Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ལམ་ཟབ་བླ་མ་སྒྲུབ་པའི་དམིགས་རིམ།
   
   
   
   
   
   
   


 
previousལམ་ཟབ་བླ་མ་སྒྲུབ་པའི་དམིགས་རིམ།next

ལམ་ཟབ་བླ་མ་སྒྲུབ་པའི་དམིགས་རིམ།

ལམ་ཟབ་བླ་མ་སྒྲུབ་པའི་དམིགས་རིམ་བཞུགས་སོ། །ན་མཿསརྦ་ཛྙྱཱ་དྷ་རྨ་རཱ་ཛ་ཝ་གིནྡྲ། །མཁྱེན་པའི་ཕ་མཐའ་མི་མངོན་ཞིང་། །བརྩེ་བའི་རྦ་རླབས་གཡོ་བ་ཅན། རྟོགས་པའི་ཡིད་བཞིན་ནོར་བུས་བལྟམས། །ཡོངས་འཛིན་ཆུ་གཏེར་དབང་པོར་འདུད། །དཀར་རྒྱུད་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །མདོ་རྒྱུད་ཀུན་གྱི་སྙིང་ཕྱུང་བླ་མ་ཡི། །སྒྲུབ་ཐབས་ཟབ་མོ་སློབ་བུས་བསྐུལ་བའི་ངོར། །བླ་མ་མཁའ་འགྲོར་བཟོད་གསོལ་བྲི་བར་བྱ། །དེ་ཡང་ལམ་ཟབ་མོ་བླ་མ་སྒྲུབ་པའི་ཞལ་གདམས་ལ། སྔོན་འགྲོ་བསླབ་པ་གསུམ་ལ་བསླབ་པ། དངོས་གཞི་སྨིན་གྲོལ་གཉིས་ལ་བསླབ་པ། རྗེས་ངོ་སྤྲོད་པ་ལ་བསླབ་པ་དང་གསུམ་ལས། དང་པོ་དམ་ཚིག་གཙང་མ་ལ་བསླབ་པ་དང་། ཚོགས་བསགས་པ་ལ་བསླབ་པ་དང་། གསོལ་བ་འདེབས་པ་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བླ་མ་དང་མཆེད་གྲོགས་ལ་དམ་ཚིག་མ་ཉམས་པར་བྱ་ཞིང་། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྒྱུན་དུ་བྱ་བ་ཡིན་ནོ། །གཉིས་པ་ནི། སྦྱིན་གཏོང་ཅི་འབྱོར་པ་བགྱིད་ཅིང་། བསྒྲུབ་པའི་མཎྜྻལ་བཀོད་ལ། མཆོད་པའི་མཎྜྻལ་འབུལ་བ་ལ་བསླབ་པའོ། །གསུམ་པ་ནི། སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ་ལམ། མདུན་གྱི་ནམ་མཁའ་གང་རུང་དུ་བླ་མ་བསྒོམ་ལ་ལུས་ལོངས་སྤྱོད་འབུལ་ཞིང་མ་ནམ་མཁའ་སོགས་ཀྱིས་གསོལ་འདེབས་ཁ་ཚིག་ཙམ་མིན་པར་སྙིང་ཁོང་རུས་པའི་གཏིང་ནས་འདེབས་པ་ལ་བསླབ་པ་རྣམས་སོ། །དངོས་གཞི་ལ། སྨིན་པར་བྱེད་པའི་དབང་གིས་སྨིན་པར་བྱས་ལ། ལུང་འབུམ་ལ་སོགས་པ་སྔོན་དུ་འགྲོ་བ་བྱས་ནས། ཕྱི་སྒྲུབ་ནང་སྒྲུབ་ལ་སོགས་པའི་ཞལ་ཤེས་རྣམས། མཚམས་ལོ་གསུམ་མམ། ལོ་གཅིག་གམ་ཟླ་བ་བརྒྱད་ཀྱི་བཀའ་རྒྱ་བཏབ་ལ་བྱིན། དེ་ལ་དང་པོ་ཕྱི་སྒྲུབ་ཀྱི་དམིགས་པ་ནི། སྒྲུབ་པ་ཅི་ཙམ་བྱེད་པའི་བར་གྱི་མཐུན་རྐྱེན་ཚང་བར་བསགས་ནས་ཕྱི་སྤྱད་ནང་དུ་མི་གཏོང་། ནང་སྤྱད་ཕྱིར་མི་གཏོང་། ཆུ་དགོས་དུས་ཆུ་དར་འཕྱར། བུག་སྒོའི་ཕྱིར་མཐོ་དཀར་པོ་ཅིག་བརྩིག་ལ་སྒོར་ས་དེ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དུ་གསལ་བ་ལ་མ་ཎི་སྟོང་ངམ་བརྒྱ། སྒོ་ཚུན་གྱི་སྤྱིལ་པོའི་རྒྱ་དེ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པར་བསྒོམ་ལ་མ་ཎི་སྟོང་ངམ་བརྒྱ། མལ་དེ་ཉིད་ཁ་སར་པ་ཎིར་བསྒོམས་ལ་མ་ཎི་སྟོང་ངམ་བརྒྱ། སྐུ་དེ་གསུམ་ཀའང་གཅིག་གི་ཐུགས་ཀར་གཅིག་བཞུགས་པ༑ ཁ་སར་པ་ཎིའི་ཐུགས་ཀར་རང་ཡོད་པའི་མདུན་དུ་ཞིང་ཁམས་གསེར་གྱི་ས་གཞི་ལག་མཐིལ་ལྟར་འཁོད་སྙོམས་པའི་དབུས་སུ་བཾ་ལས་བདུད་རྩིའི་རྒྱ་མཚོ། དེའི་དབུས་སུ་པཾ་ལས་དཔག་བསམ་ཤིང་གི་སྡོང་པོ་རྩ་བ་གཅིག་ལ་ཡལ་ག་དུ་མར་གྱེས་པའི་སྟེང་དུ་འདབ་དྲུག་བརྩེགས་ལྷའི་གོས་གྱིས་ཀླུབས་པའི་ཁར། ངོ་བོ་དྲིན་ཅན་རྩ་བའི་བླ་མ། རྣམ་པ་རྡོ་རྗེ་འཆང་དུ་གསལ་བའི་དབུ་ཐོག་ནས་ཡར། བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་སུ་བཞུགས་པ་ལ་དུས་གསུམ་གྱི་བླ་མས་བསྐོར་བ། མདུན་དུ་པད་ཉིའི་གདན་ལ་བདེ་མཆོག་འཁོར་ལོ་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་པད་ཟླའི་གདན་ལ་ཤཱཀྱ་ཐུབ་པ་ལ་དུས་གསུམ་གྱི་སངས་རྒྱས་ཀྱིས་བསྐོར་བ། རྒྱབ་ཏུ་ཡུམ་ཆེན་མོ་ལ་ལུང་རྟོགས་ཀྱི་ཆོས་ཀྱིས་བསྐོར་བ༑ གཡོན་དུ་སྤྱན་རས་གཟིགས་ལ་འཕགས་པའི་དགེ་འདུན་རྣམས་ཀྱིས་བསྐོར་བའི་ཕྱོགས་མཚམས་ཐམས་ཅད་དུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་གསལ་བས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་སྒྲུབ་སྙམ་པའི་བསམ་པས་སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ་བྱ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱས། གོང་གི་སྐྱབས་ཡུལ་སླར་ཡང་གསལ་བར་དམིགས་ལ། བླ་མ་དམ་པ་རྗེ་བཙུན་པའི་མཎྜྻལ་ཉི་ཤུ་རྩ་གཅིག་འབུལ་ཞིང་འདོད་དོན་གསོལ་བ་བཏབ། ཡན་ལག་བདུན་པའི་ཐོག་མ་ཕྱག་འཚལ་བ་ནི རང་གི་ལུས་འདི་རབ་བྱུང་བའི་ཆ་བྱད་གཞོན་ཞིང་མཛེས་པ་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་བྱུང་བའི་ཆ་བྱད་དུ་གསལ་ནས་རམ་འདེགས་པར་བསམ་ནས། མ་ནམ་མའི་ཕྱག་སྟོང་བཙལ་ལ། ཕྱི་ནང་གསང་བའི་མཆོད་བས་མཆོད། བླ་མ་རྡོ་རྗེ་འཛིན་པ་ཞེས་སོགས་ཀྱིས་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