འདུ་བ་མི་གཡོ་བ། །རང་དོན་རླུང་གིས་མི་བསྐྱོད་པའི། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ཕ་རོལ་ཕྱིན་རྫོགས་ཤིང་། །དུར་ཁྲོད་ལེགས་པའི་བློ་གྲོས་ས། །ཟབ་ཅིང་རྒྱ་ཆེའི་ཐུགས་མངའ་བའི། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཕ་རོལ་ཕྱིན་རྫོགས་ཤིང་། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤེས་བརྗོད་ཡུལ་ལས་འདས་པ་པོ། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །དཔའ་བོ་རྣལ་འབྱོར་མ་ཚོགས་དང་། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །རྟེན་དང་བརྟེན་པ་ཀུན་འདུས་པའི། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད།། དེ་ནས་གསང་བའི་མཆོད་པ་ནི། །གསང་འདུས་ལས། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །བདག་གི་ཁུ་བ་ལ་སོགས་པས། །ཆོ་ག་བཞིན་དུ་ཀུན་མཆོད་ན། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པའི་དོན་རིག་མ་བཅུ་དྲུག་འབུལ་བ་ནི། ཧཱུྃ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་སྔོན་མོ་པི་ཝང་སྒྲ་སྒྲོག་ཅིང་། །རབ་ཏུ་མཛེས་མ་རྡོ་རྗེ་དྲིལ་བུའི་ཕྱག །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ཨོཾ་ཨཱཿ བཛྭ་ཝཱི་ནི་ཧཱུྃ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་སེར་མོ་གླིང་བུའི་སྒྲ་སྒྲོག་ཅིང་། །རབ་ཏུ་མཛེས་མ་རྡོ་རྗེ་དྲིལ་བུའི་ཕྱག །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ཝཾ་ཤེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་དམར་མོ་རྔ་ཟླུམ་སྒྲ་སྒྲོག་ཅིང་། །རབ་ཏུ་མཛེས་མ་རྡོ་རྗེ་དྲིལ་བུའི་ཕྱག །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །མུརཱཉྫྱེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་ལྗང་ཁུ་རྫ་རྔའི་སྒྲ་སྒྲོག་ཅིང་། །རབ་ཏུ་མཛེས་མ་རྡོ་རྗེ་དྲིལ་བུའི་ཕྱག །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །མྲྀ་ཏཾ་གེ གསང་བ་མཆོག་གི་མཆོད་པ་དམ་པ་ནི། །བཞད་མ་དམར་མོ་བཞད་ཅིང་འགྱིང་བའི་གཟུགས། །རྡོ་རྗེ་དྲིལ་འཛིན་སྙན་པའི་སྒྲ་དབྱངས་ཅན། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ཧཱ་ཀྵྼ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྒེག་མ་སྔོན་མོ་སྒེག་ཅིང་འགྱིང་པའི་གཟུགས། །རྡོ་རྗེ་དྲིལ་འཛིན་སྙན་པའི་སྒྲ་དབྱངས་ཅན། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ལཱ་ཀྵྼ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །གླུ་མ་ལྗང་ཁུ་སྒེག་ཅིང་འགྱིང་བའི་གཟུགས། །རྡོ་རྗེ་དྲིལ་འཛིན་སྙན་པའི་སྒྲ་དབྱངས་ཅན། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །གཱི་ཏི། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །གར་མ་སེར་མོ་སྒེག་ཅིང་འགྱིང་པའི་གཟུགས། །རྡོ་རྗེ་དྲིལ་འཛིན་སྙན་པའི་སྒྲ་དབྱངས་ཅན། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ནྲྀ་ཏི། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་དཀར་མོ་མེ་ཏོག་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །པུཥྤེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་སྔོན་མོ་བདུག་སྤོས་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །དྷུ་པེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་དམར་མོ་སྣང་གསལ་པདྨའི་སྣོད། རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ཨཱ་ལོ་ཀེ གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་ལྗང་ཁུ་དྲི་ཆབ་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །གནྡྷེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །གཟུགས་མ་དཀར་མོ་མེ་ལོང་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །དཱརྴེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །རོ་མ་དམར་མོ་དུང་ཆོས་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ར་ཀྵྼ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །རེག་མ་སེར་མོ་ན་བཟའ་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །པརྴེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །ཆོས་མ་སྔོན་མོ་ཆོས་འབྱུང་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊཱུཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ཨོཾ་ཨཱཿབཛྭ་དྷརྨེ་ཧཱུྃ།རིགས་ལྔའི་ངོ་བོ་བླ་མ་ལ་བསྟོད་པ་ནི། ཧཱུྃ། སྐྱེས་མཆོག་ཁྱེད་ཀྱི་སྤངས་པ་དང་། །ཡེ་ཤེས་ཆེ་བའི་བདག་ཉིད་ལ། །སངས་རྒྱས་ལྔ་རུ་གྲགས་པ་སྟེ། །ཕྱག་འཚལ་དཔལ་ལྡན་བླ་མ་ལའོ། །གཏི་མུག་ཆོས་དབྱིངས་ཡེ་ཤེས་ཆེ། །དབྱིངས་ཕྱུག་མ་དང་རྣམ་རོལ་ཞིང་། །གཟུགས་ཀྱི་ཕུང་པོ་རྣམ་དག་པ། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །ཞེས་སྡང་མེ་ལོང་ཡེ་ཤེས་ཆེ། །མཱ་མ་ཀི་དང་རྣམ་རོལ་ཞིང་། །རྣམ་ཤེས་ཕུང་པོ་རྣམ་དག་པ། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལའོ། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ཆེ། །སངས་རྒྱས་སྤྱན་དང་རྣམ་རོལ་ཞིང་། །ཚོར་བའི་ཕུང་པོ་རྣམ་དག་པ། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལའོ། །འདོད་ཆགས་ཀུན་རྟོག་ཡེ་ཤེས་ཆེ། །གོས་དཀར་མོ་དང་རྣམ་རོལ་ཞིང་། །འདུ་ཤེས་ཕུང་པོ་རྣམ་དག་པ། །ཕྱག་འཚལ་སྣང་བ་མཐའ་ཡས་ལའོ། །ཕྲག་དོག་བྱ་གྲུབ་ཡེ་ཤེས་ཆེ། །དམ་ཚིག་སྒྲོལ་དང་རྣམ་རོལ་ཞིང་། །འདུ་བྱེད་ཕུང་པོ་རྣམ་དག་པ། །ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །རྣམ་དག་ཡེ་ཤེས་ལྔ་དང་ལྡན། །ཕུང་པོ་ལྔ་ལ་རྣམ་རོལ་ཞིང་། །ཐབས་ཤེས་ཟུང་འཇུག་རྡོ་རྗེའི་སྐུ། །ཕྱག་འཚལ་ཀུན་འདུས་རྡོ་རྗེ་ལའོ།། དེ་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། སྡོམ་པ་འབྱུང་བའི་རྒྱུད་ལས་བྱུང་བ་ལྟར་ཚིག་ཏུ་བརྗོད་ཅིང་དོན་བསྒོམ་པ་ནི། ཨེ་མ་ཧོ་བདེ་ཆེན་འདོད་པ་ཡིས། །ས་གསུམ་པོ་ནི་གང་བ་སྟེ། །ཨེ་མ་ཧོ་ཞི་བའི་བདེ་བ་འབབ། །སྣ་ཚོགས་མངོན་པར་བྱང་ཆུབ་རྒྱས། །ཨེ་མ་ཧོ་བདེ་བའི་བདེ་ཆེན་པོ། །རྣམ་དག་བདེ་བ་ཆེན་པོར་ཡང་དག་ཤར། །ཨེ་མ་ཧོ་ཇི་ལྟ་ཇི་ལྟར་བཟའ། །སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་བཟའ། །ཨེ་མ་ཧོ་ལྷན་སྐྱེས་བདག་ཉིད་ཆེ། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །འགྲོ་བ་ཆུ་ཟླ་བཞིན་དུ་མཐོང་བ་དང་། ཐོས་པ་བྲག་ཆ་དང་ནི་མཚུངས་པར་ཡང་དག་འཇུག །སེམས་ཀྱང་མྱ་ངམ་སྨིག་སྒྱུ་ལྟ་བུར་བལྟ་བྱ་ཞིང་། །འདི་ལྟར་བཟའ་དང་བཏུང་བ་ནམ་མཁའ་ལྟ་བུ་སྟེ། །དྲི་ནི་ནམ་མཁའི་མེ་ཏོག་མཚུངས་པའི་རྣམ་པ་དང་། །ཡིད་ནི་ཉི་མ་ཟླ་བ་བཞིན་དུ་ཁྱབ་པར་བྱ། །ཡང་དག་གནས་ནི་རི་རབ་དང་ནི་མཚུངས་པ་ཡིན། །གཞོན་ནུ་མ་ཡི་རྨི་ལམ་ཇི་བཞིན་རྨི་བར་བྱ། །ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་བརྗོད། །འདི་དག་