Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
ལམ་ཟབ་ཀྱི་རྣམ་པར་བཤད་པ་ཟབ་ལམ་གྱི་སྙེ་མ།
   
   
   
   
   
   
   
   
   


 
previousལམ་ཟབ་ཀྱི་རྣམ་པར་བཤད་པ་ཟབ་ལམ་གྱི་སྙེ་མ།next

ལམ་ཟབ་ཀྱི་རྣམ་པར་བཤད་པ་ཟབ་ལམ་གྱི་སྙེ་མ།

ལམ་ཟབ་ཀྱི་རྣམ་པར་བཤད་པ་ཟབ་ལམ་གྱི་སྙེ་མ་ཞེས་བྱ་བ་བཞུགས་སོ། །སངས་རྒྱས་ཐམས་ཅད་ཀྱི་བདག་པོ་ཆེན་པོ་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སངས་རྒྱས་སངས་རྒྱས་ཞེས་བརྗོད་ཞི་ཁྲོ་ཆགས་པ་གང་དགར་འཆར་བ་དག་པའི་ཐུགས། །དམ་ཆོས་དམ་ཆོས་འཆར་འདུ་སྔགས་དང་ཕྱག་རྒྱ་ཡི་གེའི་འཁོར་ལོ་མི་ཟད་གསུང་། །དགེ་འདུན་དགེ་འདུན་མར་བསྙད་དཔའ་བོ་ཌཱ་ཀི་ཆོས་སྐྱོང་སྲུང་མ་ཀུན་གྱི་གཟུགས། །ཐམས་ཅད་ཐམས་ཅད་དུས་སུ་འགྱེད་མཁས་རྡོ་རྗེ་སློབ་དཔོན་ཞབས་ལ་ཕྱག་འཚལ་ལོ། །དངས་མའི་དབྱིངས་ན་མ་གཡོས་ཅིག་ཅར་ཉིད། །ཆུ་ཀླུང་ཀུན་ཏུ་སྣ་ཚོགས་གཟུགས་གཟུང་བས། །བསིལ་ཟེར་བྱེད་དང་གང་གཟུགས་མཚུངས་མནོ་ཡང་། །དེ་ནི་རྟགས་ཀྱིས་ནོགས་ལ་ཁྱོད་སྐུ་གཙང་། །ཚོགས་དབུས་ཡུད་གཅིག་རིང་ལ་མོས་མང་གིས། །ཐ་དད་དྲི་བར་ཡིད་སིམ་ལན་སློན་པས། །ལྷ་ཡི་རྔ་ཆེད་དབྱངས་དང་འདྲར་གཟུང་ཡང་། །དེ་ནི་མཐོ་རིས་ཁྱོད་གསུང་ཀུན་ན་གྲག །རྐྱེན་ངོར་རྣམ་པ་ཀུན་ཏུ་འགྲོ་བཞིན་པར། །རང་ཚུལ་འགྱུར་མེད་ཕ་མཐའ་མེད་པས་ན། །ནམ་མཁའ་གང་བློ་མཚོན་ལ་བོས་མོད་དེ། །དངོས་མེད་ཁྱོད་ཐུགས་ཕྱོགས་ལྷུང་བྲལ་བ་ཡིན། །དེ་ཕྱིར་དཔེ་བྲལ་གསང་བ་གསུམ་གྱི་དངོས། །བསམ་མི་ཁྱབ་ལ་ཚིག་དབང་དྲན་རྒྱ་ཡིས། །མི་ཟད་རྒྱན་གྱི་འཁོར་ལོར་མིང་བཏགས་པའི། །ངོ་མཚར་ཀུན་གྱི་གནས་དེར་བདག་སྐྱབས་སོ། །རྣམ་པར་དབྱེ་ཡང་གཤིས་སུ་མི་ཕྱེད་པས། །ཆོས་ཕུང་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་སྒོ། །གང་ནས་ཞུགས་ཀྱང་སླེབ་ས་གཅིག་ཡིན་པ། །བསླུ་མེད་གཞན་ལ་སྒྲོག་པ་པད་དཀར་ལས། །སྐལ་ལྡན་ཡོངས་འདུའི་མོས་པ་ཡལ་གའི་སྡེར། །དངོས་གྲུབ་མེ་ཏོག་ཅི་དགའ་འབར་བ་ཡང་། །ལམ་ཟབ་བསོད་ནམས་འདི་མཐུ་དེ་བས་དེ། །དུས་ཀྱི་ཉམས་པ་ཟློག་པ་དེ་ལ་འབད། །དེ་ཡང་། གང་ཅན་འདིར་བླ་མ་དམ་པའི་བསྙེན་བསྐུར་ལ་མཁས་པས་གྲུབ་པ་ཆེན་པོའི་ས་དོག་པོར་བྱེད་པའི་རིང་ལུགས་ཆེན་པོ་ཞིག་འདུག་པ་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་དཔལ་འབྲུག་པ་ཞེས་མཚན་གསོལ་ལོ། །དེའི་ཆོས་ཀྱི་རྒྱལ་པོ་དག་གིས་བསྒྱུར་བའི་ཆོས་ཀྱི་འཁོར་ལོ་གྱེན་དུ་ཅིའང་འཕགས་པ་ནི་བླ་མ་སྒྲུབ་པའོ། །དེ་དུས་ཀྱི་དབང་གིས་ཉམས་པ་མེད་པར་བྱ་བའི་ཕྱིར་བཤད་དོ།། །།དེ་ལ། འདི་ཀུན་ལས་ཟབ་པའི་རྒྱུ་མཚན་དང་། ཟབ་ལམ་དེ་ལེགས་པར་འབྱེད་པ་གཉིས་ལས། །དང་པོ་ནི། རྒྱ་ཆེ་བའི་ལུང་ཐམས་ཅད་ཀྱི་གཙོ་བོ། རྨད་དུ་བྱུང་བར་ཟབ་པ་ཐམས་ཅད་ཀྱི་བླ་མ། ཕུལ་དུ་བྱུང་བའི་རིགས་པ་ཐམས་ཅད་ཀྱི་གྲུབ་པ། གཅིག་ཤེས་པས་ཀུན་ཤེས་པར་བྱེད་པའི་གདམས་ངག །ཚར་གསུམ་ཁུག་པ་དབང་གི་ལམ། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་སྒྲུབ་ཐབས། དེ་བཞིན་གཤེགས་པ་རྣམས་ཀྱི་ཤིན་ཏུ་གསང་བའི་གནས། ཚེ་གཅིག་གིས་བླ་མ་སྐུ་བཞིའི་སར་ཁྲིད་པའི་རིམ་པ་ཡིན་པས་ཟབ་པ་ལས་ཆེས་ཟབ་པའི་ཕྱིར་ལམ་ཟབ་ཅེས་བཞག་གོ །ཇི་ལྟར་རྒྱ་ཆེ་བའི་ལུང་ཐམས་ཅད་ཀྱི་གཙོ་བོ་ཞེས་བརྗོད་སྙམ་ན། སྟོན་པས་གསུངས་པའི་ལུང་གི་ཆོས་འཁོར་ནི། གདུལ་བྱའི་ཁམས་དང་མོས་པ་དང་བག་ལ་ཉལ་མཐའ་ཡས་པ་དེ་དག་གི་ངོ་བཟུང་ནས་གསུངས་པའི་ཕྱིར། བརྗོད་པར་བྱ་བ་ཐ་དད་པ་ལྟ་བུར་སྣང་ངོ་། །དེའི་ཕྱིར་རྒྱ་ཆེ་བ་ཞེས་བྱའོ། །འོན་ཀྱང་མཐའ་དྲུག་དང་བཤད་པ་བཞིས་གཏན་ལ་ཕབ་ན་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་གཅིག་གཏན་ལ་འབེབས་པའི་ལམ་དུ་སྦྱོར་བ་གཅིག་པར་འདུག་ལ། དེ་རྟོགས་པར་བྱེད་པ་དགེ་བའི་བཤེས་གཉེན་ལ་རག་ལས་པ་ནི་དེ་ཐམས་ཅད་དུ་བསྟན་པས་ལུང་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཡིན་ནོ། །དེ་ཡང་། འདུལ་བར་ལོ་བཅུ་མ་ལོན་པར་གནས་ཉིད་དང་མི་གནས་པར་འདུག་པར་མི་བྱའོ། །ཞེས་གསུངས་པས། སྤྱིར་བཏང་ལ་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་བར་དུ་རང་ཁྲིད་ཅིང་སྐྱོང་བར་བྱེད་པའི་གནས་ཀྱི་བླ་མ་བསྟེན་དགོས་པར་བཤད་ཅིང་། གནས་ཀྱང་མཁན་པོའམ་དེ་ལས། གཞན་པའི་དགེ་སློང་གནས་བཅས་པའོ། །ཉེ་བར་སྦྱོར། ཉེ་བར་འཛིན། ཉེ་བར་ལུང་འབོགས་པའི་དོན་གྱིས་ན་མཁན་པོ་ཞེས་བྱ། དེ་ཡང་། མཁན་པོར་གསོལ་བ་ཁས་བླངས་པ་ན་དེར་གྱུར་ཏོ་ཞེས་པས། དེ་ཙམ་གྱིས་མཁན་སློབ་ཏུ་སོང་། དེ་བཞིན་གནས་གཞན་ལ་བཅས་ན། བཅའ་བའི་ཆོ་ག་ལན་གསུམ་པའི་མཐར་འགྲོ །ཆོ་ག་མ་བྱས་ཀྱང་ཞག་གཅིག་དེའི་གནས་སུ་གནས་བཅའ་བའི་བསམ་པས་འདུག་ན་དེ་གནས་དང་རང་གནས་པར་འགྱུར་བས་དེ་ཙམ་གྱིས་དཔོན་སློབ་ཏུ་འགྲོ་བ་ཡིན་ནོ། །གཞན་ལས་བྱེད་པའི་སློབ་དཔོན་ནི། དོན་གྲུབ་ན་གྱུར་པ་ཉིད་དོ་ཞེས་པས། སྡོམ་པ་ཐོབ་པ་དང་དེ་སློབ་དཔོན་དུ་འགྱུར། གསངས་ཏེ་སྟོན་པ་ནི་དེར་ལས་ཀྱིས་བསྒོས་གྲུབ་པ་ནའོ། །ཀློག་པའི་སློབ་དཔོན་ནི་ཉན་འདོད་སློབ་འདོད་ཀྱི་ཚིགས་སུ་བཅད་པ་གཅིག་བརྗོད་པས་དེར་འགྱུར་བས། དེ་དག་སྟོན་པའི་ཚུལ་ཡང་། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ། །སོགས་ཀྱི་རང་གི་སྲོག་ལས་ཀྱང་ལྷག་པར་ལྟ་བས་བཀུར་སྟི་དང་རིམ་གྲོ་དང་དེའི་ཚིག་ཉན་པ་ལ་སོགས་པའོ། །དེ་དག་གི་དགེ་བའི་བཤེས་གཉེན་ལ་ཕ་དང་། བདག་ཉིད་ལ་བུའི་འདུ་ཤེས་ཉེ་བར་གཞག་པས། ལུགས་འདི་ལ་དགེ་བའི་བཤེས་གཉེན་སོ་སོ་སྐྱེ་བོར་བལྟས་པར་སོང་ངོ་སྙམ་ན་མ་ཡིན་ཏེ། བཅོམ་ལྡན་འདས་ཡབ་དང་། བདག་ཅག་དེའི་བུར་བྱས་ནས་རབ་ཏུ་བྱུང་བ་སྡེ་ལྔ་ལ་ཤཱཀྱའི་བུ་དང་བུ་མོ་ཞེས་བརྗོད་པ་དང་། སངས་རྒྱས་བླ་མར་བཞག་ནས་ཉན་ཐོས་ལ་སློབ་མ་ཞེས་ཀྱང་སྨོས་པའི་ཕྱིར་རོ། །མདོར། སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་ཡོངས་སུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། ཞེས་དང་། དགེ་བའི་བཤེས་གཉེན་ཀྱང་། སངས་རྒྱས་བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག །ཕ་རོལ་ཕྱིན་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟེན། །ཞེས་པས་ཕྱི་ནང་གཉིས་སུ་བཤད་ལ། ལམ་དུ་འཇུག་པའི་དང་པོའི་སེམས་བསྐྱེད་འབོགས་པ་པོ་ནས་ཚོགས་ལམ་ཆེན་པོའི་བར་དུ་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ། ཚོགས་ལམ་ཆེན་པོ་ཐོབ་ནས་སངས་རྒྱས་དང་མཇལ་བར་གྱུར་པས་དེ་དགེ་བའི་བཤེས་གཉེན་དུ་བྱེད་པ་ཡིན་ཞིང་། དེའི་སངས་རྒྱས་ནི་སྤྲུལ་པའི་སྐུ་ཡིན་ལ། དག་ས་ནས་ལོངས་སྤྱོད་རྫོགས་པའི་སྐུ་མཇལ་དེ་ནས་དེ་དགེ་བའི་བཤེས་གཉེན་དུ་བྱེད་པ་ཡིན་ནོ། །དགེ་བའི་བཤེས་གཉེན་བསྟེན་ཚུལ་འཕགས་པ་སྡོང་པོ་བཀོད་པའི་མདོར། གཞོན་ནུ་ནོར་བཟང་གིས་བླ་མ་བརྒྱ་རྩ་བརྒྱད་བསྟེན་པ་དང་། རྟག་ཏུ་ངུས་ཆོས་འཕགས་བསྟེན་པ་བཞིན་དང་། དེ་ལ་ཇི་ལྟར་ལྟ་བའང་བདག་ཉིད་ནད་པ། ཉོན་མོངས་པ་ནི་ནད། དམ་པའི་ཆོས་ནི་སྨན། དགེ་བའི་བཤེས་གཉེན་ནི་སྨན་པའི་རྒྱལ་པོ་ལྟ་བུར་ལྟ་བ་སྟེ། དེ་ལྟ་བས་ན་བྱང་ཆུབ་ཞི་བ་འཚོལ་བ་ཡི། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་ངེས་བཅོམ་སྟེ། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བ་སྟེན་པ་ལྟར། །གཡོབ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་སོ། །དེ་ལ་དགེ་བའི་བཤེས་གཉེན་ལ་གང་ཟག་ཏུ་བལྟས་པར་སོང་ངོ་སྙམ་ན་མ་ཡིན་ཏེ། ཡིན་ན་སངས་རྒྱས་ཉིད་ཀྱང་དེར་འགྱུར་བས་སོ། །ཆོས་མངོན་པ་ནི་འདུལ་བ་དང་མདོ་སྡེ་ཡོངས་སུ་སྦྱོང་བའི་བརྡར་ལྟ་བུ་དེ་གཉིས་ཀྱི་དོན་ཞིབ་མོར་དཔྱོད་པ་ཡིན་པས་ལོགས་སུ་བརྗོད་མི་དགོས་སོ། །རྡོ་རྗེ་ཐེག་པར། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། སློབ་དཔོན་ཨིནྡྲ་བྷཱུ་ཏིས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །དེ་བཞིན་ཡོན་ཏན་ཀུན་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་པ་དང་། ཆོས་རྗེས། རྒྱུའི་གཙོ་བོ་ཡིན་པས་མཚན་ལྡན་བླ་མ་འཚོལ། །ཞེས་གསུངས། བླ་མར་འགྱུར་བའང་། དབང་བསྐུར་བ་དང་། རྒྱུད་བཤད་པ་དང་། མན་ངག་སྦྱིན་པ་གསུམ་ག་ཡིན་ན་གསུམ་ལྡན། གཉིས་སམ་གཅིག་ཙམ་ཡིན་ན་གཉིས་ལྡན་གཅིག་ལྡན། དབང་ལ། ཇོ་བོའི་དམ་ཚིག་བསྡུས་པ་ལས། བླ་མའི་ཞལ་ནས་བྱུང་བའི་དབང་དང་། ཡི་དམ་ལྷས་བྱིན་གྱིས་བརླབས་པའི་དབང་དང་། རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པའི་དབང་དང་། རང་ཉིད་ཀྱི་སེམས་ཀྱི་རྩལ་གྱིས་ཐོབ་པའི་དབང་དང་བཞིའོ། །ཞེས་གསུངས་པས། དང་པོ་ནི། དབང་གི་ཆོ་ག་ལ་ལྟོས་པ་འདི་ཡིན། གཉིས་པ་ནི། སྡོན་རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་ཁམས་སུ་རྒྱལ་པོ་ཛའི་ཐོག་ཏུ་གསང་སྔགས་ཀྱི་ཆོས་པོ་ཏིའི་ཆར་བབ། དེའི་དོན་རྒྱལ་པོས་མ་འཚལ་ནས། ཡུལ་དབུས་ན་ཁྱིའི་སློབ་དཔོན་ཀུ་ཀུ་རཱ་ཛ་འབོད་དུ་གཏང་བས་དེས་པོ་སྟི་བསྐུར་ཞེས་སྨྲས་ནས་བསྐུར་བ་གཟིགས་པས་བརྡ་མ་འཕྲོད་པ་ལ་ཆོ་ངེས་བཏོན་པས་རྡོ་རྗེ་སེམས་དཔའ་མཇལ་ཏེ། དེས་བྱིན་གྱིས་བརླབས་པས་ཐམས་ཅད་ཀྱི་དོན་ཐུགས་ལ་བཀྲ་སྲིག་གེ་འཁྲུངས་ནས་རྒྱུད་སྡེ་དེ་ཐམས་ཅད་ཀྱི་སྟོན་པ་པོར་གྱུར་པ་ལྟ་བུ། གསུམ་པ་ནི། སློབ་དཔོན་ཀླུ་སྒྲུབ་དང་འགྲོ་བཟང་སྙིང་པོས་ཨུ་རྒྱན་གྱི་དྷརྨ་གཉྫྱོ་ནས། བརྟག་གཉིས་དང་། མཧཱ་མཱ་ཡ་བརྐུས་ནས་བྲོས་པས་མཁའ་འགྲོ་མས་བདས། རྗེས་མ་ཟིན་པ་ན། དེའི་བདག་པོ་གྱིས་ལ་ཤོད་ཅིག་ཅེས་རྗེས་སུ་གནང་བས་དེའི་སྟོན་པ་པོར་གྱུར་པ་དང་། ཕྱི་མ་ནི་རྟོགས་པ་དོན་གྱི་དབང་ཐོབ་པས། བླ་མ་དང་སློབ་མའི་བར་དུ་ཚིག་གཅིག་གིས་བརྗོད་རེས་མ་དགོས་པར་ཆོས་ཐམས་ཅད་ཀྱི་བདག་པོར་འགྱུར་བ། སློབ་དཔོན་ཏིལླི་པས་ནཱ་རོ་པ་ལ་མཛད་པ་ལྟ་བུ་སྟེ། འདི་འདྲའི་ཐ་སྙད་གསང་སྔགས་རྙིང་མར་ཡང་། བྱིན་རླབས་འཕོ་བའི་དབང་། རིག་པ་རྩལ་གྱི་དབང་། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་སོགས་ཀྱིས་གསུངས་པ་ཡིན་ནོ། །མན་ངག་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་རྐྱེན་དུ་འགྱུར་བ་ཞིག་སྟེ། གཞན་མུ་སྟེགས་ལ་ངན་སྔགས་བསླབས་པ་ལྟ་བུ་ནི་མན་ངག་སྦྱིན་པའི་ཚིག་ལྡན་སོགས་སུ་མི་འགྱུར་རོ། །དབང་དང་པོའི་སྐབས་ཀྱི་བླ་མེད་ལ་དབང་བཞི་བཤད་པའི་བུམ་དབང་དུ་ཕ་རྡོ་རྗེ་སློབ་དཔོན། གསང་དབང་དུ་མ་རྡོ་རྗེ་སློབ་དཔོན། དབང་གསུམ་པར་ཕྱག་རྒྱ་རྡོ་རྗེ་སློབ་དཔོན། བཞི་པར་རང་སེམས་རྡོ་རྗེ་སློབ་དཔོན་ཞེས་གསུངས་པའང་། བསླབ་པར་བྱེད་པའི་གནས་སློབ་པའི་དཔོན་དུ་འགྱུར་བས་སློབ་དཔོན་ཞེས་བཞག་པའི་སྒྲ་བཤད་ཀྱི་དབང་དུ་མཛད་པ་ཡིན། གཞན་བུམ་དབང་བླ་མ་སྤྲུལ་སྐུ། གསང་དབང་བླ་མ་ལོངས་སྤྱོད་རྫོགས་སྐུ། དབང་གསུམ་པ་བླ་མ་ཆོས་སྐུ། དབང་བཞི་པ་བླ་མ་ངོ་བོ་ཉིད་སྐུ་ལ་ནོད་པ་ཡིན་ནོ། །དེ་དག་ཏུ་བླ་མ་ཇི་ལྟར་བལྟ་ཞེ་ན། རྒྱུད་སྡེ་ཕྱི་མ་གསུམ་དང་རིམ་པ་དང་པོ་མན་ཆད་དུ་རྣམ་པ་བསྒྱུར་ཏེ་སངས་རྒྱས་སུ་བསྒོམ་པ་ཡིན་ལ། རྫོགས་པའི་རིམ་པ་ལ་ཞུགས་ནས་རང་བཞིན་ཡོངས་ཤེས་ཡིན་པས་རྣམ་པ་བསྒྱུར་མ་བསྒྱུར་ལ་མ་ལྟོས་པ་ཡིན་ཏེ། དེ་ཡང་གུར་ལས། གང་ཕྱིར་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་གཟུང་ནས། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་སེམས་ཅན་དམན་པས་མཐོང་མ་ནུས་ན་དེའི་དོན་བྱེད་མི་ནུས་པ་ཡིན་པས། དང་པོ་པས་མཐོང་བར་བྱ་བའི་ཕྱིར་རྡོ་རྗེ་སློབ་དཔོན་ཡང་མིའི་སྣང་བ་གཟུང་བ་མ་གཏོགས། ངན་པའམ་རང་རྒྱུད་པ་ག་ནས་ཡིན། དེའི་རྒྱུ་མཚན་གྱིས་བདག་ཉིད་ལ་འོས་པ་ཙམ་གྱི་སྣང་བ་བསྟན་ནས་བདག་གདུལ་བར་འབྱོན་པར་ཤེས་ན་བླ་མ་སྤྲུལ་པའི་སྐུར་མཐོང་བ་ཡིན་པས། དེའི་ཚེ་གསུང་གདམས་ངག་ཏུ་ཤེས་ཏེ་ཅི་གསུང་ཉན་པ་ཞིག་འོང་། མཛད་པ་ཐམས་ཅད་གཞན་ངོར་ཤེས་ན་ཅི་མཛད་ལེགས་པར་མཐོང་། དེས་ཅི་ཡོད་འབུལ་བའི་སྙིང་ཁམ་རྙེད་པས་རབ་སྒྲུབ་པ། འབྲིང་སྒྱུ་ལུས། མཐའ་མ་ཟང་ཟིག་གི་ཞབས་ཏོག་སྒྲུབ། དེ་ནས་བློ་གཏད་བླ་མ་མིན་པ་གཞན་མི་འཚོལ་བའི་ངེས་པ་རྙེད་ནས་ཉམས་ལེན་གསོལ་འདེབས་འབའ་ཞིག་ལ་བྱེད་པ་ཞིག་ཡོང་བ་ཡིན་ནོ། །དེ་ཡང་། བླ་མ་ལྔ་བཅུ་པར། བླ་མ་མཉེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བྱ། །ཞེས་གསུངས་པས། བསྟེན་ཐབས་བསྡུས་པ་སྟེ་རྒྱས་པ་དེར་བཤད་པ་བཞིན་ནོ། །དེ་བས་ན་བླ་མ་དམ་པ་དང་དམ་པ་མ་ཡིན་པར་འཇོག་པའི་ཁྱད་པར་ནི། བླ་མའི་མཚད་ཉིད་དང་ལྡན་མི་ལྡན་ཡིན་ཏེ། ལྡན་ན་བདག་གི་དགེ་བའི་བཤེས་གཉེན་དུ་འགྱུར་བ་དང་། མི་ལྡན་ན་མི་དགེ་བའི་བཤེས་གཉེན་དུ་སོང་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་གེགས་སུ་འགྲོ་བས་ཕུང་འཚེང་ཤིན་ཏུ་ཆེ་བའི་ཕྱིར། སློབ་མས་བླ་མ་དང་། བླ་མས་སློབ་མ་ཡོངས་སུ་བརྟག་པར་བྱ་བ་ལ་ནན་ཏན་བསྐྱེད་དགོས་སོ། །ཡང་འདུས་པའི་ལུགས་ལས། གསང་སྔགས་ལ་གཞོལ་བ་དང་། བསམ་གཏན་ལ་གཞོལ་བའི་བླ་མ་གཉིས་གསུངས་པ་བསྟེན་པར་བྱ་བ་ལ་ཁྱད་མེད་ཀྱང་། བསྒྲུབ་པར་བྱ་བ་ནི། ཕྱི་མ་ཁོ་ནའོ་ཞེས་བླ་མ་བཞེད་དོ། །རྨད་དུ་བྱུང་བར་ཟབ་པ་ཐམས་ཅད་ཀྱི་བླ་མ། ཞེས་པ་ནི། ཉན་ཐོས་ཀྱི་ཐེག་པའམ་བདེན་པའི་དེ་ཉིད་ཀྱི་ཚུལ་ལས། ཐེག་ཆེན་ཐམས་ཅད་ཆེན་པོ་བདུན་དང་ལྡན་པས་ཟབ་པར་བཞག་ལ། དེའི་ནང་གི་རྒྱུའི་ཐེག་པའམ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་འབྲས་བུའི་ཐེག་པའམ་གསང་སྔགས་ཀྱི་ཚུལ་ཆེན་པོ་འདི། མ་རྨོངས་པ་དང་། ཐབས་མང་བ་དང་། དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་དུ་བྱས་པ་བཞིས་ཁྱད་པར་དུ་འཕགས་པས་དེ་ལ་རྨད་དུ་བྱུང་བར་ཟབ་པ་ཞེས་བརྗོད་དོ། །དེའི་ཐབས་གཞན་རྣམས་ལས་ཀྱང་འདི་མཆོག་གམ་གོང་མ་ཡིན་པས་དེ་ཐམས་ཅད་ཀྱི་བླ་མ་ཞེས་བྱའོ། །དེ་ཡང་སྡོམ་འབྱུང་ལས། བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བྱས་ཤིང་། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །ཅེས་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་པ་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གསུམ་སྐད་ཅིག་ལ་རྫོགས་པར་གསུངས་པའི་གནད་ཀྱི་སྟེ། རྒྱལ་དབང་རྗེས། ལམ་ཟབ་མོ་བླ་མའི་སྒྲུབ་པ་ལ། །སྐྱབས་གསུམ་ཀུན་འདུས་ཀྱི་གདམས་ངག་ཡོད། །ལམ་ས་ཆོད་ཆེ་བ་དེ་ལྟར་ལགས། །དང་། སྒོམ་སྲན་གྱིས་གྲོལ་བར་ཐེ་ཚོམ་ཟ། །མོས་གུས་ཀྱིས་གྲོལ་བར་ཐེ་ཚོམ་མེད། །དེ་གནད་ཀ་ཡོད་མེད་ཀྱི་ཁྱད་པར་ཡིན། །ཞེས་དང་། རྒྱལ་བ་རྒོད་ཚང་པས། གསང་སྔགས་ནས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་ཐབས་མང་པོ་ཞིག་གསུངས་ཏེ། གཞན་གང་གིས་ཀྱང་ཁས་མི་ལོན། བླ་མའི་མོས་གུས་ཀྱིས་ཁས་ལོན་པ་ཡིན་གསུང་། དེ་ལྟར་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས་ཀྱང་། བླ་མའི་བྱིན་རླབས་ཕོག་ནས་འཚང་རྒྱ་བ། །དུས་གསུམ་སངས་རྒྱས་པར་ནས་བཏོན་པ་འདྲ། །ཞེས་བཤད་དོ། །ཕུལ་དུ་བྱུང་བ་རིགས་པ་ཐམས་ཅད་ཀྱི་གྲུབ་པ། །ཞེས་པ་ནི། གྲུབ་མཐའ་བཞི་ལས། བྱེ་བྲག་ཏུ་སྨྲ་བ་ལ་མདོ་སྡེ་པའི་རིགས་པས་གནོད། མདོ་སྡེ་པ་ལ་སེམས་ཙམ་གྱིས། སེམས་ཙམ་པ་ལ་དབུ་མ་པའི་རིགས་པས་གནོད་པས་སྤྱོད་འཇུག་ཏུ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པས་སོ། །དབུ་མ་པ་ལ་གཞན་གྱི་རིགས་པའི་གནོད་པ་མེད་པས་ན་ཕུལ་དུ་བྱུང་བ་ཞེས་བྱ། དེ་དག་གི་དཔྱད་པ་ནི་རིགས་པ་སྟེ། དེ་གང་ཞེ་ན། རྒྱུད་བླར། ཕྲ་ཕྱིར་ཐོས་པའི་ཡུལ་མ་ཡིན། །དོན་དམ་ཡིན་ཕྱིར་བསམ་པས་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་དེའི་ངོར་ལྟ་བ་རྟོགས་པའི་ཐབས་གཞན་མ་རྙེད་ནས། རང་བྱུང་རྣམས་ཀྱི་དོན་ནམ་འདི། །དད་པ་ཁོ་ནའི་རྟོགས་བྱ་ཡིན། །ཞེས་བཞག་པ་དང་། གནས་སྐབས་སུ་སྒྲོ་བཏགས་ནས་འཇོག་ནའང་རྟོག་གེ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་དཔལ་ཆོས་ཀྱི་གྲགས་པས། དེར་ནི་རྗེས་དཔག་འཇུག་མི་འགྱུར། །ཞེས་དངོས་སྟོབས་ཀྱི་རིགས་པས་འཇོག་མི་ནུས་པར་བསྟན་ནས། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་ལུང་ལ་བརྟེན་པ་ཙམ་ཞིག་གསུངས་པའི་དབང་གིས་སོ། །དབུ་མ་ལ། མེ་ཏྲི་པ། རབ་ཏུ་མི་གནས་པ་དང་། །ཟུང་འཇུག་རབ་ཏུ་མི་གནས་པ་ཁྱད་འབྱེད་པར་མངོན་ཏེ། སློབ་དཔོན་འདི་ཕ་རོལ་ཏུ་ཕྱིན་པ་སྔགས་ཀྱི་སྒོར་འཇུག་པའི་སྟེགས་ཙམ་ཡིན་གྱི། །དེའི་སྒོ་ནས་སངས་རྒྱ་བ་མི་སྲིད་གསུངས་པས་སོ། །ཇོ་བོ་ནཱ་རོ་པ་ནི་དེ་གཉིས་དགག་པ་དང་། །སྒྲུབ་ཕྱོགས་ནས་བསྙད་པའི་ཁྱད་ཙམ་སྟེ། དོན་གཅིག་ཏུ་བཞེད། དེས་ཕར་ཕྱིན་ནས་ཀྱང་སངས་རྒྱ་བ་དང་། དེའི་འཚང་རྒྱ་བྱེད་ཀྱི་ཐབས་དང་། སྔགས་ཀྱི་སངས་རྒྱ་བྱེད་ཀྱི་ཐབས་ལ་ཁྱད་ཡོད། ཐོབ་པའི་ལམ་ལ་ཁྱད་མེད་པར་སྔགས་རང་གི་ཆགས་གྲོལ་ལ་ཞུགས་ནས་ལམ་ཐོབ་པ་ལྟ་བུ། དེ་བས་ན་སྔགས་ལ་མ་བརྟེན་པར་སངས་མི་རྒྱ་བར་བཤད་པ་ནི། སྟོང་པ་སྙིང་རྗེའི་སྙིང་པོ་ཅན་སྔགས་ཀྱི་དོན་དུ་བཞག་པ་དེ་ལ་དགོངས། དེ་ནི་ཕ་རོལ་ཏུ་ཕྱིན་པའི་འཕགས་ལམ་གྱི་ངོ་ཏིར་ཡང་ཡོང་བས། དོན་གཅིག་པའི་ཐ་སྙད་ཀྱང་དེ་ལ་བཞག་པར་བཞེད་དོ། །གཅིག་ཤེས་པས་ཀུན་ཤེས་པར་བྱེད་པའི་གདམས་ངག །ཅེས་པ་ནི། མོས་གུས་ཀྱིས་རྟོགས་པ་དེ་ཡང་། ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པར་དབྱེར་མ་མཆིས། །ཞེས་དང་། ཐར་པ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཁྱོད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེས་པས། ཆོས་ཐམས་ཅད་ཆོས་ཉིད་ཀྱི་སྟེང་དུ་ཕྱེ་བ་མེད་པས་ཆོས་དབྱིངས་གཅིག་ཏུ་བཞག །དེ་ཀ་རང་གི་སེམས་ཡིན་པས། །དེ་ཇི་ལྟ་བ་མ་མཐོང་ཚུན་ཐེག་པ་ལ་གོ་རིམ་ཡོད། དེ་མཐར་མ་ཕྱིན། ཇི་ལྟ་བ་མཐོང་ན་དེ་ཉིད་དུ་འཚང་རྒྱ་བ་ནི་ཐམས་ཅད་ཤེས་པ་སྟེ། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ། །དེས་ན་འཕགས་པ་ཉན་རང་གི་ལམ་ནི། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་པས་སེམས་ཀྱི་རྒྱུད་ཇི་ལྟར་མ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དག་གིས་ཀྱང་རྗེས་སུ་མཐུན་པ་ཙམ་ལས་ཇི་ལྟ་བ་མ་གཟིགས་པས་དེ་དག་གི་ཡེ་ཤེས་རྣམ་གྲངས་པའི་དོན་དམ་དུ་སོང་བ་ཡིན་ཏེ། རྒྱུད་བླ་མར། སོ་སོ་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །སངས་རྒྱས་རྣམས་ཀྱིས་ཇི་ལྟ་བ། །ཞེས་སོ། །རྒྱུ་མཚན་འདི་ལས་ཐེག་པ་སྔ་མ་གཉིས་ལམ་དུ་རེ་ཞིག་ངལ་བསོ་བའི་བསྟི་གནས་དང་ཆོས་མཚུངས་པས་ཕུགས་ཐེག་པ་ཆེན་པོའི་སྒོར་ངེས་པར་འཇུག་དགོས་ཤིང་། དེ་ཡང་དེ་དག་གི་ཚོགས་ཀྱི་ལམ་ནས་སོ། །དེའི་ཕྱིར། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་སོ། །དེ་བས་ན་གཅིག་ཤེས་པར་བྱེད་པའི་ཐབས་དེ་ནི་སྤོམ་ཡོར་དུ་མ་ལུས་པར་མཛུབ་ཚུགས་སུ་བསྟན་པས་འདི་གདམས་ངག་གོ །ཚར་གསུམ་ཁུག་པ་དབང་གི་ལམ། ཞེས་པའི་ཚར་གསུམ་ནི། རྒྱུད་རིམ་གྱིས་སྦྱོང་དགོས་པའི་གང་ཟག་ལ། དང་པོར་སྨིན་བྱེད་ཀྱི་དབང་། དེ་ནས་གྲོལ་བྱེད་ཀྱི་ལམ་དབང་དེ་ལས་འབྲས་བུ་མངོན་དུ་གྱུར་པའི་དབང་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་ལ་སྨིན་པ། ཞེས་པ། རྣག་འབུར་སྨིན་པ་ན་རྡོལ་སླ་བ་བཞིན། འདིར་ཡང་མ་རིག་སྒོ་ལྔའི་སྦུབས་ཕྱེད་སླ་བའོ། །དབང་བཞིར་བཞག་པ་ནི། སྦྱང་གཞི་ལུས་ངག་ཡིད་ཡེ་ཤེས་ཀྱི་དྲི་མ་བཞི་ཡོད་པ་ལ་ལྟོས་ནས་སོ། །སྨིན་པ་འདི་ཙམ་ལ་སྣོད་རུང་དུ་བྱེད་པའི་དབང་ཞེས་བྱ་སྟེ། དེ་ནས་སྔགས་ཉམས་སུ་ལེན་པའི་རྒྱུ་རྐྱེན་ཚོགས་པས་སྐལ་བ་དང་ལྡན་པར་གྱུར་པས་སོ། །འདི་ནས་ཚོགས་ལམ་མམ་ཚོགས་ཀྱི་ས་ལ་ཞུགས་པའང་ཡིན་ནོ། །སྨིན་པར་བྱེད་ནུས་ཀྱང་གྲོལ་བར་མ་གྱུར་ན་འདི་བསྟན་པས་གྲོལ་བར་བྱེད་པའི་ཕྱིར་གྲོལ་ལམ་མོ། །དེ་ཡང་ཁུག་པ་ཞེས་པས་བཤད་པ་སྟེ། ཡང་ཡང་འདབ་པའི་དོན་གྱིས་སོ། །དེ་ལ་བཏགས་པ་དང་། ལུས་དང་། བྷ་གའི་དཀྱིལ་འཁོར་དུ་དབང་བཞི་ལེན་པའི་རྣམ་གཞག་གསུམ་ཡོད་པའི་དང་པོ་ནི་ཚོགས་ལམ་རང་གི་ངོ་སྐལ། གཉིས་པ་ནི་སྦྱོར་བའི་ལམ་གྱིས་ཏེ། ཡས་བརྟན་གྱི་དགའ་བ་བཅུ་དྲུག་ལམ་དུ་ཁྱེར་བས་དང་། གསུམ་པ་ནི། ཐེག་ཆེན་འཕགས་པའི་ཉམས་ལེན་ཏེ། མས་བརྟན་གྱི་འགྲོས་ལ་སློབ་པས་སོ། །ཕྱི་མ་གཉིས་ནི། བརྟག་གཉིས་ལས། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་པས་བསྟན་པ་ཡིན་ནོ། །དེ་བས་ན་དབང་དེ་ཀ་གདམས་ངག་ཏུ་འདོད་པ་སྟེ། དབང་བསྐུར་བ་ནི་ཆོས་ཀྱི་སྒོ་འབྱེད་པ་ཙམ་ཡིན་ཞིང་། སངས་རྒྱ་བར་བྱེད་པའི་གདམས་ངག་ནི་དེ་ཐོབ་ནས་གདོད་བསྒོམ་པར་བྱ་བ་རྣམས་སོ་སྙམ་མོ་སེམས་པ་དགག་པ་དང་། བསྐྱེད་པའི་རིམ་པ་སོགས་སྔགས་ཀྱི་ཉམས་ལེན་ཐམས་ཅད་དབང་དུ་བཤད་ནས་རྡོ་རྗེ་ཐེག་པའི་སྒོར་དབང་ལས་གཞན་པའི་ཆོས་མེད་པར་བཤད་པ་རྣམས་ཤིན་ཏུ་ལེགས་པར་སྨྲས་པ་ཡིན་ནོ། །དེ་བས་ན་འདིའི་སྡོམ་པའང་དབང་རང་རང་གི་ངོ་བོ་ལ་བྱེད་པས་དབང་ལ་གོ་རིམ་བྱུང་ཕྱིན་དེ་ལའང་མཆོག་དམན་ཡོད། དབང་ལ་གོ་རིམ་ཡོང་མི་ཡོང་ནི་གདུལ་བྱའི་རྟོགས་ཚུལ་ལས་ཡིན་ཏེ། དབང་པོ་རྣོན་པོ་མོས་གུས་ཀྱིས་ཆིག་ཆོད་དུ་སོང་བ་ལ་རྒྱུ་ལམ་འབྲས་བུ། བུམ་གསང་ཤེས་རབ་ཡེ་ཤེས་བཞི་ཞེས་ཅིའང་འབྱེད་རྒྱུ་མེད། འབྲིང་ཐོད་རྒལ་བ་ལ་སྟན་ཐོག་གཅིག་ཏུ་དབང་རྫོགས་པར་བསྐུར་བ་ལ་རྒྱུ་ལམ་གྱི་རྣམ་གཞག་བྱུང་། མཐའ་མ་ལ་སྟན་ཐོག་གཅིག་ལ་རྫོགས་པར་བསྐུར་མི་ཆོག །དང་པོར་བུམ་དབང་བསྐུར། བསྐྱེད་པའི་རིམ་པ་སོགས་ལ་བསླབས། དེ་ནས་གསང་དབང་བསྐུར། སྒྱུ་ལུས་སོགས་ལ་བསླབས། དེ་ནས་གསུམ་པ་བསྐུར་ཏེ་མངོན་པར་བྱང་ཆུབ་པ་སྟོན་པ་སོགས་རིམ་པ་ལྔ་ལས་གསུངས་པ་བཞིན་དུ་བཀྲི་བས། དེའི་དབང་དུ་བྱས་ན་མ་སྨིན་པ་ལ། སྣོད་ཀྱིས་མ་སྨིན་པ། ཆོ་གས་མ་སྨིན་པ། ཆོ་ག་རྫོགས་པས་མ་སྨིན་པ། ཟབ་མོས་འཇིགས་ནས་མ་སྨིན་པར་ཕྱེ། ཉམས་པས་མ་སྨིན་པ་ནི། རྒྱུ་དུས་སུ་དབང་ཐོབ་ཀྱང་རྩ་བའི་ལྟུང་བ་བྱུང་ནས་ཉམས་པ་དེ་དངོས་གྲུབ་སྒྲུབ་པ་སོགས་ལ་མི་དབང་བས་མ་སྨིན་པ་དང་འདྲ་བ་ཉིད་དོ། །དེ་ལྟ་བུའི་ཉེས་པ་དགག་པའི་ཕྱིར་ཉིན་མཚན་གྱི་ཐུན་དྲུག་གམ་བཞིའམ་གཉིས་སུ་ལམ་དབང་དེ་དག་གང་རུང་ཉམས་སུ་བླངས་ན་ཅུང་ཟད་ཉེས་པར་གྱུར་ཀྱང་ཆེན་པོར་འགྲོ་མི་ཐུབ་པར་དེ་ཀས་འདག་པས་འདི་ཀ་ཕྱིར་བཅོས་པའི་མཆོག་ཏུ་འགྲོ་བའོ། །དེ་ཡང་ཐེག་པ་ཆེན་པོའི་ལྟུང་བ་ལ་དེ་ཁ་བྱུང་བ་ཙམ་ལ་རྩ་ལྟུང་དུ་མི་བྱེད་པར་བྱུང་བ་ལ་ཇི་མི་སྙམ་པར་བག་མེད་པས་ཡང་དང་ཡང་དུ་སྤྱོད་པ་ལྟ་བུའི་སྒོ་ནས་འཇོག་པས་སོ། །རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་སྒྲུབ་ཐབས། ཞེས་པའི་རྡོ་རྗེ་སེམས་དཔའ་ལ། གཞི་ལམ་འབྲས་བུའི་སྒོ་ནས་དབྱེ་ན། གཞིའི་ནི། དཔལ་མཆོག་དང་པོའི་སྐྱེས་བུའོ། །དེའི་མཚན་ཉིད་ནི། ཐོག་མཐའ་མེད་པའི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་གསུངས་པ་དེའོ། །མཚན་རྣམ་གྲངས་དང་པོའི་སངས་རྒྱས། རྡོ་རྗེ་འཆང་། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སོགས་སོ། །དེ་མ་རྟོགས་པའི་ངོ་ན་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་སྟེ། དྲི་མ་དགུའི་སྦུབས་ན་གནས་པའི་ཕྱིར་རོ། །དེའི་ཚེ་འཁོར་འདས་ཐམས་ཅད་ཀྱི་རྒྱུར་གྱུར་པས་ནི་རྒྱུའི་རྡོ་རྗེ་སེམས་དཔའ་འོ། །རྡོ་རྗེ་རྩེ་མོར། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད། འཁོར་བ་རྒྱུད་དུ་འདོད་པ་ཡིན། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་གསུངས། དེའི་དོན་གསལ་པོ་མགོན་པོ་ཀླུ་སྒྲུབ་ཀྱིས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཞེས་གསུངས། གང་གི་དབྱིངས་སུ་ཞུགས་པ་ཞེ་ན། ཆོས་ཆོས་ཞེས་བརྗོད་པ་འདི་དག་གི་དབྱིངས་སུ་ཞུགས་པ་དེ། དེའི་ཚེ་ཆོས་ཀྱི་དབྱིངས་སམ་ཆོས་ཉིད་ཅེས་བྱའོ། །ཆོས་དེ་དག་ཀྱང་ཐ་སྙད་དུ་རང་གི་མཚན་ཉིད་འཛིན་མོད་ཀྱང་ངེས་པའི་དོན་ལ་མ་ཡིན་ཏེ། དེ་དག་རང་གི་མཚན་ཉིད་དམ་ངོ་བོས་སྟོང་པའོ། །དེ་ཡང་། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་འབྱུང་བས་སོ། །རྣམ་པར་ཤེས་པ་དང་བཅས་པའི་ཁམས་སམ་དྲི་བཅས་དེ་བཞིན་ཉིད་ལ་སྟོང་པ་ཆེན་པོའམ་མུན་ཅན་དང་། ཉེ་བར་ཐོབ་པ་ཞེས་ཀྱང་བྱའོ། །རང་གི་ངོ་བོ་ཉིད་ཕྱོགས་ཐམས་ཅད་དང་བྲལ་བའི་ཆ་ནས་རང་བཞིན་མེད་པ་སྟེ། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པས་ཐམས་ཅད་སྟོང་པའམ་འོད་གསལ་དུ་བཞག །དེ་ཁ་ས་ཧ་ཛའི་སྒྲ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བསྒྱུར་བ་ཡིན་ནོ། །གནས་འདི་ལ་གནས་ལུགས་ཕྱག་རྒྱ་ཆེན་པོ། །སྔ་མ་ལ་འཁྲུལ་ལུགས་ཕྱག་རྒྱ་ཆེན་པོ། །དོན་གསང་བ་ཆེན་པོ་རིགས་གཅིག་པོ་དེ་ཁའོ། །དེ་ལས་ཤིན་ཏུ་སྟོང་པའམ་མཆེད་པ་དམར་ཆ་རྡུལ། སྟོང་པའམ་སྣང་བ་དཀར་ཆ་སྙིང་སྟོབས་ཐབས་ཤེས་སུ་བཞག་པ་གཉིས་གྱེས། དེ་གཉིས་ལ་རྩ་བའི་སྟོང་ཆེན་ནམ་མུན་ཅན་བསྣན་པས་ལུས་ངག་ཡིད་གསུམ་སྟེ། དུས་འཁོར་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་ཉི་རྡུལ་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། ཞེས་གསུངས། མུན་ཅན་ལ་སྒྲ་གཅན་དང་དུས་ཀྱི་མེར་ཕྱེ་བའི་དུས་མེ་ཡེ་ཤེས། དེ་དག་འབྱུང་བ་ལྔར་གྱེས་པ་ཁམས་ལྔ། ཡེ་ཤེས་བསྣན་པས་དྲུག་སྟེ། དེ་དག་གི་རྣམ་འགྱུར་ལས་དམ་པ་རིགས་བརྒྱ་སོགས་མཐའ་ཡས་པར་འགྱུར་པ་ཡིན་ནོ། །ལམ་དུས་ཀྱི་རྡོ་རྗེ་སེམས་དཔའ་ནི། དཀྱིལ་འཁོར་གྱི་འཁོར་ལོ་སྟེ། དེ་ཡང་སྡོམ་འབྱུང་ལས། དང་པོ་ལྷ་ཡི་རང་བཞིན་དུ། །རྡོ་རྗེ་སེམས་དཔའ་རྣམ་པར་བཞུགས། །གནས་དང་ཞིང་ལ་སོགས་པའི་བརྡ། །དཔའ་བོ་རྣལ་འབྱོར་མའི་འདུས་པ། །དེ་ཉིད་གཉིས་མེད་མཉམ་སྦྱོར་ལ། །རྣམས་ཡང་དག་འཕྲོ་བ་སྟེ། །ཚད་མེད་ལྷ་ཡི་འཕྲོ་བ་ལས། །དཀྱིལ་འཁོར་ཚད་ཅན་རྣམ་པར་བརྟགས་ཅེས་སོ། །འདི་ལའང་རྣལ་འབྱོར་པའི་ཡིད་ཀྱིས་བརྟགས་པ་དང་། ལུས་རང་བཞིན་གྱིས་གྲུབ་པ་དང་། བདེ་སྟོད་སྦྱར་བ་ལ་དེར་བཞག་པ་དག་གོ །འབྲས་བུའི་རྡོ་རྗེ་སེམས་དཔའ་ནི། དུས་འཁོར་རྩ་རྒྱུད་ལས། ཡེ་ཤེས་ཀུན་ནས་བཅད་དུ་མེད། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །སྲིད་གསུམ་གཅིག་ཉིད་སེམས་དཔའ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །ཅེས་པ་ལྟར་རོ། །དེ་ལྟར་གཞི་ལམ་འབྲས་བུའི་དབྱེ་བ་བཤད་པ་པོའི་ངོ་ཁོ་ན། དོན་ལ་ཐ་དད་དུ་འབྱེད་རྒྱུ་མེད་པས་གཞི་འབྲས་དབྱེར་མེད་དམ། ལམ་འབྲས་དབྱེར་མེད་དུ་བརྗོད་དོ། །དེ་ཡང་གཞི་ལ་ཇི་ལྟར་གནས་པ་དེ་ལྟར་བསྒོམ་པ་ན་ཡིན་ལུགས་ཡིན་པ་ཞིག་མངོན་དུ་འགྱུར་བས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་མདོ་རྒྱུད་ཐམས་ཅད་དུ་མཐུན་པར་གསུངས་པ་ཡིན་ནོ། །དེའི་ཞལ་མཇལ་བའི་ཚུལ་ནི། བླ་མ་དང་ལྷག་པའི་ལྷ་རྡོ་རྗེ་སེམས་དཔའ་ངོ་བོ་གཅིག་པ་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་གྱི་སྐུའང་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོར་རྫོགས་པ་དབང་པོའི་མངོན་སུམ་ལ་འཆར་བ་འདི་ནི་བུམ་དབང་གི་དུས་སུའོ། །མོས་གུས་མཆོག་ཏུ་གྱུར་པའི་ཟབ་གསལ་གྱི་གནད་ལས་ལས་རླུང་གི་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་པའམ་ཅིག་ཅར་དུ་རང་སར་དག་པར་བྱས་པས་རང་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོར་ཡིད་ཀྱི་མངོན་སུམ་དུ་འཆར་བ་འདི་ནི་གསང་དབང་གི་དུས་སུའོ། །དངོས་པོར་འཛིན་པའི་རི་བོ་མཐའ་དག་བསྙིལ་ནས་བདེ་སྟོང་ཟུང་དུ་བཅུག་སྟེ་འཁོར་བའི་རྒྱུན་ལུགས་མཐའ་དག་གི་འཕྲོས་ལོག་གོང་ནས་གོང་དུ་འཕོ་བའི་སྦྱོར་བས། སླར་གནས་འོག་མར་འཕོ་བ་མེད་པའི་གོ་འཕང་དུ་རང་རིག་མངོན་སུམ་ལ་འཆར་བ་ནི་དབང་གསུམ་པའི་དུས་སོ། །ཇི་ལྟར་སྣང་གྲགས་གྱི་ཆོས་ཞེས་རབ་ཏུ་ཕྱེ་བ་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་སྒོ་ཐམས་ཅད་ཕྱོགས་དང་བྲལ་བའམ་རིགས་སུ་མ་ཆད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་འབྱོར་པར་རྣལ་འབྱོར་གྱི་མངོན་སུམ་ལ་མཐོང་བ་ནི་དབང་བཞི་པའི་མཐར་རོ། །དེ་བས་ན་དབང་བཞི་དེའི་སྒྲུབ་ཐབས་སུ་བཞག་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཤིན་ཏུ་གསང་བའི་གནས། ཞེས་པ། སངས་རྒྱས་ནང་ཕན་ཚུན་ལས། གཞན་གྱིས་རྟོགས་དཀའ་བར་གཟིགས་ནས། དེ་བཞིན་གཤེགས་པ་རྣམས་གནས་འདི་ཤིན་ཏུ་གསང་བ་དང་སྦ་བར་མཛད་པ་སྟེ། དགོས་པ་རྡོ་རྗེའི་སློབ་དཔོན་དང་རྒྱུད་གཅིག་ཏུ་འགྲོ་བའི་སྐལ་བ་ཅན་གྱི་སྤྱོད་ཡུལ་དུ་འོས་གཞན་ལ་མ་ཡིན་པས་སོ། །འདིས་ནི་གསང་སྔགས་དབང་པོ་རྣོན་པོའི་དབང་དུ་བྱས་ནས་ཤོད། གཞན་མི་ཤོད་པའི་རྒྱུ་མཚན་ཡང་ཐོན་པ་ཡིན་ནོ། །དེ་ཡང་། ཉན་རང་རྣམས་སྤང་བྱ་ལ་སྤོང་བྱེད་ཀྱི་གཉེན་པོ་བསྟེན་ནས་སྤོང་། ཕར་ཕྱིན་པ་རྣམས་བྱང་ཆུབ་ཀྱི་རྐྱེན་དུ་བསྒྱུར་ནས་ཉེས་པས་མ་གོས་པར་བྱེད། གསང་སྔགས་པ་རང་བཞིན་ཡོངས་སུ་ཤེས་པའི་སྒོ་ནས་དེ་ཁ་ལམ་དུ་བྱེད་པ་སྟེ། དཔེར་ན་དུག་སྤོང་བ་དང་། སྔགས་ཀྱིས་ནུས་མེད་དུ་བྱེད་པ་དང་། རྨ་བྱས་ངང་གིས་བཅུད་དུ་ལེན་པ་ལྟ་བུའི་ཁྱད་ཡོད་པ་ཡིན་ནོ། །དེའི་ཕྱིར་གདུལ་བྱས་རང་བཞིན་ཡོངས་སུ་ཤེས་ནུས་ན་སྟོན། མི་ནུས་ན་མི་སྟོན། ནུས་པ་དེ་ཀ་དབང་རྣོན་ཡིན་ནོ། །རང་བཞིན་ཡོངས་སུ་ཤེས་ཁྱེར་ལ་ཁྱད་ཡོད་དེ། རང་བཞིན་གྱི་གཞག་འཚམས་ཀུན་རྫོབ་པའི་རང་བཞིན་དང་། དོན་དམ་པའི་གནས་ཚུལ་གཉིས། དང་པོ་ལ་ནི་སྣང་བ་ལྷ། གྲགས་པ་སྔགས། དྲན་རིག་ཏིང་ངེ་འཛིན་དུ་ཁྱེར་ཤེས་པ་ཙམ་གྱིས་ཆོ་ག་གོ །གཉིས་པ་ལ་ནི་ཡིན་ལུགས་ཇི་ལྟ་བ་དེ་ལྟར་མངོན་དུ་འགྱུར་དགོས་པས་རྫོགས་རིམ་པའི་གདུལ་བྱ་ཁོ་ན་དེའི་མཚན་གཞིར་འཛིན། འོ་ན་བསྐྱེད་པའི་རིམ་པ་སོགས་བསྒྱུར་ལམ་དུ་བཞག་པ་ཅི་ཞེ་ན། གང་ཟག་ཕྱི་མ་འདིའི་ཉམས་སུ་ལེན་ཁྱེར་ལ་ལྟོས་པས་ཡིན་ལ། སྔ་མ་རྣམས་ལ་ལྟོས་ནས་ནི་རང་བཞིན་ཡོངས་སུ་ཤེས་པ་རང་ངོ་། །དེ་བས་ཀུན་རྫོབ་འདི་ཚུགས་མ་ཐུབ་པས་གཞན་ལ་ལྟོས་པའི་ཕྱིར་རྟེན་ཅིང་འབྲེལ་བྱུང་དུ་བཞག་པའོ། །ཚེ་གཅིག་གིས་བླ་མ་སྐུ་བཞིའི་སར་ཁྲིད་པའི་རིམ་པ། ཞེས་པའི་དོན། ཚེ་གཅིག་ནི་སྔར་ལམ་དུ་མ་ཞུགས་ཤིིང་། །རྟེན་དེ་ཁ་ནས་འདི་ལ་གསར་དུ་ཞུགས་པ། དེ་ཚེ་མ་འཕོས་པ་ལ་སངས་རྒྱས་པར་བཞེད་པ་སྟེ། སྐྱེ་བ་སྔ་མ་ལ་སོགས་པར་སྦྱངས་པ་ཚེ་འདིར་སངས་རྒྱ་བ་ནི་མ་ཡིན་ནོ། །ཡིན་ན་གྲངས་མེད་གསུམ་གྱི་མཐར་འཚང་རྒྱ་བའི་བྱང་སེམས་རྒྱུན་མཐའ་པའང་དེར་ཐལ་ལ། འདོད་ན་དུས་མྱུར་བུལ་མདོ་སྔགས་ཀྱི་ཤན་འབྱེད་དུ་བྱེད་པ་དང་འགལ་ལོ། །བླ་མ་སྐུ་བཞིའི་སར། ཞེས་པ་ལ། མ་ནམ་མ་བཞི་སྐོར་དུ། བླ་མ་སངས་རྒྱས་ཆོས་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུ། བླ་མ་སངས་རྒྱས་རིན་པོ་ཆེ། ཞེས་གསུངས་པའི་རིན་པོ་ཆེ་ངོ་བོ་ཉིད་ཀྱི་སྐུའོ། །དང་པོ་ཆོས་ཀྱི་སྐུའི་མཚན་ཉིད་ནི། ཆོས་རྗེ་ཉིད་ཀྱིས། མ་ལུས་ཀུན་ཁྱབ་སྒྲིབ་གཉིས་དག་པ་ཡི། བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ། ཞེས་གསུངས་པ་དེའི་དོན། རྒྱལ་དབང་རྗེས། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པས་ཟག་པ་མེད་པའི་ཆོས་ཐམས་ཅད་དུ་ཁྱབ་པར་གདལ་བ་བླ་མ་ཆོས་སྐུ་ཞེས་གསུངས། འདིའི་རྣམ་མཁྱེན་ཀྱང་དེང་སང་གི་མཚན་ཉིད་པ་རྣམས་འཇོག་པ་ལྟ་བུ་མ་ཡིན། འོ་ན་གང་ཞེ་ན་འབུམ་ཊཱི་ཀ་ལས། དེ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་གི་རྣམ་པ་དང་ལྡན་པ། རྣམ་པར་མི་རྟོག་པ། དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོ་མཉམ་པས་མཉམ་པར་འཇུག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པར་བསྟན་ཏེ་ཞེས་མཚན་ཉིད་གསུམ་ལྡན་དུ་གསུངས་པ་བཞིན། རྣམ་པར་མི་རྟོག་པ། རྣམ་པ་ཐམས་ཅད་པ། ལྷན་ཅིག་སྐྱེས་པ་ཞེས་པའི་གསུམ་ལྡན་གྱིས་རྫོགས་རིམ་དེ་ཁའོ། །འདི་འབྲས་བུའི་དུས་ཀྱི་བླ་མ་ཆོས་ཀྱི་སྐུ་ཡིན་ལ་དེ་བསྒྲུབ་བྱ་སྟེ། སྒྲུབ་བྱེད་མངོན་སུམ་ལམ་བྱེད་ཀྱི་གནད་ཀྱིས་སོ། །ཁྲིད་ཚུལ་དེས། ཆོས་ཀྱི་སྐུ་ལ་རྗེས་སུ་དཔག་མི་དགོས་པར་མངོན་དུ་འགྱུར། འདིས་ནི་དེ་ཁ་རང་བཞིན་ཆོས་ཀྱི་སྐུ་ཡིན་པའང་བསྟན་ཏེ་གཞི་འབྲས་གཅིག་པས་སོ། །རྒྱལ་དབང་རྗེས། དམ་པ་ཉིད་དང་ཆོས་རྣམས་ཀུན། །དག་པའི་དངོས་པོར་གཅིག་གྱུར་ལས། །ཆོས་ཀྱི་སྐུ་ཞེས་གཞན་པ་ཅི། །ཞེས་གསུངས། གཞི་དེ་མངོན་དུ་གྱུར་པ་ལས་མཉམ་རྗེས་འདྲེས་པའི་རྟོགས་པ་བརྟན་པོ་འབྱུང་། དེ་ལས་རྒྱུན་ཆད་མེད་པའི་ཉམས་མྱོང་འཆར་ཏེ། དོན་མི་འཕྲོགས་པ་འབྲས་བུའི་ཆོས་སྐུའོ། །གཉིས་པ་བླ་མ་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ཆོས་རྗེས། མ་འགགས་ཀུན་ཁྱབ་སྐུ་ལ་ཞིང་ཁམས་སྣང་། དུས་གསུམ་རྒྱལ་བའི་སྤྲིན་ཚོགས་འཁྲིགས་པ་ཡི། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ། ཞེས་གསུངས་པའི་དོན། རྒྱལ་དབང་རྗེས། འགག་པ་མེད་པའི་རྩལ་ལས་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་རབ་ཏུ་འབྱེད་ཅིང་བརྟན་པ་དང་གཡོ་པའི་རྣམ་པར་འགྱུར་བ་ཇི་སྙེད་པ་ཐམས་ཅད་སྐུ་དང་ཞིང་ཁམས་ཚད་མེད་པར་སྣང་ཞིང་རྫོགས་པར་ལོངས་སྤྱོད་པས་ལོངས་སྐུ་དང་། ཞེས་གསུངས། དེ་ཡང་། སྣང་སྟོང་གཡོ་བ་མེད་པའི་གཟུགས། །མཁའ་ཁྱབ་པ་ནི་སྣང་མཛད་ཀྱང་། །ཉིད་ལས་གཞན་དུ་མ་གཟིགས་པས། །མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །ཅེས་གསུངས་པས། སྤྱི་སྐད་ལ། སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའམ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་གྲགས་པ་དེའོ། །འདིའང་དུས་འཁོར་འགྲེལ་ཆེན་དུ། འོག་མིན་གྱི་ཞིང་ངོས་འཛིན། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་དག །ཅེས་དྲངསནས་དེ་ལ་མཛད་པ་དང་གནད་གཅིག་ཅིང་། མཚན་ཉིད་པ་དང་སྒོ་མཐུན་པར་ལོངས་སྤྱོད་རྫོགས་པ་མཚན་དཔེས་བརྒྱན་པའི་སྐུ་ལ་བྱེད་པའོ། །འདི་བླ་མ་ལོངས་སྤྱོད་རྫོགས་སྐུ་དེ་བསྒྲུབ་བྱ་སྟེ། སྒྲུབ་བྱེད་རྣམ་པ་ལམ་བྱེད་ཀྱི་གནད་ཀྱིས་སོ། །ཁྲིད་ཚུལ་དེས་རྩ་དག་པས། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རླུང་དག་པས་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐིག་ལེ་དག་པས་ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་འགྲུབ་པ་ཡིན་ནོ། །གསུམ་པ་བླ་མ་སྤྲུལ་པའི་སྐུའི་མཚན་ཉིད་ནི། ཆོས་རྗེས། དམིགས་མེད་ཐུགས་རྗེས་གང་འདུལ་སྐུར་སྟོན་པ། །འགྲོ་བ་མ་ལུས་སྨིན་པར་མཛད་པ་ཡི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ། ཞེས་པའི་དོན། རྒྱལ་དབང་རྗེས། རང་རང་གི་མོས་པ་རྣམ་པ་སྣ་ཚོགས་པ་དང་། སྐལ་པའི་ཆ་ཤས་ཇི་སྙེད་པར་གང་དང་གང་ཡིན་པ་དེ་དང་དེ་དག་འདུལ་བའི་རྣམ་པར་འཕྲུལ་པ་ཟད་མི་ཤེས་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལྟར་མངོན་པར་འདོད་པ་མཐའ་དག་མ་ཚང་བ་མེད་པར་གདོད་མ་ནས་ལྷུན་གྱིས་གྲུབ་པ་དང་། ཡང་དག་པར་གྲུབ་པ་དང་། མཆོག་ཏུ་མངོན་པར་གྲུབ་པ་ཉིད་ཀྱི་གོ་འཕང་དུ་འགོད་པ་ཞེས་གསུངས། འདི་ནི་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པའི་མདོར། སངས་རྒྱས་པ་དང་སེམས་ཅན་ཇི་སྙེད་པའི་སྐུ། དེ་སྙེད་པའི་གསུང་། དེ་སྙེད་པའི་ཐུགས་སུ་གྲུབ་པར་བཤད་པ་དང་། དུས་ཀྱི་འཁོརལོར་སྐུ་མཐའ་ཡས་པ་སོགས་སུ་བཤད། དེའང་རྒྱལ་དབང་རྗེས། བྱ་བའི་བདག་ཉིད་ཀུན་ལ་ཡང་། །རང་རང་རྩོལ་བའི་དབང་གིས་འཇུག །ཁྱོད་ནི་རྩོལ་མེད་སེམས་ཅན་དོན། །ངང་གིས་འདོད་པ་འཇོ་བའི་ཚུལ། །དཔག་བསམ་ཤིང་ལྟར་མཛད་པས་ན། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །དོན་འདི་ཁྱོད་ཚུལ་ཉིད་ལས་རིག །ཅེས་སོ། །འདི་ལ་མཆོག་གི་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། བཟོ་སྤྲུལ་སྐུ་ཞེས་རྒྱུད་བླ་མར་བཤད་པ་བཞིན། ཆོས་རྗེས་ཀྱང་། སྒྲུབ་ཐབས་ཐུགས་རྗེ་ཉི་རྒྱས་ལས་བསྟན་ནོ། །འདི་ནི་བླ་མ་སྤྲུལ་པའི་སྐུ་དེ་བསྒྲུབ་བྱ་སྟེ། སྒྲུབ་བྱེད་མོས་པ་ལམ་བྱེད་ཀྱི་གནད་ཀྱིས་སོ། །ཁྲིད་ཚུལ་དེས། སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྟོན་པ་དང་། དེ་བསྟན་མ་ཐག་ཏུ་སེམས་ཅན་ཐམས་ཅད་འཚང་རྒྱ་བའི་སྐལ་བ་ཅན་དུ་བྱེད་ནུས་པ་ཡིན་ནོ། །བཞི་པ་བླ་མ་སངས་རྒྱས་རིན་པོ་ཆེའི་མཚན་ཉིད། ཆོས་རྗེས། ཟག་མེད་ཁྱབ་གདལ་སྐྱེ་མེད་ཆོས་ཀྱི་སྐུ། །སྣང་སྟོང་ཟུང་འཇུག་འགག་མེད་ལོངས་སྤྱོད་རྫོགས། །གང་འདུལ་དེར་སྟོན་ཀུན་ཁྱབ་སྤྲུལ་པའི་སྐུ། །རྗེ་སྐུ་གསུམ་བདག་ཉིད་ཁྱེད་ལ། ཞེས་འབྱུང་། རྒྱལ་དབང་རྗེས། ཁྱོད་སྐུ་ཐོགས་བཅས་ཐོགས་མེད་དང་། །ཡེ་ཤེས་སྣང་བཅས་སྣང་མེད་དང་། །གྲུབ་དང་མ་གྲུབ་པ་ཡི་སྒྲ། །ཇི་སྙེད་བརྗོད་ཀྱང་མི་འགལ་ཞིང་། །དེ་ཙམ་བརྗོད་ཀྱང་མི་ཟད་པ། །ཤེས་བརྗོད་ཡུལ་ལས་འདས་གྱུར་ཀྱང་། །བརྗོད་པ་ཀུན་གྱི་རྒྱུ་ཡི་གཙོ། །ཟབ་གསལ་གཉིས་སུ་མེད་པ་ཡི། །གསུང་ལས་ཆོས་ཀྱི་འཁོར་ལོ་བསྐོར། །བདག་གཞན་བདེ་སྡུག་འཁོར་འདས་དང་། །རྟོགས་དང་མ་རྟོགས་ལ་སོགས་པ། །གཉིས་སུ་འཛིན་པར་སྒྲོ་བཏགས་ཀྱང་། །སྒྲོ་འདོགས་བྲལ་བ་ཁྱེད་ཐུགས་ལ། །སུ་ཞིག་ཐ་སྙད་གདགས་པར་འདོད། །འགྲོ་བ་ཀུན་དང་ཁྱོད་ཀྱི་ཚུལ། །གདོད་ནས་རང་བཞིན་གཅིག་པ་ལ། །གཅིག་པ་ཉིད་དུ་ཡོངས་མཁྱེན་པས། །ཁྱོད་ནི་བརྟན་གཡོ་ཀུན་གྱི་དཔལ། །ཞེས་གསུངས་པའོ། འདི་ནི་སྐུ་གསུམ་མི་ཕྱེད་པའམ་གཅིག་པ་བླ་མ་ངོ་བོ་ཉིད་ཀྱི་སྐུ་བསྒྲུབ་བྱ། སྒྲུབ་བྱེད་ཀྱང་སྐུ་གསུམ་དབྱེར་མེད་དུ་ཤེས་པ་དོན་འབྲས་བུའི་དབང་ངམ་སངས་རྒྱས་ཐོབ་པ་དེ་ཀའོ། །འདིས་ཁྲིད་པས། ཆོས་སྐུ་སྐྱེ་མེད་ཀྱི་དོན་རྟོགས་པ་དང་། ལོངས་སྐུ་འགགས་མེད་ཀྱི་རྩལ་འབྱོངས་པ་དང་། སྤྲུལ་སྐུས་འགྲོ་དོན་ཕྱོགས་མེད་དུ་སྒྲུབ་ནུས་པ་ཡིན་ནོ། །དེ་ཡང་། སྐྱེ་མེད་ཆོས་སྐུ། འགགས་མེད་ལོངས་སྐུ། གནས་མེད་སྤྲུལ་སྐུར་བཞག་པ་དང་། ངོ་བོ་དག་པ་ཆོས་སྐུ། རྣམ་པ་དག་པ་ལོངས་སྐུ། བྱེད་ལས་དག་པ་སྤྲུལ་སྐུར་བཞག་པའི་རྣམ་གཞག་ཀུན་དང་མཐུན། དེ་ལ་སྐྱེ་མེད་ཀྱི་དོན། དོ་ཧར། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་ནས། །དངོས་པོ་རྣམ་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །ཞེས་གསུངས་པ་དེ་ཡིན་ལ། དེ་ངོ་བོ་དག་པར་འཇོག་པ་ནི། གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེང་འདིར་བླ་མ་མགོན་པོས་བསྟན་པས་རྟོགས། །ཞེས་གསུངས་པའི་དབང་ལས་སོ། །འགག་མེད་ནི། རྒྱལ་དབང་རྗེས། དངོས་པོ་ཀུན་ལ་ཁྱོད་ཀྱི་མཐུ། །ཐོགས་པ་མེད་པར་འཇུག་པས་ན། །མ་འགགས་པ་ཡི་རྩལ་སྣང་ཞེས། །བརྗོད་འདི་ཡ་མཚན་རྨད་དུ་བྱུང་། །མི་མཉམ་པ་ཡི་འགྲོ་བ་རྣམས། །མཉམ་པ་ཉིད་དུ་གཅིག་ངེས་ཀྱང་། །ཐ་དད་པར་ནི་སྣང་བ་གང་། །ཁྱེད་ཀྱི་ཆེ་བ་དབྱུང་བ་ལགས། །ཞེས་པ་ལྟར་ཡིན་ནོ། དེའི་ཕྱིར་དེ་རྣམ་པ་དག་པར་བཞག་གོ །གནས་མེད་ནི། དེས། འགྲོ་བ་ཀུན་གྱི་བསམ་པའི་མཐུ། །རང་རང་འདོད་པ་ཉིད་ཡིན་ཏེ། །ཕྱོགས་བྲལ་སྤྱོད་པ་ཉིད་ཀྱི་ཕྱིར། །ཀུན་དང་མཐུན་པར་སྤྱོད་པ་ལགས། །ཞེས་གསུངས་པ་སྟེ། དེས་བྱེད་ལས་དག་པར་བཞག་སྟེ། སྲིད་པའམ་ཞི་བའི་ཕྱོགས་སུ་ལྷུང་བ་ལ་མི་གནས་པ་ཉིད་ཀྱི་ཕྱིས་ནམ་མཁའ་ཇི་སྲིད་པར་མཛད་པའི་རྒྱུན་མི་འཆད་པས་སོ། །རིམ་པ་ཞེས་པ། མོས་གུས་ཀྱི་ལམ་འདི། གཞི་དུས་སུ་ཡོན་ཏན་མ་ཐོབ་ཐོབ་པར་བྱེད་པ་ཡིན་པའི་ཆ་ནས་ཐོག་མར་དགེ་བ། ལམ་དུས་སུ་ཐོབ་པ་མི་ཉམས་པའི་ཆ་ནས་བར་དུ་དགེ་བ། འབྲས་བུའི་དུས་སུ་སྤངས་རྟོགས་མ་ལུས་པ་མཐར་ཕྱིན་པ་དང་རྫོགས་པ་ངོས་མ་ཡིན་པས་མཐར་མར་དགེ་པའོ་ཞེས་སྟོན་པའོ།། །།གཉིས་བ་ཟབ་མོའི་ལམ་རྣམ་པར་དབྱེ་བ་ལ། རྗོད་བྱེད་གཞུང་གི་ངོས་འཛིན། བརྗོད་བྱ་མངོན་རྟོགས་ཀྱི་རྒྱས་བཤད་གཉིས་ལས། དང་པོ་ནི། ལམ་ཟབ་འདི་ནི་དཔལ་ས་ར་ཧས་མཛད་པ་རང་བྱིན་གྱིས་བརླབ་པའི་གཞུང་། འདི་ནི་མོས་གུས་ཀྱི་ཆིག་ཆོད་དུ་འགྲོ་བ་མོས་གུས་ཕྱག་རྒྱ་ཆེན་པོ་སྟོན་པའི་གཞུང་། སློབ་དཔོན་ཏིལླི་པས་མཛད་པ་ཚར་གསུམ་ཁུག་པ་དབང་གི་གདམས་ངག་འདི་ནི་དབང་བསྐུར་ལ་ལྟོས་པ་ཐོད་བརྒལ་དུ་ཁྲིད་པའི་གཞུང་། ཕྱིར་ཆོས་རྗེས། ངོ་སྤྲོད་དམུས་ལོངས་མིག་འབྱེད་སྒྲུབ་ཐབས་ཐུགས་རྗེ་ཉི་རྒྱས། ཞལ་གདམས་ཀུན་གསལ་དྲི་མེད་དང་གསུམ་མཛད་པ་ནི་རིམ་གྱིས་ཁྲིད་པའི་གཞུང་། དེ་དག་ཀུན་ལ་མཁོ་བ། རྣལ་འབྱོར་དབང་ཕྱུག་གིས། བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་ཞེས་པ་མཛད། ཕྱིས་པཎྜྻི་ཏ་བིབྷཱུ་ཏི་ཙཎྨས་བསྣམས་བྱོན་པ། ཏིལླི་པས་མཛད་པ་ཕྱི་སྒྲུབ། ནཱ་རོ་པས་མཛད་པ་ནང་སྒྲུབ། ཀླུ་སྒྲུབ་ཀྱིས་མཛད་པ་གསང་སྒྲུབ་ཀྱི་གཞུང་གསུམ་རྒོད་ཚང་པས་པཎ་ཆེན་དེ་ཉིད་ལ་གསན་ནས་དེ་ཕྱིན་གླེགས་བམ་འདིར་བཞུགས། རྒོད་ཚང་པས་གཞུང་དང་པོ་ལ་འགྲེལ་པ་དང་གཏམ་རྒྱུད་པཎ་ཆེན་གྱི་གསུང་ལ་ཟིན་བྲིས་སུ་མཛད་པ་ཡོད། གཞན་སྔར་གྱི་གླེགས་བམ་རྙིང་པ་རྣམས་ན་ཡི་གེའི་རིས་མང་པོ་བྱུང་ཀྱང་འགའ་ཞིག་ངེས་འབྱུང་ཆོས་ལྔ་དང་ཁྲིད་ཆེན་བརྒྱད་ཀྱི་བླ་མ་མོས་གུས་ཀྱི་དུམ་བུར་སྣང་བས་དེ་དག་གི་གསེབ་ཏུ་བཞུགས་རིགས་ཤིང་། མཛད་བྱང་མི་གསལ་བ་ཕལ་ལ་སྙིང་པོའང་ཆེར་མི་སྣང་བས་བདག་གིས་ལོགས་སུ་བཞག་གོ །དཔལ་ཕག་མོ་གྲུབ་པའི་གཏེར་ཁ་བཅུ་པར་གྲགས་པ་ནི། ཚར་གསུམ་ཁུག་པའི་ཚིགས་བཅད་དང་པོའི་ཚིག་རྐང་གསུམ་པ་ལ། བར་ཆད་གསུམ་དང་བྲལ་གྱུར་ན། །ཞེས་བསྣན་པ་ཙམ་དུ་ཟད་དོ། །འོ་ན་དེ་དག་རྩ་བའི་མདོ་གང་ལ་བརྟེན་པ་ཡིན་ཞེ་ན། གསང་བ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་འདུས་པར་མངོན་པར་དབང་བསྐུར་བའི་སློབ་དཔོན་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་དུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་རྡ་ོརྗེ་དང་སློབ་དཔོན་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཞེས་པས། མངོན་སུམ་ལམ་བྱེད་ཀྱི་གདམས་ངག་བསྟན། དེ་ནས་རིགས་ཀྱི་བུ་ཇི་སྙེད་བསྡུས་ཏེ་བསྟན་ན་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་ན་བཞུགས་པ་དང་། འཚོ་བ་དང་། སྐྱོང་བ་དེ་རྣམས་ཐམས་ཅད་ཀྱང་དུས་གསུམ་དུ་བྱོན་ནས་རྡོ་རྗེ་སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་རང་གིས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་ངག་རྡོ་རྗེའི་ཡི་གེའི་ཚིག་འདི་སྐད་དུ་འང་འབྱིན་ནོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ། །ཞེས་པའི་བར་དུའོ། །འདི་ལྟ་སྟེ། གཞན་ཡང་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པ་བསྐྱེད་པ་དང་། གནས་པར་གྱུར་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་གནས་ཡིན་པའི་བར་དུའོ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ཡིད་འཇིགས་ཤིང་སྐྲག་ནས་ཅང་མི་སྨྲ་བར་གྱུར་ཏོ། ཞེས་པས། བླ་མ་མཆོད་པ་ཕན་ཡོན་དང་བཅས་པ་བསྟན། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་ཏོག་དང་། དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེ་འཛིན་པ་དངོས་གྲུབ་ཀྱི་དམ་ཚིག་ཐམས་ཅད་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཉོན་ཅིག །གང་ཡང་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་གྱི་རྡོ་རྗེ་ཡེ་ཤེས་ཡང་དག་པར་འབྱུང་བ་དེ་རྣམས་ཀྱང་བྱོན་ནས་གསང་བ་འདུས་པའི་སློབ་དཔོན་ལ་མཆོད་པ་བྱེད་ཅིང་ཕྱག་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། ཞེས་པ་ནི། བླ་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་ཡིན་པར་བསྒྲུབ་པ་སྟེ། དེས་བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོར་སོང་བའང་ཤེས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སྐུ་གསུམ་གསང་བའི་སྐུ་གསུང་ཐུགས་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། ལུས་དང་ངག་དང་སེམས་རྡོ་རྗེ་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། གང་ལའང་མི་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ནས་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །འདིས་ནི་འདོད་པའི་དངོས་གྲུབ་བླ་མ་ལ་རག་ལུས་པའམ་དེའི་རྗེས་སུ་འབྲང་བས་དངོས་གྲུབ་སྒྲུབ་པ་ལ་བླ་མ་སྒྲུབ་པའི་ཐབས་འདི་མྱུར་བའི་གནད་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལས་བཞེངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོ་ཉོན་ཅིག །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། ནམ་མཁའི་དཀྱིལ་འཁོར་དབུས་གནས་སམ། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །བསམ་གཏན་རྡོ་རྗེ་རབ་བསྐུལ་བྱ། །རྡོ་རྗེ་དཀྱིལ་འཁོར་བསམ་གཏན་གྱི། །འཁོར་ལོ་ཅན་ཀུན་གཞུག་པར་བྱ། །མཆོད་པའི་ཆོ་ག་དེ་ཉིད་ཀྱིས། །བློ་དང་ལྡན་པས་རྟག་ཏུ་བྱ། །སློབ་དཔོན་སྙིང་གར་རབ་བསྒོམས་ནས། །དབང་བསྐུར་བ་ནི་ཡང་དག་སྤྱད། །མཁའ་དབྱིངས་སངས་རྒྱས་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་རྣམ་བསྒོམས་ལ། །ཐམས་ཅད་དབང་བསྐུར་གནས་གསུམ་གྱིས། །ཆོ་ག་བཞིན་དུ་དབབ་པར་བྱ། །ཞེས་པས་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལས་ཚར་གསུམ་ཁུག་པའི་རྒྱུ་དང་ལམ་གྱི་དབང་བསྟན་ཅིང་། འདིའི་ཞར་ལས་ལམ་ཟབ་ཐུན་མོང་བ་ཀུན་ཐོན་པ་ཡིན་ནོ། །དེ་ནས། འདི་ཡི་སེམས་ཅན་ཐམས་ཅད་ལ། །ཕན་བཞེད་བྱང་ཆུབ་ཐོབ་འགྱུར་ཞིང་། །དངོས་གྲུབ་ཐམས་ཅད་རྨད་བྱུང་ཆེ། །སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་བསམ་གཏན་གྱི་དཀྱིལ་འཁོར་རོ། །ཞེས་པས་འབྲས་བུའི་དབང་སྟེ་ཚིག་དོན་སྒྲོན་གསལ་བཞིན་འོག་ཏུ་འཆད་དོ། །དེའི་འགྲེལ་པ། སློབ་དཔོན་རབ་ཏུ་ཞི་བའི་ཡེ་ཤེས་ཀྱིས་མཛད་པ་སློབ་མ་ལ་ཕན་པ་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཉོན་ཅིག །ཅེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཐབས་བསྟན་ཏེ། དེ་ལ་གང་ཟག་ཤིན་ཏུ་དམན་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་པ་ཡིན་ལ། ཏིང་ངེ་འཛིན་གྱི་མཐུ་ཡོད་པ་རྣམས་ཏིང་ངེ་འཛིན་ལ་བརྟེན་ཏེ་དབང་ནོད་པ་ཡིན་ནོ། །དེ་ལ། ནམ་མཁའི་དབྱིངས་ཀྱི་དབུས་གནས་བསམ། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །ཞེས་བྱ་བ་ནི་དབང་བསྐུར་བའི་གནས་ཏེ་ནམ་མཁའི་དབྱིངས་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་གྲུ་བཞི་ལྷམ་པའི་གཞལ་ཡས་ཁང་རྫོགས་པར་སྒོམ་པའོ། །སངས་རྒྱས་དཀྱིལ་འཁོར་སྒོམ་པ་ཡི། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་རྫོགས་པར་སྒོམ་པའོ། །དེའང་ཅི་ཞིག་ཅེ་ན། བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། ཞེས་གསུངས་ཏེ། སྔོན་དུ་བསྟན་པའི་བསམ་གཏན་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ལྷ་རྣམས་བསྐུལ་ཏེ་སྤྱན་དྲང་ངོ་། །དཀྱིལ་འཁོར་དུ་འཇུག་པའང་ལྷ་དང་དབྱེར་མེད་པའི་ཏིང་ངེ་འཛིན་དུ་བསྒོམས་ནས་དཀྱིལ་འཁོར་དུ་གཞུག་པར་བྱ་བའི་ཕྱིར། རྡོ་རྗེའི་དཀྱིལ་འཁོར་བསམ་གཏན་གྱི། །འཁོར་ལོ་ཅན་ཀུན་གཞུག་པར་བྱ། །ཞེས་གསུངས་པ་ཡིན། མཆོད་པར་བྱ་བའང་། མཆོད་པའི་ཆོ་ག་དེ་ཉིད་ཀྱིས། །བློ་དང་ལྡན་པས་རྟག་ཏུ་བྱ། །ཞེས་གསུངས་པ་ཡིན་ནོ། །དབང་བསྐུར་འབད། སློབ་དཔོན་སྙིང་གར་བསྒོམས་ནས་ནི། །དབང་བསྐུར་བ་ནི་བརྩམ་པར་བྱ། །ཞེས་གསུངས་ཏེ། སློབ་དཔོན་ལྷའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོར་གསལ་བར་བསྒོམས་པའི་སྙིང་གར་སློབ་མ་གཞུག་སྟེ། ལྷ་དང་དབྱེར་མེད་པའི་ཏིང་ངེ་འཛིན་དུ་བྱས་ཏེ་གནས་པ་ལ་དབང་བསྐུར་བ་བརྩམ་པར་བྱའོ། །དབང་ཇི་ལྟར་བསྐུར་ཞེས་ན། སངས་རྒྱས་རྣམས་ཀྱིས་ནམ་མཁའི་དབྱིངས། །ཡོངས་སུ་གང་བ་རྣམ་པར་བསམ། །དབང་བསྐུར་བ་ཡི་གནས་གསུམ་གྱི། །ཐམས་ཅད་ཆོ་ག་བཞིན་དུ་དབབ། །ནམ་མཁའི་ཁམས་ཐམས་ཅད་དེ་བཞིན་གཤེགས་པ་ཡབ་ཡུམ་དང་བཅས་པ་རྣམས་ཀྱིས་ཡོངས་སུ་གང་བ་རྣམས་ཀྱིས་ཡེ་ཤེས་བདུད་རྩིས་ཡོངས་སུ་གང་བའི་བུམ་པས་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱི་གནས་སུ་ཡེ་ཤེས་ཀྱི་ལྷ་དབབ་སྟེ་བསྟིམ་པས་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་བྱས་སོ། །དེའི་ཡོན་ཏན་ཡང་། དེ་ཡི་ཡོན་ཏན་ཐོབ་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་གྱི་དཀྱིལ་འཁོར་རྫོགས་སོ། །ཞེས་བཤད། སྨྲྀ་ཏི་ཛྙྱ་ནའི་འགྲེལ་པར། གནས་གསུམ་གྱི་ཞེས་བྱ་བ་ནི། ནམ་མཁའི་སངས་རྒྱས་བསྐུལ་བ་ལ་རྡོ་རྗེ་གསུམ་གྱི་གནས་སམ་སྤྱི་བོ་ལ་སོགས་ཏེ། སྦྱོར་བ་དེ་བཞིན་འདིར་གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱང་གཟུང་སྟེ། ཞེས་དང་། རྡོ་རྗེ་བཞད་པའི་འགྲེལ་པར་ཡང་། སློབ་དཔོན་ལ་ཇི་ལྟར་བལྟ་བ་ནི་དེ་ནས་ཡང་བྱང་ཆུབ་སེམས་དཔའ་བྱམས་པས། །ཞེས་པ་རྣམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱང་བདག་ཅག་གི་ཕའོ། །མའོ་སྙམ་དུ་འཛིན་ཞིང་། དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་ལས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་འཕགས་སོ། །ཞེས་ཏེ། དོན་གྱི་ངོ་བོ་ཉིད་དུ་ཐ་མི་དད་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་དེ་ཉིད་ལ་གནས་པར་གསུངས་པ་དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་ཤེས་པ་རྣམ་ཏེ་སློབ་དཔོན་ལ་ནོད་པར་གསུངས་སོ། །ལུས་ངག་སེམས་གང་ལ་གནས་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ། ཞེས་པ་སྟེ། རྡོ་རྗེ་སློབ་དཔོན་ཉིད་བྱང་ཆུབ་སེམས་དང་ཐ་མི་དད་ཅིང་གསང་བའི་བདག་ཉིད་དང་ལྡན་པས་དེ་སྐད་ཅེས་བྱའོ། །དེ་ནས་ཡང་ཞེས་པ་ལ་སོགས་པ་ནི་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཞུས་པ་སྟེ། རྟེན་གྱི་དཀྱིལ་འཁོར་ལ་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཆོ་ག་བཞིན་དུ་བསམས་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་དམིགས་ལ་མཆོད་པ་རྣམས་རྫོགས་པར་བྱས་ཏེ། རང་གི་སྐུ་ལ་སོགས་པའི་རྡོ་རྗེ་ལ་དབང་བསྐུར་བ་ནི་བདེ་བར་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་དབབ་པར་བྱ་ཞེས་ཏེ་བསྐུར་བའི་ཐ་ཚིག་གོ །ཞེས་གསུངས་སོ། །སཾ་པུ་ཊར། རྡོ་རྗེ་སློབ་དཔོན་དམ་ཚིག་གི །གྲུབ་རྟགས་ལག་ན་རྡོ་རྗེ་ཉོན། །དང་པོར་འཁོར་ལོ་ཆེན་པོ་ནི། །སྙིང་ཁ་ཡི་ནི་དཀྱིལ་འཁོར་དུ། །རང་གི་དབང་སོགས་རྒྱས་པ་ཡི། །རང་གི་ནང་དུ་ཞུགས་པ་ལས། །རྡོ་རྗེ་སློབ་དཔོན་མཚུངས་མེད་པ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་དངོས་བསྟན་དངོས་གྲུབ་ཆེན་པོ་སྒྲུབ་པའི་ཉེར་རྒྱུ་ཡིན་ལ། རྡོ་རྗེའི་ཚིག་རེའང་དོན་དུ་མའི་བདག་ཉིད་ཅན་ཡིན་པས་འཆད་ཚུལ་ལས་རྒྱུ་ལམ་གཉིས་ཀྱང་ཐོན་ལ། གཞན་མཁའ་འགྲོ་རྒྱ་མཚོ་ལས་ཀྱང་བླ་མ་ལྷ་དགུའི་དཀྱིལ་འཁོར་ཡང་བཤད་དོ།། །།གཉིས་པ་བརྗོད་བྱ་མངོན་རྟོགས་རྒྱས་པར་བཤད་པ་ལ། མངོན་སུམ་ལམ་བྱེད་ཆོས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ཆོས་ཀྱི་སྐུར་སྒྲུབ་པ། རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་སྒྲུབ་པ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ་དང་གསུམ་ལས། དང་པོ་ལ། རང་སེམས་བླ་མ་ཆོས་སྐུ་ལ་སྒྲོ་འདོགས་གཅོད་པ། སྣང་བ་བླ་མ་ཆོས་སྐུ་ལ་རྩལ་སྦྱང་བ། །སྣང་སྲིད་བླ་མ་ཆོས་སྐུའི་ངོ་བོར་རྫོགས་པར་བྱ་བ་གསུམ་ལས། དང་པོ་ནི། གསང་བ་འདུས་པའི་རྩ་བའི་རྒྱུད་གྱི་འགྲེལ་ཆེན་དཔལ་ཟླ་བ་གྲགས་པས་མཛད་པའི་སྒྲོན་མ་གསལ་བར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ནི་རིགས་ཀྱི་བུ་ཞེས་པ་ལ་སོགས་པ་གསུངས་ཏེ། སྟོན་པ་པོ་དེ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་ཞེས་པ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་བལྟ་བར་བྱ་ཞིང་ཤེས་པོ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་འཆང་ཆེན་པོ་དང་། སློབ་དཔོན་དང་མི་བསྐྱོད་པ་སྟེ་གཉིས་པོ་འདི་དག་ནི་རྣམ་པ་གཉིས་སུ་དབྱེར་མེད་དེ། རྒྱུ་དང་འབྲས་བུ་ཐ་མི་དད་ཅིང་། རྒྱུ་དང་འབྲས་བུའི་དེ་ཉིད་ཀྱི་དབྱེ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་དང་། སློབ་དཔོན་ས་ར་ཧའི་རང་བྱིན་བརླབ་ཀྱི་གཞུང་ལས། གང་ཡང་མངོན་དགའི་རྒྱལ་བའི་སྐུ་མཛེས་གཅིག་པུ་ནི། །བུ་ཡང་མཁས་བའི་སྙིང་ལ་དལ་གྱིས་དལ་གྱིས་སད། །གང་ཞིག་ཤར་བའི་དུས་ན་དབང་པོ་དང་། །ཡུལ་རྣམས་མཉམ་པར་ནུབ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པས། མོས་གུས་ཀྱི་སྟོབས་ཀྱིས་བླ་མ་སངས་རྒྱས་སུ་མཐོང་། བྱིན་རླབས་ཀྱི་སྟོབས་ཀྱིས་རྟོགས་པ་ཤར་ན། བླ་མ་རང་སེམས་དབྱེར་མི་ཕྱེད་པའམ་ཐུགས་ཡིད་གཅིག་ཏུ་འདྲེས་པའོ། །འདི་ཁ་ལ་རྒྱལ་དབང་རྗེས། ཕ་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །བུ་སློབ་མའི་མོས་གུས་གཏིང་ནས་གཡོས། །ལས་ཅན་གྱི་འཁྲུལ་པ་བཙན་ཐབས་ཞིག །འདི་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་པས། བླ་མའི་བྱིན་རླབས་ཞུགས་པ་དེ་ལྟ་བུ་ལ་ཟེར་ཞིང་། རྒྱལ་དབང་རྗེས། དེ་ལ་བྱིན་རླབས་ཀྱི་གོ་རྒྱུ་འང་གནས་ལུགས་རྟོགས་པའི་གཟི་བྱིན་ཆེན་པོ་འབར་བ་ནི་འཁྲུལ་པའི་སྣང་བ་ཐམས་ཅད་དེའི་རང་བཞིན་དུ་བརླབས་པ་ལ་ཟེར་ཏེ། དཔེར་ན་ཉི་མ་ཤར་བ་དང་མུན་པ་སངས་བ་དང་། མི་སངས་པའི་དབང་མེད་པ་ལྟ་བུ་ཡིན། དེ་འང་འཇིག་རྟེན་ན་མུན་པ་ཅུང་ཟད་ཅིག་སངས་པས་དེའི་ཤུགས་ལས་སྣང་བ་ཅུང་ཟད་ཅིག་འཆར། །མུན་པ་རྒྱ་ཆེན་པོ་སངས་བ་ལ་སྣང་བ་རྒྱ་ཆེན་པོ་འཆར་རོ། །མུན་པ་མཐའ་དག་སངས་པ་ལས་ལ་སྣང་བ་མཐའ་དག་འཆར། འཆར་ཚུལ་ཡང་མུན་པ་རིམ་གྱིས་སངས་ན་སྣང་བ་རིམ་གྱིས་འཆར། མུན་པ་དུས་གཅིག་ལ་སངས་ན་སྣང་བ་དུས་གཅིག་ལ་འཆར་ཞེས་གསུངས་ཏེ། ཅིག་ཅར་དུ་འཆར་བ་ལ། མུན་པ་ཐིབས་པོ་དང་འདྲ་བར་མ་རིག་པའི་འཐིབས་ཀྱིས་ནོན་པའམ་སྒྲིབ་པ་དེ་གཏན་མེད་པར་བྱས་པའོ། །དེ་སྤངས་རྟོགས་དུས་གཅིག་ལ་རྫོགས་པས་རྟོགས་པ་གཅིག་གིས་ས་ལམ་མ་ལུས་བགྲོད་ཅེས་པ་འབྱུང་ངོ་། །འདི་ལ་སྒྲོ་འདོགས་ཐམས་ཅད་ཆོད་པ་ཡིན་པས་དེ་སྦྱང་གཞི་སྦྱོང་རྒྱུ་ཅིའང་མེད། དེའི་ཕྱིར་མི་སློབ་པར་བཞག་གོ །འདི་རྒྱལ་དབང་རྗེས། གང་གིས་གྲངས་མེད་ཞིང་རྣམས་སུ། །འབད་པས་བསྐལ་པར་རྙེད་དཀའ་བའི། །སེམས་ཉིད་ཡིད་བཞིན་ནོར་བུའི་གཏེར། །སྟོན་མཛད་བླ་མ་རིན་པོ་ཆེ། །ཆོས་རྣམས་ཀུན་གྱི་རང་བཞིན་དུ། །བཞུགས་ཀྱང་སྔོན་ཆད་མ་རྙེད་པ། །བདག་གི་ཉེས་པ་ཁོ་ནར་ཟད། །དེ་རིང་མགོན་པོ་ཁྱོད་ཀྱི་ཞལ། །རང་གི་སེམས་དང་གཉིས་མིན་པར། །མཐོང་བ་བདག་ཅག་སྐལ་བ་བཟང་། །འདི་ན་རྣམ་རྟོག་སྤོང་འདོད་པའི། །འདོད་པ་ཉིད་ཀྱིས་རྣམ་པར་འཁོར། །རང་བཞིན་གཟིགས་ལས་རྟོག་པ་དང་། །མི་རྟོག་གཉིས་སུ་མེད་པར་མཛད། །ཅེས་གསུངས། ཡང་སྒྲིབ་བྱེད་དེ་ཅུང་ཟད་སྲབ་པར་གྱུར་ན་སྣང་བ་བླ་མ་ཆོས་སྐུ་ལ་རྩལ་སྦྱོང་དགོས་པ་ཡིན་པས། རྟོགས་པ་དེ་བདེན་པ་གསར་མཐོང་དུ་བྱས་པས་མཐོང་ལམ། དེ་ནས་རྗེས་ལ་མངོན་རྟོགས་བསྒོམ་པའི་ལམ། དེ་གཉིས་ལ་སློབ་པའི་ཟུང་འཇུག་སྟེ། སྦྱང་གཞི་སྒྲིབ་པ་སྲབ་མོ་དང་ཆོས་མཚུངས་པའི་ཤེས་སྒྲིབ་སྦྱང་རུང་སྡོད་དགོས་པའོ། །སྦྱོང་བའང་མོས་གུས་ཁོ་ནས་ཡིན་གྱི། བརྟགས་ཤིང་དཔྱད་པ་ནི་མ་ཡིན་ཏེ། རྒྱལ་དབང་རྗེས། རྟོག་དང་དཔྱོད་པས་ཇི་ཙམ་དུ། །བཙལ་ཡང་ཁྱོད་ཀྱི་སྐུ་གསུང་ཐུགས། །གསང་བ་བསམ་གྱིས་མི་ཁྱབ་པ། །མ་བཙལ་མ་བརྟགས་མ་དཔྱད་པའི། །ཚུལ་ལས་རེ་ཞིག་རྙེད་པ་འདི། །མཐོང་བ་བདེན་རྫུན་ལས་འདས་པའི། །དོན་ལས་གཞན་པ་ཅི་ཞིག་ཡོད། །ཅེས་གསུངས། ད་ེབས་བྱིན་རླབས་འཇུག་པ་ལ་མོས་གུས་དགོས་པས། དམ་པ་རིན་པོ་ཆེར། ཕ་དམ་པ་བྱིན་རླབས་ཅིག་ཞུ་དང་བྱས་པས། བུ་ལྷོད་པོ་མོས་གུས་ཅིག་ཞུ་དང་གསུང་ལོ། །དེ་བས་ན་བླ་མས་བྱིན་གྱིས་རློབ་པ་ལ་མཉམ་ཡང་མོས་གུས་ཀྱི་རྩལ་མ་འདྲ་བས་བྱིན་རླབས་འཇུག་འཁྱེར་ལ་ཁྱད་ཆེན་པོ་བྱུང་བ་ཡིན་ཏེ། ཡིད་བཞིན་ནོར་བུ་རྒྱལ་མཚན་རྩེར་མཆོད་པའི་ཚེ། ནོར་བུ་ལ་རྟོག་པ་མེད་པས་ཉེ་རིང་མི་འབྱེད་ཀྱང་། རང་རང་གི་སྔོན་བསགས་ཀྱི་མཐུ་ལས་འདོད་དགུ་ཇི་ལྟ་བ་འབྱུང་མི་འབྱུང་ལ་ཁྱད་ཆེན་པོ་ཡོད་པར་བཤད་པ་བཞིན་ནོ། །དེའང་ཀུན་སྤྱོད་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །འདི་ནི་རབ་མོས་གུས་འབའ་ཞིག་གིས་སངས་རྒྱ་བའམ་གྲོལ་བ་ཙམ་གྱི་ཚུལ་བཤད་པ་ཡིན་ནོ། །འདི་ཆོས་རྗེས། རྗེ་བླ་མའི་ངོ་བོ་ཆོས་ཀྱི་སྐུ། །རྡོ་རྗེ་འཆང་དང་ཞལ་མཇལ་བས། །བརྒྱུད་པ་ཉེ་རིང་བགྲང་མ་དགོས། །མིའོ་སྐོལ་ཚོ་ལྷ་གསོལ་བྱ་རེ་རན། །ཞེས་དང་། བླ་མ་རང་སེམས་དབྱེར་མ་ཕྱེད། །གཟུགས་སྐུར་འཛིན་པ་སྟོར་ནས་ཐལ། །མོས་གུས་བྱ་བའི་ཡུལ་མ་རྙེད། །གསོལ་བ་འདེབས་ན་ཇི་ལྟར་འདེབས། །ཞེས་གསུངས། རྡོ་རྗེ་གཅོད་པར། གང་དག་ང་ལ་གཟུགས་སུ་བལྟ། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་ལ་ཞུགས་པ་ཡི། །སྐྱེ་བོ་དེས་ནི་ང་མི་མཐོང་། །ཞེས་དེས་སངས་རྒྱས་མ་མཐོང་། སངས་རྒྱས་མཐོང་བ། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་པ་དེ་མཐོང་བ་ཡིན་པར་བཤད་པ་བཞིན་ནོ། །གཉིས་པ་སྣང་བ་བླ་མ་ཆོས་སྐུ་ལ་རྩལ་སྦྱང་བ་ནི། རང་སེམས་ཆོས་ཀྱི་སྐུ་དང་མཇལ་བས། རྒྱལ་དབང་རྗེས། རྣམ་པར་གཡོ་བ་གྲངས་མེད་ཀྱང་། །དེ་བཞིན་ཉིད་ལས་གཞན་མིན་དང་། དེ་བཞིན་ཉིད་ཀྱང་ཇི་སྙེད་པའི། །རྣམ་པ་ཀུན་ཏུ་འཇུག་པས་ན། །རོ་གཅིག་དུ་མར་འཆར་བ་དང་། །དུ་མ་རོ་གཅིག་ཅེས་བྱ་བའི། །གཏམ་གྱིས་སྤོང་བ་བསམ་གཏན་པ། །བརྒྱ་ཕྲག་དགའ་བ་བསྐྱེད་པ་ཡང་། །ཉིད་སྐུའི་རྣམ་པར་རོལ་པ་ལགས་ཞེས་དང་། རང་བྱིན་བརླབ་ཀྱི། གསལ་བར་སྤྲོས་པ་དཔལ་ལྡན་རིགས་བདག་མཆོག་ཆེ་བདེ་བར་གྱུར་ཏེ་སླ། །གང་གི་ཆ་བྱད་སྤྲོས་བྲལ་དྲི་མེད་ཤེས་རབ་གྱུར་པ་ཐམས་ཅད་འགྲོ །གནས་གསུམ་དཔག་བསམ་ཤིང་དང་མངོན་མཚུངས་ཉོན་མོངས་དྲ་བ་གཅོད་པ་གང་། །དཔལ་ལྡན་རྡོ་རྗེའི་ཚིགས་མཚན་བུད་མེད་དེ་ལ་ཀུན་ཏུ་ཕྱག་འཚལ་ལོ། །ཞེས་པའི་ངོ་སྤྲོད་ཀྱི་གནད་ཀྱིས་སེམས་ཐོག་ཏུ་རྡོ་རུས་ཐུག །བོགས་འདོན་གྱི་གནད་ཀྱིས་སྣང་ཐོག་ཏུ་རང་ངོ་ཤེས། ལམ་ཁྱེར་གྱི་གནད་ཀྱིས་རྐྱེན་ཐོག་ཏུ་རང་བྱན་ཚུད་པས་འཁོར་འདས་ཀྱི་སྒྲོ་འདོགས་དུས་གཅིག་ལ་ཆོད་པས་གདེངས་ཚད་སེམས་ལ་རྙེད་ནས་བླ་མ་རང་སེམས་དབྱེར་མེད་དུ་འགྲོ་བས་ཐུགས་ཡིད་གཅིིག་ཏུ་སོང་བ་ཡིན་ནོ། །དེ་ལྟ་བུའི་ཉམས་ལེན་ཀྱང་གཞན་ཞིག་ལོགས་ནས་གཡབ་དོར་བྱ་རྒྱུ་མེད། སྣང་ཚད་བླ་མའི་སྐུ་རྡོ་རྗེ། གྲགས་ཚད་བླ་མའི་གསུང་རྡོ་རྗེ། དྲན་ཚད་བླ་མའི་ཐུགས་རྡོ་རྗེ་ཡིན་པར་ཤེས་པའི་བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱིས་འགྲུབ་པ་ཡིན་ནོ། །དེ་ཡང་། ཆོས་རྗེས། རྟོགས་པ་གདེང་ལྡན་རྣལ་འབྱོར་པས། །བླ་མ་རང་སེམས་འདྲེས་ཙ་ན། །གསོལ་བ་འདེབས་པའི་དུས་ཚོད་དུ། །ངོ་བོ་གཅིག་ལ་རྣམ་པ་གཉིས། །ཞེས་གསུངས་པས། རང་གི་སྙིང་ཙིཏྟ་འཇའ་འོད་ཀྱི་གུར་ཁྱིམ་ཕུག་པའི་ནང་དུ་བདུད་རྩིའི་རྒྱ་མཚོ་ལས་པདྨའི་སྡོང་པོ་གེ་སར་དང་བཅས་པའི་ཁར་རྩ་བའི་བླ་མ་སྣང་ཚུལ་ཅི་བསྟན་པ་དེ་ཁོ་ན་འདྲ་བ་ཞིག་དངོས་སུ་དམིགས་ནས། བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་ཚོགས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་བསམས་ནས་ཕུལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། སོགས་ཀྱིས་གསོལ་བ་བཏབ་སྟེ། མཐར་རང་སེམས་དང་གཉིས་སུ་མེད་པར་བསྲེས་ལ་རྣལ་མའི་ལམ་ལ་གཞག་པར་བྱའོ། །རྒྱུན་དུ་བསྒོམ་པར་བྱ་བའི་གནས་ནི་དེ་ཡིན་ལ། གཞན་གསོལ་བ་འདེབས་པ་ལ་སྤྱི་བོའི་གཙུག་དང་། ཕྱག་དང་མཆོད་པའི་དུས་མདུན་གྱི་ནམ་མཁའ་ལ་སོགས་པར་ཡང་ཤེས་པར་བྱའོ། །དེས་རྣལ་མའི་ལམ་ལས་གཞན་དུ་མི་གཡོ་བ་ཇེ་བརྟན་དུ་འགྱུར་བས་ཕྱིར་ཆད་ཀྱི་སྣང་བ་ཟད། ཏིང་ངེ་འཛིན་གྱི་སྣང་བ་ཇེ་དངས་ལ་སོང་ནས་མཐར་སངས་རྒྱས་ཀྱིས་གཟིགས་པ་ཇི་ལྟ་བའི་གཞི་ཐོག་ཏུ་འབབ་པར་འགྱུར་རོ། །རྣལ་འབྱོར་འདི་ལམ་ཟབ་ཐམས་ཅད་ཀྱི་རྩ་བའམ་སྙིིང་པོ་ཡིན་པས་སྙིང་གི་ནོར་བུ་ཞེས་བརྗོད་དོ། །དེའང་རྒྱལ་བ་རྒོད་ཚང་པས། མི་བདག་གིས་བླ་མ་སྒྲུབ་པ་བསྒྲུབས། །བླ་མ་ཆོས་སྐུའི་ཞལ་ཡང་མཐོང་། །སྣང་སྲིད་བླ་མ་ཆོས་སྐུར་ཤར། །ཞེས་གསུངས་སོ། །གསུམ་པ་སྣང་སྲིད་བླ་མ་ཆོས་སྐུའི་ངོ་བོར་རྫོགས་པར་བྱ་བ་ནི། དུས་དེ་ཙ་ན། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ཞེས་དང་། རྒྱལ་དབང་རྗེས། བྱར་མེད་པར་ནི་ཆོས་རྣམས་ཀུན། །ཡོངས་སུ་རྫོགས་པར་མཛད་པ་ཁྱེད། །བྱས་ཆོས་དག་ལ་ཅོ་འདྲིའམ། །ཡང་ན་ཀུན་རྫོབ་རྫུན་སྣང་ཞིག །ཐོག་མ་མེད་ནས་འབྱུང་བ་རྣམས། །རང་དང་ལྷན་ཅིག་གཅིག་གྱུར་པས། །སྒྱུ་མའི་སྤྲོས་པ་འདི་ཙམ་ཞིག །རོལ་རྩེད་མཛད་པ་མ་ཡིན་ནམ། །ཞེས་དང་། རང་བྱིན་བརླབ་ལས། གང་ཞིག་རྡོ་རྗེ་ཡན་ལག་མ་ཞེས་སྐྱེ་བོས་དྲན་པས་ཀྱང་། །ཉོན་མོངས་བྲལ་བའི་བདེ་བ་འབའ་ཞིག་པར་ནི་བདེ་འགྲོ་བ། །སོགས་གཞུང་རྫོགས་པའི་བར་གྱིས་བསྟན་པ། རང་སྣང་དེ་ལྟར་དག་ན་གཞན་སྣང་ཤུལ་དུ་མི་ལུས། དེའི་རྒྱུ་མཚན། མ་རིག་པ་རྒྱུན་འཐུད་ནས་བདག་འཛིན་རྙེད། དེ་རྒྱུན་འཐུད་པས་གཞན་དུ་འཛིན་པ་བྱུང་དེའི་དབང་གིས་གཏི་མུག་ཆགས་སྡང་བསྐྱེད་པ་ཡིན་ལ། དེའང་མིག་སེར་གྱི་ནད་ཇེ་ཐུ་ཇེ་ཐུར་སོང་ཙ་ན་དུང་སེར་དུ་མཐོང་བ་ལྟ་བུ། མིག་ནད་དྲག་པ་ལ་དུང་དཀར་པོ་ལས་གཞན་དུ་མི་སྣང་བ་སེར་པོ་ཅུང་ཟད་མི་ལུས་པ་ལྟ་བུའོ། །དེས་ན་སྣང་བ་འདི་ཐམས་ཅད་རང་སྣང་ངོ་ཞེས་བྱ། དེ་ཙམ་སེམས་ཙམ་པའི་ལུགས་ལའང་གྲགས་ཤིང་། དབུ་མ་པས་ཀྱང་ཐ་སྙད་དུ་དེ་ལྟར་ཁས་བླངས་པ་སྟེ། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་བཤད་པ་ཇི་ལྟར་དྲང་སྙམ་ན། རི་བོང་གི་རྭའི་རྣོ་རཏལ་ལྟ་བུ། དེའི་ཟད་པ་དང་འཕེལ་བ་འཇོག་པ་འདྲ། ཉེས་པ་ཡིན། མེད་དོ་ཞེས་སྨྲ་བ་རང་གི་ལན་བཏབ་བོ། །འོ་ན་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་དོ་སྙམ་ན། འདི་སངས་རྒྱས། འདི་དེའི་འཕྲིན་ལས་སོ་སྙམ་པ་ནི་ད་དུང་གཉིས་སྣང་མ་སྤངས་པའི་བློ་ཁོ་ནར་ཟད་དོ། །དེའི་ཕྱིར་སངས་རྒྱས་ནི་ཕྱོགས་དང་ཆ་ཐམས་ཅད་དང་བྲལ་བ་ཞིག་པས། ཆོས་ཀྱི་འཁོར་ལོ་མཐའ་མར་འཁོར་གསུམ་དག་པ་ལས་གཞན་བསྟན་རྒྱུ་མ་བྱུང་། དེ་དོན་ལ་གནས་པས་མཐའ་མ་ངེས་དོན་མཐར་ཐུག་ཏུ་བཞག་པའོ། །དེ་ལ་བསམས་ནས་རྒྱལ་དབང་རྗེས། འགྲོ་བ་མ་ལུས་ཁྱོད་ཉིད་ཀྱི། །ཡེ་ཤེས་ཆེན་པོའི་རོལ་པ་ལས། །གཞན་དུ་གཟིགས་པ་མ་འཚལ་བས། དག་པའི་སྣང་བ་རབ་འབྱམས་ཞེས། །བརྗོད་ན་གཞན་དུ་ཇི་ལྟར་བཙལ། །དེ་ནི་མགོན་ཁྱོད་རང་གི་སེམས། །ཇི་བཞིན་རྟོགས་ནས་ཇི་སྙེད་པའི། །མཁྱེན་པ་བདག་ལ་མངོན་གྱུར་ཏེ། །ཁྱེད་བཞིན་འགྲོ་བ་ཐམས་ཅད་ཀྱི། །མགོན་དུ་ཚེ་འདིར་ཕྱག་རྒྱ་ཆེ། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཅེས་གསུངས་སོ། །བླ་མ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་གཅིག་ཏུ་འདུས་པར་བཞག་པས་སངས་རྒྱས་དཀོན་མཆོག །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་ཡིན་པས་ཆོས་དཀོན་མཆོག །རིག་པ་དང་གྲོལ་བར་སྨྲ་བའི་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་པས་དགེ་འདུན་དཀོན་མཆོག་སྟེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་སྟེ། །ཞེས་གསུངས། ཡང་ཐ་མལ་གྱི་སྣང་བར་བྱོན་པ་འདི་ཁའི་ཡང་། ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཏེ། རྡོར་འཕྲེང་ལས། དྲི་མེད་སེམས་ནི་སངས་རྒྱས་འགྱུར། །ཆོས་ནི་ངག་ཏུ་ཡང་དག་གསུང་། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས། །ཞེས་པ་དཀོན་མཆོག་གསུམ་འདུས་ཡིན་པས་བླ་མ་སྐྱབས་གནས་སུ་བྱས་ནས་གསོལ་བ་བཏབ་ན་བླ་མར་བསྒྲུབ་པར་སོང་། རྡོར་འཕྲེང་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་རབ་ཏུ་བཞུགས། རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །མཆོད་པ་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །འདི་ཡི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་མ་བཞུགས། །ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །བསྐྱོད་པ་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དེ་ཡི་མིག་གི་དབང་གཉིས་ལ། །དེ་བཞིན་གཤེགས་པ་ས་སྙིང་ངོ་། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་ཡི་དབང་གཉིས་ལ། །དེ་བཞིན་གཤེགས་པ་མཁའ་སྙིང་བཞུགས། །དེ་ཡི་ལྕེ་ཡི་དབང་པོ་ལ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་། །ཁམས་བཞིའི་རང་བཞིན་གོང་བུ་ནི། རང་གི་ལུས་ཞེས་བྱ་མིང་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། དེ་བཞིན་གཤེགས་པ་འདིར་བཞུགས་སོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང་། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། དེ་བཞིན་གཤེགས་པ་བྱམས་པ་བཞུགས། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །བདེ་གཤེགས་གཞན་གྱིས་མི་ཐུབ་པའོ། །ཁ་ཡི་པདྨ་ལ་བཞུགས་པ། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པ་ལ་བཞུགས་པ། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱུག་སྔོན་པོ། །པུས་མོ་གཡོན་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོ་སྒྱུར། །རྐང་པའི་མཐིལ་དུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་ཀུན་གྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །ཞེས་ཕུང་པོ་ལྔ་ལ་སངས་རྒྱས། ཁམས་ལྔ་ལ་གཤེགས་མ། སྐྱེ་མཆེད་བཅུ་གཉིས་ལ་སེམས་དཔའ་སེམས་མ། ཡན་ལག་ལ་ཁྲོ་བོ་བཅུ་གནས་པར་བཤད་ལ། དེ་ཡང་། ལུས་དབེན་གྱི་དུས་སུའང་དེ་དག་ཞལ་ཕྱག་གི་དབྱིབས་ཅན་གྱི་ལྷར་ལྟ་མི་དགོས་ན་འདིར་ཅི་དགོས། བ་སྤུ་རེའང་དེ་ཐམས་ཅད་པར་འགྲོ་བ་ཡིན་ནོ། །འདི་ལྟར་བལྟས་ནས་གསོལ་བ་བཏབ་པས་དངོས་གྲུབ་མ་ལུས་པ་སྟེར་བས་བླ་མ་ཡི་དམ་གྱི་ལྷར་བསྒྲུབ་པར་སོང་། འགལ་བའི་རྐྱེན་དང་བར་དུ་གཅོད་པ་ཐམས་ཅད་བཟློག་པས་བླ་མ་མཁའ་འགྲོ་མ་དང་། འགྲོ་བ་ཐམས་ཅད་བུ་བཞིན་དུ་སྐྱོང་བས་བླ་མ་ཆོས་སྐྱོང་དུ་བསྒྲུབ་པར་སོང་བས་རྩ་བ་གསུམ་ཆིག་འདྲིལ་ཡིན། རྩ་བ་གསུམ་ཞེས་པའང་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་ཞེས་འཆད་པས་སོ། །མ་རིག་པ་ཐམས་ཅད་ལས་བཟློག་པའི་རིག་པ་ཆེན་པོར་གྱུར་པས་དབང་དང་། དེ་ཀ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་ཡོངས་སུ་སྤྱོད་པས་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་དང་། སྒོ་གསུམ་སྐུ་གསུང་ཐུགས་ཀྱི་མཛད་པ་རྨད་དུ་བྱུང་བ་ལས་མི་གཡོ་བའི་ཕྱིར་དམ་ཚིག་དང་། ཐམས་ཅད་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་སུ་བསྡམས་པས་སྡོམ་པ་དང་། ཆོས་ཀྱི་རྒྱལ་པོ་ཆེན་པོའི་གནས་ཐོབ་སྟེ་བྱ་བ་དང་ལས་ཐམས་ཅད་ལ་ཅི་དགའ་བར་འཇུག་པས་སྤྱོད་པ་དང་། དེ་བཞིན་ཕར་ཕྱིན་བཅུ་ལ་སོགས་པའི་བདག་ཉིད་ཀྱང་ཡིན་པས་ཆོས་ཐམས་ཅད་བླ་མའི་མོས་གུས་གཅིག་པུ་ལ་རྫོགས་པ་འདིས། ཆོས་རྗེས། རྗེ་ལ་གསོལ་བ་འདེབས་ནུས་ན། །ཆོས་མ་ཤེས་ཀྱང་འདི་ཀས་ཆོག །སྒོམ་མ་སྐྱེས་ཀྱང་འདི་ཀས་ཆོག །སོགས་གསུངས་སོ། །དེ་ལ་དགོངས་ནས་སྤྱིལ་དཀར་བ་ཆེན་པོས་དཀར་པོ་ཆིག་ཐུབ་ཅེས་པའི་གསོལ་འདེབས་མཛད་དོ། །དེ་ལྟར་མ་རྟོགས་ན་གང་ཟག་དེ་ཐོད་རྒལ་བའམ་རིམ་སྐྱེས་པ། དེ་དག་འདུལ་བའི་ལམ་ཐམས་ཅད་དེ་ལས་སྣང་སྟེ། རྒྱལ་དབང་རྗེས། དེ་ལྟར་མ་རྟོགས་འགྲོ་བ་རྣམས། །རང་གི་ཉེས་པས་སྡུག་བསྔལ་སྒྲུབ། །མ་རིགས་མུན་པས་ལྡོངས་པ་ཀུན། །ཁྱོད་ཀྱི་མངོན་ཤེས་སྤྱན་དང་ནི། །རྫུ་འཕྲུལ་ཞབས་ཀྱིས་བགྲོད་པ་ལས། །ཤིང་རྟའི་ཁ་ལོ་རབ་བསྒྱུར་ཏེ། །བདེ་བའི་ལམ་ནས་ཁྲིད་པར་མཛད། ཁམས་གསུམ་དག་པའི་རྒྱལ་སྲིད་ལ། །དེང་ནས་བདེ་བར་སྤྱོད་ཅིག་ཅེས། །དབང་དང་རྗེས་སུ་གནང་བ་དང་། །གདམས་དང་རྗེས་སུ་བསྟན་པའི་ཕུལ། །ཁྱེད་མཐུ་ཉིད་ལས་བདག་གིས་རྙེད། །ཅེས་གསུངས། འདི་ནི་བཀའ་རྒྱུད་རིན་པོ་ཆེ་འདིའི་ལུགས་ཀྱི་བྱ་བའི་སྙིང་པོ་སྟེ། འཁྲུལ་ཞིག་རིན་པོ་ཆེ་ནམ་མཁའི་རྣལ་འབྱོར་གྱིས། རྒྱལ་དབང་རྗེ་ལ་གདམས་པ། ཁྱེད་བརྒྱུད་པ་འདིའི་གདུང་མི་གཅོད་ཙམ་ཞིག་བྱེད་ན། མཆོད་པའི་གཙོ་བོ་བླ་མ་མཆོད་པ་ལ་གྱིས། སྒྲུབ་པའི་གཙོ་བོ་བླ་མ་སྒྲུབ་པ་ལ་གྱིས། ཉམས་ལེན་གྱི་གཙོ་བོ་གསོལ་བ་འདེབས་པ་ལ་གྱིས། ཞེས་གསུངས་པ་ཡིན་ནོ། །གཉིས་པ་རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་བསྒྲུབ་པ་ལ། སྨིན་པ་བྱེད་པའི་དབང་། གྲོལ་བར་བྱེད་པའི་སྒྲུབ་ཐབས། གེགས་བསྲུང་བའི་དམ་ཚིག །བོགས་འདོན་པའི་སྤྱོད་པ་བཞི་ལས། དང་པོ། སློབ་དཔོན་སྨིན་པའི་ལས་དང་། སློབ་མ་སྨིན་པར་བྱེད་པའི་ལས་གཉིས། དང་པོ་ནི། རྡོ་རྗེ་འཕྲེང་བར། ཐོག་མར་དཀྱིལ་འཁོར་རྣལ་འབྱོར་བདག །རྡོ་རྗེ་སློབ་དཔོན་རང་ཉིད་བསྒོམ། །སློབ་མ་བདག་ཉིད་འདྲར་དམིགས་ནས། དེ་འོག་ཐམས་ཅད་རབ་བསྒྲུབ་བྱ། ཞེས་དང་། སཾ་པུ་ཊར་ཡང་། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་པས། སྤྲོས་ན་བླ་མ་མཆོད་པའི་གཞུང་ལྷན་ཐབས་ཀྱིས་བརྒྱན་པ་ལྟར་བདག་བསྐྱེད་མདུན་བསྐྱེད་མཆོད་བསྟོད་རྫོགས་པའི་བར་བསྒྲུབས་ནས་བུམ་བསྐྱེད་ལ་འཇུག་ཅིང་། དེའང་རྣམ་རྒྱལ་དང་དེའི་སྟེང་དུ་རྣམ་རྒྱལ་ཆེན་པོ་ཐོད་པའམ་དུང་ཆོས། ལས་ཐམས་ཅད་པའི་བུམ་པ། དང་པོ་གཉིས་སུ་ཕྱི་ཡེ་ཤེས་ཀྱི་བུམ་པ་དང་ཐོད་པ་མཚན་ཉིད་ཐམས་ཅད་ཚང་བ་དང་ཡངས་པའི་འོག་གི་ཆར་བདུད་རྩིའི་རྒྱ་མཚོ། དེའི་དབུས་སུ་པདྨའི་སྡོང་པོ་ལ་ལྷ་ཚོགས་མདུན་བཞིན་བསྐྱེད་པ་དང་རྒྱས་བཏབ་ཀྱི་བར་བྱ། དེ་ནས་ཡན་ལག་བརྒྱད་ལྡན་སོགས་ཀྱིས་མཆོད་བསྟོད། བཟླས་པས་བསྐུལ་ཏེ། སྔགས་གཟུངས་ཐག་ལ་འཁྲིལ་བ། རྣམ་རྒྱལ་ཆེན་པོའི་ལྷའི་ཐུགས་ཀར་ཕོག །དེ་འོད་དུ་ཞུ་བའི་རྒྱུན་བུམ་པའི་ལྷ་ལ་ཐིམ་པས་བདུད་རྩིའི་རང་བཞིན་དུ་ཞུ་བ་དང་། ལས་ཐམས་ཅད་པ་ལ་ནི་ཞལ་བཞི་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་ཆོག་གོ །དེ་ནས་དབང་བླང་མདུན་གྱི་དཀྱིལ་འཁོར་བདག་ཉིད་ལ་བསྟིམ་ནས་ཅུང་ཟད་བསྒོམ་པར་བྱའོ། །དེ་ཡང་། བླ་མ་མཆོད་པའི་མདོའི་འགྲེལ་པ། སྒྲོན་གསལ་ལས་ཇི་ལྟར་རྫོགས་པར་གྱུར་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀྱིལ་འཁོར་གྱི་བདག་པོ་མི་བསྐྱོད་པ་ལ་སོགས་གསང་བ་འདུས་པའི་སྟོན་པ་པོར་གྱུར་པས་མཆོད་པར་བྱ་བ་དང་། བླ་མར་བྱ་བ་ཡིན་པས་བདག་ཅག་རྣམས་ཀྱི་ཕའོ། །ཞེས་བྱ་བ་ལ་སོགས་པའི་ཚིག་སྙན་པས་མངོན་པར་བསྟོད་དེ་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་པ་དེ་བཞིན་དུ་རིམ་པ་ལྔ་ལ་ཡང་དག་པར་བརྟེན་ཏེ་རྒྱན་རྣམ་པ་བདུན་དང་། བཤད་པའི་ཚུལ་རྣམས་ཀྱི་གསང་བ་འདུས་པ་རྣམ་པར་འབྱེད་པ། དེའང་མ་འོངས་པའི་ལག་ན་རྡོ་རྗེ་རྡོ་རྗེ་འཆང་མངོན་སུམ་བཞིན་གུས་པ་བསྐྱེད་ནས་མཆོད་པར་བྱའོ། །ཞེས་པ་འདིའི་དོན་སྟོན་པ་ཡིན་ནོ། །དོན་འདི་ཉིད་གསལ་པར་བྱ་བའི་ཕྱིར། དཔལ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་བཞིན་ཡེ་ཤེས་རྒྱ་མཚོ་ཆེ། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཡོན་ཏན་གྱིས་ནི་དངོས་གྲུབ་ཅིང་། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཕྱིར་ཀུན་ནས་རབ་བསྒྲིམས་ཏེ། །བསམ་ཡས་འབྲས་བུ་སྨིན་བྱེད་པ། སངས་རྒྱས་འབྲས་བུ་འདོད་པ་ཡིས། །སེམས་ཅན་དད་པས་དེ་མཆོད་ཅིག །ཅེས་གསུངས་པ་དང་། དེ་བཞིན་དུ་རིན་ཆེན་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཨུ་རྒྱན་གྱི་རི་ལ་བཞུགས་ནས་རྡོ་རྗེ་ཐེག་པ་ལ་སློབ་པར་བྱེད་པ་ཐམས་ཅད་ལ་བཀའ་སྩལ་པ། རྡོ་རྗེ་ཐེག་པ་ལ་སློབ་པར་བྱེད་པ་རྣམས་ཉོན་ཅིག །དེ་བཞིན་གཤེགས་པ་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ཏེ་མི་མཐོང་ནའང་། རྡོ་རྗེ་སློབ་དཔོན་རྡོ་རྗེ་བླ་མ་དེ་འདིར་སྟོན་པར་འགྱུར་རོ། །ཞེས་གསུངས་པ་དང་། དེ་བཞིན་དུ་སྟོང་ཕྲག་བརྒྱ་པ་ལས་ཀྱང་། སངས་རྒྱས་ཀྱི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་ཉེ་བར་བསྟན་པའོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས། གཉིས་པ་སློབ་མ་སྨིན་པའི་ལས་ལ། འཇུག་པ་དང་། དབང་བསྐུར་བ་དང་། དབང་གི་དམ་ཚིག་སྒྲག་པ་གསུམ་ལས། དང་པོ་ནི། སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་བདེ་མཆོག་རྩ་བའི་རྒྱུད་ལས་གསུངས་པས་དབང་བསྐུར་བ་ལ་དཀྱིལ་འཁོར་ཆེན་པོར་ཞུགས་པ་ཞིག་ངེས་པར་དགོས་ལ། དབང་མི་བསྐུར་བར་དེར་འཇུག་པ་ཙམ་ཞིག་སྦྱིན་ནའང་། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། མཐོང་བས་བྱང་བར་འགྱུར་ལགས་ན། ཞེས་པའི་ཕན་ཡོན་ཡོད་པས། ཡོ་ག་དེ་ཉིད་འདུས་པར། ཆོས་མི་ལྡན་གྱི་སློབ་མ་དཔག་ཏུ་མེད་པའང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པར་གསུངས་པ་ཡིན་ནོ། །དེ་དང་རྡོ་རྗེ་སློབ་མའི་དབང་ཙམ་ལས་མི་བསྐུར་ན་སྡོམ་པ་སྦྱིན་པ་དང་བྱིན་དབབ་པ་མི་མཛད་ལ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ན། དེ་གཉིས་འདིར་མཛད་དོ། །འདིར་ནི་ཕྱི་མའི་དབང་དུ་བྱས་སོ། །དེ་ལ་ཕྱིར་བྱ་བ་དང་ནང་དང་གསང་བའི་འཇུག་པ་གཉིས་ཏེ་གསུམ་ཡོད་པ་ལས། དང་པོ་ནི། དཀྱིལ་འཁོར་གྱི་ཕྱིའི་ཁང་བར། ཁྲུས་དང་མཎྜྻལ་སྔོན་དུ་འགྲོ་བའི་གསོལ་བ་བཏབ་པ་ལ། མིག་དར་བཅིང་། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི། ཞེས་ལན་གསུམ་བརྗོད་པས་རྣལ་འབྱོར་དུ་སེམས་བསྐྱེད་པར་བྱའོ། །སྔགས་དེ་བོད་སྐད་དུ། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པར་བགྱིའོ། ཞེས་འབྱུང་། ཐམས་ཅད་ནི་ལུས་དང་། ངག་དང་། ཡིད་དོ། །རྣལ་འབྱོར་ནི། རྣལ་འབྱོར་ཐབས་ཀྱིས་མ་ཡིན་ཞིང་། །ཤེས་རབ་གཅིག་པུས་འབྱོར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་པས་ཐབས་ཤེས་གཉིས་སུ་མེད་པའི་དོན་ལ་རྣལ་འབྱོར་ཞེས་བཏགས་པས་ན། སེམས་བསྐྱེད་པ་འདིས་སྔགས་ཀྱི་སྡོམ་པ་གཟུང་བ་ཡིན་ཏེ། དེའི་མཚན་ཉིད། ལུས་ངག་ཡིད་གསུམ་ཐབས་ཤེས་ཟབ་མོའི་རང་བཞིན་དུ་སྡོམ་པའི་ཚུལ་ཁྲིམས་ཞེས་འབྱུང་བས་སོ། །དེ་ལྟར་བསྡམ་ཐུབ་ན་མི་མཐུན་ཕྱོགས་འོང་བའི་གཞི་མེད་པས་བྱང་ཆུབ་སེམས་ཀྱི་སྡོམ་པའང་དེའི་ནང་དུ་འདུ་སྟེ། དེའི་མཚན་ཉིད་ལ་སྒོ་གསུམ་གྱི་ཉེས་པ་མ་ལུས་པ་སྤོང་བའི་ཚུལ་ཁྲིམས་ཞེས་བཞག་པས་སོ། །འདིར་ཉེས་པའང་། གཞན་དོན་གྱི་གེགས་སུ་འགྲོ་ན་སྤྱི་ལྔོག་ནས་དགེ་བར་བཞག་པ་འགའ་ཞིག་ཀྱང་དེ་ལ་ལྟུང་བར་འགྱུར་བ་ཉན་རང་དུ་སེམས་བསྐྱེད་པ་ལྟ་བུ་སྟེ། མདོ་སྡུད་པར། སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། ཞེས་གསུངས་པས་སོ། །གཞན་དོན་དུ་འགྱུར་ན་བསད་སོགས་བཞི་ཀའང་དགེ་བར་འགྱུར་བ། སྤྱོད་འཇུག་ལས། ཐུགས་རྗེ་མངའ་བས་རིང་གཟིགས་ནས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་པ་ལྟ་བུའོ། །སོ་སོ་ཐར་པའི་སྡོམ་པའང་། ལུས་ངག་གི་ཉེས་པ་ཙམ་སྤོང་བའི་ཚུལ་ཁྲིམས་ལ་བྱེད་པས། དེའི་ནང་ཚན་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཁོ་ནའོ། །དེ་བས་ན་སྔགས་ཀྱི་སྡོམ་པ་ཐོབ་པ་ཉིད་ཀྱིས་སྡོམ་པ་གསུམ་ལྡན་དུ་གྲུབ་ལ། དཔུང་བཟང་ལས། སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། ཞེས་བཅས་རྐྱང་རྣམས་བཞག་པའི་ཕྱིར་སོ་ཐར་འདི་ནི་འདུལ་བར་བཤད་པའི་དགེ་བསྙེན་དུ་བསྡུའོ། །འོ་ན་འདིར་སྔགས་སྡོམ་རྫོགས་པར་ཐོབ་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །དབང་ལས་ཡང་དག་ཤེས་པར་འགྱུར། ཞེས་གསུངས་པའི་ཕྱིར་འདི་ནི་སྨོན་པ་ཙམ་སྟེ་དབང་དུས་སུ་ཇི་ལྟ་བ་ཐོབ་པར་འགྱུར་རོ། །དེ་ལྟར་སེམས་བསྐྱེད་པས་དེ་བརྟན་པར་བྱ་བའི་ཕྱིར་སྙིང་ཁར་རྡ་ོརྗེ་བཀོད་ནས། ཨོཾ་སུ་ར་ཏེ། སོགས་བརྗོད་པས་བྱིན་གྱིས་བརླབ་པོ། །ནང་འཇུག་ནི། དེ་ནས། ཨཿ་ཁཾ་བཱི་ར་ཧཱུྃ་གིས་དཀྱིལ་འཁོར་གྱི་ཤར་སྒོར་བཅུག་སྟེ། དེའི་ནང་གི་ཁྱམས་སུ་གཞག་པའོ། །གསང་བའི་འཇུག་པ་ནི། བྱིན་དབབ་པའི་ཆོ་ག་སྟེ། བྱིན་ནི་དཔལ་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེའི་སློབ་དཔོན་གྱི་སྐུ་གསུང་ཐུགས་ཡིན་ལ། དབབ་པ་ནི་སློབ་མ་ལ་དེ་གཞུག་པའོ། །དེའང་དུས་ཀྱི་འཁོར་ལོར། སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་གིས་སྐུ་ཡི་བྱ་བ་བྱེད་པ་སྟེ། །གསུང་ཕེབས་པས་ནི་ལྷ་དང་འབྱུང་པོ་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་སྨྲ་བ་པོ་རུ་འགྱུར། །ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་དག་དང་བྱུང་དང་འབྱུང་བ་ཐམས་ཅད་ཤེས་པར་འགྱུར། །ཡེ་ཤེས་ཕེབས་པས་སངས་རྒྱས་བླ་མ་ཡི་ཡང་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུར་འགྱུར། །ཞེས་སོ། །དེ་བས་ན་བྱིན་དབབ་འདི་ལྟ་བུ་ལས་ལྷག་པའི་དབང་དང་རིམ་གཉིས་མེད་པས། སློབ་མ་དབང་རྣོན་ལ་དེ་ག་བྱིན་རླབས་འཕོ་བའི་དབང་ཞེས་སམ། ཡེ་ཤེས་རྡོ་རྗེ་དབང་བསྐུར་བའི་ཆོ་ག་ཞེས་བཏགས་ནས་ལོགས་སུ་དགར་ཏེ་སྟོན་པར་མཛད་ལ། གལ་ཏེ་ཆ་ཤས་ཙམ་ལས་མ་ཕེབས་ན་དེ་བརྟན་པར་བྱས་ནས། རིགས་བརྟགས་པའི་ཕྱིར་མེ་ཏོག་སློབ་དཔོན་གྱི་སྐུ་ལ་དོར་ཏེ། དེའང་དུས་འཁོར་ལས། གང་གི་གནས་སུ་མེ་ཏོག་བཟང་པོ་ལྷུང་བ་དེ་ནི་མི་ཡི་བདག་པོ་དེ་ཡི་རིགས་སུ་ངེས། །ཞེས་པས། སྤྱི་བོ་རྣམས་སྣང་། མགྲིན་པ་འོད་དཔག་མེད། སྙིང་ག་མི་བསྐྱོད་པ། ལྟེ་བ་རིན་འབྱུང་། གསང་བ་དོན་གྲུབ་ཏུ་གསང་སྔགས་སྤྱི་འགྲོས་ཀྱི་དབང་དུ་བྱེད་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་གང་དུ་བབས་པའི་ལྷས་དངོས་གྲུབ་ཀྱི་ཚུལ་དུ་པྲ་ཏི་སོགས་ཀྱིས་འཕྲེང་བ་དེ་སླར་སྦྱིན་པར་བསམ། མིག་དར་ཕྱེ། དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་དངོས་སུ་མཐོང་བར་བསམ་མོ། །གཉིས་པ་དབང་བསྐུར་བ་ལ། སློབ་དཔོན་གྱི་དབང་། གསང་བའི་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་རིན་པོ་ཆེ་ལས། དང་པོ་ནི། རྡོརྗེ་འཕྲེང་བར། དང་པོའི་དབང་ནི་གཙོ་བོ་སྟེ། གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་དོན་ནི་དམ་པའོ། །ཞེས་དང་། དགའ་བ་ལ་སོགས་རིམ་པ་ཡི། །ཐམས་ཅད་ལ་ནི་ང་ཡིས་ཁྱབ། །ཅེས་དང་། བརྟག་གཉིས་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པའི་དང་པོ་གསུམ་ལ་རྒྱུ་དབང་། ཕྱི་མ་འབྲས་བུའི་དབང་དུའང་འགྲོ་བར་བཤད་དེ། །རྡོར་འཕྲེང་ལས། རྣམ་པ་གསུམ་ནི་རྒྱུ་ཡི་དབང་། །བཞི་པ་འབྲས་བུར་ཤེས་པར་བྱ། ཞེས་སོ། །དེས་ན་འདིར་བཞི་པ་སྦས། དབང་གསུམ་རྩ་བའི་མདོར། ཐམས་ཅད་དབང་བསྐུར་གནས་གསུམ་གྱི། །ཞེས་གསུངས་པའི་དང་པོ། དཀྱིལ་འཁོར་གང་དུ་དབང་བསྐུར་བ་ཡིན་ཞེ་ན། སྤྱི་འགྲོས་ལ། བུམ་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་གསུངས་ལ། དུས་ཀྱི་འཁོར་ལོ་ནས། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན། །ཞེས་བུམ་དབང་དེར་བསྐུར་བ་བཀག་ནས་ལུས་ཀྱི་དཀྱིལ་འཁོར་དུའོ། །ལུས་ཀྱང་ཕྱག་རྒྱ་མའི་ལུས་ལ་བཞག་ཅིང་། བུམ་པའང་དེའི་ནུ་མ་ལ་མཛད་དོ། །འདི་ནི་ཀླུའི་བྱང་ཆུབ་ཀྱིས། དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་གསུངས་པ་དང་། འཕྲེང་བ་མཁན་པོས་ཀྱང་། རྡུལ་ཚོན་ཀྱི་དཀྱིལ་འཁོར་རམ། རས་བྲིས་ལ་སོགས་པའི་དཀྱིལ་འཁོར་རམ། མངོན་སུམ་དུ་བྱས་པའི་ཡིད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་དུ་ཇི་ལྟར་གསུངས་པའི་མཆོད་པ་ལ་སོགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་རབ་ཏུ་གནས་པ་དང་། སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པའམ་བྱའོ། །ཞེས་འབྱུང་བ་བཞིན་བློས་སྒོམ་པ་ཙམ་སྟེ། དེའི་ཕྱིར་བཏགས་པའི་དཀྱིལ་འཁོར་ཏེ། རྡ་ོརྗེ་མཁའ་འགྲོའི་རྒྱུད་ལས། བྲིས་པས་བསོད་ནམས་གང་མཐོང་བ། །བསམས་པས་ཀྱང་ནི་དེ་བཞིན་མཐོང་། །སློབ་མ་བདག་ཉིད་ཆེན་པོ་ལ། །འདི་ཡི་དབང་ནི་བསྐུར་བར་བྱ། །དབང་བསྐུར་དམ་པ་བསྒོམ་བྱར་འདོད། །ཅེས་གསུངས་པས་འདི་ལའང་མདུན་དཀྱིལ་ཡོད་པ་དང་མེད་པ་གཉིས་ལས། འདིར་མེད་པ་སྟེ། སློབ་དཔོན་བདག་ཉིད་དཀྱིལ་འཁོར་ཆེན་པོ་གསལ་བཏབ་པ་དེར་དབང་བསྐུར་བ་ཡིན་ཏེ། དེའང་རྩ་བའི་མདོར། སློབ་དཔོན་སྙིང་གར་རབ་བསྒོམས་ནས། དབང་བསྐུར་བ་ནི་ཡང་དག་སྤྱད། །དེས་ན་འདི་ལ་བསམ་གཏན་གྱི་དཀྱིལ་འཁོར་ཞེས་གསུངས། དེས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུའང་འགྲོ་སྟེ། བསྐྱེད་རིམ་དེ་ཁ་ཏིང་ངེ་འཛིན་དུ་འདོད་པས་སོ། །སྒྲོན་གསལ་ལས། སློབ་མ་ལ་དབང་བསྐུར་བར་བྱ་བའི་ཕྱིར། ཞེས་པ་ལ་སོགས་པས་གསུངས་ཏེ། རང་གི་གནས་ཐོབ་ཅིང་རེག་པར་མཛད་པས་ན་སློབ་དཔོན་ཏེ་རྡོ་རྗེ་འཆང་ཆེན་པོའོ། །དེ་སྙིང་གར་ཞེས་བྱ་བ་སྙིང་གའི་པདྨ་ལ། བསྒོམས་ནས་ཡིད་ཀྱིས་དབང་བསྐུར་བ་ཙམ་ཞེས་སྦྱར་བར་བྱའོ། །ཞེས་པས། གལ་ཏེ་སློབ་དཔོན་དེ་བསྒོམ་པ་གོམས་པ་ཞིག་ན། ཇི་ལྟར་བསྒོམས་པ་དེ་ལྟར་གཞན་ལ་སྟོན་ནུས་པས། གཞན་དག་འདོད་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེར་ཡང་འགྲོ་སྟེ། རྡོ་རྗེ་མཁའ་འགྲོར། བསྒོམ་པ་ཁྱད་པར་གང་ཞིག་གི །བསྒོམ་པའི་སྟོབས་ནི་རྫོགས་པ་ནི། ཡིད་འོང་བདེ་བའི་འབྲས་བུ་ནི། བླ་མེད་གསལ་བ་བློ་ཡི་མཐུ། །ཞེས་སོ། །གཞན་དུ་ཡིད་ཀྱིས་སྤྲུལ་པ་ཡིན་པའི་ཕྱིར་འདི་ཁ་སྤྲུལ་པའི་དཀྱིལ་འཁོར་དུའང་བཞག་གོ །དཀྱིལ་འཁོར་ཞེས་པའི་སྒྲ་བཤད་ཀྱང་། བརྟག་གཉིས་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །ལེན་པར་བྱེད་པ་འཁོར་ལོ་ཉིད། །ཅེས་གསུངས་པ་དེ་ཡིན། དེར་ཇི་ལྟར་དབང་བསྐུར་བའི་ཆོ་ག་ལ། རྡོ་རྗེ་སློབ་མའི་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་གཉིས། དང་པོ་ནི། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། ཆུ་དབང་སོགས་ལྔ་སྦྱིན་པའི་དང་པོ་ཆུ་དབང་ལ། རྡོ་རྗེ་འཕྲེང་བ་ལས། རྣམ་རྒྱལ་བུམ་པ་བླངས་ནས་ནི། །པདྨའི་སྒོ་ནི་བཟང་པོ་ལ། ཧཱུྃ་རྡོར་ལས་བྱུང་མི་བསྐྱོད་བསྒོམ། །རང་ཉིད་ཡེ་ཤེས་ས་བོན་གྱི། །འོད་ཟེར་ཡང་དག་བསྐུལ་ལས་བྱུང་། །སླར་ཡང་ཡེ་ཤེས་སེམས་དཔའ་བསྒོམ། །མི་བསྐྱོད་པ་ཡི་རྣམ་པ་མཆོག །ཅེས་དབང་རྫས། བསྐུར་མཁན་གྱིས་དབང་ལྷ་བསྟན། སྦྱང་གཞི་རྣམ་པར་ཤེས་པའི་ཕུང་པོ་དང་ཆུ་ཞེ་སྡང་། སྦྱོང་བྱེད་ཆུའི་དབང་། འདི་ལ་མི་བསྐྱོད་པ་དང་དག་པ་སྦྱར་ནས་མི་བསྐྱོད་པ་ཆུའི་དབང་ཞེས་རྒྱུད་སྡེ་སྤྱི་འགྲོས་ལ་གྲགས། དུས་འཁོར་ལས། དབང་ལྔ་ལ་རིགས་ལྔའི་དག་པ་ངེས་པར་སྦྱོར་མི་དགོས་པས་དེ་ཉིད་དུ་དེ་མི་མཛད། དབང་དེ་ཚུལ་ཇི་ལྟར་བསྐུར་ན། རྩ་བའི་མདོར། སངས་རྒྱས་ཀུན་གྱིས་ནམ་མཁའི་དབྱིངས། །ཡོངས་སུ་གང་བར་རྣམ་བསྒོམས་ལ། །ཞེས་གསུངས་པས། དཀྱིལ་འཁོར་གྱི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་བཞེངས་ནས་དབང་བསྐུར། དབང་ཡུལ་གྱི་སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད། ལས་དབང་གི་ཁྲོ་བོ་ཁྲོ་མོས་བགེགས་སྐྲོད་པ། དབང་ལྷ་འདི་ལ་གདན་གསུམ་ཚང་བའི་ལྷ་ཟེར་བའི་རྒྱུ་མཚན། ཕུང་ཁམས་གཤེགས་པ་གཤེགས་མའི་གདན། སྐྱེ་མཆེད་སེམས་དཔའ་སེམས་མའི་གདན། ལས་དབང་བྱ་བ་དང་བཅས་པའམ། ཡན་ལག་ཁྲོ་བོ་ཁྲོ་མོའི་གདན་ཏེ་གདན་གསུམ། གདན་ཞེས་པའང་གཞིའི་དོན་ཏེ། རྒྱུ་དུས་ཀྱི་ཕུང་པོ་སོགས་འབྲས་བུའི་དུས་སུ་སངས་རྒྱས་སོགས་ཀྱི་ལྷར་འགྱུར་བས་གདན་གསུམ་ཚང་བའི་ལྷར་བཞག་སྟེ་དབང་བསྐུར་མཁན་ཡིན་ནོ། །དེ་ཡང་འདིར་དཀྱིལ་འཁོར་བའི་ཕུང་སོགས་ཁོ་ན་ལས་ལོགས་པ་ཞིག་སྒོམ་མི་དགོས་པར་བླ་མ་བཞེད་དེ། སངས་རྒྱས་ཀྱི་གཟུགས་སྐུའི་ཕུང་སོགས་ཀ་དེ་བཞིན་གཤེགས་པ་དེ་དག་ཏུ་བཞག་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་ཞེས་པའང་ཤེར་སྙིང་དུ། སྟོན་པ་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དེའི་མཐུ་ལས་སྤྱན་རས་གཟིགས་དང་ཤཱ་རིའི་བུ་བགྲོ་བ་མཛད་དེ་ཤེར་སྙིང་བཤད་པ་ལྟ་བུའོ། །དགོངས་པ་དེ་ལ་ཞུགས་པའི་མཐུས། རིག་པའི་ལྷ་མོ་དེ་དག་དབང་བསྐུར་བར་མཛད་ཅིང་སེམས་དཔའ་སོགས་བཀྲ་ཤིས་བརྗོད་པ་དང་བགེགས་བསྲུང་བར་གྱུར་པ་ཡིན། དེ་བས་ན་ཆོས་གང་ལའང་འདྲ། ཚུལ་དེ་ལྟ་བུའི་བྱིན་གྱིས་རློབ་པའི་བླ་མ་ཐམས་ཅད་ལ་བྱིན་རླབས་བརྒྱུད་པའམ། རྙིང་མ་བས་རྒྱལ་བ་དགོངས་བརྒྱུད་ཅེས་བཞག་གོ །དེ་ལྟར་སྦྱོང་བྱེད་དེས་སྦྱོང་ཁྱེར་ལ། གཞན་སྟོང་པ་རྣམས། དཔེར་ན་དྲི་མས་ནོགས་པའི་དཀར་ཡོལ་སྦྱང་གཞི། སྦྱང་བྱ་དྲི་མ་སྦྱོང་བྱེད་ཆུ་ལྟ་བུས་བཀྲུས་པས་སྦྱངས་འབྲས་དཀར་ཡོལ་གཙང་མར་སྣང་བ་ལྟར། ཕུང་སོགས་ཀྱི་སྦུགས་ན་ཡོད་པའི་སྙིང་པོ་དེ་དང་བཅས་པ་སྦྱང་གཞི། སྦྱང་བྱ་རྣམ་ཤེས་ཀྱི་ཕུང་པོ། སྦྱོང་བྱེད་ཆུ་དབང་། སྦྱངས་པས་ཕུང་པོ་དེ་དག་ནས་གཞན་རྣམ་པར་ཤེས་པའི་ཕུང་པོ་དག་པ་དེ་བཞིན་གཤེགས་པའི་སྙིང་པོའི་སྟེང་གི་ཡོན་ཏན་གྱི་ལྡོག་ཆ་ཞིག་མངོན་དུ་འགྱུར་བར་འདོད་པ་ཡིན་ནོ། །འདི་ནི་གཉིས་སུ་སྣང་བ་མ་སྤངས་པས་མ་རིག་པ་བཟློག་མི་ནུས། འོ་ན་གང་ཞེ་ན། སྦྱང་གཞི་རྣམ་པར་ཤེས་པ་དང་ཞེ་སྡང་། དེ་ཡུལ་ཐོག་ན་གྲུབ་ཡེ་མ་མྱོང་། མ་རིག་པས་བསླད་པའི་བློའི་འཛིན་སྟངས་ཀྱིས་དེ་ལྟར་གཟུང་བ་ཡིན། དེས་བློ་དེ་ལ་འཁྲུལ་པ་ཞེས་དང་། །བློ་འཁྲུལ་པས་མ་རྟོགས་ཡུལ་རང་ངོས་ནས་མ་གྲུབ། འཁོར་བའི་ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ། ཐག་ཁྲ་ལ་སྦྲུལ་དུ་བཟུང་བ་ལྟ་བུ། རྣམ་ཤེས་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ། དེར་སྣང་བས་རྣམ་ཤེས་སྒྱུ་མ་ལྟ་བུར་མངོན་སུམ་དུ་མཐོང་བ་ལྷའི་དེ་ཁོ་ན་ཉིད་ཡིན་པས། དེ་ལ་རྣམ་ཤེས་མི་བསྐྱོད་པ། དེ་བཞིན་ཆུ་མཱ་མ་ཀཱི། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བཏགས་དེའང་རྣམ་གྲངས་པའི་དོན་དམ་གནས་སྐབས་ཀྱི་སྦྱངས་འབྲས་ཡིན། མཐར་ཐུག་ལ་རྣམ་ཤེས་དང་མི་བསྐྱོད་པ་གཉིས་ཀ་བཞག་ཏུ་མེད་དེ། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་གྲུབ་པའོ། །སྦྱངས་འབྲས་མཚན་ཉིད་པ་ནི་དེ་ཡིན་ནོ། །ཅོད་པན་གྱི་དབང་ལ། རྡོར་འཕྲེང་ལས། ས་བོན་ཏྲཱཾ་ལས་བྱུང་བ་ཡི། །རིན་ཆེན་འབྱུང་གནས་བསྒོམས་ནས་ནི། །རི་མོ་དར་སོགས་ཅོད་པན་ཡང་། །སློབ་མའི་མགོ་ལ་སྦྱིན་པར་བྱ། །ཞེས་གསུངས། ཚོར་ཕུང་དང་། ནམ་མཁའི་ང་རྒྱལ་སྦྱང་གཞི། སྦྱོང་བྱེད་རིན་ཆེན་འབྱུང་གནས་ཅོད་པན་གྱི་དབང་། སྦྱངས་འབྲས་རིན་ཆེན་འབྱུང་གནས་དང་དབྱིངས་ཕྱུག་མ། མཉམ་པ་ཉིད་ཀྱི་ཡེ་ཤེས། རིམ་པ་བཞིན། དེ་བཞིན། སྲཱི༔ལས་པདྨ་རྫོགས་པར་ནི། །འོད་དཔག་མེད་དུ་རྣམ་པར་བསྒོམ། །རྡོ་རྗེ་ལག་པ་གཡས་པར་སྦྱིན། །འདུ་ཤེས་ཀྱི་ཕུང་པོ་དང་། མེ་འདོད་ཆགས་སྦྱང་གཞི། །སྦྱོང་བྱེད་སྣང་མཐའ་རྡོ་རྗེའི་དབང་། སྦྱངས་འབྲས་འོད་དཔག་མེད་དང་གོས་དཀར། སོ་སོར་རྟོག་པའི་ཡེ་ཤེས། ཁཾ་ལས་བྱུང་བའི་རལ་གྲིའམ། དོན་ཡོད་གྲུབ་པ་རང་ངོ་བོ། །རྫོགས་པར་ལག་པ་གཡོན་པར་སྦྱིན། །ཞེས་པས། འདུ་བྱེད་ཀྱི་ཕུང་པོ་དང་། རླུང་ཕྲག་དོག་སྦྱང་གཞི། སྦྱོང་བྱེད་དོན་ཡོད་གྲུབ་པ་དྲིལ་བུའི་དབང་། སྦྱངས་འབྲས་དོན་གྲུབ། སྒྲོལ་མ། བྱ་བ་གྲུབ་པའི་ཡེ་ཤེས། རྣམ་པར་སྣང་མཛད་རང་ངོ་བོ། །སློབ་མའི་མགོ་ལ་ལག་བཀབ་སྟེ། །རྡོ་རྗེ་ཅན་གྱི་མིང་དབང་བསྐུར། །དེ་ལྟར་དབང་བསྐུར་བས་གཟུགས་ཕུང་ས་གཏི་མུག་སྦྱང་གཞི། སྦྱོང་བྱེད་རྣམ་པར་སྣང་མཛད་མིང་དབང་ངོ་། །སྦྱངས་འབྲས་རྣམ་སྣང་། སྤྱན་མ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་ཕྱིར་འདི་སངས་རྒྱས་ལྔའི་དག་པའམ་མ་རིག་པ་ལས་ལོག་ནས་རིག་པའི་ཡེ་ཤེས་ལྔ་བསྐྱེད་པས་རིག་པའི་དབང་ངོ་། །རྒྱུད་དེ་ལས། སངས་རྒྱས་ལྔ་ནི་དག་པ་འདིས། །དབང་བསྐུར་ལྔ་ནི་ཐོབ་པར་འགྱུར། །མ་རིག་པ་ནི་བསལ་ནས་ནི། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་འབྱུང་བས་སོ། །དབང་གིས་སྒྲ་བཤད། སྔར་མི་དབང་བ་ལ་ད་དབང་བར་བྱས་པ་དབང་ཞེས་པ་ལས་འདིར། བླ་མ་དང་སློབ་མ་རྟེན་འབྲེལ་འགྲིག་ན་སྦྱང་གཞི་སྦྱོར་ནུས་ཤིང་། དེ་ལས་སྦྱངས་འབྲས་ཇི་ལྟ་བ་མངོན་སུམ་དུ་བྱེད་ནུས། དེ་ལྟ་ན་དེ་ཁར་དབང་ཐམས་ཅད་རྫོགས་པ་ཡིན་ཏེ། དེ་ཡང་། རྡོ་རྗེ་རྩེ་མོར། རྡོ་རྗེ་སེམས་དཔའི་དབང་བསྐུར་བས། །ངོ་བོ་ཉིད་ཀྱི་སྐུ་རུ་འདོད། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །རྡོ་རྗེ་རིན་ཆེན་དབང་བསྐུར་བས། །དེ་ནི་མཚན་དང་དཔེ་བྱད་དོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །ཁམས་མཚུངས་ཆོས་ཀྱི་སྙིང་པོ་ཅན། །རྡོ་རྗེ་ལས་ཀྱི་དབང་བསྐུར་བས། །སྤྲུལ་པ་ཡི་ནི་སྐུ་རུ་འདོད། །གསང་བ་བཞི་ཡི་དབང་བསྐུར་བས། །རྫོོགས་སངས་རྒྱས་ཀྱི་བྱང་ཆུབ་འཐོབ། །དེ་ནས་མིང་གི་དབང་བསྐུར་བས། །ཐུབ་དེ་རྣམ་པར་སྣང་མཛད་འགྱུར། །ཆོས་ཉིད་ཀྱང་ནི་ཡང་དག་རྟོགས། །ཞེས་སོ། །སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་དེ་ལྟར་ཡིན་པའི་གོ་བ་སྐྱེས་པ་ཙམ་སྣོད་རུང་སྟེ། ཕྱིས་མངོན་དུ་འགྱུར་བར་བྱེད་ངེས་པའི་རྒྱུ་ཚོགས་གྲངས་ཚང་བ་ཙམ་དང་ལྡན་པར་སོང་བའི་ཕྱིར་ཏེ། ཚད་མ་ལས་མ་ཚང་མེད་རྒྱུ་དེ་ལ་ནི། འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་པས་སོ། །སྡོམ་པའང་དེའི་ཚེ། རིགས་ལྔའི་དམ་ཚིག་ལ་དྲང་ངེས་གཉིས་གསུངས་པའི་སྔ་མ་བསྲུང་སྟེ། དེའི་རིགས་སུ་སྐྱེས་པའི་ཕྱིར་རིགས་ཀྱི་བྱ་བ་ལས་མི་འགོང་པ་ལུགས་ཡིན་པས་སོ། །དངོས་གྲུབ་ཀྱང་ཐུན་མོང་བ་ཙམ་སྒྲུབ་པར་བཤད་དོ། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ། བུམ་པའི་བྱ་བ་གཙོ་བོར་བཏོན་པ་དང་། དམ་ཚིགས་གསུམ་འཛིན་པ་གཙོ་བོར་བཏོན་པ་གཉིས་བྱུང་བའི་དང་པོས་བུམ་དབང་། ཕྱི་མས་སློབ་དཔོན་གྱི་དབང་ཞེས་གསུངས་ཀྱི། འབྲས་བུ་ལ་བལྟོས་ནས་ཕྱིར་མི་ལྡོག་པའི་དབང་ཞེས་བྱའོ། །ཕྱི་མ་འདི་མདོ་ལུགས་པས་མ་ངེས་པའི་རིགས་ཅན་ཡང་སྦྱོར་བའི་ལམ་ཐོབ་པ་ན་ཕྱིར་མི་ལྡོག་པར་བཤད་པ་དང་དོན་གཅིག །དེ་ལྟར་མིང་གསུམ་ཀས་རྡོ་རྗེ་འཆང་ཆེན་པོའམ་རྡོ་རྗེ་སེམས་དཔའི་དབང་འདི་ཀ་བརྗོད། རྡོ་རྗེ་འཕྲེང་བར། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །རྡོ་རྗེ་སེམས་དཔའ་བདག་ལ་སྩོལ། །ཞེས་འབྱུང་བས་སོ། །དབང་བསྐུར་ཚུལ་ཁྱད་པར་ཡོད་ཀྱང་ཐོབ་དོན་ལ་ཁྱད་མེད་པ་ནི། སེམས་བསྐྱེད་ཀྱི་ཆོ་ག་དང་དེ་ལྟ་བུའོ། །འདིར། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཅེས་པའི་རྡོ་རྗེ་དང་། དྲིལ་བུ་ལོང་། །ཞེས་པའི་དྲིལ་བུ། ཕྱག་རྒྱ་གསུམ། མཚོན་བྱེད་དེ་ཙམ་པར་ཤེས་ན། མི་ཟབ་པ་བསྐྱེད་རིམ་དང་འབྲེལ་བ། བརྟག་གཉིས་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་པ་ལྟར། རྡོ་རྗེ་འཆང་ཡབ་ཡུམ་གྱི་རྡོ་རྗེ་རྟགས་དང་དྲིལ་བུ་པདྨ་གཉིས་ཁ་སྦྱོར་དུ་བསྒོམ་པར་བརྡ་འཕྲོད་ན་ཟབ་མོ་བསྐྱེད་པ་དང་བསྐྱེད་རིམ་སྒྱུ་མའི་དབང་དུ་འགྲོ །ཡང་སཾ་པུ་ཊར། ཧཱུྃ། རྡོ་རྗེ་གསོར་བ་མཛེས་པ་སྟེ། །སེམས་ཅན་ཐམས་ཅད་བསྒྲལ་བར་བྱ། །རྣམ་ཐར་ཆོས་སུ་བྱེད་པ་སྟེ། །སྙིང་པོ་མཆོག་གི་རྡོ་རྗེ་གཟུང་། །ཞེས་ཐུགས་བརྗོད་བྱ་དོན་གྱི་ཨེ་ཝཾ་དང་། དྲིལ་བུ། ཨཱཿཤེས་རབ་ཐབས་ཀྱི་ཆོ་ག་ནི། །འགྲོ་བ་རྣམས་ནི་སད་པའི་བདག །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་དོན་ཕྱིར་དཀྲོལ་བར་བྱ། །ཞེས་ཐམས་ཅད་མཁྱེན་པའི་སྐད་བརྗོད་པ་སྒྲའི་ཨེ་བཾ། ཨོཾ་ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །མཉམ་པར་གཞག་པ་ཧཱུྃ་གི་ལུས། །ཕྱོགས་བཅུ་ཀུན་ཏུ་བསྒྲག་བྱ་སྟེ། །ཤེས་རབ་ཐབས་ཀྱི་སྒྲ་སྒྲོག་བྱ། །ཞེས་པའི་དོན་ཁ་སྦྱར་གཟུགས་ཀྱི་ཨེ་བཾ་ཡིན་པའི་ངེས་པ་མངོན་དུ་གྱུར་ན། སྐུ་གསུང་ཐུགས་ཀྱི་དམ་ཚིག་རྫོགས་པས་བུམ་དབང་དུ་དབང་བཞི་རྫོགས་པར་སོང་ཞིང་། ཆ་ཤས་ཙམ་མྱོང་བ་ལས་ནི་དགའ་བ་དང་པོ་ཉིད་ལ་དགའ་བ་བཞིར་བྱེ་བ་དང་གནད་གཅིག་ཏུ་འགྱུར་རོ། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །ཞེས་དགའ་བ་ཙམ་རིག་པའི་དབང་བསྐུར་དེས་ཚོགས་ཀྱི་འཁོར་ལོ་སོགས་སྟོན་མོ་དང་། རབ་ཏུ་གནས་པ་དང་། དེ་ཙམ་གྱི་དབང་གིས་གཞན་རྗེས་སུ་འཛིན་པ་དང་། ཚོགས་པ་ལ་བཤད་པའི་རྒྱུད་སྟོན་པ་པོར་འགྱུར་བས། དེའི་ཆེད་དུ། སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་གདམས་པ་ཡིན་ནོ། །དེ་བས་ན་འདིའི་སྦྱང་གཞི་ལུས། སྦྱོང་བྱེད་སློབ་དཔོན་གྱི་དབང་། ལམ་བསྐྱེད་རིམ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེའི་ཕྱིར་དབང་འདི་ལ་རིགས་དྲུག་ཏུ་བཤད་དོ། །གཉིས་པ་གསང་དབང་ནི། དཀྱིལ་འཁོར་དུས་འཁོར་ལས་བྷ་གར་གསུངས་འདིར་སྤྱི་མཐུན། རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱི་ལུས་དཀྱིལ། གང་གིས་བསྐུར་བ་ནི་ཕ་མ་དེ་གཉིས་ཀྱི་འཁོར་ལོ་བཞིའི་ཐིག་ལེ་གསང་བར་ཕབ་པ་དེས་བསྐུར་བས་གསང་དབང་། ཇི་ལྟར་བསྐུར་བ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །ཞེས་པའི་དཔེ་ནི། བརྟག་གཉིས་ལས། ཐིག་ལེ་མཆོག་མ་བཀུག་ནས་ནི། །རྡོ་རྗེ་སྙིང་པོ་དབང་སྦྱིན་ལྟར། །ཞེས་པ་ལྟ་བུ་དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེང་འདིར་ཁྱེད་ལ་དབང་བསྐུར་རོ། །བྱང་ཆུབ་ཀྱི་སེམས་སྦྱིན་པས་དྲང་བའི་དོན་དུ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་བཟའ་བ་དང་། སྦས་པའི་དོན་དུ་འབར་འཛག་གི་འགྲོས་ལས་ཁམས་སྒྲིབ་བྲལ་དུ་ཟ་བ་སྟེ། སྡོམ་འབྱུང་ལས། ཨེ་མ་ཧོ། ཇི་ལྟར་ཇི་ལྟར་བཟའ། །སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་བཟའ། །ཨེ་མ་ཧོ། ལྷན་སྐྱེས་བདག་ཉིད་ཆེ། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །ཅེས་སོ། །སྦྱང་གཞི་ཡི་གེ་དེ་ལས་མིང་ཐ་ཚིག་གིས་ལུང་སྟོན་པའི་སྒྲར་འགྱུར་བས་ངག་སྟེ། དགོངས་པ་ལུས་སྟོན་ལས། ཐུང་དུ་མ་ལུས་ངག་ཏུ་འགྱུར། །ཞེས་སོ། །སྦྱོང་བྱེད་གསང་བའི་དབང་། དེ་ཡང་། མནྟྲ་དང་མནྟྲི་གསང་སྟེ་འདོན་པ་ལའོ་ཞེས་པ་ལྟར་གྱི་གསང་བ། མན་ནི་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་པ་ཡིད་སྐྱོབ་པའི་དོན་གྱི་སྔགས་སུའང་བཞག་གོ །རྩ་རླུང་ཐིག་ལེ་སྒོམ་པ་ལ་དབང་། སྦྱངས་འབྲས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དཀྱིལ་འཁོར་ནི་དུས་འཁོར་ལས། བྱང་ཆུབ་སེམས་ཞེས་གསུངས་ལ། དེ་ཡང་། རྣམ་པ་གཉིས་སུ་ཡོད་པའི་ཀུན་རྫོབ་དེ་ལ་མཛད། འདིར་ནི་སྤྱི་མཐུན་ཕྱག་རྒྱ་མའི་བྷ་གའི་དཀྱིལ་འཁོར། བསྐུར་བའི་རྫས་ནི། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། དགའ་སྦྱིན་གཉིས་ཤོར་ཞུ་བ་ཡིན་ལ། དེ་མི་འཕོ་བར་འཆིང་ནུས་པ་གཉིས་མཉམ་པར་གནས་པ་སྦྱིན་པ་སྟེ། དང་པོ་ནི་འདི་ཁའི་དངོས་འབྲས་ཡིན་ལ། གཉིས་པ་ནི། དེ་སྣ་ཚོགས་གཟུགས་ཅན་ཡིད་འོང་མར་མཐོང་བའི་མཐུ་སྟེ། དེས་ཕྱག་རྒྱ་ཆེན་པོ་དང་སྦྱོར་བར་སོང་བ་ཡིན་ནོ། །ཁ་སྦྱར་གྱི་ཐིག་ལེ་ནོར་བུ་ནས་ཁྱེར་ཞིག་གང་གཙུག་ཏོར་རྩེར་ཁྱེར་ཞིག་པའོ། །འདིས་སྦྱང་གཞི་སེམས། སྦྱོང་བྱེད་ཤེས་རབ་མ་ལས་སྐྱེས་པའི་ཡེ་ཤེས་ཀྱི་དབང་། ཕོ་ཉའི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོརྗེ་ཆོས་ཀྱི་སྐུ་འཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་ལྟར་དབང་གོང་མ་གཉིས་པོ་འདི། ཇོ་བོ་ཨ་ཏི་ཤས། གསང་བ་ཤེས་རབ་དབང་བསྐུར་ནི། །དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །ཚངས་པར་སྦྱོད་པས་བླང་མི་བྱ། །ཞེས་གསུངས་པ་དེ་ཡང་། རྡོ་རྗེ་མཁའ་འགྲོར། གང་ཞིག་དགེ་སློང་དངོས་གནས་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་པའི་དོན། བརཏལ་ཞུགས་ལ་མཆོག་ཏུ་འཛིན་པ་ཁོ་ནའི་དབང་དུ་བྱས་པ་སྟེ། དེ་ལ་འདིས་བརཏལ་ཞུགས་དེ་ཉམས་སོ་སྙམ་འགྱོད་པར་འགྱུར་བས། གདུལ་བྱ་དེའི་ངོར་སྤང་དགོས་ཏེ། ཤེར་ཕྱིན་བཤད་པས་དགེ་སློང་མང་པོ་ཁ་ནས་ཁྲག་ཚ་བ་སྐྱུགས་ཏེ་ཤི་བ་བཞིན་ནོ། །གཞན་དུ་ན་ཚོགས་ཀྱི་འདུས་པ་ལས་དགེ་སློང་རྡོ་རྗེ་འཛིན་པ་རྡོ་རྗེའི་སློབ་དཔོན་དུ་བཤད་པ་འབྲེལ་མེད་པར་འགྱུར་རོ། །དངོས་སུ་ཕྱག་རྒྱ་གཉིས་བསྟེན་པ་དེ་བཀག་པ་ཡིན་ལ། ཡིད་ཀྱིས་བཏགས་པ་ཙམ་མི་འགོག་པས་ཚིག་ཙམ་གྱིས་དབང་བསྐུར་བ་དེ་ལའང་བྱ་བར་བྱང་ཆུབ་སེམས་དཔའི་འགྲེལ་བ་ལས་གསུངས་སོ། །དེ་ལྟར་གསུམ་པོ་རང་གི་ངོ་སྐལ་ཡས་བརྟན་གྱི་ལྷན་སྐྱེས་ཁོ་ནས་རྫོགས་ལ། དེ་ངོ་སྤྲོད་ནས་ཐིག་ལེ་གྱེན་དུ་འདྲེན་མ་ནུས་པས་བྷ་གར་ཤོར་ན་དེ་ཁ་ནས་ལྕེས་སམ་ཀུན་རྟོག་རིགས་ན་ཉ་སྐྱོགས་སུ་བླུག་སྟེ་བཏུང་བར་གསུངས་པ། དབང་མདོར་བསྟན་ལས། འཇིག་དང་འགྱུར་དང་དེ་ནས་འཛག །ཞེས་དབང་གསུམ་གྱི་ངོ་ཏི་གསུངས་པ་དང་མཐུན་ལ། བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །ཞེས་པ་ནི་ཞུ་བ་རྗེས་དྲན་དུ་བྱས་པས་དེས་དེའི་མཐའི་ལྷན་སྐྱེས་རིག་པར་འགྱུར་རོ། །དེ་ནས་བདེ་བ་རྒྱ་ཆེན་པོ་དང་སྟོང་པ་དང་འབྱོར་བའི་ལྷན་སྐྱེས་ཀྱི་བདེ་བ་དེ་ལ་ཕྱིན་ཆད་རྩལ་སྦྱོང་བའོ། །བཞི་པ་ནི། དབང་མདོར་བསྟན་གྱི། དེ་ནས་འགྱུར་བ་མེད་པ་མཆོག །ཅེས་པ་ནི། གང་གི་དུས་སུ་འགྱུར་བ་མེད་པའི་བདེ་བ་དང་སྦྱོར་ནུས་ན་དེ་ཁ་དབང་བཞི་པ། དེའང་ཕལ་ཆེར་ལ། ཡས་བརྟན་གྱི་བདེ་བ་སྟོང་པར་སྦྱར་བ་དེ་སླར་འགྱུར་མེད་དུ་བྱེད་ནུས་ན་ཁམས་ཐམས་ཅད་རང་བྱུང་གི་གྱེན་དུ་འགྲོ་བས་དེས་སྙིགས་མ་ཐམས་ཅད་ཟད་པར་བྱེད་ཅིང་དངས་མ་འཁོར་ལོ་སོ་སོར་གང་བའི་འགྲོས་ཀྱིས་གཙུག་ཏོར་མཆོག་གྲུབ་དེར་བརྟན་པའི་སྐད་ཅིག་མཐའ་མ་སངས་རྒྱས་སུ་འཇོག་པ་ཡིན་ནོ། །དེ་བས་ན་དབང་འདི་དཀྱིལ་འཁོར་དོན་དམ་བྱང་སེམས། བསྐུར་རྫས། གསུམ་པར་མྱོང་ཡང་མིང་དོན་འབྲེལ་པ་མེད་པ་ཉིད་ཀྱིས་ཐ་སྙད་དུ་དེ་སྐད་དུ་བཏགས་པ་དེ་ཡིན་པར་མ་ཤེས་པས་ཚིག་གིས་བརྡ་སྤྲོད་པ། དེ་ཡང་། ཡེ་ཤེས་འདི་ནི་ཞེས་པ་དབང་གསུམ་པའི་མཐར་སྐྱེས་པ་དེའང་རྟོགས་དཀའ་བས་ཆེས་ཕྲ་བ་དང་། རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པས་རྡོ་རྗེ་དང་། དེའང་ཐོག་མ་དབུས་མཐའ་བྲལ་བས་ནམ་མཁའི་དབྱིངས་ལྟ་བུ་དང་། གདོད་ནས་དག་པས་རྡུལ་བྲལ། བློ་བུར་གྱི་དྲི་མས་བཏང་བས་མཐར་ཕྱིན་པ། དམིགས་པ་ཐམས་ཅད་ཉེ་བར་ཞི་བས་ཞི་བ། ཁྱོད་རང་ཡང་ནི་དེའི་ཕ། རང་རིག་གིས་རྟོགས་པ་ཡིན་པའི་ཕྱིར་རོ། །འདིའི་སྦྱང་གཞི་ཡེ་ཤེས། སྦྱོང་བྱེད་དབང་བཞི་པའམ་ཤེས་རབ་ཆེན་པོའི་ཡེ་ཤེས་འདི་ཐོབ་པས་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། སྦྱངས་འབྲས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསུམ་པ་དམ་ཚིག་སྒྲག་པ་ནི། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །སོགས་ཀྱིས་ཚིགས་བཅད་གཅིག་སྟེ། དབང་གི་མཐར་དམ་ཚིག་འདི་སྒྲག་པ། འདུས་པ་དང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་གསུངས་ཤིང་། རྐང་པ་རེ་རེ་དབང་གོ་རིམ་བཞིན་གྱི་དམ་ཚིག་བསྟན། འད་ིནི་སྔགས་སྡོམ་ཐོབ་པ་མི་ཉམས་པར་བྱེད་པའི་ཕྱིར་དུ་སྟེ། དགེ་སློང་གི་སྡོམ་པ་ཐོབ་ནས་བསླབ་པ་སྒྲག་པ་བཞིན་ནོ། །གཉིས་པ་གྲོལ་བར་བྱེད་པའི་སྒྲུབ་ཐབས་ལ། བཏགས་པའི་དཀྱིལ་འཁོར་དུ་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ། ལུས་ཀྱི་དཀྱིལ་འཁོར་དུ་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་སྒྲུབ་པ། བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་ཀྱི་སྐུར་སྒྲུབ་པ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་དང་བཞི་ལས། དང་པོ་ལ། ཆོས་ཉིད་དེ་བཞིན་ཉིད་ཀྱི་དག་པ། ཆོས་ཅན་ལྷ་དང་ལྷ་མོའི་དག་པ། སོ་སོ་རང་རིག་གི་དག་པ་གསུམ་ལས། དང་པོ་ནི། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ནི་རིམ་པ་ཉིད། །རིམ་གཉིས་མཉམ་པར་གཞག་ནས་ནི། །རྡོརྗེ་ཅན་གྱིས་ཆོས་འཆད་དེ། །ཞེས་བརྟག་གཉིས་ལས་གསུངས་པ་བཞིན་འདིར་བསྐྱེད་རྫོགས་ཟུང་འཇུག་ཏུ་ཁྱེར་ཤེས་པ་ཞིག་དགོས་པ་ཡིན་ཏེ། དབང་བཞི་ཀས་རྒྱུད་སྨིན་པར་བྱས་ཟིན་པ་དེ་གོམས་པར་བྱ་བ་ཙམ་ཡིན་པས་སོ། །ཟུང་འཇུག་གི་དོན་ཡང་འདི་བསྐྱེད་རིམ། །འདི་རྫོགས་རིམ་ཞེས་སྒོམ་པ་ཡ་བྲལ་དུ་མི་བྱེད་པར་རང་བཞིན་ཡོངས་སུ་ཤེས་པས་ཅི་དམིགས་ལྷར་འཆར་བ་ཞིག་སྟེ། བློ་དེའི་ངོར་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ། །དེ་བས་ན་དེ་དག་རིམ་པ་ལྟར་བཤད་པར་བྱའོ། །དེའང་སྐྱབས་སུ་འགྲོ་བ་བཞི་ཡུལ་ནི་བརྗོད་ཟིན་ལ། དེ་དག་གི་སྔོན་དུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཅེས་པ་ནི། བདག་ཉིད་གཅིག་པུ་བདེ་ལེགས་འདོད་པ་མ་ཡིན་ཞིང་། སེམས་ཅན་ཐམས་ཅད་བདེ་ལེགས་སུ་འདོད་པ་སྟོན་པ་ཡིན་ལ། ཡུལ་སྨོས་པ་ནི་དེ་རང་གི་བྱེད་མ་ནུས་པ་དེ་དག་ལ་ཞུ་བ་སྟེ། འབངས་སུ་ཞུགས་པས་སོ། །སེམས་ཅན་ཐམས་ཅད་མི་ཟད་པའི་སྡུག་བསྔལ་དང་བྲལ་ནས་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྱིར་ཞེས་པ་ནི་གཞན་གྱི་དོན་ལ་དམིགས་པའོ། །བླ་མ་རྡོ་རྗེ་སེམས་དཔའི་བསྒྲུབ་པ་ལ་འཇུག་པར་བྱའོ་ཞེས་པ་ནི་བྱང་ཆུབ་ཆེན་པོ་ལ་དམིགས་པ་སྟེ། དམིགས་པ་དེ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་མོས་པ་རྒྱ་ཆེ་བ་ཡིན་པས་སྨོན་པའི་སེམས་བསྐྱེད་པའོ། །དམིགས་པ་དང་པོ་ནི་སྙིང་རྗེ་དང་། གཉིས་པ་ནི་ཤེས་རབ་ཏུ་བསྐྱེད་སྟེ། དེས་ལམ་དུས་སུ་ཐབས་ཤེས་ཟུང་འཇུག་ཏུ་བསྒོམ་ཞིང་། དེའི་མཐུས་སད་འབྲས་བུའི་དུས་སུ། ཤེས་རབ་ཀྱིས་མངོན་པར་བྱང་ཆུབ་པ་དང་། སྙིང་རྗེས་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་གཞན་གྱི་དོན་ཐམས་ཅད་འགྲུབ་པའོ། །དེ་ནས་ཚད་མེད་པ་ནས་གཟུང་ཡོངས་སུ་བསྡོ་བའི་བར་གྱིས་སེམས་བསྐྱེད་པ་དེ་སྒྲུབ་པ་ཁྱད་པར་ཅན་གྱིས་ཟིན་པས་གོང་ནས་གོང་དུ་འགྲོ་བའི་མཐུ་བསྐྱེད་པས་ན་སྤྱོད་པ་རྒྱ་ཆེན་པོ་ལ་མོས་པ་འཇུག་པའི་སེམས་སོ། །བདེ་བ་དང་ཕྲད་པར་འདོད་པ་ནི་བྱམས་པའི་ངོ་བོ། སྡུག་བསྔལ་དང་བྲལ་བར་འདོད་པ་ནི་སྙིང་རྗེ། བདེ་བ་དང་མི་འབྲལ་བར་འདོད་པ་ནི་དགའ་བ། བདེ་སྡུག་གམ། ཆགས་སྡང་ངམ། ཉེ་རིང་དང་བྲལ་བ་ནི་བཏང་སྙོམས། དེའང་བྱམས་མགོན་གྱིས། ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ཅེས་བཤད་པས་སོ། །སེམས་ཅན་ཐམས་ཅད་ལ་སྙིང་སྙོམས་པར་འབྱུང་བ་དེའི་ཚེ་བྱམས་པ་ཆེན་པོ་སོགས་སུ་འགྱུར་ལ། ཚད་མེད་པ་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པའི་རྒྱུ་ཁོ་ནའི་སྟེ། རྒྱུ་འདིས་གནས་སྐབས་སུ་གཟུགས་ཁམས་སུ་འཕེན་པས། །འདི་ལ་ཚངས་པའི་གནས་པ་བཞི་ཞེས་ཀྱང་བྱའོ། །ཡང་ངེས་དོན་དུ་ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། ཅེས་པས། དེ་ཐོབ་པར་བྱེད་པས་ཀྱང་ཚངས་པའི་གནས་པ་ཞེས་བྱའོ། །དེ་དག་གི་དམིགས་པ་སེམས་ཅན་ཐམས་ཅད་ལ་བྱེད་པའི་སྟེང་དུ་ཁྱད་པར་མེད་ཀྱང་། སེམས་ཅན་དང་། ཆོས་དང་། དམིགས་མེད་གསུམ་དུ་འགྲོ་བ་ནི། རྒྱུད་མ་སྦྱངས་པས། སེམས་ཅན་དང་བདེ་བ་འཇིག་རྟེན་པས་ཇི་ལྟར་ལྟ་བ་དེ་ལྟར་བཟུང་ནས་བྱམས་སྙིང་རྗེས་སྒོམ་པ་དང་པོར་སོང་། ཡང་མི་རྟག་པ་ལ་སོགས་པའི་རྣམ་པས་ཟིན་ནས་བསྒོམ་ན་བར་མ། འཁོར་གསུམ་དག་པའི་རྣམ་པས་ཟིན་ན་གསུམ་པར་འགྲོ །དེའི་དབང་གིས་དང་པོ་མུ་སྟེགས་པ་དང་ཐུན་མོང་། གཉིས་པ་ཉན་རང་དང་ཐུན་མོང་། གསུམ་པ་ཐེག་ཆེན་འཕགས་པའི་ཞེས་བཞག་པའི་སྐབས། ཡང་སེམས་ཅན་དུ་འཛིན་པ་མ་ཟད་བར་དུ་སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ་མ་ཟད་བར་དུ་ཆོས་ལ་དམིགས་པ། སངས་རྒྱས་ཀྱི་ས་ནས་དམིགས་མེད་དུ་བཞག་པ་གཉིས་ལུང་ལས་མཐོང་ངོ་། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་རང་བཞིན་གྱིས་དག་པ་ཞེས་དང་། སརྦ་དྷ་རྨཿསྭ་བྷཱ་ཝ་ཤུདྡྷོ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ཞེས་དང་། ཨ་ཧཾ་ངའོ། །དང་པོ་ནི་གང་ཟག་གི་བདག་མེད་པའི་དོན་དང་། གཉིས་པ་ནི་ཆོས་ཀྱི་བདག་མེད་པའི་དོན་དང་། གསུམ་པས་ནི་རིགས་པས་བདག་མེད་པ་རྣམ་པར་ངེས་པ་སྔར་བཏང་ནས། དེའི་དོན་རང་རིག་ཙམ་གྱིས། དེ་བཞིན་ཉིད་ལ་དམིགས་པས་ཏེ། འཕྲེང་བ་ལས། བདག་ཅེས་བྱ་བ་སྒྲ་ཡི་དོན། །གང་གིས་ཡང་དག་ཤེས་པ་ཡིས། །སྲིད་པའི་འཆིང་བས་བཅིངས་ཉིད་ནི། །ཨ་ཧཾ་འཁོར་ལོའི་བཅིང་བ་དག །དེ་ནི་ཡོངས་ཟད་གྲོལ་བའོ། །ཞེས་འབྱུང་བས་སོ། །དེ་ཡང་བརྟག་གཉིས་ལས། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་སོ། གཉིས་པ་ནི། །སྔར་སེམས་བསྐྱེད་པ་དེས་རྒྱུ་བྱས། རྟོག་པ་མེད་པའི་ཏིང་ངེ་འཛིན་དེ་ལས་ཀུན་རྫོབ་ཆོས་ཅན་ལྷའི་དག་པར་བཞེད་པ། སེམས་རྣམ་པར་དབེན་པ་དུ་སོགས་སུ་ལངས་པ་ལྟ་བུ་ཞིག་ཏུ་འདོད་ཀྱི། གནས་པ་མེད་པར་འགྱུས་པ་ལྟ་བུ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་བསྐྱེད་རིམ་སྒྱུ་མ་ཞེས་པ་དེར་སོང་སྟེ། སྤྱོད་བསྡུས་སུ་དེའི་མཚན་ཉིད། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར་དང་། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་རྗེས་སུ་དྲན་པར་བསྒོམ། །ཞེས་གསུངས་པའི་དབང་གིས་སོ། །དེ་ཡང་རྩ་བའི་མདོའི། ནམ་མཁའི་དཀྱིལ་འཁོར་དབུས་བསམ་པ། །གྲུ་བཞི་ལྷ་མ་པ་རབ་ཏུ་མཛེས། །སྟོང་པ་ཉིད་ཨེ་ཡིག་གི་རང་བཞིན་ཡོངས་སུ་གྱུར་པའི་ཕ་རྒྱུད་ལྟར་ན་འབྱུང་བརྩེགས་རི་རབ་ཞུ་ནས་གཞལ་ཡས་ཁང་བསྒོམ་ལ་རྣལ་འབྱོར་མ་ལྟར་ན་ཆོས་འབྱུང་འབྱུང་བ་རིམ་བརྩེགས་རི་རབ་པདྨ་རྭ་གུར་སྟེང་འོག་ཕྱོགས་ཀུན་ཟླུམ་པོ། ནང་རྡོ་རྗེའི་བླ་བྲེ་ཕྱི་མདའི་དྲ་བ་མེ་རི་དང་བཅས་པའི་སྣ་ཚོགས་རྡོ་རྗེ་དབུས་རྭ་དཀྱིལ་ཆ་ཆེན་གཅིག་རྩ་བ་དང་རྩེ་མོ་ཆ་ཕྲན་གཉིས། སྲིད་ཆ་ཆེན་གཉིས། རྩེ་མོ་གསུམ་པ་རའི་རྩ་བ་གཞན་གཉིས་ཀྱང་ཆ་ཆེན་རེ་བ་དཔངས་ཆ་ཆེན་གཅིག །ལྟེ་བ་ཆ་ཆེན་བཅུ་གཉིས་གྲུ་བཞི་བརྡལ་བ་ལ། ཡེ་ཤེས་ལྔའི་རང་བཞིན་གྱི་གཞལ་ཡས་ཁང་གྲུ་བཞི། དེ་ཡང་རྩ་ཐིག་གི་ནང་གི་རྒྱ་དང་རྨང་ནས་ཏོག་གི་རྩེའི་བར་གྱི་དཔངས་མཉམ་པ། དཔངས་ཀྱི་ཕྱེད་དུ་འོག་མའི་མདའ་ཡབ་བསླེབ་ཅིང་། འོག་མའི་གཡབས་ཀྱི་གདུང་སྣས་སྟེང་གི་ཐོག་འཕར་མ་བཏེག་པའི་སུམ་བརྩེགས། ཐོག་བར་མའི་འཕར་བའི་ཚད་སྔ་མའི་ཕྱེད། རྩེ་མོ་དེའི་ཡང་ཕྱེད། རྒྱ་དེའི་འགྲོས་མཐུན། དེ་ནས་ཆ་ཕྲན་གཅིག་གི་ཕུགས་ཀྱི་སྲབ་འཐུག་ལྷག་མ་ཏོག་ཏུ་བྱས་པའོ། །སྟེང་མའ་ིརྒྱ་ཕུགས་ཀྱིས་འོག་མའི་ཐོག་ཁའི་ཆ་ཕྲན་གཉིས་ནོན་པ། རྩིག་པ་དཀར་དམར་སེར་སྔོ་བ། འདོད་པའི་ལྷ་མོ་གནས་པའི་སྣམ་བུ་དམར་པོ་ཆ་ཕྲན་གཉིས་ཞེང་ཡར་གྱི་རྔམ་ཡང་གཅིག །དེས་སྒོ་ཁྱུད་ཀྱི་བར་གྱི་རྩིག་པ་ལ་འཁྱུད་པ། དེའི་སྟེང་ནས་ཕ་གུའི་བར་ལ་ཆ་ཆེན་གཉིས་ཆ་ཕྲན་གསུམ། ཕ་གུའམ་རིན་ཆེན་སྣམ་བུ་ཆ་ཕྲན་གཅིག་སྟེ་སེར་པོ། །དེ་ཡང་རྩིག་པའི་ཁ་ཁྱེར་གྱི་ཕྱིར་རྒྱ་དཔངས་མཉམ་པ། འདོད་སྣམ་གྱིས་བསྐོར་བ་དེ་ཙམ་དུ་འཁྱུད་པ། དེ་ནས་བྲེ་སྤུངས་ཀྱིས་མུན་སྣམ་མམ་དར་དཔྱངས་ཀྱི་སྣམ་བུ་ཆ་ཕྲན་གཉིས་དཔངས། དེའི་གསེར་གདུང་ལ་དྲྭ་བ་དྲ་ཕྱེད། གདུང་སྟེང་ནས་ཕྱིར་འདོད་སྣམ་ཐལ་ཙམ་ནོན་པ་བྱ་འདབ་བམ་རྒྱ་ཕུབས་ཀྱི་སྣ་བསླེབ་པའི་ཤབ་སྣར་ཤར་བུ་དཀར་པོ་སྤྱི་བླུགས་ཁ་སྦུབ་པ་ལྟ་བུ། རྩིག་པ་དང་ཐད་མཉམ་པ་བྱ་འདབ་ཀྱི་སྟེང་ནས་གྱེན་དུ་མདའ་ཡབ་པདྨ་ཕྱེད་པའི་དབྱིབས་ཅན་དཀར་པོ། རྩ་བའི་ཐིག་ནས་ཕྱིར་སྒོ་ཚད་ཕྱེད། སྒོ་ཁྱུད་དེ་ནས་ཆ་ཆེན་རེ་རེ་གཡས་གཡོད་དུ་བསྐྱེད་པ། སྒོ་ལོགས་སམ་སྒོ་འགྲམ་ཕྱིར་ཆ་ཕྲན་གཉིས། དེ་ལ་རྩིག་པས་བསྐོར་བ། དེའི་ཕྱི་མཐའ་ནས་རྡོ་རྗེའི་ལྟེ་བའི་མཐའ་ལ་ཆ་ཕྲན་གཅིག་ལུས། སྒོ་ཁྱམས་ཀྱི་རྒྱ་ཇི་ཙམ་པ་དེའི་ཁ་ཐད་དབུས་གཡབས་ནང་ཀ་གཉིས་མ་འདིའི་ཀ་བ་བྲི་ཆ་ལ་མི་མངོན། ཨ་བྷ་ཡཱ་ཀ་བ་བརྒྱད་དང་ཡང་དག་ལྡན་ཞེས་པའི་ཀ་བ་འདི་ལ་བཞེད་ཅིང་། ནང་གི་ཀ་བར་འདོད་པ་ལ་གནོད་བྱེད་བརྗོད། ཀ་བ་གཉིས་པོ་དེས་བྲེས་པའིགདུང་སྟེང་དུ་རྩིག་པས་གཡབས་ཀྱི་གཡས་གཡོན་གྱི་གདོང་དང་འབྲེལ་བར་བསྐོར་བ། དེའི་སྟེང་དུ་མུན་པ་ཆ་ཕྲན་གཅིག་སྟེ། ཀླུ་བྱང་འདི་མི་བཞེད། དེའི་སྟེང་ནས་རྟ་བབས་འདེགས་པའི་གདུང་དེའི་སྣ་སྒོ་འགྲམ་གྱི་རྩིག་པའི་ཕྱིར་ཀ་བ་ཀ་རྒྱན་བྲི་ཆ་ལ་མངོན་པ། ཀ་རྒྱན་གྱི་ཕྱི་མཐའ་དང་རྟ་བབས་དང་པོའི་རྒྱ་མཐུན། ཀ་བ་བྲི་བྱར་གཉིས་ལས་མ་མངོན་ཀྱང་འདོད་སྣམ་གྱི་ཐད་དུའང་དེ་དགོས་པས་རྟ་བབས་རེ་ལ་ཀ་བ་བཞི་བཞི་འོང་། ཀ་བའི་དཔངས་སྣམ་བུ་བཅུ་གཅིག་མ་བྱེད་ན་བྲི་བྱ་དང་མཐུན། སྡོམ་འབྱུང་ལས་གསུངས་པ་བཞིན་བཞི་བྱེད་ན་དེའི་སྟེང་དུ་ཆ་ཆེན་གཉིས་བསྣན། རྟ་བབས་སྣམ་བཞིའི་འོག་མ་ལས་སྟེངས་ཆ་ཆུང་རེ་ཆུང་དུ་བཏང་བའི་རྩེ་མོ་དང་རྩ་བའི་མདའ་ཡབ་མཉམ་པར་བྱས་པའི་ལོགས་ལ་གླང་པོའི་རྒྱབ་ལྟ་བུའི་སྐར་ཁུང་། སྟེང་དུ་ཆོས་ཀྱི་འཁོར་ལོ་ལ་ཆ་ཕྲན་དྲུག་ཟླུམ་སྐོར་དུ་བྱས་པ་པདྨ་ལ་གནས་པ། དེའི་སྟེང་དུ་གདུགས། གཡས་གཡོན་གསེར་གྱི་རི་དྭགས་རུ་རུ་ཟུང་འཁོད་པ། མདའ་ཡབ་ཀྱི་རྩེར་གདུགས་རྒྱལ་མཚན་བ་དན་མེ་ལོང་མེ་ཏོག་གི་འཕྲེང་བ་ལྡ་ལྡི་སོགས་རྒྱན་བཀོད་པ་ཚད་མེད་པ། གཞལ་ཡས་ཁང་དེའི་ནང་གི་འོག་གི་ཞལ་བ་དང་ཕྱིའི་འདོད་སྣམ་གྱི་སྟེང་ཐད་མཉམ་པ། འདོད་སྣམ་ལས་ཆ་ཕྲན་གཅིག་གིས་སྒོ་ཁྱམས་དམའ། དེའི་སྒོའི་ཐེམ་སྐས་ཀྱི་ཆ་བྱེད་པ་ཡིན་ནོ། །ནང་གི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ཁ། དེའི་ནང་དུ་པདྨའི་སྡོང་པོ་བརྩེགས་མ་དང་པོའི་ཕྱེད་དུ་བསླེབ་པ་ནས་འདབ་མ་ལྔར་གྱེས་པའི་ལྟེ་བར་ཆ་ཆེན་གཅིག་འཕགས་པ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། དེའི་སྟེང་དུ་པདྨ་ཟླ་ཉི་བརྩེགས་པའི་གདན་དང་། འདབ་མ་ལྔ་ལ་མདུན་ནས་གཡས་བསྐོར་གྱིས་གྱད། གླང་པོ་ཆེ། རྟ། རྨ་བྱ། ཤང་ཤང་གིས་བཏེགས་པའི་ཁྲི་ཉི་ཟླའི་གདན་དང་བཅས་པ། གཙོ་བོའི་སྐུ་ཚད་དཀྱིལ་འཁོར་གྱི་ཆ་ཆེན་གཅིག །འཁོར་ཆ་ཕྲན་གསུམ་པ། པདྨ་ལ་མུ་ཁྱུད་རྡོ་རྗེས་བསྐོར་བའི་ལྟེ་བ་ནས་ཆ་ཆེན་གསུམ་བསྐོར་བ་རྒྱའོ། །ཕྱི་རོལ་རྡོ་རྗེའི་རྭ་རྩེའི་ཆ་ཕྲན་གསུམ་པདྨ། ཆ་ཕྲན་གཅིག་རྡོར་འཕྲེང་། འདི་གུར་ལྟ་བུར་ཕུབ་པའི་གུར་གྱིས་རྔམས། །དེའི་ཕྱི་མེ་རི་ཆ་ཆེན་གཅིག་གིས་ཀུན་ནས་འཁོར་བའོ། །དེ་ལྟར་རྟེན་བཤད་ནས་བརྟེན་པ་ལྷ་ལ། རྩ་བའི་མདོར། སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །བསམ་གཏན་རྡོ་རྗེ་རབ་བསྐུལ་བྱ། །ཞེས་པ་ལ། སྒྲོན་གསལ་ལས། སངས་རྒྱས་ཀྱི་དཀྱིལ་འཁོར་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་གྱི་སྐུ་དེ་ཉིད་དེ། དེའི་བདག་ཉིད་ཅན་གྱི་སྦྱོར་བའི་ཏིང་ངེ་འཛིན་ནོ། །དེས་བསམ་གཏན་རྡོ་རྗེ་ཞེས་བྱ་བ། རྣལ་འབྱོར་པ་རྣམས་ཀྱིས་བསམ་ཞིང་བསྒོམ་པར་བྱ་བ་ཡིན་པས་ན་བསམ་གཏན་ཏེ་མི་བསྐྱོད་པའོ། །དྲུག་པ་དང་སྦྱོར་བར་འགྱུར་བས་རྡོ་རྗེའོ། །དེས་རབ་བསྐུལ་ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བས་བདག་ཉིད་ཆུ་དང་འོ་མ་བཞིན་གཅིག་ཏུ་བྱའོ། །ཞེས་གསུངས་པས། རིགས་དྲུག་པའི་དཀྱིལ་འཁོར་བ་བསྟན་པ་ཡིན་ལ། དེ་ཡང་རྒྱུ་དུས་ཀྱི་བླ་མ་རྡོ་རྗེ་སེམས་དཔའ་ཐོག་མ་དང་མཐའ་མ་མེད་པའི་ཀུན་ཏུ་བཟང་པོ་བརྟན་གཡོ་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་ཀ་ལ་དཔལ་མཆོག་དང་པོའི་སྐྱེས་བུ་དང་། དང་པོའི་སངས་རྒྱས་དང་། བདེ་བར་གཤེགས་པའི་སྙིང་པོ་སོགས་སུ་གསུངས་ཏེ། དང་པོ་ནི། རང་གི་སེམས་རྒྱུད་དྲི་མས་གོས་མ་མྱོང་བ་དེའོ། །དེ་ཐུགས་རྗེ་ཆེན་པོའི་རང་བཞིན་དུ་གྱུར་པའི་དབང་གིས་ཁམས་གསུམ་གྱི་སྲིད་པ་ན་འགྲོ་བའི་དོན་མཛད་པའི་ཕྱིར་ཧཱུྃ་ཡིག་དེ་ལས་བླ་མ་རྡོ་རྗེ་འཆང་ཆེན་པོར་བཞེངས་པ་ནི་འབྲས་བུ་སྤྲུལ་པའི་སྐུ་སྟེ། ཆོས་ཀྱི་འཁོར་ལོ་སྐོར་བ་ལ་སོགས་པ་ནི་དེ་ལ་རག་ལས་པའི་ཕྱིར་རོ། །དེའང་སྟོང་པ་ཉིད་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པ་དེ་རྡོ་རྗེ་སྙེམས་མའམ་རྡོ་རྗེ་ཕག་མོ་ལ་སོགས་པའི་ཡུམ་དུ་སྤྲུལ་ཏེ། བཅོམ་ལྡན་འདས་ལ་འཁྱུད་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པར་སྟོན་པའི་བརྡའོ། །རྩ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེའང་ལྡོག་ཆས་རྣམ་པར་དབྱེ་ན་ཡེ་ཤེས་ལྔར་འགྲོ་བཞིན། རིགས་ཀྱི་ཁྱབ་བདག་འདི་ཁའི་རྣམ་པར་རོལ་པ་ལས་རིགས་ལྔར་གྱེས་པ་ཤེས་པར་བྱ་བའི་ཕྱིར་གཙོ་བོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གནས་ནས་ཨོཾ་ལ་སོགས་པའི་ཡི་གེ་ཡེ་ཤེས་ལྔའི་རང་བཞིན་སྤྲོས་ནས་རིགས་ལྔ་བསྐྱེད་ལ། ཡེ་ཤེས་དེ་དག་ཀྱང་བདེ་སྟོང་ཁ་སྦྱོར་ཡིན་པས་རང་རང་གི་སྟོང་པའི་ཆ་ཡུམ་དུ་བསྟན་པ་ཡིན་ནོ། །དེ་ལྟར་ཡང་སཾ་པུ་ཊར། སྟོང་པའི་རྡོ་རྗེ་ཅན་གཅིག་ལས། །རིགས་ནི་རྣམ་པ་ལྔར་འགྱུར་རོ། །དང་། ཀུན་སྤྱོད་ལས། དེ་ན་ཧེ་རུ་ཀ་དཔལ་རྒྱུད། །སེམས་ནི་དྲི་མེད་ཡིན་པར་བཤད། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །དེ་ཉིད་དང་ནི་ཐམས་ཅད་བྱུང་། །ཞེས་གསུངས། དེ་ལྟ་བུའི་རྟེན་དཀྱིལ་འཁོར་ཡང་འཇའ་ཚོན་གྱིས་མཚོན་པའི་རིན་པོ་ཆེའི་རང་བཞིན་དུ་བསྒོམ་ཀྱི། རགས་པའི་ཁམས་མ་ཡིན་ཞིང་། ལྷར་སྣང་ཡང་གདོས་བཅས་སུ་མེད་པ། དེ་ལྟར་བསྐྱེད་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་དགུག་ཅིང་བསྟིམ་མོ། །དེ་ནས་རྩ་བའི་མདོར། རྡོ་རྗེ་དཀྱིལ་འཁོར་བསམ་གཏན་གྱིས། །འཁོར་ལོ་ཅན་ཀུན་གཞུག་པར་བྱ། །དང་། སློབ་དཔོན་སྙིང་གར་རབ་བསྒོམས་ནས། །ཞེས་པའི་སྒྲོན་གསལ་དུ། རྡོ་རྗེ་ཅན་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེ་ལྟར་ལྷ་རྣམས་འགོད་པའི་རིམ་པ་བསྟན་པ་སྟེ། དེ་དང་རྡོ་རྗེའི་དཀྱིལ་འཁོར་བསྒོམས་པས་འཁོར་ལོ་ཅན་ཀུན་ཞེས་བྱ་བ་དཀྱིལ་འཁོར་གྱི་ལྷ་རྣམས་གཞུག་པར་བྱ་ཞེས་བྱ་བ་སྟེ། གཞུག་པར་བྱ་ཞེས་པས། མདུན་དུ་རྩ་བའི་བླ་མ་ཉིད་སྔར་གྱི་ཆོ་གས་བསྐྱེད་པ་དེ་ལ་བྱིན་གྱིས་བརླབ་པ། ཡེ་ཤེས་བསྟིམ་པ། དེ་ལ་དབང་བསྐུར་བ་ཡང་བྱ། དེ་ནི་འདིའི་རྩ་ཚིག་ལ། ཞིང་དང་ཞེས་པའི་དོན། བསམ་པ་ནི། སྣང་གྲགས་རིག་གསུམ་ལྷ་སྔགས་ཏིང་ངེ་འཛིན་དུ་ཤེས་པར་འདོད་ནས་ལུས་ངག་ཡིད་རགས་པ་ལ་གནད་དུ་བསྣུན་པ་བསམ་པ། དངོས་པོ་ནི། རྩ་བའི་མདོར། མཆོད་པའི་ཆོ་ག་དེ་ཉིད་ཀྱིས། །བློ་དང་ལྡན་པས་རྟག་ཏུ་བྱ། །མཆོད་པའི་ཆོ་ག་རྒྱས་པ་ནི་རྣལ་འབྱོར་དབང་ཕྱུག་གིས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་བཞིན་ནམ། མདོར་བསྡུ་ན། མཎྜྻལ། ཡན་ལག་བདུན་པ་དང་བསྟོད་པས་བསྟོད་པ་ཡིན་ནོ། །རྩ་བའི་མདོར། དབང་བསྐུར་བ་ནི་བརྩམ་པར་བྱ། སོགས་སྔར་བཤད་པ་བཞིན་གྱིས་དབང་བླང་བར་བྱའོ། །ཐམས་ཅད་ཆོ་ག་བཞིན་དུ་དབབ། ཅེས་པ་སྒྲོན་གསལ་ལས། དེའི་འོག་ཏུ་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་གསུམ་གྱི་ཞེས་བྱ་བ། ཨོཾ་ལ་སོགས་པ་ཡི་གེ་གསུམ་སྲོག་དང་རྩོལ་བར་གནས་པས་ཆོ་ག་བཞིན་དུ་དབབ་པར་བྱ་སྟེ། སློབ་མའི་མགོ་ལ་རྡོ་རྗེར་གྱུར་པ་དབབ་ཅིང་བབས་པར་བསམ་མོ། །ཞེས་གསུངས་པས། བླ་མ་སྤྲུལ་པའི་སྐུའི་གསོལ་འདེབས་ཀྱི་རིམ་པས་གསོལ་བ་གདབ་པ་སྟེ། རྩ་ཚིག་ལས། གཅིག་ཏུ་བསྒྲིལ་ནས་གསོལ་བ་ཐོབ། །ཅེས་པའི་དོན། འདོད་པའི་དངོས་གྲུབ་ཞུས་ནས་བདག་ལ་བསྟིམ། དེ་ནས་ལྷའི་རྣལ་འབྱོར་རེག་པའམ་མཐོང་དུ་རུང་བ་ཙམ་དུ་གསལ་བར་མ་གྱུར་གྱི་བར་དུ་ནན་ཏན་དུ་བྱའོ། །དེ་ལྟར་ལུས་ལ་དམིགས་པས་དུབ་ན་སྔགས་ཀྱི་བཟླས་པ་བྱའོ། སྔགས་ནི་མཚན་ཉིད་པ་དང་རྒྱུ་མཐུན་པ་གཉིས། དང་པོ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རང་ཡིན་ལ། གཉིས་པ་ནི་དེ་ཁོ་ན་ཉིད་དམ་ལྷ་ཚོགས་སྐུལ་བར་བྱེད་པ་སྟེ། རྡོ་རྗེ་གུར་ལས། མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། མངོན་སུམ་དུ་ནི་འོང་བར་འགྱུར། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་སོ། །དེ་ལ་འདིར་སྙིང་པོ། འཁོར་སྔགས་འདོད་ན་ས་བོན་ནོ། །དེ་ལ་དུབ་ན་འོད་ཟེར་གྱི་སྤྲོ་བསྡུ། དེ་ནས་དཀྱིལ་འཁོར་དང་དཀྱིལ་འཁོར་བ་བསྡུས་ཏེ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་འཛིན། གོང་མའི་དམིགས་པ་ལ་སེམས་ཟིན་པོ་ཞིག་མ་བྱུང་བར་དུ་ཕྲ་ཐིག་མི་སྟོན་དེའི་ཚེ་དེ་ནས་ཡོངས་སུ་བསྡོ་བ་བརྗོད། རྗེས་ཀྱི་སྤྱོད་ལམ་རྣམས་ལ་གཞན་དོན་གྱི་བསམ་པས་འཇུག་པར་བྱའོ། །བརྟག་གཉིས་ལས། ཕྱིས་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་སོ། །གསུམ་པ་སོ་སོ་རང་རིག་གི་དག་པ་ནི། ཇི་སྐད་གསུངས་པའི་ཕྲ་མོའི་རྣལ་འབྱོར་དེ་ནི་སྙིང་གའི་སྣ་རྩེའི་སྒོམ་པ་ཡིན་པས། དེ་བསྒོམས་པས་ལུས་འདར་བ་སྟེ། རླུང་འཁོར་ལོར་འདུ་ཞིང་སྙིངགའི་རྩ་མདུད་ལ་ཐོ་འཕོག་པ་རྩའི་རྟག་ཡིན། བསྐྱོད་པ་ནི་འབས་འབུན་འདེད་པ་ལྟར་སྲོག་རྩོལ་གྱི་མདུད་པ་ནས་འཇུག་པ་རླུང་གི་རྟགས་ཡིན། གཡོ་བ་ནི་དེ་ལས་བདེ་བ་བསྐྱེད་པ་ཐིག་ལེ་གཡོ་བ་ཐིག་ལེའི་རྟགས་ཡིན། འབེབས་པ་ནི་དེ་ལས་རྣམ་པར་མི་རྟོག་པར་འགྱུར་བས་སེམས་གནས་པའི་རྟགས། འཕར་བ་ནི་སྟོང་གཟུགས་ལ་སོགས་པ་འབྱམ་ཀླས་པས་རྩ་ཐིག་རླུང་དངས་པའི་རྟགས་སོ། །དེ་ནས་རྩ་ཨ་བ་དྷཱུ་ཏཱི་བསྒོམས་ནས་དེར་རླུང་སེམས་བཅིངས་ན་རྟགས་ཐམས་ཅད་དེར་འཆར་ཞིང་རྩ་འཁོར་མཐོང་། དེ་ནས་ཐིག་ལེའི་རྣལ་འབྱོར་བརྟན་པས་རྩ་རླུང་གཉིས་ཐིག་ལེས་བྱིན་གྱིས་བརླབས་པས་ཤིན་ཏུ་སྦྱངས་པའི་བདེ་བ་དང་ལྡན་ཏེ་བསམ་གཏན་འཐོབ། དེའི་རྒྱུས་ལུས་ལྷར་དག །ངག་སྔགས་སུ་དག །ཡིད་ཏིང་ངེ་འཛིན་དུ་དག་པས། ལྷ་ཞལ་ཕྱག་ཇི་ལྟར་བསྒོམ་པ་བཞིན་གཞན་ལ་མངོན་སུམ་དུ་སྟོན་ནུས། སྔགས་ཀྱིས་ཚིག་བྱིན་གྱིས་རློབ་ནུས། མི་ལ་རས་པ་བཞིན་བེམ་པོའི་བྲག་རྟ་ལྟར་ཞོན་ནས་རྒྱུག་ནུས་པ་སོགས་འབྱུང་ཞིང་། ཐུན་མོང་གི་གྲུབ་པ་བརྒྱད་འཐོབ། སྔགས་ཀྱི་སྐུ་སྙིགས་མའི་ཁམས་ཟད་ནས་དངས་མ་འཇའ་ཚོན་གྱི་རྣམ་པ། འོག་མིན་པའི་རྟེན་དང་སྐལ་པ་མཉམ་པ་ཞིག་ཏུ་འགྱུར་ལ། དེ་ནས། ཀུན་ནས་ཕྱག་དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་སྙན་ལྡན་འཇིག་རྟེན་ན། །ཀུན་ཏུ་ཐམས་ཅད་གཡོགས་ནས་བཞུགས། །ཞེས་དཔལ་འཁོར་ལོ་སྡོམ་པ་སོགས་ལས་བཤད་པ་བཞིན། སྣ་ཚོགས་གཟུག་བརྙན་འོད་གསལ་བ་ཉིད་དུ་གྱུར་པས་ན། བརྟག་གཉིས་ལས། རང་རིག་དག་གིས་དག་པ་སྟེ། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གི་རིག་པ་བདེ་བའི་མཆོག །ཅེས་སོ། །དེས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པ་སྟེ། དེའི་ཕྱིར་རྩ་བའི་མདོར། འདི་ཡིས་སེམས་ཅན་ཐམས་ཅད་ལ། །ཕན་བཞེད་བྱང་ཆུབ་ཐོབ་འགྱུར་ཞིང་། །དངོས་གྲུབ་ཐམས་ཅད་རྨད་བྱུང་ཆེ། སྐུ། འགྲུབ་པར་འགྱུར། ཞེས་པས་བསྟན་ནོ། །དེ་བས་ན་འདི་གསང་བ་འདུས་པ་ནས་རིམ་པ་གསུམ་པར་གསུངས་པའི་བསྐྱེད་རིམ་སྒྱུ་མ་སྒོམ་པ་དང་མཐུན། འདིར་དེ་བུམ་དབང་གི་ལམ་དུ་འཇོག་ལ། དེར་ནི་གསང་དབང་གི་ལམ་དུ་གསུང་སོ་སྙམ་ན། དཔལ་དུས་ཀྱི་འཁོར་ལོ་ནས་བདག་བྱིན་རླབས་རིལ་པོ་བུམ་དབང་གི་ལམ་དུ་བཞག་པ་དང་མཐུན་པས་འགལ་བ་མེད་དོ། །སྔ་མ་ནི་རིམ་གྱིས་པའི་དབང་དུ་མཛད་ནས་གོ་རིམ་དེ་ལྟར་གསུངས་པ་ཡིན་ནོ།། །།གཉིས་པ་ལུས་ཀྱི་དཀྱིལ་འཁོར་དུ་བླ་མ་ལོངས་སྤྱོད་རྫོགས་པའི་བསྒྲུབ་པ་ལ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་བཞི། དང་པོ་ནི། བསྒོམ་པ་སྔ་མ་དེས་སྣ་ཚོགས་གཟུགས་སྤྲུལ་པའི་སྐུར་བཞག་པ་དེ་ཙམ་མཇལ་ཡང་འཇའ་ལུས་སུ་བྱེད་མ་ཐུབ་ན་བསྒོམ་པ་འདི་ལ་འཇུག་སྟེ། སྔ་མ་ནི་སྣང་གྲགས་རིག་གསུམ་ལྷ་སྔགས་ཏིང་ངེ་འཛིན་དུ་བལྟ་བ་སྟེ། བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརཏལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །ཞེས་གསུངས་སོ། །དེ་ལྟར་བསྒོམ་པའང་ལྷ་དེ་ལྟ་བུ་ཞིག་དངོས་པོའི་གནས་ཚུལ་ལ་གྲུབ་ནས་དེ་ལྟར་སྒོམ་པ་མ་ཡིན་ཏེ་ཡིན་ན་དེ་ཁར། བཞིན་ལག་ཁ་དོག་རྣམ་པ་ནི། །བསྐྱེད་པ་ཙམ་གྱིས་རྣམ་པར་གནས། །ཞེས་ཅི་སྟེ་གསུང་། འོ་ན་དེ་ལྟར་བསྒོམས་ནས་ཅི་བྱ་ཞེ་ན། ཐལ་བྱུང་གི་སྟོང་རྐྱང་དུ་བལྟ་བ་དང་། ཐ་མལ་གྱི་སྣང་བ་ཟློག་པའི་ཕྱིར་ཏེ། གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འབྱུང་། ཞེས་དང་། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ནི་འགྲུབ་པར་འགྱུར། །ཞེས་དང་། ཐ་མལ་རྣམ་རྟོག་གཞོམ་དོན་དུ། །སྒོམ་པ་གོམ་པར་རབ་ཏུ་གྲགས། །ཞེས་གསུངས། དེ་ཐ་མལ་གྱི་རྣམ་རྟོག་གཞོམ་ནུས་པ་ནི། དེ་ལ་གོམས་ན་འདི་དང་དེ་རིགས་མི་མཐུན་པའི་ཕྱིར། དེ་ལྟར་སྣང་བ་འགག་པའི་ཕྱིར་རོ། །དེ་འགགས་ན་འདི་ནི་ཡུན་རིང་པོར་གོམས་པའི་ཤུགས་ལས་མ་བྱུང་བས་གློ་བུར་བཟློག་སླ་བ་སྟེ། བཟློག་སྒོམ་རྟོག་པ་རྙིང་པ་ལ། །གཉེན་པོ་རྟོག་པ་གསར་པ་ཐོང་། །དང་། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་འཇིག །ཅེས་ཆོས་རྗེས་གསུངས་པ་དེའོ། །ལྷ་སྡགས་དེ་ལྟར་ལྟ་བ་ཟློག་རྒྱུ་མིན་ན། སྤྲོས་པ་རྨི་ལམ་ལྟར་བྱས་ནས། སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། །ཅེས་སྔར་གྱི་བརྟག་གཉིས་ཀྱི་ལུང་འཕྲོར་གསུངས་པ་དོན་མེད་དོ། དེ་བས་ན་སློབ་དཔོན་རྡོ་རྗེ་དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་ཡིས་ནི་ངོ་བོ་གང་། དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་དང་། སྡོམ་བྱུང་ལས། སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་སྒོམ་པ་ནི། །ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་པ། །དེ་དབུས་སྐད་ཅིག་རྣམ་པ་ཡི། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་པའོ། །ཨོཾ་ཨཱ༔ཧཱུྃ་གི་སྔགས་ཀྱི་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ། །ཞེས་དང་། ཡང་། རྩ་རྣམས་དེ་དག་ཐམས་ཅད་ནི། །ལུས་ནི་དགེ་བར་བྱེད་པ་སྟེ། དེ་ཡི་ཚོགས་ལས་ཡང་དག་བྱུང་། །གོང་བུ་ལྷ་ཡི་བདག་ཉིད་དོ། །གཟུགས་ལས་འདས་པ་གོང་བུར་འགྱུར། །ཞེས་གསུངས་པས། དེ་དག་གོང་བུ། དེ་ཁ་ལྷར་ཤེས་ན། ལུས་དཀྱིལ་འཁོར་དུ་གདོད་ནས་གྲུབ་པ་ལྟར་གཏན་ལ་ཕེབས་ན་ལུས་ལྷ། རླུང་སྔགས་མི་ཕྱེད་པར་མཐོང་ན་ངག་སྔགས་སུ་དང་། སེམས་རང་རིག་གི་གནད་ཀྱིས་དྲན་རིག་རང་བྱུང་གི་ཡེ་ཤེས་སུ་གཏན་ལ་ཕེབས་ན་སེམས་ཏིང་ངེ་འཛིན་དུ་འཆར་བས། སྔར་ལྷ་ཞེས་ཞལ་ཕྱག་གི་རྣམ་པ་ཅན་ཞིག་ལ་གཟུང་བ་དང་། སྔགས་ཞེས་བརྗོད་པ་ཅན་ཞིག་དང་། ཏིང་ངེ་འཛིན་ཞེས་བློས་སྤྲོ་བསྡུ་ལ་གཟུང་བ་དག་རང་ཞིག་ལ་འགྲོ་བ་ཡིན་ནོ། །ལུས་ཀྱི་དཀྱིལ་འཁོར་དེའང་། སཾ་པུ་ཊར། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བ། །སྒོ་བཞི་ཇི་སྐད་གསུངས་པའོ། །རང་གི་ཡན་ལག་བརྒྱད་བྱུང་བས། །ཀ་བ་དེ་ཡིས་བསྐོར་ནས་གནས། །དངོས་པོ་ཀུན་གྱི་མཉམ་པའི་ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་དངོས་པོ་ནི། །འཁོར་ལོ་གསུམ་ནི་ལེགས་པར་གསུང་། །དང་། རྐང་པའི་དཀྱིལ་དུ་རྩོམ་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་ཡི་གྲུ་གསུམ་འབར་བ་ཉིད། །ཟླུམ་པོ་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ནི་ལྟེ་བར་རྣམ་པར་གནས། །སྙིང་ཀར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སྒལ་ཚིགས་དབྱུག་གུའི་གཟུགས་ཀྱིས་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །ཞེས་དང་། རྡོ་རྗེ་འཕྲེང་བར། ལུས་ནི་གཞལ་ཡས་ཁང་དུ་འགྱུར། །སངས་རྒྱས་ཀུན་གྱི་ཡང་དག་རྟེན། །ཟུར་བཞི་པ་ཡི་མདུན་རྒྱབ་དང་། །གཡས་དང་གཡོན་གྱི་དབྱེ་བས་སོ། །སྟེང་འོག་སྒོ་ཡི་དབྱེ་བ་ཡི། །སྒོ་བཞི་ཞེས་ནི་བཤད་པ་ཡིན། །སྣ་རྩེ་བཞི་ཡི་དབྱིབས་ཀྱིས་ནི། །རྟ་བབས་བཞི་ནི་བརྗོད་པར་བྱ། །དྲ་བ་ཆུ་བར་ཡང་དག་བཤད། །རྒྱུས་པར་གྱུར་པ་དྲ་བ་ཕྱེད། །ཆ་ནི་ཟླ་བ་ཕྱེད་པ་དང་། །བུམ་པ་ལྟོ་བར་ཡང་དག་ཤེས། །རྗེ་ངར་བརླ་དཔུང་ལག་ངར་ནི། །ཀ་བ་བརྒྱད་དུ་ཡང་དག་བཤད། །མིག་གི་རྣམ་ཤེས་མེ་ལོང་སོགས། །སྒྲ་ཡི་རྣམ་ཤེས་རོལ་མོ་དང་། སྣ་ཡི་རྣམ་ཤེས་མེ་ཏོག་འཕྲེང་། །རིན་ཆེན་ཕ་གུ་ལྕེ་རྣམ་ཤེས། །ལུས་ཀྱི་རྣམ་ཤེས་རས་འཕན་དང་། །ཡིད་ཀྱི་རྣམ་ཤེས་རི་དྭགས་སོ། །མིག་ནི་འཁོར་ལོའི་མཚན་མ་དང་། །རྣ་བ་ཀུན་ནས་རྡོ་རྗེ་རྣམས། །སྣ་ནི་བ་དན་དུ་ནི་བཤད། །ལྕེ་ནི་དྲིལ་བུ་རུ་ནི་བཤད། །རྔ་ཡབ་ལ་སོགས་རྣམ་དག་པ། །ལུས་ཀྱི་ཚོགས་ཞེས་བྱ་བར་བཤད། །ཡིད་ནི་དབུས་ཀྱི་པདྨར་གསུངས། །རྣམ་རྟོག་རླུང་ནི་ཡང་དག་རྟེན། །རེ་ཁཱ་ལྔ་ནི་ཡང་དག་བརྗོད། །ཕུང་པོ་ལྔ་ནི་རྣམ་དག་ལྔ། །རྣམ་དག་ཁ་དོག་ལྔ་ནི་དབྱེ། །དེ་དག་གཞལ་ཡས་ཁང་དུ་བསྒོམ། །དང་། དེ་ཁ་གནས་སུ་གྲུབ་པ། པུ་ལི་ར་ནི་མགོ་བོར་ཤེས། །སོགས་ཀྱིས་གསུངས་སོ། །དེའང་དེ་དག་རྒྱུར་བྱས་ནས་གཞལ་ཡས་ཁང་དུ་བསྒོམ་ན་ནི་ཁྱད་འདོན་རྒྱུ་ཅུང་ཟད་མེད། །དེས་ན་ལུས་ཀྱི་ཆ་དེ་དག་དེ་ལྟར་དུ་གནས་པ་མཐོང་བ་སྟེ། དེ་ལྟར་ན་དངོས་པོར་གནས་པ་མཐོང་བ་ཡིན་ནོ། །དེ་ལུས་འདི་ཁ་མཐོང་བ་བཞིན་ནམ་ཞེ་ན། དེ་ནི་མིན་ཏེ། འདི་རྣམ་འགྱུར་ཡིན་པས་སོ། །འོ་ན་ཇི་ལྟར་ཞེ་ན། བདག་བྱིན་བརླབ་ཀྱི་སྒོ་ནས་སྒྱུ་མ་ཙམ་དུ་མཐོང་བ་སྟེ། དེ་ནི་དེ་དག་གི་རེ་ཞིག་པའི་གནས་ལུགས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་བདག་བྱིན་གྱིས་བརླབ་པའི་བྱེ་བྲག་གོ །འདི་ནི་རྩ་བའི་མདོའི། ནམ་མཁའི་དཀྱིལ་འཁོར་དབུས་གནས་སམ། །གྲུ་བཞི་ལྷམ་པར་རབ་ཏུ་མཛེས། །ཞེས་པ་ལུས་དཀྱིལ་དུ་བཤད་པའི་དོན་ནོ། །དེ་ལྟར་རྟེན་བཤད་ནས། བརྟེན་པ་ལྷ་ལའང་། རྣམ་པར་འགྱུར་བ་རིགས་ལྔ་འམ་དྲུག་ནི་རགས་པ་སྟེ། དེ་དག་ལྷར་བཞག་པས་རིག་ལྔའམ་དྲུག་ཡིན་པས་དེ་ཙམ་བསྟན་ལ། གོང་བ་འམ་ཕྲ་བ་གཏན་ལ་འབེབས་དུས་འདིར་འདུས་པར་རིགས་གསུམ་གཙོ་བོར་བསྟན་ཏེ་ཡེ་ཤེས་སྦས་པའོ། །མའི་རྒྱུད་ལས་དེ་ཡང་ཕྱུང་བའི་ཕྱིར་ཡེ་ཤེས་ཀྱི་རིགས་བཞི་སྟོན་ཏེ། རྒྱུ་དུས་ན་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ། དེ་ཁ་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་ཡིན་ཞིང་། རིགས་དྲུག་ཀྱང་སྡུད་རིམ་དུ་དེ་བཞིར་འདུ་བས་སོ། །དེ་བས་ན་སཾ་པུ་ཊར། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་བྱུང་། །ཞེས་གསུངས་པ་དང་། ཡང་བདེ་མཆོག་ལས་རྩ་ཡུམ་དང་ཁམས་དཔའ་བོར་བཤད་པ་བཞིན། འདིར། ལུས་ཀྱི་དབུས་ན་རྩ་དབུ་མ། །དེ་ལའང་། གནས་པ། ཆོས་ཉིད། དོན་དམ་པའི་དབུ་མ་གསུམ་ཕྱེ་བའི་དང་པོ་ལས། རོ་རྐྱང་གཉིས་སུ་གྱེས་ཤིང་། དེ་ལས་འཁོར་ལོ་བཞི་སོགས་ཀྱི་རྩ་སྟེ། རྒྱས་པར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་ཐམས་ཅད་བྱེད་ལས་ཀྱི་སྒོ་ནས་སོ་སོར་བཞག་པ་མ་གཏོགས་དོན་དབུ་མ་རང་ཡིན་ནོ། །དེའི་ཕྱིར་དེ་དག་གི་བྱེད་ལས་དག་པས་ན་རྩ་ཐམས་ཅད་དབུ་མར་འགྲོ །དེ་ཕན་རྣམ་པར་རྟོག་པ་དང་བཅས་པའི་རླུང་རགས་པ་དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་དུ་ཉིན་ཞག་ཕྲུགས་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ། དེ་ནས་དེ་ལྟར་མི་རྒྱུ་བར་མཉམ་པར་འབབ་པས་ན་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རླུང་། དེ་བཞིན་ཁམས་ཐིག་ལེའི་ཚོགས་ཀྱང་དེ་ཕན་རྣམ་པར་འགྱུར་བ་བསྟེན་པས་སུམ་ཅུ་རྩ་དྲུག་ལ་སོགས་པ་ཡོད་ལ། དེ་ནས་འགྱུར་བ་མི་བསྟན་པའི་ཕྱིར་དངས་མར་འགྲོ་བ་ཡིན་ནོ། །དེ་བས་ན་སྤྱིར་རྩ་གསུམ་འབྲེལ་བ་ལ་འཁོར་ལོ་དྲུག་ཡོད་ཀྱང་འདིར་བསྟན་པ་ནི་འཁོར་ལོ་བཞིར་སྡུད་པ་སྟེ། སྟོང་པ་དང་ཡེ་ཤེས་ཀྱི་ཁམས་ཐམས་ཅད་ལ་ཁྱབ་པས་ལོགས་སུ་བཀར་མི་དགོས་སོ། །འོན་ཀྱང་བསྒོམ་པའི་ཚེ་གནས་པ་ལྟར་དབུ་མ་སྤྱི་བོ་ནས་སྨིན་མཚམས་སུ་ཟུག་པ་དེར་རྩ་གསུམ་འབྲེལ་བ་དང་། རོ་རྐྱང་དེ་ནས་ཀྱང་རིང་བ་སྣ་སྒོར་ཟུག་པ། འོག་ཏུ་ལྟེ་བ་ནས་མར་སོར་བཞིར་དེ་གསུམ་འབྲེལ་བ་བསྒོམ་ལ། དེ་ནས་ལམ་སོ་སོར་གྱེས་པ་ནི་འདིར་བཏང་སྙོམས་སུ་བཞག་གོ །དེས་ན་དེའི་རྩ་གསུམ་འབྲེལ་བའི་ཡིག་གཟུགས་ཡུམ་དང་། ནང་དུ་མི་ཤིགས་པ་འོད་ཀྱི་ཐིག་ལེ། ཤིན་ཏུ་ཕྲ་བའི་རླུང་། དངས་མའི་རྩ། ལེན་པའི་རྣམ་ཤེས་གང་དུ་བཏགས་ཀྱང་ཆོག་པ་དེ་དག་གི་ཐིག་ལེ་དེ་ཀ་བླ་མ་ཡིན་པས་དང་། འདབ་མའི་ཡིག་གཟུགས་ཀྱང་པད་འདབ་ལ་ཡི་གེ་འགོད་པ་ལྟ་བུ་མ་ཡིན། འོ་ན་གང་ཞེ་ན་སྦུབས་ཀྱི་ནང་དུ་ཁམས་དེ་ལྟར་གནས་པའོ། །དེ་བས་ན་དེ་དག་ཀྱང་དཔའ་བོར་གྲུབ་པའོ། །ལྟེ་འོག་དོན་ལ་གསང་གནས་ཀྱི་མདུད་པ། དེར་ཨ་ཤད་རྡོ་རྗེ་ཕག་མོ། དེ་ལ་མེ་རི་ཞེས་པའང་ཆོས་མཚུངས་ཀྱིས་བཞག་པ་སྟེ། གང་དང་མཚུངས་ན་རྟ་གདོང་གི་མེ་དང་ངོ་། །ཇི་ལྟར་མཚུངས་ན་དེས་རྒྱ་མཚོ་མ་ལུས་ཟ་བ་ལྟར་དུ་འདིས་ཕུང་ཁམས་མ་ལུས་པ་ཟ་བས་ཡིན་ནོ། །ཀྵ་ཡིག་གདན་དུ་བྱས་པ་ཞེས་པའི་གདན་ནི་ཁམས་ཀྱི་དོན་ནམ་དབྱིངས་ཀྱི་དོན་ཡིན་པས། དཔལ་དུས་ཀྱི་འཁོར་ལོར། ཟུང་བདུན་གྱི་ས་བོན་རྫོགས་པའི་མཇུག་ཏུ་ཀྵ་ཡིག་སྨོས་པའི་དགོས་པ། ཟུང་གི་ས་བོན་དབྱངས་ཡིག་སུམ་ཅུ་སྨོས་པ་དེ་ཐམས་ཅད་འདུས་པ་ལས་ཧཾ་དུ་འགྱུར་བའི་བཞི་བཀོད་པ་ཡིན་ལ། ཧཾ་དང་ཀྵ་ཡིག་ཟུང་དུ་སྦྱོར་ཤེས་པའི་དོན་དུ་ཀྵ་ཞེས་སྨོས་ཏེ། ཟུང་དེ་དག་ཐབས་ཤེས་སུ་འགྲོ་ཚུལ་ནི་ཨེ་ཝཾ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ན་དབྱངས་ཐམས་ཅད་ཧཾ་དང་། གསལ་བྱེད་ཐམས་ཅད་ལས་ཀྵ་ཞེས་སྒྲུབ་པའི་དོན་འདིར་ཡང་སྟེ། དབུས་སུ་ཨ་ཤད་དེ་ཉིད་དོ། །དེ་ལྟར་བཤད་པ་མེད་ན་དངོས་ཟིན་ལ་ཧཾ་གསལ་བྱེད་དང་། ཨ་ཤད་དབྱངས་སུ་ཡོད་པས་རྡུལ་གསལ་བྱེད་དང་། ཁུ་བ་དབྱངས་སུ་བཤད་པ་དང་འགལ་བ་ལྟར་སྣང་བ་དེ་མི་འགལ་བར་སྒྲུབ་པའི་ཆེད་དུའོ། །དེ་ནི་རྩ་བའི་མདོའི། སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །ཞེས་པའི་དོན། དེ་ནས་ཏིང་ངེ་འཛིན་རླུང་འཇུག་གནས་ལྡང་གསུམ་གྱི་གསལ་བཏབ་སྟེ། ལྡང་བའི་ཚེ་གཡས་སྐོར་དུ་གསལ་བཏབ། འཇུག་པའི་ཚེ་གཡོན་སྐོར་དུ་གསལ་བཏབ། དེའི་རྒྱུ་མཚན་ཡང་། རླུང་ཕྱིར་སྤྲོ་བ་བསྐྱེད་པ་འཁོར་བའི་རླུང་། གཡས་རོ་མའི་བྱེད་ལས་སུ་ཡོད་པས་རྩ་དེ་ཁ་སྟེང་དུ་བལྟ་བས་སྟེང་སྒོ། ནང་དུ་འཇུག་པ་སྡུད་པ་མྱ་ངན་ལས་འདས་པའི་རླུང་། གཡོན་རྐྱང་མའི་བྱེད་ལས་སུ་ཡོད། རྩ་དེ་ཁ་འོག་ཏུ་འཕྱང་བས་འོག་སྒོ། དེའི་ཕྱིར་སྡོམ་འབྱུང་ལས། རླུང་ནི་འཁོར་བའི་སྟེང་དུ་བགྲོད། །མྱ་ངན་འདས་པའི་འོག་ཏུ་བགྲོད། །དེ་ནི་རྩ་ཚིག་ལས་གསུངས་པའི་ཞིང་ལུས་དཀྱིལ་ངོས་མ་གསལ་བཏབ་པའོ། །གཉིས་པ་སྔགས་ཀྱི་རིམ་པ་ནི། རྩ་བའི་མདོར། བསམ་གཏན་རྡོ་རྗེས་རབ་བསྐུལ་བྱ། །ཞེས་པ་ནི། དེ་ལྟར་ལུས་ཀྱི་རྟེན་རྩ། ངག་གི་རྟེན་རླུང་། ཡིད་ཀྱི་རྟེན་ཐིག་ལེར་ཤེས། དེའི་གནད་དུ་བསྣུན་སའི་རྩ་བའང་། དང་པོ་དབུ་མ། གཉིས་པ་ཡེ་ཤེས་ཀྱི་རླུང་། གསུམ་པ་དངས་མའི་ཐིག་ལེར་ཤེས་ནས་དེ་དག་ལ་གནད་དུ་བསྣུན་པས་རྟེན་གསུམ་དག་པར་བཞེད་པ་ནི་འདིར། རྩ་ཚིག་གི་བསམ་པ་ཞེས་པ་དེ་ཡིན། ལུས་བྱེད་ཆིངས། ངག་སྲོག་རྩོལ། དབང་གསང་གནས་ཀྱི་བུམ་ཅན་ཏེ། སྟེང་དང་འོག་ཏུ་རྒྱུ་བའི་རླུང་། །ཁ་སྦྱར་དུ་ནི་ཡིད་ཀྱིས་བྱ། །ཞེས་པའོ། །རྩ་བའི་མདོར། མཆོད་པའི་ཆོ་ག་དེ་ཉིད་ཀྱི། །བློ་དང་ལྡན་པས་རྟག་ཏུ་བྱ། །ཞེས་པས། ཡིད་ཐིག་ལེ་ལ་དམིགས་པས་མཆོད་རྫས་གཏུམ་མོ་ཡེ་ཤེས་ཀྱི་མེས། མཆོད་ཡུལ་བླ་མ་དང་རྒྱལ་བ་རབ་འབྱམས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩ་དང་ཐིག་ལེ་མཆོད་པས། མཆོད་ཡུལ། མཆོད་རྫས་མཆོད་པར་བྱེད་པ་པོ་ཐམས་ཅད་བླ་མའི་ཡེ་ཤེས་ཀྱི་རོལ་པ་རང་གི་སེམས་ཀྱི་བདག་ཉིད་དེ། མདོ་ནས་བཤད་པའི་ཏིང་ངེ་འཛིན་ཇི་སྙེད་པ་ཐམས་ཅད་སྔགས་ཀྱི་ཏིང་ངེ་འཛིན་ཐུན་གཅིག་གི་ནང་དུ་ངོ་བོ་གཅིག་ཅིང་ཁྱད་པར་མི་འདྲ་བའི་ཆ་ནས་གསལ་བ་དང་རྫོགས་པར་ལྟ་བ་ལ་ཉམས་ལེན་དུ་བྱེད་པའོ། །འདི་ནི་རྩ་ཚིག་གི་དངོས་པོར་ཞེས་པ་དེ་ཡིན། གསུམ་པ་ནི་མཛོད་སྤུ་ནས་འཐོན་པའི་ཡེ་ཤེས་ཀྱི་མེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྙོམས་འཇུག་གིས་མཆོད་པ་ནི། རྡོ་རྗེའི་དཀྱིལ་འཁོར་བསམ་གཏན་གྱི། །འཁོར་ལོ་ཅན་ཀུན་གཞུག་པར་བྱ། ཞེས་པའི་དོན། དེ་དག་སྐུ་གསུང་ཐུགས་ཡེ་ཤེས་བདུད་རྩིར་ཞུ་བ་ཡེ་ཤེས་ཀྱི་མེ་དང་གཅིག་ཏུ་འདྲེས་པར་བཟུང་ནས་སླར་ལོག་པ་སྣ་སྒོ་ནས་གསེར་སྒོར་ཡོངས། དེས་དབང་བསྐུར་ཚུལ་ནི། རྒྱལ་དབང་རྗེས། མཚན་རྣམས་ཡོངས་རྫོགས་བླ་མའི་སྐུ། །སྤྱི་བོར་ལུས་ཀྱི་ཐིག་ལེ་ལ། །ཞུགས་ནས་བུམ་དབང་དགའ་བའི་ཆུས། །སད་པའི་སྒྲིབ་པ་སྦྱང་དུ་གསོལ། །ལོངས་སྤྱོད་རྫོགས་པ་ཀུན་གྱི་སྐད། །མགྲིན་པར་ངག་གི་ཐིག་ལེ་ལ། །ཞུགས་ནས་གསང་དབང་མཆོག་དགའི་མེས། །རྨི་ལམ་བག་ཆགས་སྲེག་ཏུ་གསོལ། །དཔལ་ལྡན་བླ་མ་ཆོས་ཀྱི་སྐུ། །སྙིང་གར་སེམས་ཀྱི་ཐིག་ལེ་ལ། །ཞུགས་ནས་ཤེས་རབ་ཡེ་ཤེས་ཉིད། །གཉིད་འཐུག་མུན་པ་བསལ་དུ་གསོལ། །མགོན་པོ་ལྷན་ཅིག་སྐྱེས་པའི་སྐུ། །ལྟེ་བར་ཡེ་ཤེས་ཐིག་ལེ་ལ། བཞུགས་ནས་བཞི་པའི་དབང་བསྐུར་བས། །འཕོ་མེད་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་ལྟར་རོ། །དེ་ལྟར་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བདུད་རྩིའི་རྒྱུན་མི་འཆད་པར་བབས་པས། ངོ་བོ་ཡེ་ཤེས་ཀྱི་དབུ་མ། རྣམ་པ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩར་ཤར་བའི་རྩ་འདབ་ཐམས་ཅད་རིམ་གྱིས་གང་བས་གཅིག་ལ་གཅིག་བཅར་བའི་ཚུལ་གྱིས་རྩ་འདབ་ཀྱི་ཐིག་ལེ་ཐམས་ཅད་རོ་གཅིག་ཏུ་འདྲེས་ཏེ་ལུས་ཐམས་ཅད་བདེ་བའི་ཉམས་དང་ལྡན་པ་ལ་དམིགས་པ་གཏད། ལོངས་སྐུའི་གསོལ་བཏབ་བྱས་ཏེ་མཉམ་པར་གཞག་གོ །དེ་ནི། སློབ་དཔོན་སྙིང་གར་རབ་བསྒོམས་ནས། །སོགས་ཀྱི་དོན་ནོ། །བཞི་པ་ནི་དེ་ལྟར་བསྒོམས་པས་ཁམས་འདུ་བ་རྣམ་པ་གསུམ་འབྱུང་ཞིང་རྩ་རླུང་ལ་དྲོད་རྙེད། རྟགས་དང་རྟགས་ཅན་གྱི་ཏིང་ངེ་འཛིན་ལ་རྩལ་སྦྱོང་ཅིའང་ནུས། སྒོ་དགུའི་རྒྱུ་བ་དག །ཞི་བ་ཅན་གྱི་འགག་པ་འཐོབ། །དེས་ཁམས་ཐམས་ཅད་དངས་མའི་འཇའ་ལུས་སུ་འགྲོ་བ་ཡིན་ནོ། །གང་འདོད་པ་ཡི་འབྲས་བུ་ནི། །གསུང་གི་དངོས་གྲུབ་འགྲུབ་པར་འགྱུར། །ཞེས་པའི་ཕྱིར་རོ།། །།གསུམ་པ་བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་ཀྱི་སྐུར་སྒྲུབ་པ་ལ། བདག་གིས་བཟང་པོ། གཞན་གྱི་བཟང་པོ། དུས་ཀྱི་བཟང་པོ། ཡེ་ཤེས་ཀྱི་བཟང་པོ་བཞི་ལས། དང་པོ་ནི། བྷ་གའི་དཀྱིལ་འཁོར་ཡང་རྣམ་པ་གཉིས་ཏེ། རང་ལུས་ཐབས་ལྡན་གྱི་ཚེ་གསང་གནས་ཀྱི་རྩ་མདུད་གྲུ་གསུམ་དང་། གཞན་ཕྱག་རྒྱ་མའི་པདྨ་སྟེ། ངེས་བརྗོད་བླ་མ་ལས། འཁོར་ལོ་བདེ་མཆོག་སྡོམ་པ་ཡི། །དཀྱིལ་འཁོར་མཆོག་གི་དེ་ཉིད་ནི། །ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། དང་། །ཕག་མོའི་ལུས་ལས་བྱུང་བ་ཡི། །བྷ་ག་པདྨའི་དཀྱིལ་འཁོར་རོ། །དེ་ལ་དཀྱིལ་འཁོར་འདུས་པ་སྟེ། །དཀྱིལ་འཁོར་བདེ་བའི་ཡི་གེ་སྟེ། །དཀྱིལ་འཁོར་དཔའ་བོ་རྣལ་འབྱོར་མ། །ཁ་སྦྱོར་གཉིས་སུ་མེད་པ་ཉིད། །ཅེས་དང་། སྡོམ་འབྱུང་ལས། མཐོ་རིས་ས་སྟེང་ས་འོག་ཏུ། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །སྐད་ཅིག་རྣམ་པས་རྣལ་འབྱོར་ཏེ། །སྐད་ཅིག་རྣམ་པས་གསང་སྔགས་སྟོན། །དཔའ་བོ་ཀུན་དང་མཉམ་སྦྱོར་བ། མཁའ་འགྲོ་དྲ་བའི་བདེ་བ་མཆོག །ཅེས་གསུངས་སོ། །དང་པོ་དེའི་ལྷ་ནི། བརྟག་གཉིས་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །དེའང་རྡོ་རྗེ་མཁའ་འགྲོར། བདག་གི་དེ་ཉིད་རྡོ་རྗེ་འཛིན། །བདག་གི་དབུས་སུ་ཚུད་བྱས་ནས། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། ཞེས་པ་ནི། རྗེས་སུ་ཆགས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐུལ་བས་ཕུང་ཁམས་སྐྱེ་མཆེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་ནས་ཞུ་བའི་ཐིག་ལེར་རོ་གཅིག་པ་གསང་བའི་འཁོར་ལོར་འབེབས་པ་དཔའ་བོ་ཡིན་ལ། ཐམས་ཅད་རྡོ་རྗེའི་རང་བཞིན་དུ། །བྱས་ནས་དེ་ཚེ་རྣམ་པར་བསྒོམ། །དེར་རང་རིག་ཏུ་བརྟན་པར་བྱས་ནས་སྟོང་གཟུགས་སུ་སྤྲོ་བ་ཡུམ་སྟེ། ཐབས་ཤེས་རབ་ཀྱི་དབྱེ་བས་རིགས་གཉིས་སོ། །ཕྱི་མ་ཇི་ལྟར་སྒྲུབ་པ་ནི། །བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་འདུས་པར་གསུངས་པའི་ཚུལ་འདིས་སོ། །འདི་ནི་འཛིན་པའི་ཚུལ། །དེ་ནས་འདྲེན་དང་འགྲེམས། མཐར་རླུང་ཅི་ཙམ་ནུས་པ་བསྒོམ་པའི་བར་རོ། །འདི་ནི་རང་ལུས་ཐབས་ལྡན་ནོ། །གཉིས་པ་གཞན་གྱི་བཟང་པོ་ནི། དགའ་བ་དང་པོ་དཔའ་བོ་ཉིད། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་པ་རྡོ་རྗེ་མཁའ་འགྲོར། འཁོར་ལོ་ཅན་ཀུན་བསྡུས་ནས་ནི། །བཙུན་མོའི་བྷ་ག་བདེ་ཆེན་སྤྲོ། །ཞེས་པ་པདྨ་ཅན་ལ་སོགས་པའི་བུ་མོ་ལེགས་པར་སྦྱངས་པའི་པདྨའི་ཟེ་བ་བུ་གར་བླངས་ནས་དབུ་མ་གཉིས་མཉམ་པར་སྦྱར་ཏེ་སྔར་བཞིན་གྱི་ཞུ་བ་གསང་གནས་ནས་རྡོ་རྗེའི་རྩེར་ཕབ་པའི་ཡས་བརྟན་གྱི་དགའ་བ་ཐམས་ཅད། འདིར་དགའ་བ་དང་པོར་བཞག་པ་དེ་ཡིན་པས་ཐབས་སོ། །དེར་ནི་དཀྱིལ་འཁོར་ཀུན་ཏུ་བྲི། །ཞེས་པ། དེ་ནས་ཤེས་རབ་ཀྱི་རྡུལ་དེར་ལྷུང་བ་ཆེས་བདེ་བ་ཆེ་བའི་ཕྱིར་མཆོག་ཏུ་དགའ་བའི་མིང་ཅན་རྣལ་འབྱོར་མའོ། །དེས་བྷ་གའི་དཀྱིལ་འཁོར་དུ་བླ་མ་ཡབ་ཡུམ་སྙོམས་པར་འཇུག་པ་ནི། དཀྱིལ་འཁོར་བ་སྟེ་སྐབས་འདིའི་མཆོད་པའི་ཞིང་ནི་དེ་ཡིན་ནོ། །རྩ་བའི་མདོའི། ནམ་མཁའི་དཀྱིལ་འཁོར་དབུས་གནས་སམ། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །འདིར་གྲུ་བཞི་ནི་ཁ་ལ་གྲུ་གསུམ་རྩ་བའི་གྲུ་གཅིག་སྟེ་ཕུར་བུ་ས་ལ་བཏབ་པ་ལྟ་བུར་ཡོད་པས། རྣམ་པར་ཐར་པའི་སྒོ་གསུམ་དང་། འདུས་མ་བྱས་པའི་རྣམ་པར་ཐར་པ་ཁྱབ་བྱེད་དུ་བྱས་པས་ཆོས་ཀྱི་འབྱུང་གནས་ཞེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །སངས་རྒྱས་དཀྱིལ་འཁོར་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོ་རྣམས་ཀྱི་བྷ་ག་ལ་བཞུགས་སོ། །ཞེས་པའི་དོན་གྱིས་སོ། །འཁོར་བར་འཁོར་བའི་རྩ་བ་འཛག་པ་ཡིན་པར་རིག་ནས། དེ་འཆིང་བར་འདོད་པ་ནི་འདིའི་བསམ་པ། དངོས་པོ་ནི་དེ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རིག་པ། སྤྱི་སྐད་ན་ཆགས་པ་འཁོར་གསུམ་ཡོངས་དག་ཏུ་གཏོང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་བདེ་མཆོག་རྩ་རྒྱུད་ལས་གསུངས་པའི་ཕྱིར། རྡོ་རྗེའི་དཀྱིལ་འཁོར་བསམ་གཏན་གྱི། །སོགས་ཚིགས་བཅད་གཅིག་གི་དོན། གསུམ་པ་དུས་ཀྱི་བཟང་པོ་ནི། བསམ་གཏན་རྡོ་རྗེས་རབ་བསྐུལ་བྱ། །ཞེས་པའི་དོན། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །ཞེས་པས། ཡས་བརྟན་གྱི་ལྷན་སྐྱེས་འཆར་ས་ཆོས་མཆོག་མཐའ་མའི་སེམས་རྟེན། དེ་ཚུན་ཆགས་པའི་ཕྱོགས་ལོངས་སྐུའི་ཐིག་ལེ། འཕོས་ན་སྤྲུལ་སྐུའི་ཐིག་ལེ་ཡོང་རྒྱུ། འདིར་དེར་མ་སོང་བའི་མཉམ་པར་གནས་པའི་སྐབས་ཡིད་ཐིག་ལེ་དག་པ་ཆོས་ཀྱི་སྐུ་ཡིན་པས་སོ། །དེ་ལ་བླ་མ་ཆོས་སྐུ་མངོན་གྱུར་ཏུ་མཇལ་བ། དེའང་རྡོ་རྗེ་མཁའ་འགྲོར། ཇི་བཞིན་ཤེས་རབ་སྙོམས་ཞུགས་པའི། །ཡང་དག་སྦྱོར་དང་ལྡན་པ་ཡིས། །དེ་བཞིན་གཤེགས་པའི་གཙུག་ཏོར་དཀར། །ཡིད་ནང་ཆུད་པ་དེ་ཡིས་སྤྱད། །མཆོག་ཏུ་དགའ་བ་སྤྲོ་བ་ཡི། །གནས་སྐབས་སུ་ནི་མཉེས་པར་འགྱུར། །ཞེས་གསུངས་སོ། །བཞི་པ་ཡེ་ཤེས་ཀྱི་བཟང་པོ་ནི། དེ་དང་མཇལ་བའི་མོད་ལ། ལྕགས་མེས་གདུངས་པ་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟ་བུར། ཕལ་པའི་ཁམས་ཐམས་ཅད་དྭངས་མར་འགྲོ་ཚུལ་ནི་ཁམས་དེ་འོག་ཏུ་འཕོ་བ་མེད་པར་བརྟན་ནས། དེར་མི་སྡོད་པར་རང་བྱུང་གི་གྱེན་དུ་གཤེགས་པས། ལྟེ་བར་ལུས། སྙིང་གར་ངག །མགྲིན་པར་ཡིད། སྤྱི་བོར་ཡེ་ཤེས་ཀྱི་ཐིག་ལེ་སྒྲིབ་པ་དང་བྲལ་བས་བུམ་དབང་སོགས་དབང་བཞི་ཐོབ་པ་ཡིན། འདིའི་སྒྲིབ་པ་ནི་སྤྱི་སྐད་ལ་བག་ཆགས་ཞེས་པའི་ཤེས་བྱའི་དྲི་མ་དེ་དག་པའོ། །འདི་ནི་སློབ་དཔོན་སྙིང་གར། ཞེས་པའི་སྙིང་ག་བྷ་གའི་སྙིང་ག །སངས་རྒྱས་ཐམས་ཅད་ནི། དེའི་ནང་གི་ཐིག་ལེ་དབང་བསྐུར་མཁན་ནོ། །འདིའང་བདེན་པ་གསར་མཐོང་གི་དབང་དུ་བྱས་པ་ཁོ་ནའི་བཤད་པ་ཡིན་ལ། མཐོང་ཟིན་གོམས་པར་བྱ་བའི་ཕྱག་རྒྱ་ལ་རྟེན་པ་ལ་ནི་དང་པོ་ཉིད་ནས་རང་རིག་གིས་འཛག་མེད་དུ་རྟེན་པར་བྱེད་ནུས་སོ། །འདིའི་ལྷན་སྐྱེས་ཀྱི་ཁྱད་དགའ་ཚུན་ནི་ལམ་བཀར་བཞག་གོ །དེའི་ཕྱིར་འདིར་དེ་གསུམ་གྱིས་དབང་བཞི་པ་ཐོབ་ཀྱང་མཐར་མ་ཕྱིན། འཕོ་བ་བཅུ་གཉིས་ཀྱིས་ཕྲ་བའི་རླུང་དབུ་མར་ཐིམ་པ་ལ་ཟུག་པ་ཡིན་ནོ། །འདི་དུས་དབུ་མ་དེའི་འཁོར་ལོའི་མདུད་པ་དགྲོལ་བའང་མ་རིག་པ་མདུད་པར་བྱས་པ་དེ་གྲོལ། འཛག་མེད་ཀྱི་འགྲོས་ཀྱི་རིམ་པ་བཞིན་གང་བའོ། །དེ་བས་ན་འདིར་ཆོས་སྐུའི་གསོལ་བ་བཏབ་སྟེ་འཁོར་གསུམ་དག་པའི་ངང་དུ་འབྱམ་ཀླས་པར་བྱའོ། །ལས་དང་པོ་པ་ལ་ནི་དུས་འདིར་ཡས་བརྟན་གྱི་ལྷན་སྐྱེས་ཙམ་དུ་སོང་ནས་རྩོལ་བས་བྱང་ཆུབ་ཀྱི་སེམས་འཕོ་མེད་དུ་བྱ་དགོས་ལ། དེའི་ཚེ་བཅུད་པགས་པ་ལ་འདུས་པ་སྐྲག་མདངས། ཤ་ལ་འདུས་ན་ཤ་ལོ་ལེགས་ཀྱི་ལྗང་བ་བཞིན་སྐྱེ། རྩ་ལ་འདུས་ན་དབང་པོ་དྭངས། ཤེས་པ་གསལ། རུས་ལ་འདུས་ན་སྟོབས་ཆེ། རྒས་སྲ། མཐར་ནི་ངེས་པར་དངས་མ་ལ་འདུ་སྟེ། དེ་ནས་འོད་གསལ་མཚན་ཉིད་པ་འཆར་རོ།། །།བཞི་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་ལ། བདག་གི་གདན། གཞན་གྱི་གདན། རྣལ་འབྱོར་གྱི་གདན། དེ་ཁོ་ན་ཉིད་ཀྱི་གདན་བཞི་ལས། དང་པོ་ནི། སྔར་གྱི་དེས་བླ་མ་ཆོས་སྐུ་མཇལ་མཐར་མ་ཕྱིན་པ་ལའང་འདི་སྟོན་ལ། དེའི་ཚེ་ལམ་བཀའ་མཐར་ཕྱིན་ནའང་དངོས་གྲུབ་ཆེན་པོའི་སྟོན་པའོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། མངོན་བརྗོད་བླ་མ་ནས། ཡང་དག་ཀུན་སྒོམ་ལས་འདས་པ། །རྟོག་དང་རྟོག་མེད་རྣམ་པར་སྤངས། །ཕྱི་མོ་ཐིག་ལེ་ལས་འདས་པ། །དེ་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཞེས་པ་དང་། སྡོམ་འབྱུང་ལས། སྣ་ཚོགས་དེ་བཞིན་ཉིད་བདག་མེད། །ཐབས་ནི་སྙིང་རྗེའི་སྟོབས་ཡིན་ཏེ། ཟུང་དུ་འཇུག་པ་རྣམ་རྟོག་བྲལ། དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། །དེ་ཀ་ལྷ་སྟེ། བརྟག་གཉིས་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས་སོ། །དེ་བས་ན་སྔར་གསུམ་པ་ཞུ་བདེ་ལ་དམིགས་པས་འོད་སྣང་ཙམ་ཡོད་པའི་ཕྱིར་ད་དུང་ཕྲ་བའི་གོང་བུར་སོང་། དམིགས་པ་ཉེ་བར་མ་ཞི། འདིར་དེ་ཞི་བར་བྱེད་པ་ལ་མཐར་ཐུག་གམ་རང་བཞིན་དེ་ཀ་བསྟན་ཏེ། སྡོམ་འབྱུང་ལས། གོང་བུ་ལས་འདས་ལྷ་ཉིད་དེ། །དེ་ཕྱིར་བསམ་མི་ཁྱབ་སྦྱོར་བས། །དེ་བཞིན་ཉིད་བདག་ཀུན་ཏུ་འགྲོ །ཞེས་སོ། །འདི་ལ་གསང་བ་ཆེན་པོ་རིགས་གཅིག་པའི་ཐ་སྙད་བཏགས། དོན་རྟེན་འདི་བརྟེན་པ་འདི་བརྗོད་དུ་མེད་པར་མཉམ་པ་ཉིད། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངང་ཚུལ་ཇི་ལྟབ་མཐོང་བ་ཡིན་ནོ། །དེ་ཀ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཞེས་བྱ་ལ། འདི་ཁ་འདིར་ཞིང་ངོ་། །གཉིས་པ་གཞན་གྱི་གདན་ནི། དེའི་ཚེ་སྣང་རྒྱུ་ཞིག་ཡོད་པ་ན་རྣལ་འབྱོར་པ་ལ་མི་སྣང་བ་ཅི་ཡང་མེད་པས་ཐམས་ཅད་གཟིགས་པ་དེ་ཁ་ཇི་སྙེད་པ་མཁྱེན་པ་ཞེས་བྱ། གཟིགས་པའང་སྔ་མ་དང་ཐ་དད་དུ་མེད་པས་དག་པ་རབ་འབྱམས་ཞེས་བྱའོ། །གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་དང་བྱེ་བྲག་དག་ཏུ་མ་འབྱེད་ཅིག །ཅེས་པས་བསམ་པའང་དེ། མ་དག་ས་བདུན་པོ་པ་དེ་དག་ལ་རྗེས་ལ་སྒྱུ་མ་ཙམ་སྣང་རྒྱུ་ཡོད། དག་ས་གསུམ་ནས་མེད་པས། དེ་དག་ནང་ཏིང་ངེ་འཛིན་གྱི་སྣང་བ་ཁོ་ནའི་མཐུ་ལ་སངས་རྒྱས་ལ་ཆོས་ཉན་སེམས་ཅན་གྱི་དོན་བྱེད་པ་སྟེ། ཚུལ་འདིས་བདག་གི་སྨོན་ལམ་རྫོགས་པར་བྱེད་ཅིང་གདུལ་བྱའང་སྨིན་པར་བྱེད་ལ། གང་དུ་འཚང་རྒྱ་བའི་ཞིང་དེ་འང་སྦྱོང་བ་ཡིན་ནོ། །དེའི་ཕྱིར་སེམས་དཔའ་འདི་མན་ལོངས་སྐུའི་གདུལ་བྱར་བཞག་ཅིང་། དེའི་ལོངས་སྐུའང་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་པའི་སངས་རྒྱས་གྱི་ཞིང་སྣང་བ་དེ་ལྟ་བུ་རྡུལ་ཐམས་ཅད་ཀྱི་སྟེང་དུ་ཡིན་པས་སོ། །འདིར་རྡུལ་ཞེས་པའང་བེམ་པོར་གྱུར་པ་མ་ཡིན་ཏེ། ཏིང་ངེ་འཛིན་ལ་དེ་ལྟར་སྣང་བ་སྟེ་ཟད་པར་ས་སྒོམ་པ་ལས་སྣང་བ་བཞིན་ནོ། དེའང་བདེ་མཆོག་གི་རྒྱུད་ལས། ལོངས་སྤྱོད་རྫོགས་པའི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་གྱུར་པ། །དེ་ནས་མཉམ་པར་གཞག་པ་ལས། །ལོངས་སྤྱོད་རྫོགས་པར་ང་རབ་སྨྲ། །ཞེས་གསུངས། དེ་བཞིན་དུ་སྤྲུལ་པའི་སྐུའི་ཞིང་རྣམས་ཀྱང་རྡུལ་རྫས་སུ་གྲུབ་པ་མ་ཡིན་ཏེ། རྣལ་འབྱོར་པའི་སེམས་སྣང་ཡིན་པས། དེར། སྤྲུལ་པ་པོ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་གྱུར་པ། །དེ་ཚེ་སེམས་དེ་རྩེ་གཅིག་ལ། སྤྲུལ་པའི་སྐུ་ཡང་ང་སྨྲ་སྟེ། །ཞེས་གསུངས་པ་དང་། ཆོས་འཕགས་ཀྱིས་རྟག་ཏུ་ངུས་མཐོང་བའི་སངས་རྒྱས་དེ་དག་གང་ནས་ཀྱང་མ་འོངས། གང་དུའང་མ་སོང་བར་བཤད་པ་བཞིན་ནོ། །གསུམ་པ་རྣལ་འབྱོར་གྱི་གདན་ནི། དེའི་ཚེ་རྣལ་འབྱོར་བས། རང་རིག་མཱ་མ་ཀཱིར་བྱས་ཏེ། །པདྨར་རྡོ་རྗེ་ཅན་བཅུག་ནས། །ཞེས་གུར་ལས་གསུངས་པའི་བསྒྲུབ་པ་བརྩམ་སྟེ། ཏིང་ངེ་འཛིན་གྱི་རོལ་མོའི་ཕྱག་རྒྱ་མ་བསྟེན་ནས་སྙོམས་པར་འཇུག་པ་ཕྱག་རྒྱ་དང་རང་རྒྱུད་གཅིག་པའི་ཕྱིར་རྣལ་འབྱོར་གྱི་གདན་ཏེ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་པས་སོ། །དེ་བས་ན་དངོས་གྲུབ་ཆེན་པོའི་ཉེར་རྒྱུའི་ཕྱག་རྒྱར་ས་བཅུ་མ་བཤད་པའི་དགོངས་པའང་འདིས་ཤེས་སོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་གདན་ནི། དཀར་ཆ་མས་བརྟན་པའི་འགྲོས་ཀྱིས་གཙུག་ཏོར་གང་བ་དང་། དམར་ཆ་ཡས་བརྟན་པའི་འགྲོས་ཀྱིས་རྐང་མཐིལ་ཁྱབ་པ་དང་། གཙུག་ཏོར་བལྟར་མི་མངོན་པ་རྫོགས་པ་དང་། སྦ་བ་སྦུགས་སུ་རིལ་ནུབ་པ་རྩ་རླུང་ཐིག་ལེ་འཛག་མེད་ཀྱི་འགྲོས་བཞི་གཉུག་མ་ཕྱག་རྒྱ་ཆེན་པོའི་ཀློང་དུ་ཐིམ་པ་སྟེ། འདི་ཀ་འབྲས་བུའི་དབང་བཞི་སྟེ། ལུས་ངག་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དག་པ་ཡིན་པས་དང་། ངོ་བོ་ཉིད་ཀྱི་དག་པས་དག་པ་གཉིས་ལྡན་ནོ། །དེའང་ས་ར་ཧས། ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་དེ་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་གསུངས་སོ། །དེ་མི་སློབ་པའི་དབང་ཕྱུག་བརྒྱད་དམ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ཐོབ་པ་ཡིན་ནོ། །དེ་ནི་རྩ་བའི་མདོའི། །འདི་ཡིས་སེམས་ཅན་ཐམས་ཅད་ལ། ཕན་བཞེད་བྱང་ཆུབ་ཐོབ་འགྱུར་ཞིང་། །དངོས་འགྲུབ་ཐམས་ཅད་རྨད་བྱུང་ཆེ། །སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར། །ཞེས་པས་བསྟན་པ། ལམ་རིམ་པར་བགྲོད་པ་སྔར་སྐུ་རྡོ་རྗེ་སོགས་སུ་བཞག་པ་ནི་རྣམ་གྲངས་པ་དང་འདི་མཐར་ཐུག་གོ། །།གསུམ་པ་གྲོགས་དམ་ཚིག་ནི། ས་མ་ཡ་ཞེས་པས་མི་འདའ་བས་དམ་ཚིག་ཏུ་བཞག་ཅིང་། ཅུང་ཟད་གཡོས་ན་རྣམ་པར་རྟོག་པར་འགྱུར་བས་འཁོར་བ། དེས་ལྟུང་བར་སོང་སྟེ་ཕྱིར་མ་བཅོས་ན་རྣལ་མའི་ལམ་སོར་ཆུད་པར་མི་འགྱུར་བ་ཡིན་ནོ། །དེའང་བླ་མའི་དམ་ཚིག་ཁོ་ན་གཅེས་པ་སྟེ། དེ་ཉམས་ན་དངོས་གྲུབ་མི་ཐོབ་པས་རྩ་ལྟུང་བཅུ་བཞི་དང་པོར། དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །དང་། བརཏལ་ཞུགས་ཀྱི་ཚེ་དམ་ཚིག་གཞན་རྣམས། དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །ཞེས་བསྲུང་མི་དགོས་ལ། མནར་མེད་ལ་སོགས་སྤང་བའི་ཕྱིར། །དད་པས་བླ་མ་མངོན་ཕྱག་འཚལ་ཞེས་དང་། བླ་མ་སློབ་དཔོན་འདོད་ལྷ་ལ། །སྨོད་ཚིག་མི་ཉན་པ་ཡི་ཕྱིར། །རྣ་བ་དག་ལ་རྣ་ཆ་བཟང་། །ཞེས་བསྲུང་དགོས་པར་བཤད་དོ། །བླ་མ་བརྙས་པ་དང་རྣལ་འབྱོར་མི་བརྩོན་པ་གཉིས་ཀ་མོས་གུས་ལ་སྟེམ་ཀྱང་ཞུགས་པར་སོང་བས། རྩ་ཚིག་ཏུ། ལྟེམ་ཀྱང་མ་བྱེད་རྣལ་འབྱོར་པ། །ཞེས་གསུངས་སོ། དོན་འདི་ལ་དཔལ་ཕག་མོ་གྲུ་པས། བར་གཅོད་གསུམ་དང་བྲལ་གྱུར་ན། གང་འདོད་འབྲས་བུ་འབྱུང་བར་ངེས། །ཞེས་པའི་བར་གཅོད་གསུམ་ཡང་ལུས་ངག་ཡིད་ཀྱི་གཡོ་བ་སྟེ། གནས་ལུགས་ལས་ཕྱིར་ཕྱོགས་འཇུག་པའི་གདོན་ཡིན་པས་གཡོ་བ་ཁོ་ན་བདུད་དུ་རིག་པར་བྱའོ། །དེ་བས་ན་བར་ཆད་དེ་དང་འབྲལ་བ་ལ། དམ་ཚིག་བསྲུང་བ་ཁོ་ན་གཅེས་པའི་ཕྱིར་གེགས་སྲུང་བར་བྱེད་པ་དང་ཚིག་ཅེས་བཞག་ཅིང་། དེའང་ལོག་ནས་གཡབ་འདོར་བྱ་རྒྱུ་མེད་པས། གེགས་སེལ་རྣམས་ཀྱི་ཆོས་གཅིག་པུ། བླ་མ་ཡིན་ནོ་རྣལ་འབྱོར་པ། །ཞེས་གསུངས་ཏེ། མོས་གུས་ཀྱི་ལམ་འདི་ཁ་ལས་གཞན་དུ་མི་གཡོ་བ་དེ་ཁ་དམ་ཚིག་ཏུ་བཞག་པར་མངོན་ནོ། །དེའང་བུམ་དབང་དུ་སྣང་གྲགས་ཐམས་ཅད་བདག་བྱིན་རླབས་ཀྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དུ་བལྟ་བས་དངོས་པོར་ལྟ་བའི་སྲོག་བཅད་པ་ཡིན་ཞིང་། གསང་དབང་དུ་རླུང་སྔགས་དབྱེར་མེད་དམ་ཞི་བ་ཅན་གྱི་རྡོར་བཟླས་སུ་ཁྱེར་བས་གཞོམ་དུ་མེད་པའི་སྐད་གྲུབ་པས་རྫུན་སྨྲར་སོང་། གསུམ་པ་འཕོ་མེད་ཀྱི་བདེ་བ་གཞན་རྐྱེན་གྱིས་མི་རྟོགས་པས་རང་རིག་གིས་བླང་དེས་མ་བྱིན་ལེན། བཞི་པར་བདེ་སྟོང་རང་བཞིན་ལྷན་སྐྱེས་དང་རྟག་ཏུ་སྦྱོར་བའི་ཕྱིར་བུད་མེད་བསྟེན་པ་ཞེས་བྱ་བ་ཡིན་ནོ། །དེས་ན་ལམ་འདི་དག་ཀྱང་སྐུ་ཕེབས་ན་བུམ་དབང་། གསུང་ཕེབས་པ་ན་གསང་དབང་། ཐུགས་ཕེབས་པ་ན་ཤེར་དབང་། ཡེ་ཤེས་ཅུང་ཟད་ཕེབས་ན་བཞི་པའི་འགོ་བརྩམས། རྫོགས་པར་ཕེབས་ན་འབྲས་བུའི་དབང་ཡིན་བས། ཡེ་ཤེས་བབས་ཚུལ་ལ་བལྟོས་ནས་ལམ་བཀའ་སོ་སོ་ནས་ཞུགས་པས་ཆོག །ལམ་བཀའ་རེ་རེས་སངས་རྒྱ་བ་ནི། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་པ་དང་སྦྱར་ན་རེ་རེའང་དབང་བཞི་བཞིར་འགྲོ་བའི་གནད་ཡོད་པས་སོ། །གཞན་རིམ་གྱིས་པ་ལ་ནི་དབང་བསྐུར་བཅུ་དྲུག་ས་བཅུ་དྲུག་གོ །ཞེས་ཤེས་པར་བྱའོ། །བཞི་པ་བོགས་འདོན་པའི་སྤྱོད་པ་ནི། ལམ་གོང་ནས་གོང་དུ་སྤེལ་བས་བོགས་འབྱིན་པ་ཞེས་བྱ་ལ། དེའང་གུད་ནས་སྒྲུབ་མི་དགོས་པས། བོགས་འདོན་རྣམས་ཀྱི་ཆོས་གཅིག་པུ། །བླ་མ་ཡིན་ནོ་རྣལ་འབྱོར་པ། །ཞེས་གསུངས་པ། ཇི་ལྟར་ཡིན་ན། རྣལ་འབྱོར་དང་པོའི་སྐབས་སུ་སེམས་རྩེ་གཅིག་པ་བསྒྲུབ་པའི་ཕྱིར་ཟ་འཆག་བཤང་བ་གསུམ་ལས། ཐ་མལ་དུ་སྡོད་པའི་སྐབས་མེད་པར་རྣལ་འབྱོར་དང་པོ་ལ་འབད་པར་བྱེད་པས་བྷཱུ་སུ་ཀུའི་སྤྱོད་པ། གཉིས་པར་སྨྱོན་པ་བཞིན་སྐྱེ་བོ་དང་ལྷན་ཅིག་ཡིད་ཕེབས་པ་བཏང་ནས་དབེན་པར་རྣལ་འབྱོར་བསྒོམ་པ་གསང་སྤྱོད། ཤིང་གཅིག་སོགས་ཀྱི་དྲུང་ན་གནས་པའང་ནང་གི་ཨ་བ་དྷཱུ་ཏཱིར་རླུང་སེམས་སྡུད་པ་སོགས་ཡིན་པར། ཨཱརྻ་དེ་བའི་མཆན་ཁུང་སྦྱོར་བ་ལས་བཤད་པ་བཞིན་དང་ནང་གི་རྩ་མཉེས་པས་ཕྱིའི་ལྷ་འདྲེ་དབང་དུ་འདུ་བས་སོ། །གསུམ་པར། དཔལ་ཕག་ མོ་གྲུ་པས། ཁམས་གསུམ་གང་བའི་བུ་མོ་ལ། །ལོངས་སྤྱོད་བྱེད་པའི་དུས་ཡིན་ནོ། ཞེས་འཕོ་མེད་དུ་ཐུབ་ན་ཐམས་ཅད་བདེ་ཆེན་གྱི་རྩལ་དུ་འགྲོ །དེས་ཁམས་གསུམ་གང་བའི་བུ་མོ་ལ་ལོངས་སྤྱོད་པས་བརཏལ་ཞུགས་ཏེ་བུད་ཤིང་མང་ན་མེ་ཆེ་བ་བཞིན་ནོ། །བཞི་པ་ནི། དབུ་མ་ལ་གནས་པས་ཕྱོགས་ལྷུང་སྤངས་པའི་ཕྱིར་ཕྱོགས་ལས་རྣམ་རྒྱལ་ལོ།། །།གསུམ་པ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར་གནད་ཀྱི་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ་ལ། རྗེ་བཙུན་གོང་མ་བརྒྱུད་པའི་ལམ་རིམ་དང་། བི་བྷཱུ་ཏི་ལས་བརྒྱུད་པའི་ཚུལ་གཉིས་སོ། །དང་པོ་ནི། ཆོས་རྗེས་སྒྲུབ་ཐབས་ཐུགས་རྗེ་ཉི་རྒྱས་སུ་ངོ་སྤྲོད་དང་སྒྲུབ་ཐབས་གཉིས་སུ་མཛད། སྒྲུབ་ཐབས་ལ་སྟོན་བྱེད་བླ་མ། བསྟན་ས་སློབ་མ། སྟོན་རྒྱུའི་སྒྲུབ་ཐབས་གསུམ་དུ་ཕྱེ། སྒྲུབ་ཐབས་ལ་སྔོན་འགྲོ་དམ་ཚིག་བསྟན་པ། དངོས་གཞི་བླ་མ་སྒྲུབ་པ། རྗེས་འཕྲིན་ལས་ལ་སྦྱར་བ། དངོས་གཞི་ལ། དང་པོར་བླ་མ་ཤེས་པར་བྱ་བ། བར་དུ་མོས་གུས་ཤེས་པར་བྱ་བ། མཐའ་མ་དངོས་གྲུབ་ཤེས་པར་བྱ་བ་གསུམ་གྱིས་གསུངས་ལ། བདག་གི་རྗེ་བཙུན་གཉིས། སྔོན་འགྲོ་བསླབ་པ་གསུམ་ལ་བསླབ་པ། དངོས་བཞི་སྨིན་གྲོལ་གཉིས་ལ་བསླབ་པ། རྗེས་ངོ་སྤྲད་པ་ལ་བསླབ་པ། བསླབ་པ་གསུམ་ནི། རྒྱུན་དུ་དམ་ཚིག་གཙང་བ་ལ་བསླབ་པ་སྡོམ་པ་གསུམ་གྱི་བཅས་འགལ་གྱི་ཉེས་པས་མ་ཕོག་པ་དང་། ཕོག་ཀྱང་ཕྱིར་བཅོས་ཀྱིས་དག་པར་བྱེད་པའོ། །དེའང་སོ་སོ་ཐར་པའི་བསྙེན་པར་རྫོགས་པ་ལྟ་བུ་སྔར་བྱས་ཕྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་དེ་ནས་རྡ་ོརྗེ་ཐེག་པ་ལ་ཞུགས་པ་ཞིག་ཡིན་ན་སྡོམ་པ་དེ་གསུམ་གནས་གྱུར་ངོ་བོ་གཅིག །དེའི་ཚེ་སྲོག་གཅོད་ལྟ་བུ་སོགས་གསང་སྔགས་སུ་གནང་བ་བསྒྲུབ་ན་སྔ་མ་གཉིས་ལ་བལྟོས་པའི་ལྟུང་བ་མི་འབྱུང་སྟེ། ཉི་ཟླ་སྐར་མ་གསུམ་མཁའ་ལ་གནས་ཀྱང་ཉི་མའི་འོད་ཀྱིས་ཟིལ་གྱིས་མནན་པས་དེ་དག་གི་འོད་ཀྱིས་བྱ་བ་མི་སྣང་བ་ལྟ་བུ། དེའི་ཕྱིར་འདི་ལ་དགག་སྒྲུབ་གོང་མ་གཙོ་བོ་ཡིན་ནོ། །ཉི་མ་མེད་ན་ཟླ་འོད་སྣང་བ་བཞིན། སྔགས་ཀྱི་ལ་ལྟོས་པ་མེད་ན་སྔ་མ་རང་ཉིད་བཞིན་དུ་དགོས་ཏེ། འཆང་འབྲལ་ལྟ་བུའོ། །རྒྱུན་དུ་ཚོགས་གསོག་པ་ལ་བསླབ་པ་བླ་མ་མཉེས་པ་གསུམ་གྱིས་མཉེས་པར་བྱེད་པའོ། །རྒྱུན་དུ་གསོལ་བ་འདེབས་པ་ལ་བསླབ་པ་ནི། ཕྱིའི་གསོལ་འདེབས་ཀྱིས་རྒྱུད་སྦྱང་བ་དང་། ནང་གི་གསོལ་འདེབས་ཀྱིས་བྱིན་དབབ་པ། དང་པོ་ནི། སྤྱོད་འཇུག་ལས། སྤྱན་རས་གཟིགས་མགོན་དེ་ལ་ཡང་། ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་ཐུགས་རྗེས་གཟིགས། །ཞེས་གསུངས་པ་ལྟ་བུར་འདེབས་པ་རྒྱང་འབོད་མ་ཞེས་བྱ། དེ་བླ་མ་སྙན་འོན་པ་མ་ཡིན། རང་ལ་ཉོན་མོངས་པའམ། རྐྱེན་མི་དགེ་བའི་བཤེས་གཉེན་དུ་སོང་ནས་བླ་མ་དང་ཐུགས་ཡིད་བསྲེ་མ་ཐུབ་དེས་ན་བླ་མ་དཀོན་མཆོག་མི་མངོན་དབྱིངས་ནས་ར་མདར་སྤྲན་པ་སྟེ། ཕལ་སྐད་ན་འབོད་པ་བརྒྱག་པའོ། །གཉིས་པར་རིང་རྫོགས་སུ་གསོལ་བ་འདེབས་པ་སྐུ་ལྔ་རབ་རྫོགས་མ་ལྟ་བུ། ཉེ་བརྒྱུད་དུ་གསོལ་བ་འདེབས་པ་ཁྲིད་ཀ་སོ་སོ་འམ་བཀའ་རྒྱུད་ཕྱག་མཆོད་ལྟ་བུ། ཀུན་འདུས་སུ་གསོལ་བ་འདེབས་པ་མ་ནམ་མ་བཞི་སྐོར། མ་ལུས་ཀུན་ཁྱབ་མ། བླ་མ་སངས་རིན་མ། དཀར་པོ་ཆིག་ཐུབ་སོགས་སོ། །ཁྱད་པར་རྩ་བའི་བླ་མའི་གསོལ་བ་འདེབས་པ་ལ་འབད་དོ། །རྩ་བའི་བླ་མ་ནི། རང་སེམས་ཆོས་སྐུར་དངོས་སུའམ་བརྒྱུད་པས་སྟོན་ཡང་འདྲ་དེ་ལ་བྱེད་པ་ཡིན་ནོ། །དངོས་གཞི་སྨིན་པར་བྱེད་པ་ནི། རྡོ་རྗེ་ཐེག་པའི་སྒོར་དབང་བཞི་རྫོགས་ཐོབ་པ་དང་། དམུས་ལོང་མིག་འབྱེད་བྱིན་རླབས་སུ་སྟོན་པ་གྲོལ་བྱེད་ལ། གང་ཟག་དང་པོ་པའི་དབང་དུ་བྱས་ནས། འཕགས་པ་ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་པར་ལེགས་གནས་ཏེ། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་ཏེ། གང་ཟག་དེའི་ངོར་བསྐྱེད་རྫོགས་འགལ་བར་བཤད་པ་སྟེ། སྦྱང་གཞི་ལ་བལྟོས་ནས་ཀྱང་། བསྐྱེད་རིམ་པའི་སྦྱང་གཞི་སྲིད་པར་བསྐྱེད་རིམ། རྫོགས་རིམ་པའི་སྦྱང་གཞི་སྡུད་རིམ་ལ་བྱེད་པས་ཏེ། བརྟག་གཉིས་ལས། སྲིད་པ་སྐྱེ་བ་བསྐྱེད་རིམ་འགྱུར། །འགགས་པ་ཤེས་རབ་སྲིད་མཐར་བྱེད། །ཅེས་དང་། སྤྱོད་བསྡུས་ལས། སྐྱེ་བའི་མིང་ནི་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །ཞེས་འབྱུང་བས་སོ། །ལམ་རང་ལ་ཡང་། དང་པོ་བློས་བཏགས་ནས་བསྒོམ་པར་བྱ་བས་བསྐྱེད་པ་ཞེས་བྱ། གཉིས་པ་བློའི་ཡུལ་མིན་པར་ངང་གིས་རྫོགས་པར་རྫོགས་པ་ཞེས་བཤད་པ་དང་། འབྲས་བུ། དང་པོ་སྔགས་ཀྱི་སྐུའམ་གཟུགས་སྐུ་ཐུན་མོང་གི་དངོས་གྲུབ། གཉིས་པ་ཡེ་ཤེས་ཀྱི་སྐུའམ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་བཞག་པ་དང་། བླ་མ་དང་གདུལ་བྱའི་དབང་ལས་ཀྱང་དང་པོ་སྔགས་ལ་གཞོལ་བ་དང་། ཕྱི་མ་བསམ་གཏན་ལ་གཞོལ་བའི་ཁྱད་པར་ཡོད་དེ། དེས་ན་འདི་ཡི་བསྐྱེད་རིམ་སྐས་གདང་དང་པོ་ལྟ་བུ་དང་། རྫོགས་རིམ་ཕྱི་མ་ལྟ་བུར་འགྱུར་བ་ཡིན་ནོ། །བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་ལ་འཇུག་པའི་ཚེ་འདིས་ཀྱང་ཟུང་འཇུག་ཏུ་གོ་ནས་དེ་ལ་འཇུག་སྟེ། དེའི་ཚེ་རྒྱུད་འབྱོངས་པར་སོང་བས་སོ། །དེ་བས་ན་འདི་དེའི་ངོར་ཡིན་པས་ཐུན་མོང་བ་ཞེས་བྱའོ། །འདི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ། བསྙེན་པ་ལ། ཕྱི་སྒྲུབ་ཕྱག་གི་བསྙེན་པ། ནང་སྒྲུབ་གསོལ་འདེབས་ཀྱི་བསྙེན་པ། གསང་སྒྲུབ་བཟླས་པའི་བསྙེན་པ་ཞེས་གསུངས། དེ་ལ་གཞུང་ཞལ་གདམས་གཉིས་གཉིས། དེའང་ཕྱི་སྒྲུབ་མདོ་དང་བསྟུན་བླ་མ་ཚོགས་ཞིང་དུ་བྱས་ནས་གསོལ་བ་འདེབས་པ། ནང་སྒྲུབ་རྒྱུད་སྡེ་ཕྱི་མ་དང་མཐུན། རྗེ་འབངས་སུ་བྱས་ནས་སྒྲུབ་པ། གསང་སྒྲུབ་བསྐྱེད་རིམ་ངོ་མ། ཡང་ཞལ་གདམས་ཀྱི་ནང་སྒྲུབ་ནི་ལུས་དཀྱིལ་དུ་བཞེད། འདིའི་ལུས་དཀྱིལ་བསྒྱུར་ཏེ་བསྒོམ་པ་ཡིན། སྒྲུབ་པ་ལ་འཕྲིན་ལས་བཞི་སྒྲུབ་ཅེས་གསུངས། ལས་སྦྱོར་ལ་གཏེར་ཁ་བཅུ་པ་སོགས་ཞི་རྒྱས་དབང་དྲག་ཐམས་ཅད་བླ་མའི་མོས་གུས་ཀྱིས་སྒྲུབ་པ་ཡིན་ནོ། །གསུང་རྒྱུན་འདི་གཉིས་ཀྱང་ཆོ་རྗེ་རང་གི་ཀུན་གསལ་དྲི་མེད་དུ་སྔོན་འགྲོ་བསླབ་པ་རྣམ་གསུམ་ནི། བླ་མ་སྒྲུབ་པའི་དམ་ཚིག་ཡིན་དམུས་ལོང་མིག་འབྱེད་ཐུར་མ་འདི། །མུན་པ་སེལ་བའི་སྒྲོན་མེ་ཡིན། །བླ་མ་སྐུ་གསུམ་བདག་ཉིད་ནི། །ཡོན་ཏན་ཀུན་གྱི་མངའ་བདག་ཡིན། །མོས་གུས་སྲོག་གི་འཁོར་ལོ་འདི། །སྒོ་རྣམས་འབྱེད་པའི་ལྡེ་མིག་ཡིན། །གསོལ་འདེབས་ལ་སོགས་སྦྱོར་བ་འདི། །འཕྲིན་ལས་གང་འདོད་གནད་བསྣུན་ཡིན། །ཞེས་གསུངས་པ་ཉིད་དུ་གདའ་བས་ཞལ་གདམས་ཀྱི་རྗེས་སུ་འབྲང་བར་མངོན་ནོ། །གཉིས་པ་བི་བྷཱུ་ཏི་ལས་བརྒྱུད་པའི་ཚུལ་ནི། ཕྱི་ལྟར་བརྟེན། ནང་ལྟར་སྒྲུབ། གསང་བ་ལྟར་ངོ་སྤྲོད་ཅེས་པའོ། །ཕྱི་མ་འདི་གཉིས་རང་གིས་ཆོག་གམ་ཞེ་ན། མི་ཆོག་པར་འདིས་རྒྱུད་འབྱོངས་ནས་ཚར་གསུམ་ཁུག་པའི་གདམས་ངག་ལ་འཇུག །དེ་བས་མོས་གུས་ཀྱིས་ཆིག་ཆོད་དུ་འགྲོ །ཕྱི་མ་ཕྱི་མའི་ཚེ་སྔ་མ་སྔ་མ་ཆུ་ཐོན་པའི་གྲུ་ལྟར་གཞག་ཆོག་པ་ཡིན་ནོ། །དཀའ་གནས་མུན་པའི་ཚོགས་རྣམས་མཐར་དེད་པས། །ཤེས་པའི་སྣང་བ་ཉིན་བཞིན་འཕེལ་འགྱུར་ཕྱིར། །རྣམ་བཤད་སོས་འདིར་བློ་གྲོས་ཆེན་པོ་ཡིས། །ལེགས་སོའི་མེ་ཏོག་ཐམས་ཅད་སྐྱེས་སུ་ཕུལ། །ལམ་གཞན་རྣམས་ནི་རྩ་བསྡོང་པོ་དང་། །ཡ་ག་ལོ་འདབ་མེ་ཏོག་བར་ཉིད་དེ། །ཀུན་གྱིས་ནུས་པས་བསྒྲུབས་པ་འདི་ཡིན་པས། །དེ་ཕྱིར་འདི་ནི་ཟབ་ལམ་སྙེ་མའོ། །ཐོས་པའི་གཟི་འོད་ཕ་མཐའ་མེད་བརྡལ་ཞིང་། །བསམ་པས་དངས་པའི་བྱིན་གྱི་མངོན་མཐོའི་སྡེའི། །ངག་དབང་ངེས་ལེགས་འདོད་དགུའི་དཔལ་རྒྱས་པ། །བརྒྱ་བྱིན་ཐོགས་པའི་ནོར་བུས་བྱས་པ་ཡིན། །གང་གི་དགེ་བའི་རྟ་ལྗང་ཤིང་རྟའི་ཁར། །ལེགས་བཤད་ཟླ་བའི་ཁང་བཟངས་འདི་དྲངས་པས། །ས་ལ་ཐུབ་བསྟན་ཀུན་དའི་ཚོགས་དར་བའི། །ཕན་བདེའི་དྲི་བསུང་འགྲོ་འདིས་མྱོང་གྱུར་ཅིག །ཅེས་ལམ་ཟབ་བླ་མ་སྒྲུབ་བའི་རྣམ་པར་བཤད་པ་ཟབ་ལམ་སྙེ་མར་གྲགས་པ། བླ་མ་དམ་པའི་དམ་ཚིག་ལ་གནས་པ་རྐྱེན་རྒྱལ་པོའི་ཆོས་མཛད་ཨ་འོ་མགོན་པོས་བསྐུལ་བ་ལྟར། དགེ་སློམ་མང་དུ་ཐོས་པ་པདྨ་དཀར་པོས་གཉལ་ཡངས་པ་ཅན་གྱི་དབུས་རྒྱལ་པོའི་ཁབ་རྩེ་མོ་རིར་སྦྱར་བའི་ཡི་གེ་པ་རིན་ཆེན་བསྟན་པ་རྒྱལ་མཚན་གྱིས་བགྱིས་པ་དགེ་བས་ཐམས་ཅད་ཀྱིས་བླ་མ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་གྱུར་ཅིག། །།


previousལམ་ཟབ་ཀྱི་རྣམ་པར་བཤད་པ་ཟབ་ལམ་གྱི་སྙེ་མ།next