་རྗེས་སུ་ཡི་རངས་འབུལ། དཔལ་ལྡན་བླ་མ་དམ་པའི་སྐུའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་སྩལ་དུ་གསོལ། བདག་གིས་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། གསུང་གི་ལོངས་སྐུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཐུགས་ཀྱི་ཆོས་སྐུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ༑ སྐྱབས་ཡུལ་རྣམས་རིམ་པས་བླ་མ་ལ་ཐིམ། རང་སྤྱན་རས་གཟིགས་སུ་གསལ་བཏབ་པའི་སྤྱི་བོར་བླ་མ་སྤྱན་དྲངས། མ་ལུས་ཀུན་ཁྱབ་མས་གསོལ་བ་བཏབ། ཏིང་ངེ་འཛིན་གྱི་དབང་བླངས། རང་ལ་བསྟིམ་མཉམ་པར་གཞག །དེ་ལས་སྐྱོ་ན་དགེ་བ་འདི་ཡིས་གྱུར་དུ་བདག །ཅེས་སོགས་དང་། བདག་གིས་དཔལ་ལྡན་བླ་མ་དམ་པ་འགྲུབ་པར་གྱུར་ཅིག །འགྲུབ་ནས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག །ཅེས་པའི་སྨོན་ལམ་འདེབས་ཤིང་ཕུང་པོའི་ཚོགས་འཁོར་དང་གཏོར་མའི་རྣལ་འབྱོར་གང་འགྲུབ་བྱེད་པའོ༑ །གཉིས་པ། མཎྜྻལ་ཡན་ཕྱི་སྒྲུབ་བཞིན་ལ། རང་ཉིད་བདེ་མཆོག་ལྷན་སྐྱེས་སུ་གསལ་བཏབ་པའི་སྤྱི་བོ་ན་ཡར་བླ་བསྒྲུབ་བརྒྱུད་པའི་བླ་མ་རྣམས་གསལ་བཏབ། ལུས་ལོངས་སྤྱོད་ཀྱི་དངོས་པོ་ཕུལ། བརྒྱུད་པའི་གསོལ་བ་བཏབ། རིམ་གྱིས་རྩ་བའི་བླ་མ་ལ་ཐིམ། དེ་ལ་ཏིང་ངེ་འཛིན་གྱི་དབང་བླངས། འོད་དུ་ཞུ་རང་ལ་ཐིམ། མཉམ་པར་གཞག །དེ་ལས་སྐྱོ་ནའང་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་ཕྱི་གསལ་ནང་གསལ་དུ་གསལ་བའི་ལུས་ཀྱི་དབུས་དྲངས་པོར་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ། གསང་གནས་ཀྱི་རྩ་འདབ་སུམ་ཅུ་རྩ་གཉིས་ལ། བླ་མ་དོན་ཡོད་གྲུབ་པ། ཡབ་ཡུམ་སོ་གཉིས། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་ལ་བླ་མ་རིན་ཆེན་འབྱུང་ལྡན་སེར་པོ་ཡབ་ཡུམ་རྩ་གྲངས་དང་མཉམ་པ། སྙིང་ཁའི་རྩ་འདབ་བརྒྱད་ལ་བླ་མ་མི་བསྐྱོད་པ་སྔོན་པོ་ཡབ་ཡུམ་བརྒྱད། མགྲིན་པར་རྩ་འདབ་བཅུ་དྲུག་ལ་བླ་མ་འོད་དཔག་མེད་དམར་པོ་ཡབ་ཡུམ་བཅུ་དྲུག །སྤྱི་བོར་རྩ་འདབ་སོ་གཉིས་ལ་བླ་མ་རྣམ་སྣང་དཀར་པོ་ཡབ་ཡུམ་སོ་གཉིས་གསལ་བཏབ་ཡེ་ཤེས་སེམས་དཔའི་ཚུལ་དང་མ་ནམ་མཁའ་མ། གང་གི་འཁོར་བའི་ཉེས་པ་ནི། །ཞེས་སོགས་ཀྱིས་ཕྱག་སོགས་ཡན་ལག་བདུན་པ་འབུལ། མ་ནམ་མ་བཞི་བསྐོར་ལན་བདུན་གྱི་རྗེས་སུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་པ་སྟོང་ཕྲག་གཅིག་སོང་བ་དང་། མ་ལུས་ཀུན་ཁྱབ་མའི་གསོལ་འདེབས་ཚར་གཅིག་གི་རྗེས་སུ། མདུན་གྱི་བླ་མ་ལྷན་སྐྱེས་ཀྱི་གསང་གནས་ཀྱི་དོན་གྲུབ་ཡབ་ཡུམ་འོད་དུ་ཞུ། རང་གི་གསང་གནས་ཀྱི་དོན་གྲུབ་ཡབ་ཡུམ་ལ་ཐིམ་པས། འདུ་བྱེད་གྱི་ཕུང་པོ་སྦྱངས༑ ཕྲག་དོག་གི་དྲི་མ་དག །བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་འཕྲིན་ལས་ལ་དབང་ཞིང་། དོན་ཡོད་གྲུབ་པའི་གོ་འཕང་མངོན་དུ་བྱ། སྔོ་བ་སྨོན་ལམ་བྱ་བ་སྔ་ཐུན་ནོ། །གུང་ཐུན་ལ་གསོལ་བ་འདེབས་པ་ཡན་གོང་བཞིན་ལ། མདུན་གྱི་བླ་མ་ལྷན་སྐྱེས་ཀྱི་ལྟེ་བའི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་འོད་དུ་ཞུ། རང་གི་ལྟེ་བའི་རིན་ཆེན་འབྱུང་གནས་ཡབ་ཡུམ་རྣམས་ལ་ཐིམ། ཚོར་བའི་ཕུང་པོ་སྦྱངས། ང་རྒྱལ་གྱི་དྲི་མ་དག །མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་འཕྲིན་ལས་ལ་དབང་ཞིང་། རིན་འབྱུང་གི་གོ་འཕང་མངོན་དུ་བྱ། མཐར་བསྔོ་བ་བྱེད་པ་གུང་ཐུན་ནོ། །ཡང་གསོལ་བ་འདེབས་པ་ཡན་གོང་བཞིན་ལ། མདུན་གྱི་ཧེ་རུ་ཀའི་ཐུགས་ཀའི་མི་བསྐྱོད་པ་ཡབ་ཡུམ་རང་གི་སྙིང་གའི་མི་བསྐྱོད་པ་ཡབ་ཡུམ་ལ་ཐིམ། རྣམ་པར་ཤེས་པའི་ཕུང་པོ་སྦྱངས། ཞེ་སྡང་གི་དྲི་མ་དག །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་འཕྲིན་ལས་ལ་དབང་ཞིང་། མི་བསྐྱོད་པའི་གོ་འཕང་མངོན་དུ་བྱ། བསྔོ་བ་སྨོན་ལམ་བྱེད་པ་ཕྱི་ཐུན་ནོ། །ཡང་གཞན་གོང་ལྟར་ལ། བླ་མའི་མགྲིན་པའི་འོད་དཔག་མེད་ཡབ་ཡུམ་འོད་དུ་ཞུ། རང་གི་མགྲིན་པའི་འོད་དཔག་མེད་ཡབ་ཡུམ་ལ་ཐིམ། འདུ་ཤེས་ཀྱི་ཕུང་པོ་སྦྱངས། འདོད་ཆགས་ཀྱི་དྲི་མ་དག །སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་འཕྲིན་ལས་ལ་དབང་ཞིང་། འོད་དཔག་མེད་ཀྱི་གོ་འཕང་མངོན་དུ་བྱ། བསྡོ་བ་སྨོན་ལམ་བྱེད་པ་སྲོད་ཐུན་ནོ། །ཡང་གཞན་གོང་ལྟར་ལ་བླ་མའི་སྤྱི་བོའི་རྣམ་པར་སྣང་མཛད་ཡབ་ཡུམ་འོད་དུ་ཞུ། རང་གི་སྤྱི་བོའི་རྣམ་པར་སྣང་མཛད་ཡབ་ཡུམ་ལ་ཐིམ། གཟུགས་ཀྱི་ཕུང་པོ་སྦྱངས། གཏི་མུག་གི་དྲི་མ་དག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་འཕྲིན་ལས་ལ་དབང་ཞིང་། རྣམ་པར་སྣང་མཛད་ཀྱི་གོ་འཕང་མངོན་དུ་བྱ། བསྔོ་བ་སྨོན་ལམ་བྱེད་པ་གུང་ཐུན་ནོ། །དེ་ནས་ཐོར་ཐུན་ལ། ཡང་གཞན་གོང་ལྟར་ལ། མདུན་གྱི་ལྷན་སྐྱེས་ཡབ་ཡུམ་འོད་དུ་ཞུ། རང་གི་སྤྱི་བོ་ནས་རིམ་པ་བཞིན་དུ་གནས་ལྔའི་ལྷ་ཚོགས་ལ་དབང་བསྐུར། ལུས་གང་། ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་བླ་མ་རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན། མཉམ་པར་གཞག་པ་ནི་དོན་ཀྱི་བླ་མ་སྒྲུབ་པའོ། །མཐར་བསྔོ་བ་སྨོན་ལམ་བགྱིད་པ་ནི་ནང་སྒྲུབ་བོ། །གསུམ་པ་ནི། སྲུང་འཁོར་ནས་བླ་མའི་རྣལ་འབྱོར་གྱི་བར་གོང་བཞིན་ལ། ཚད་མེད་བཞི་བསྒོམ་པའི་རྣལ་འབྱོར་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ལམ་ཟབ་མོ་བླ་མ་སྒྲུབ་སྙམ་པའི་བསམ་པས་ཚད་མེད་བཞི་བསྒོམ། བསྐྱེད་རིམ་ལྷའི་རྣལ་འབྱོར་ནི། རང་ཉིད་བདེ་མཆོག་ལྷན་སྐྱེས་སུ་གསལ་བཏབ་པའི་ཐུགས་ཀར་བླ་མ་བདེ་མཆོག་ཏུ་གསལ་བའི་ཐུགས་ཁར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ཡེ་ཤེས་ལྔ་ལྡན། མཐའ་མར་ཨོཾ་ཨཱཿགུ་རུ་ཌཱ་ཀི་ནཱི་སིདྷི་ཧཱུྃ། ཞེས་པས་བསྐོར་བ་ལ་གསལ་འདེབས་པ་ནི་བཟླས་པ་སྔགས་ཀྱི་རྣལ་འབྱོར་རོ། །འོད་ཟེར་སྤྲོ་བསྡུའི་རྣལ་འབྱོར་ལ། ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་བྱང་སེམས་རྣམས་ལ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་སྦྱངས། སླར་རྒྱལ་བ་མ་ལུས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པར་བསམ་ཞིང་། སྔགས་བཟླས་པས་འོད་ཟེར་སྤྲོ་བསྡུ་ཡང་ཡང་བྱ། རྫོགས་པའི་རིམ་པའི་རྣལ་འབྱོར་ནི། རྣམ་པ་ལྷ་སྐུ་རང་བཞིན་སྟོང་ཉིད་སྤྲོས་པའི་མཐའ་དང་བྲལ་བའི་བདེ་སྟོང་དབྱེར་མེད་ཟུང་འཇུག་གི་ངང་ལ་འཇོག་པ་ནི་དོན་གྱི་བླ་མ་སྒྲུབ་པ་སྟེ། དེ་ལས་སྐྱོན་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་པ་བསྔོ་བ་སྨོན་ལམ་གྱི་རྣལ་འབྱོར། སྦྱིན་སྲེག་གི་རྣལ་འབྱོར་ནི། སྔ་དགོང་ཐབ་བསངས་མེ་ལྷ་བསྐྱེད་པའི་ལྟོ་བར་ཁོག་མ་གཞལ་ཡས་ཁང་། རྫས་བདེ་མཆོག་ཞུ་བའི་བདུད་རྩིར་བསམ། རང་ལུས་བདེ་མཆོག་ཏུ་གསལ་བའི་ལྕེ་ཆུང་བླ་མ་ལྷན་སྐྱེས་ཡབ་ཡུམ། ལྕེ་མེ་ལྷ། ཁ་ཧོམ་ཁུང་། ལག་པ་དགང་བླུགས་ཟས་བདེ་བའི་མཆོད་པས་བླ་མ་མཆོད་པས། སྐུ་ལས་བདེ་བའི་རྒྱུན་བབས་པས་འཁོར་ལོ་བཞི་གང་། འཕྲིན་ལས་བཞི་ལ་དབང་བར་བསྒོམ། གཏོར་མའི་རྣལ་འབྱོར་ནི། གཏོར་མ་བྱིན་གྱིས་རླབས། ཡེ་ཤེས་ཀྱི་བདུད་རྩིར་བསམ་ལ། བླ་མ་བདེ་མཆོག་ཡབ་ཡུམ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་གཏོར་མ་དབུལ། མཐར་མཆོད་བསྟོད་བྱེད། ཆོགས་འཁོར་གྱི་རྣལ་འབྱོར་ནི། རང་ཐ་མལ་གྱི་ལུས་ཤེས་པ་རྣལ་འབྱོར་མར་གྱུར་པ་སྤྱི་བོ་ནས་འཐོན། ཕྱག་གཡས་གྲི་གུག་གིས་སྨིན་མཚམས་ནས་ཐོད་པ་བྲེགས་པ། མདུན་དུ་རང་བྱུང་གི་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལུས་འདི་བཅུག་ལ་གྲི་གུག་གིས་རུག་གི་གཏུབས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་པ། རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ། རྒྱལ་བ་རྒྱལ་སྲས། དཔའ་བོ་མཁའ་འགྲོ་སྲུང་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བླ་མ་བདེ་མཆོག་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། དེ་དག་གི་ལྗགས་འོད་ཀྱི་སྤུ་གུ་ཅན་ཀྱིས་གསོལ་བས་ཟག་མེད་ཀྱི་བདེ་བས་དགྱེས་པར་བསམ་ཞིང་། མཆོད་པའི་རྫས་མི་དམིགས་མཆོད་ཡུལ་མི་དམིགས་པའི་འཁོར་གསུམ་ཡོངས་དག་གི་ངང་ལ་མཉམ་པར་གཞག །འོད་གསལ་གྱི་རྣལ་འབྱོར་ནི། སྙིང་གར་པདྨ་འདབ་མ་བཞི་པའི་ལྟེ་བར་ཉི་ཟླའི་གདན་ལ་བླ་མའི་སྐུ་ཤེལ་ལྟར་དངས་པའི་ཐུགས་ཀར་ཤེས་པ་གཏང་པས་གཉིད་འོད་གསལ་དུ་འཇུག་པའི་རྣལ་འབྱོར་རོ། །བཞི་སྒྲུབ་འཕྲིན་ལས་ཀྱི་བསྙེན་པ་ནི། བླ་མའི་རྣལ་འབྱོར་ཡན་གོང་བཞིན་ལ། རང་ཉིད་བདེ་མཆོག་ལྷན་སྐྱེས་རྩ་གསུམ་འཁོར་ལོ་བཞི་དང་། སྟོང་རར་གསལ་བའི་སྤྱི་བོ་ནས་ལྟེ་བའི་བར་གྱི་ལྷ་གྲངས་ནང་སྒྲུབ་བཞིན་གསལ་བཏབ། ཐུན་མོང་ལ་ཡན་ལག་བདུན་པ་བསྡུས་པ་ཅིག་ཕུལ་ལ། ཐུགས་ཀར་ཧཱུྃ་ཡིག་གི་མཐར་སྔགས་འཕྲེང་དཀར་པོ་གསལ་བཏབ་ལ། ཨོཾ་ཨཱཿགུ་རུ་ཌཱ་ཀི་ནི་སིདྡྷི་ཧཱུྃ། ཞེས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་བཟླས་པས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་ལ་བརྟེན། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས། སངས་རྒྱས་ཐམས་ཅད་མཉེས་པའི་མཆོད་པ་དབུལ། འོད་ཟེར་བྱིན་རླབས་ཀྱི་རྣམ་པར་བསྡུས་ཏེ། སྔགས་འཕྲེང་ལ་ཐིམ་པས་རང་གི་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་བསམ་བསྔོ་བ་སྨོན་ལམ་བྱ། སྔ་ཐུན་ལ༑ ལྟེ་བའི་ལྷ་ཚོགས་གསལ་བཏབ་པ་ལ་ཡན་ལག་བདུན་པ་ཕུལ་ནས་འོད་ཟེར་སེར་པོའི་སྤྲོ་བསྡུས་རང་གི་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་བསམ། ཕྱི་ཐུན་ལ་མགྲིན་པའི་ལྷ་ཚོགས་གསལ་བཏབ་པ་ལ་ཡན་ལག་བདུན་པ་འབུལ་བ་ནས་འོད་ཟེར་དམར་པོའི་སྤྲོ་བསྡུས་འགྲོ་བ་ཐམས་ཅད་དབང་དུ་འདུས་པར་བསམ། སྲོད་ཐུན་ལ་སྙིང་གའི་ལྷ་ཚོགས་གསལ་བཏབ་པ་ལ་ཡན་ལག་བདུན་པ་འབུལ་ཞིང་འོད་ཟེར་ནག་པོའི་སྤྲོ་བསྡུས་བསྟན་པ་ལ་གནོད་པ། རང་གི་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བསམ་ཞིང་། ཐུན་རེ་བཞིན་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་པ་བྱེད། རྗེས་ངོ་སྤྲད་པ་ནི། རང་སེམས་སྐྱེ་བ་མེད་པ་ཅིར་ཡང་འཆར་བ་གསལ་གཞག་དང་དགག་སྒྲུབ་ཐམས་ཅད་དང་བྲལ་བ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལ་གཞི་ཕྱག་རྒྱ་ཆེན་པོ་ཟེར་ཏེ། རྗེ་དྭགས་པོ་ལྷ་རྗེས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། དེ་ཁའི་ངང་ནས་སྣང་སྲིད་ཐམས་ཅད་བླ་མ་སྐུ་གསུམ་གྱི་རོལ་པར་འཆར་ཞིང་། དེ་དག་ཀྱང་རང་བཞིན་དག་པ་ཆོས་སྐུ། རྣམ་པ་དག་པ་ལོངས་སྐུ། བྱེད་ལས་དག་པ་སྤྲུལ་སྐུ་ཡིན་པས། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཆོས་སྐུའི་རྩལ། དེ་ལཾ་ཕྱག་རྒྱ་ཆེན་པོ་ཟེར་ཏེ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། ཅེས་གསུངས་སོ། མདོར་སྣང་བ་དང་སྟོང་པ་དབྱེར་མེད་སྣང་བ་དང་སེམས་ཉིད་དབྱེར་མེད། འཁོར་འདས་དབྱེར་མེད་རྣམས་ལ་འབྲས་བུ་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན་ཏེ། དེ་ཕྱིར་སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས། ཞེས་གསུངས་པ་ཡིན་ནོ། ཞེས་འདི་ཆོས་ཀྱི་གཏེར་མཛོད་པས། །སྐུལ་ངོར་ངག་དབང་ནོར་བུ་ཡིས། །ཆོས་ཀྱིས་འཚོ་བའི་ཅོག་སྒར་དུ། །སྦྱར་བའི་ཡི་གེ་བླ་རྒྱམ་གྱིས། །བགྱིས་པའི་དགེ་བས་རྣམ་མཁྱེན་ཤོག །དཔེ་མི་བསྟན་པར་ཐུགས་ཉམས་སུ་བླངས་འཚལ་ལོ།། །།མངྒ་ལཾ།།


previousལམ་ཟབ་བླ་མ་སྒྲུབ་པའི་དམིགས་རིམ།next