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། །སྲིད་པའི་རང་བཞིན་བྲལ་ཞིང་བསམ་གྱིས་མི་ཁྱབ་གཟུགས། །རྟག་ཏུ་འཆར་བའི་བདེ་གཤེགས་ལམ་མཆོག་ཕྱག་འཚལ་བསྟོད། །ཧཱུྃ། སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །དག་པའི་སེམས་ལ་ཡེ་ཤེས་ཉི་མ་ཤར། །ཤེས་བྱ་མ་ལུས་མཁྱེན་པའི་སྣང་བ་རྒྱས། །སེམས་ཉིད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རྒྱུན་ཆད་མེད་པར་འབབ་པའི་ཆུ་བོ་ལྟར། །བརྟན་པའི་སེམས་ལ་མཉམ་གཞག་རྗེས་ཐོབ་མེད། །འཕེལ་འགྲིབ་མེད་པར་བདེ་བའི་ཉམས་མྱོང་རྒྱས། །སེམས་ཉིད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རི་བོ་མཆོག་ལ་གཡོ་འགུལ་མེད་པ་ལྟར། །རྟོག་པའི་རྐྱེན་གྱིས་མི་གཡོ་བརྟན་པ་ཐོབ། །འགྱུར་མེད་རྒྱུན་དུ་གནས་པ་འབྲས་བུའི་མཆོག །སེམས་ཉིད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ་དཔལ་ལྡན་རིན་པོ་ཆེ། །ཨེ་མ་ཧོ་དམ་ཆོས་རིན་པོ་ཆེ། །ཨེ་མ་ཧོ་སེམས་ཉིད་རིན་པོ་ཆེ། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད།། སྐུ་བཞི་ཕྲིན་ལས་ཀྱི་འཆར་ཚུལ་ལ་བསྟོད་པ་ནི། ཧཱུྃ། མགོན་པོ་ཁྱོད་ཀྱི་སྐུ་གསུང་ཐུགས། །འདུས་མ་བྱས་ཤིང་བརྗོད་དུ་མེད། །སྤྲོས་བྲལ་མཁའ་ལྟར་དག་པ་པོ། །ཕྱག་འཚལ་གསང་འདུས་རྡོ་རྗེ་ལའོ། །དངོས་པོ་ཀུན་ལས་རྣམ་གྲོལ་ཞིང་། །སྐྱེ་འགག་རྟག་ཆད་མཐའ་དབུས་དང་། །འགྲོ་འོང་གནས་པ་མི་མངའ་བའི། །ཕྱག་འཚལ་ཆོས་སྐུ་རྡོ་རྗེ་ལའོ། །སྐྱེས་མཆོག་དག་པའི་ཞིང་ཁམས་སུ། །མཚན་དང་དཔེ་བྱད་དཔལ་འབར་བས། །ཐེག་མཆོག་ཡོན་ཏན་སྤེལ་མཛད་པའི། །ཕྱག་འཚལ་དོན་ཡོད་རྡོ་རྗེ་ལའོ། །ཞི་དང་ཁྲོ་བོའི་སྐུར་སྟོན་ཅིང་། །གར་གྱི་ཉམས་དགུ་ལ་སོགས་པས། །འཁོར་གྱི་སེམས་དཔའ་འདུལ་མཛད་པའི། །ཕྱག་འཚལ་ལོངས་སྐུ་རྡོ་རྗེ་ལའོ། །ཉམ་ཐག་འགྲོ་བ་སྐྱབས་པའི་ཕྱིར། །སེམས་ཅན་མོས་པ་སྣ་ཚོགས་ལ། །སྣ་ཚོགས་སྐུ་ནི་སྟོན་མཛད་པའི། །ཕྱག་འཚལ་ཐོག་མེད་རྡོ་རྗེ་ལའོ། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱིས། །ཇི་སྲིད་འཁོར་བ་དེ་སྲིད་དུ། །འགྲོ་དོན་མཉམ་དུ་མཛད་པ་པོ། །ཕྱག་འཚལ་སྤྲུལ་སྐུ་རྡོ་རྗེ་ལའོ། །སྤྲིན་ཚོགས་ནམ་མཁར་གཅིག་པ་བཞིན། །དེ་བཞིན་རྒྱལ་བའི་གཟུགས་སྐུ་ཡང་། །ཆོས་སྐུའི་ངང་དུ་གཅིག་གྱུར་པའི། །ཕྱག་འཚལ་ཆོས་དབྱིངས་རྡོ་རྗེ་ལའོ། །ཆུ་ཀླུང་རྒྱ་མཚོར་འབབ་པ་ལྟར། །སངས་རྒྱས་སྐུ་གསུམ་བདག་ཉིད་ཀྱང་། །ཆོས་ཉིད་རྒྱ་མཚོར་གཤེགས་གྱུར་པའི། །ཕྱག་འཚལ་ངོ་བོ་ཉིད་སྐུ་ལའོ། །ཆོས་སྐུ་སྤྲོས་པ་ཞི་གྱུར་ཀྱང་། །མྱ་ངན་འདམ་གྱིས་མ་གོས་པ། །ཡོན་ཏན་ཐམས་ཅད་འབྱུང་བའི་དཔལ། །ཕྱག་འཚལ་འབྱུང་གནས་རྡོ་རྗེ་ལའོ། །གཟུགས་སྐུ་འཁོར་བར་བཞུགས་གྱུར་ཀྱང་། །འཁོར་བའི་སྐྱོན་གྱིས་མ་གོས་པ། །ཆུ་ཟླ་བཞིན་དུ་གསལ་བའི་སྐུ། །ཕྱག་འཚལ་བདེ་ཆེན་མཆོག་ཁྱོད་ལའོ། །སངས་རྒྱས་སྐུ་ལྔའི་ཡོན་ཏན་ཀུན། །རབ་ཏུ་རྫོགས་པའི་ཐུགས་མངའ་བའི། །དཔལ་ལྡན་མི་ཡི་སེང་གེ་མཆོག །ཕྱག་འཚལ་སངས་རྒྱས་རིན་ཆེན་ལའོ། །མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང་། །སྒྲིབ་པའི་ཚོགས་ཀུན་བསལ་གྱུར་ཅིང་། །ཡོན་ཏན་རྒྱུད་ལ་བསྐྱེད་མཛད་པའི། །ཕྱག་འཚལ་དཔལ་ལྡན་བླ་མ་ལའོ། །མཆོད་པ་བཅུ་གཉིས་སྨོན་ལམ་དང་སྦྱར་ནས་འབུལ་བ་ནི། ཧཱུྃ། ཡན་ལག་བརྒྱད་ལྡན་དྲི་མ་མེད་པའི་ཆབ། །བཀྲ་ཤིས་སྣ་ཚོགས་འོ་མའི་ཆུ་རྒྱུན་གྱིས། །རྒྱལ་བའི་ཞལ་ལ་ཞལ་བསིལ་འདི་ཕུལ་བས། །འགྲོ་ཀུན་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །སྤོས་དང་ཙན་དན་ལ་སོགས་སྦྱོར་བ་ཡི། །ལས་ཀུན་བྱེད་པའི་ཆུ་གཙང་དམ་པ་འདི། །རྒྱལ་བའི་ཞབས་ལ་ཞབས་བསིལ་འདི་ཕུལ་བས། །འགྲོ་ཀུན་བློ་བུར་དྲི་མ་དག་བར་ཤོག །ཆུ་སྐྱེས་ཐང་སྐྱེས་ཡིད་ལས་བྱུང་བ་ཡི། །བྱང་ཆུབ་ཡན་ལག་མཛེས་པའི་མེ་ཏོག་འདི། །སྦྱིན་པའི་རང་བཞིན་རྒྱལ་བའི་དབུ་ལ་འབུལ། །འགྲོ་ཀུན་འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ལྷན་ཅིག་སྐྱེས་དང་ཡོངས་སུ་སྦྱར་བ་ཡི། །རབ་ཏུ་ཚིམ་བྱེད་བདུག་སྤོས་དམ་པ་འདི། །ཚུལ་ཁྲིམས་རང་བཞིན་རྒྱལ་བའི་ཤངས་ལ་འབུལ། །འགྲོ་ཀུན་དལ་འབྱོར་ཡོན་ཏན་རྫོགས་པར་ཤོག །གསལ་ཞིང་མི་གཡོ་མཛེས་པར་སྣང་བ་ཡི། །མ་རིག་མུན་སེལ་སྣང་བྱེད་སྒྲོན་མེ་འདི། །བཟོད་པའི་རང་བཞིན་རྒྱལ་བའི་སྤྱན་ལ་འབུལ། །འགྲོ་ཀུན་མཚན་དང་དཔེ་བྱད་རྫོགས་པར་ཤོག །ཙནྡན་ག་བུར་གུར་གུམ་ལ་སོགས་པའི། །རྣམ་མང་དྲི་ཞིང་བྱུག་པ་དམ་པ་འདི། །བརྩོན་འགྲུས་རང་བཞིན་རྒྱལ་བའི་ཐུགས་ལ་འབུལ། །འགྲོ་ཀུན་ཡོན་ཏན་གོང་དུ་འཕེལ་བར་ཤོག །རོ་མཆོག་བརྒྱ་དང་ལྡན་པའི་ཞལ་ཟས་མཆོག །ཕུན་ཚོགས་ཐམས་ཅད་འབྱུང་བ་བདུད་རྩིའི་རིགས། །བསམ་གཏན་རང་བཞིན་རྒྱལ་བའི་ལྗགས་ལ་འབུལ། །འགྲོ་ཀུན་ཏིང་འཛིན་ཟས་ཀྱིས་འཚོ་བར་ཤོག །ཡན་ལག་ལྔ་ལྡན་རོལ་མོ་སིལ་སྙན་འདི། །ཤེས་རབ་རང་བཞིན་རྒྱལ་བའི་སྙན་ལ་འབུལ། །བསོད་ནམས་འདི་ཡིས་ཟག་མེད་ཆོས་རྣམས་ཀུན། །འགྲོ་བ་ཀུན་གྱི་རྒྱུད་ལ་འཆར་བར་ཤོག །དབང་པོ་ཚིམ་བྱེད་འདོད་པའི་ཡོན་ཏན་ལྔ། ཕུན་སུམ་ཚོགས་པ་མཆོག་གི་ལོངས་སྤྱོད་རྣམས། །ཐབས་ཀྱི་རང་བཞིན་རྒྱལ་བ་རྣམས་ལ་འབུལ། །འགྲོ་ཀུན་ཟག་མེད་ཕུང་པོ་ལྔ་ཐོབ་ཤོག །ཞིང་སྐྱེས་སྔགས་སྐྱེས་རང་བཞིན་ལྷན་ཅིག་སྐྱེས། །ཡིད་ལས་བྱུང་བ་སྤྲུལ་པ་ལྷ་མོའི་ཚོགས། །སྟོབས་ཀྱི་རང་བཞིན་རྒྱལ་བའི་གཟུགས་མར་འབུལ། འགྲོ་བ་ཀུན་གྱི་བདེ་བ་མཆོག་ཐོབ་ཤོག རྒྱལ་བའི་ཡོན་ཏན་མ་ལུས་དགེ་བའི་ཚོགས། དྭངས་བའི་ཡིད་ཀྱི་བསྐུལ་ཞིང་བརྗོད་པ་འདི། སྨོན་ལམ་རང་བཞིན་རྒྱལ་བའི་སྙན་ལ་འབུལ། འགྲོ་ཀུན་སངས་རྒྱས་ཡོན་ཏན་ཐོབ་པར་ཤོག །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཡང་དག་པར་ནི་མཉམ་པར་བཞག་པའི་དོན། །ཡེ་ཤེས་རང་བཞིན་རྒྱལ་བའི་ཐུགས་ལ་འབུལ། །འགྲོ་བ་ཀུན་གྱིས་ཆོས་ཉིད་དོན་རྟོགས་ཤོག། ཆེན་པོ་བཅུ་གཉིས་ཡོན་ཏན་མཐའ་དག་གི་སྒོ་ནས་བསྟོད་པ་ནི། ཧཱུྃ། སྙིང་རྗེ་ཆེན་པོ་སེམས་ཆེན་པོ། །དམིགས་པ་ཆེན་པོ་བློ་ཆེན་པོ། །གོ་ཆ་ཆེན་པོ་མཚོན་ཆེན་པོ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དད་པ་ཆེན་པོ་གུས་ཆེན་པོ། །དམ་ཚིག་ཆེན་པོ་བརཏལ་བཞུགས་ཆེ། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་པོ། །སྐྱེས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ཐབས་ཆེན་པོ། །བདེ་བ་ཆེན་པོ་གསལ་བ་ཆེ། །སྟོང་པ་ཆེན་པོ་རྒྱ་ཆེན་པོ། །ཐུབ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཐེག་པ་ཆེན་པོ་ས་ཆེན་པོ། །ལམ་ཆེན་ཡེ་ཤེས་ཆེན་པོ་སྟེ། །ཡོན་ཏན་ཆེན་པོ་སྙན་གྲགས་ཆེ། །རྒྱལ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཆེན་པོ་སྣང་བ་ཆེ། །རྫུ་འཕྲུལ་ཆེན་པོ་གདུལ་བྱ་ཆེ། །བྱིན་རླབས་ཆེན་པོ་དོན་ཆེན་པོ། །སྐྱབས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་ཆེན་གཟི་བརྗིད་ཆེན་པོ་པ། གསུང་དབྱངས་ཆེན་པོ་འོད་ཆེན་པོ། མཁྱེན་པ་ཆེན་པོ་མཐུ་ཆེན་པོ། དཔལ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། འཁོར་ལོ་ཆེན་པོ་རལ་གྲི་ཆེ། རྡོ་རྗེ་ཆེན་པོ་པདྨ་ཆེ། ལྕགས་ཀྱུ་ཆེན་པོ་ཞགས་པ་ཆེ། །རིགས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དབང་ཕྱུག་ཆེན་པོ་འབྱུང་གནས་ཆེ། །དཔགས་བསམ་ཤིང་ཆེན་བུམ་པ་ཆེ། །ནོར་བུ་ཆེན་པོ་གཏེར་ཆེན་པོ། །རིན་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཉི་མ་ཆེན་པོ་ཟླ་བ་ཆེ། །རྒྱ་མཚོ་ཆེན་པོ་ནམ་མཁའ་ཆེ། །རི་བོ་ཆེན་པོ་ས་ཆེན་པོ། །ཁྱབ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །མཉན་པ་ཆེན་པོ་གྲུ་ཆེན་པོ། །སྨན་པ་ཆེན་པོ་བདུད་རྩི་ཆེ། །ཕྲིན་ལས་ཆེན་པོ་བདེ་ལེགས་ཆེ། །ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་བླ་མ་ཐམས་ཅད་མཁྱེན། །འགྲོ་བའི་སྟོན་པ་རྡོ་རྗེའི་སྒྲས། །སེམས་ཅན་ཁམས་ནི་སད་མཛད་པའི། །སྣང་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །ཐུགས་རྗེའི་ཟླ་བ་བདུད་རྩིའི་འོད། །ཀུན་གྱི་བདག་ཉིད་འབྱུང་གནས་དཔལ། །ཆེ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད།། སྡིག་པ་བཤགས་པ་སོགས་བྱ་བ་ནི། བདག་དང་མཁའ་མཉམ་སེམས་ཅན་མ་ལུས་པས། །ཉོན་མོངས་དབང་གིས་ཀུན་ནས་བླངས་གྱུར་ཏེ། །ལུས་ངག་ཡིད་ཀྱིས་སྡིག་པ་ཅི་བགྱིས་པ། །སྐྱེས་མཆོག་ཁྱོད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །སྐྱེས་མཆོག་རིན་ཆེན་སྲས་དང་བཅས་རྣམས་དང་། །ལམ་དུ་ཞུགས་དང་བསྒྲུབ་པ་བྱེད་ལ་སོགས། །དགེ་བའི་རྩ་བ་ཇི་སྙེད་མཛད་ཀུན་ལ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །མོས་པའི་བྱེ་བྲག་གདུལ་བྱ་སྣ་ཚོགས་ལ། །གང་ལ་གང་འདུལ་དེ་ཡི་སྐུར་བསྟན་ནས། །ཐེག་པ་སྣ་ཚོགས་ཐབས་ལ་མཁས་པ་ཡི། །ཆོས་ཀྱི་འཁོར་ལོ་རིན་ཆེན་བསྐོར་དུ་གསོལ། །ཆོས་སྐུ་སྤྲོས་པ་མ་ལུས་ཞི་གྱུར་ཀྱང་། །ཐུགས་རྗེ་ཆེན་པོས་གདུལ་བྱའི་སྣང་བ་ལ། །ཇི་སྲིད་འཁོར་བ་དེ་སྲིད་གཟུགས་སྐུའི་ཚོགས། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །སོ་སོ་ཐར་དང་དེ་བཞིན་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པ་དེ་དག་ཀུན། །སྐྱེས་མཆོག་ཁྱེད་ཀྱི་སྤྱན་སྔར་བདག་ལེན་ཅིང་། །རིམ་པ་བཞིན་དུ་བདག་གིས་བརྟེན་པར་བགྱི། །བསླབ་པར་བྱ་བའི་ཆོས་རྣམས་ཐམས་ཅད་ལ། །བསམ་པའི་ཐབས་དང་རྟོགས་པའི་སྟོབས་དག་གིས། །དོན་ཆེན་བསྒྲུབ་པའི་བྱ་བ་མ་གཏོགས་པ། །རྒྱལ་བའི་བཀའ་ལས་ནམ་ཡང་མི་འདའ་འོ། །ཐུན་མོང་ཁྱད་པར་དམ་ཚིག་སྡོམ་པ་དང་། །འགལ་བར་གྱུར་པའི་ཉེས་པ་མ་ལུས་ཀུན། །མགོན་པོ་ཁྱོད་ཀྱི་སྤྱན་སྔར་བདག་བཤགས་ན། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ། །སྐྱེས་མཆོག་ཁྱོད་ཀྱི་ཐུགས་རྗེའི་བྱིན་བརླབས་ཀྱིས། །ལོག་པའི་བསམ་པ་ནམ་ཡང་མི་འབྱུང་ཞིང་། །ཉོན་མོངས་རྟོག་པའི་ཚོགས་ཀུན་ཞི་ནས་ཀྱང་། །དཀར་པོའི་ཡོན་ཏན་གོང་དུ་འཕེལ་བར་ཤོག །བླ་མ་བསྟེན་ཅིང་དཀོན་མཆོག་མཆོད་པ་ལ། །མོས་གུས་ལྟེམ་ཀྱང་ནམ་ཡང་མི་འབྱུང་ཞིང་། །ཐེག་མཆོག་ལམ་གྱི་སྒྲུབ་པ་བྱེད་པའི་ཚེ། །སྐད་ཅིག་ཙམ་ཡང་ལེ་ལོ་མེད་པར་ཤོག །བསྡུ་བ་བཞི་དང་ཞི་སོགས་ལས་རྣམས་ཀྱིས། །སངས་རྒྱས་འཕྲིན་ལས་རྫོགས་པར་བྱེད་འགྱུར་ཞིང་། །སེམས་ཅན་རྣམས་ཀྱི་བསམ་པའི་དོན་རྣམས་ཀུན། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག །འགྲོ་བའི་དོན་ལ་སྐྱོ་བ་མེད་པ་དང་། །ལུས་དང་ལོངས་སྤྱོད་དངོས་པོ་ཐམས་ཅད་ལ། །འཛིན་ཆགས་སེར་སྣ་ནམ་ཡང་མི་འབྱུང་ཞིང་། །ཟད་མི་ཤེས་པར་ཀུན་ལ་གཏོང་བར་ཤོག །དགེ་བ་འདི་ཡིས་མཁའ་མཉམ་སེམས་ཅན་གྱི། །སྡིག་དང་སྒྲིབ་པའི་ཚོགས་ཀུན་བྱང་གྱུར་ཏེ། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་གྱུར་ནས། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །བདག་བློ་གཏི་མུག་རྨོངས་པའི་དབང་གྱུར་ཏེ། ལེགས་སྤྱད་འདི་ལ་ཉེས་པར་གྱུར་པ་གང་། སྐྱེས་མཆོག་རིན་ཆེན་རྣམས་དང་དེ་ཡི་སྲས། བདག་ཉིད་ཆེན་པོ་ཁྱེད་ལ་བཟོད་པར་གསོལ། ཁྱེད་ཀྱི་ཐུགས་རྗེས་འགྲོ་བའི་དོན་ཀུན་མཛད། ཐུན་མོང་མཆོག་གི་དངོས་གྲུབ་བདག་ལ་སྩོལ། ཆོས་སྐུ་ཞི་བའི་ངང་དུ་གཤེགས་ནས་ཀྱང་། གཟུགས་སྐུ་འགྲོ་བའི་དོན་ལ་འབྱོན་པར་ཞུ།། ཉེས་བྱས་དྲི་མའི་ཚོགས་ཀུན་བྱང་བ་དང་། །བསོད་ནམས་ཡོན་ཏན་སྤེལ་བར་འདོད་པ་དང་། །བདུད་དང་བར་ཆད་ཞི་བར་འདོད་པ་དང་། །བདག་གཞན་དོན་གཉིས་འགྲུབ་པར་འདོད་རྣམས་ཀྱིས། །བླ་མ་མཆོད་ཅིང་གསོལ་བ་གདབ་པའི་ཐབས། །འདི་ཉིད་ནན་ཏན་མཆོག་ཏུ་བྱའོ་ཞེས། །རྡོ་རྗེ་འཆང་གིས་རྒྱ་ཆེར་གསུངས་པས་ན། །བློ་ལྡན་རྣམས་ཀྱིས་འདི་ལ་འབད་པར་རིགས། །བླ་མ་མཆོད་པའི་ཆོ་གའི་རིམ་པ་དག །སྦྱར་བ་དེ་ལས་བྱུང་བའི་བསོད་ནམས་ཀྱིས། །འགྲོ་བ་འདི་ཀུན་ཡང་དག་བླ་མ་ཡིས། །རྗེས་སུ་བཟུང་ནས་བདེ་ཆེན་ཐོབ་པར་ཤོག། །།


previousབླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང།next