Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
བླ་མ་མོས་གུས་ཀྱི་ཁྲིད་ཀྱི་དམིགས་རིམ་བྱིན་རླབས་ཀྱི་སྙེ་མ།
   
   
   
   
   


 
previousབླ་མ་མོས་གུས་ཀྱི་ཁྲིད་ཀྱི་དམིགས་རིམ་བྱིན་རླབས་ཀྱི་སྙེ་མ།next

བླ་མ་མོས་གུས་ཀྱི་ཁྲིད་ཀྱི་དམིགས་རིམ་བྱིན་རླབས་ཀྱི་སྙེ་མ།

བླ་མ་མོས་གུས་ཀྱི་ཁྲིད་ཀྱི་དམིགས་རིམ་བྱིན་རླབས་ཀྱི་སྙེ་མ་བཞུགས་སོ། །བླ་མ་མོས་གུས་ཀྱི་ཁྲིད་ཀྱི་དམིགས་རིམ་བྱིན་རླབས་ཀྱི་སྙེ་མ་ཞེས་བྱ་བ། རྡོ་རྗེ་འཛིན་པ་དཀར་རྒྱུད་རིན་པོ་ཆེ་ཡབ་སྲས་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་འདས་ཤིང་འབྱུང་འགྱུར་དང་། །ད་ལྟར་བཞུགས་ནས་ནམ་མཁའི་མཐར་ཐུག་བར། །གདངས་ཐོན་ཆོས་སྟོན་སྡུག་བསྔལ་གྱིས་གཙེས་པའི། འགྲོ་བ་དབུགས་འབྱིན་མཛད་ལ་སྐྱབས་སུ་མཆི། །མཁྱེན་རབ་ཐུགས་རྗེའི་ཐབས་མངའ་བས། །སེམས་ཅན་མ་ལུས་སྒྲོལ་མཛད་པའི། །རྗེ་བཙུན་འཇམ་དཔལ་ངག་གི་དབང་། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཤེས་བྱའི་དེ་ཉིད་རབ་གཟིགས་ཤིང་། །ཐོས་པ་རྒྱ་མཚོའི་ཕ་རོལ་སོན། །གྲུབ་དབང་ཀུན་གྱི་མགོན་གཅིག་པུ། །ཀུན་སྤངས་རྗེ་ལ་གུས་བཏུད་ནས། །རྒྱལ་བས་གཟིགས་ནས་གསུངས་པའི་ལམ། །རྒྱ་ཆེར་བཤད་པ་རྟོགས་དཀའ་བས། །མན་ངག་རྣམ་པར་བཤད་བྱ་ཡིས། །བྱང་ཆུབ་འདོད་པ་འདིར་ཞུགས་ཤིག། །།དེ་ཡང་བྱིན་རླབས་ཐམས་ཅད་ཀྱི་རྩ་བ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་སྙིང་པོ། བླ་མ་མོས་གུས་ཀྱི་ཁྲིད་འཆད་པར་བྱེད་པ་ལ། སྔོན་འགྲོ་དངོས་གཞི་གཉིས། སྔོན་འགྲོ་ལ། བླ་མ་ཚོགས་ཞིང་དུ་བྱས་ནས་མཎྜྻལ་འབུལ་བ། བླ་མ་རིགས་བདག་ཏུ་བྱས་ནས་སྒྲིབ་པ་སྦྱང་བ། བླ་མ་སྐྱབས་གནས་སུ་བྱས་ནས་གསོལ་བ་གདབ་པ། བླ་མ་རང་སེམས་དང་བསྲེས་ཏེ་བར་ཆད་སེལ་བ་དང་བཞི་ལས། དང་པོ་ལ། སྔོན་འགྲོ་བསྒྲུབ་པའི་མཎྜྻལ་དང་། དངོས་གཞི་མཆོད་པའི་མཎྜྻལ་གཉིས་ལས། དང་པོ་སྔོན་འགྲོ་སྒྲུབ་པའི་མཎྜྻལ་ནི། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཤེས་པའི་སྒོ་ནས། འཇིག་རྟེན་གྱི་བྱ་བ་ཐམས་ཅད་བློས་ལིང་དོར་ནས་ལུས་ངག་ཡིད་གསུམ་རྩེ་གཅིག་པས་བསྒོམ་པར་བྱ་སྟེ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁར་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་གྲུ་བཞི་བང་རིམ་བཞི་པའི་སྟེང་། སྣ་ཚོགས་པདྨ་འདབ་བཞིའི་དབུས་སུ། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། པདྨ་ཟླ་བ་ཉི་མ་ལྷའི་གོས་རིན་ཐང་མེད་པས་ཀླུབས་པའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་དེ་ལ་དུས་གསུམ་གྱི་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་དུ་གླང་པོ་ཆེས་བཏེག་པའི་ཁྲི། པད་ཉིའི་གདན་ལ། འཁོར་ལོ་སྡོམ་པ་ལ། ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། ལྷོར་རྟས་བཏེག་པའི་ཁྲི། པད་ཟླའི་གདན་ལ། རྒྱལ་བ་ཤཱཀྱ་ཐུབ་པ་ལ། དུས་གསུམ་སངས་རྒྱས་རྣམས་ཀྱིས་བསྐོར་བ། ནུབ་ཏུ་རྨ་བྱས་བཏེག་པའི་ཁྲི། པད་ཟླའི་གདན་ལ། ཡུམ་ཆེན་མོ་ལ། ལུང་རྟོགས་ཆོས་ཀྱིས་བསྐོར་བ། བྱང་དུ་ཤང་ཤང་གིས་བཏེག་པའི་རིན་པོ་ཆེའི་ཁྲི། པད་ཟླའི་གདན་ལ། སྤྱན་རས་གཟིགས་ལ། ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་དགེ་འདུན་གྱིས་བསྐོར་བ། མཐའ་སྐོར་དུ་ཆོས་སྐྱོང་སྲུང་མའི་ཚོགས་བཞུགས་པར་བསམ་མོ། །གཉིས་པ་མཆོད་པའི་མཎྜྻལ་ནི། རིན་པོ་ཆེའི་མཎྜྻལ་ལམ། མེད་ན་ས་གཞི་བྱི་དོར་བྱས་ལ། བ་བྱུང་གི་རྣམ་ལྔ། དྲི་བཟང་བདུད་རྩི་ལྔ་ལ་སོགས་པའི་ཆུས་བྱུགས། ཨོཾ་བཛྭ་བྷཱུ་མི་ཞེས་སོགས་ཀྱིས་ཚོམ་བུ་བཀོད། དེ་ཡང་གླིང་བཞི་པའི་དབྱིབས་ཇི་ལྟ་བ་དམིགས་པའི་བར་མཚམས་ལོངས་སྐྱོད་དུ་མས་བཀང་ནས་འབུལ། གཞན་ཡང་མེ་ཏོག་ལ་སོགས་རྣམ་ལྔ་དང་། ནམ་མཁའ་ཉི་ཟླ་ཞེས་བླ་མ་མཆོད་པར་བྱུང་བ་བཞིན་གྱི་བརྟན་པའི་ཚོགས་འབུལ་བ་ཕྱིའི་མཆོད་པ། ལྷ་དབང་ལ་སོགས་གཡོ་བའི་ཚོགས་འབུལ་བ་ནང་གི་མཆོད་པ། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔ་དང་། སྒེག་སོགས་བརྒྱད། རིགས་མ་བཅུ་དྲུག་ལ་སོགས་འབུལ་བ་གསང་བའི་མཆོད་པ། དེ་དག་ལས་བྱུང་བའི་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །དེ་དག་དང་མཐུན་པའི་བསྟོད་པའང་བསྒྲུབ་པར་བྱའོ། །མཐར་སྤྱན་རས་གཟིགས་གཙོ་འཁོར་རྣམས་ཡུམ་ཆེན་མོ་གཙོ་འཁོར་ལ། དེ་སངས་རྒྱས་གཙོ་འཁོར་ལ། དེ་ཡི་དམ་གཙོ་འཁོར་ལ། དེ་བླ་མ་གཙོ་འཁོར་ལ་ཐིམ། དེ་རྣམས་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་རང་ལ་བསྟིམ། དགེ་རྩ་བྱང་ཆུབ་ཏུ་བསྔོའོ། །གཉིས་པ་བླ་མ་རིགས་བདག་ཏུ་བྱས་ནས་སྒྲིབ་པ་སྦྱང་བ་ནི། རང་གི་སྤྱི་བོར་པཾ་ལས་པདྨ་འདབ་མ་བརྒྱད་པ་དང་། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཞེས་པ་ནས། སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་སེམས་དཔའ་དབང་ལྷ་དང་བཅས་པ་སྤྱན་དྲངས། རྣམ་ལྔས་མཆོད། ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿདགུག་གཞུག་བཅིང་མཉེས་པར་བྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་ནས། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུྃ་ཞེས་པས་དབང་བསྐུར། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་། མི་བསྐྱོད་པས་དབུ་བརྒྱན་པར་བསམ། སྒོ་གསུམ་གུས་པའི་འདུན་པ་དྲག་པོས། ངོ་བོ་བླ་མ། རྣམ་པ་རྡོ་རྗེ་སེམས་དཔའ་དེ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། ཉེས་ལྟུང་ཐམས་ཅད་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་དེ་དག་གི་སྡིག་སྒྲིབ་ཉེས་ལྟུང་དག་པར་བྱས། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་མཆོད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། ཐུགས་ཀའི་ཧཱུྃ་ལ་ཐིམ་པས། མཐུ་སྟོབས་ཕུན་སུམ་ཚོགས་པ་གྱུར་པར་བསམ། ཧཱུྃ་གི་མཐའ་མར། ཨོཾ་བཛྭ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྭ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷྜྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྭ་མཱ་མེ་མུཉྩྨ། བཛྭཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ། ཞེས་པས་བསྐོར་བར་དམིགས་ཏེ་བཟླས་པས། ཡིག་འབྲུ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་མཆོད་ཅིང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། ཡིག་འབྲུ་ལ་ཐིམ། དེ་དང་དེའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་དཀར་པོ་བབས། རང་གི་སྤྱི་བོ་ཚངས་བུག་ནས་ཞུགས། སྒོ་གསུམ་གྱི་སྡིག་སྒྲིབ་དབང་པོའི་སྒོ་དང་། བ་སྤུའི་བུ་ག་ནས་ནག་ཕུང་གིས་ཐོན་སྡིག་སྒྲིབ་ཐམས་ཅད་དག །ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དཀར་མེར་གྱིས་གང་། རྟོགས་པ་དང་ཡོན་ཏན་སྐྱེས་པར་བསམ་ཞིང་བཟླས། ཐུན་འཇོག་ཁར་སྟོབས་བཞིའི་སྒོ་ནས་བཤགས། བླ་མའི་ཞལ་ནས་རིགས་ཀྱི་བུ། ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག་གོ་ཞེས་གསུངས་ནས། རང་ལ་ཐིམ་རྡོ་རྗེ་གསུམ་དང་སྒོ་གསུམ་དབྱེར་མེད་དུ་གྱུར་པར་བསམ། རྗེས་བསྔོ་བ་སྨོན་ལམ་བྱའོ། །གསུམ་པ་བླ་མ་སྐྱབས་གནས་སུ་བྱས་ནས་གསོལ་བ་འདེབས་པ་ལ། ཕྱིའི་གསོལ་འདེབས་ཀྱིས་རྒྱུད་སྦྱང་བ་དང་། ནང་གི་གསོལ་འདེབས་ཀྱིས་བྱིན་དབབ་པ་གཉིས་ལས། ཕྱིའི་གསོལ་འདེབས་ཀྱིས་རྒྱུད་སྦྱང་བ་ནི། རང་གི་རྩ་བའི་བླ་མ་སྤྱི་བོར་བསྒོམས་ལ། བླ་མ་ལ་མཆོག་གི་འདུ་ཤེས། བདག་ཉིད་ལ་དམན་པའི་འདུ་ཤེས་བསྐྱེད་ནས། བླ་མའི་ཡོན་ཏན་རྣམས་རྗེས་སུ་དྲན་པའི་ཚུལ། རང་གི་སྐྱོན་མཚང་ངོས་འཛིན་ཅིང་འདོར་བའི་བསམ་པ་དང་། སྐྱོན་དང་ལེ་ལན་ཐམས་ཅད་ཀྱི་ངན་མཚང་ཆེན་པོ་དང་ད་རེས་རྒྱབ་གྱེས་ཅིག་མ་བྱུང་ན། ཆོས་པར་མིང་བཏགས། བླ་མ་དཀོན་མཆོག་ཐམས་ཅད་ལ་ཆོས་བྱེད་བྱེད་འདྲ་བའི་ཁ་སྤྱང་གིས་བསླུས་པས། དུས་གཏན་གྱི་འདུན་མའི་བཟོ་ཐེས་འཆོར་བར་འདུག་པས། ཅི་དྲག་ཅི་དྲག་ད་ནི་བསམ་མནོ་གང་ལ་བཏང་ཀྱང་། བླ་མ་མིན་པ་སྐྱབས་མགོན་རེ་ས་གཞན་ན་མི་འདུག་པས། བློ་རྩེ་གཅིག་ཏུ་དྲིལ་ལ་སྙིང་ཁོང་རུས་པའི་གཏིང་ནས། ཕུར་ཚུགས་སུ་གསོལ་བ་གདབ་པར་བྱའོ་སྙམ་དུ་བསམ་ལ། མ་རིག་མུན་སེལ་དཔལ་ལྡན་བླ་མ། །ཞེས་སོགས་རྒྱང་འབོད་མར་གྲགས་པའི་གསོལ་བ་ཉིན་མཚན་མེད་པར་གདབ་པར་བྱའོ། །མཐར་བླ་མ་རང་ལ་བསྟིམ། དགེ་བ་བསྔོའོ། །གཉིས་པ་ནང་གི་གསོལ་འདེབས་ཀྱིས་བྱིན་དབབ་པ་ལ། རིང་བརྒྱུད་ཁྲོམ་ཚོགས་སུ་བསྒོམ་པ། ཉེ་བརྒྱུད་མཐོ་བརྩེགས་སུ། ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་གསུམ་ལས། རིང་བརྒྱུད་ཁྲོམ་ཚོགས་སུ་བསྒོམ་པ་ནི། མདུན་གྱི་ནམ་མཁར་སེང་གེས་བཏེག་པའི་ཁྲི། པདྨ་ཟླ་ཉི་དར་གྱིས་ཀླུབས་པའི་གདན་གྱི་སྟེང་དུ་རྩ་བའི་བླ་མ། དེ་ལ་དཀར་རྒྱུད། སྙན་རྒྱུད། སྒྲུབ་རྒྱུད། བཤད་རྒྱུད། དོན་རྒྱུད། ཚིག་རྒྱུད་སོགས། དུས་གསུམ་གྱི་བླ་མ་མ་ལུས་པ། རྩ་བ་གཅིག་ལ་ཡལ་ག་དུ་མར་འཕྲོས་པའི་ཚུལ་གྱིས་བསྐྱེད་པ། སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་མཁའ་ཁྱབ་ཏུ་བཞུགས་པར་བསམ་ལ། རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཞིང་། སེམས་ཅན་ཐམས་ཅད་ཀྱང་། རང་གི་རམ་འདེགས་པའི་ཚུལ་དུ། ཕྱག་འཚལ་བར་དམིགས་ཏེ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་ཕྱག་བརྒྱ། ལོངས་སྐུ་ལ་ཉིས་བརྒྱ། སྤྲུལ་སྐུ་ལ་སུམ་བརྒྱ། སངས་རྒྱས་རིན་པོ་ཆེ་ལ་བཞི་བརྒྱ་སྟེ། ཕྱག་སྟོང་ཕྲག་གཅིག་གི་རྗེས་སུ། མཆོད་པ་རྣམ་པ་བཞི་དང་། སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པ་དང་། དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་ཏེ། མོས་གུས་ཀྱི་གདུངས་ཤུགས་དྲག་པོས། སྐུ་ལྔ་རབ་རྫོགས་དང་། ཕོ་ཉ་མྱུར་མགྱོགས་ལ་སོགས་རིང་བརྒྱུད་གསོལ་འདེབས་ཀྱི་རིམ་པ་ཅི་ཙམ་རིགས་པར་བྱ་སྟེ། མཐར་རིམ་གྱིས་འོད་དུ་ཞུ། བླ་མ་ལ་བསྟིམ། དེ་རང་ལ་བསྟིམ། བསྔོ་བ་བྱའོ། །ཉེ་བརྒྱུད་མཐོ་བརྩེགས་སུ་བསྒོམ་པ་ནི། རང་ཉིད་ཡི་དམ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ལྟ་བུ། ལྷག་པའི་ལྷའི་དམ་ཚིག་གི་ངེས་པ་དང་ལྡན་པའི། རིགས་བདག་གི་ཚུལ་དུ་རྩ་བའི་བླ་མ་དང་། དེ་ཡན་ལ་བརྒྱུད་པའི་བླ་མ་རྡོ་རྗེ་འཆང་ལ་ཐུག་གི་བར་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་མཐོ་བརྩེགས་སུ་བཞུགས་པ། དེ་དག་ཀྱང་ངོ་བོ་ཆོས་སྐུར་གཅིག་པ། རྣམ་པ་གང་ལ་གང་འདུལ་གྱི་ཚུལ་དུ་ཐ་དད་དུ་སྣང་བ། བརྩེ་བས་གདུལ་བྱ་ཐམས་ཅད་ལ་དམིགས་པ་མེད་པར་འཇུག་པ། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་སྩོལ་བ་ལ་མཐུ་ཐོགས་པ་མེད་པ་མངའ་བ་ཁོ་ནའི་རང་བཞིན་ཅན་དུ་བསྒོམ་ལ། ལུས་ལོངས་སྤྱོད་ལྟོས་མེད་དུ་ཕུལ་ནས། སྔ་མ་སྔ་མའི་བྱིན་རླབས་དང་ཐུགས་རྗེ་ལས། ཕྱི་མ་ཕྱི་མ་བྱུང་བར་ཤེས་པའི་སྒོ་ནས་སོ་སོའི་མཚན་ནས་བརྗོད། གུས་པའི་ལུས། སྙན་པའི་ངག །དང་བའི་ཡིད་རྩེ་གཅིག་ཏུ་བྱས་ཏེ། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །ཞེས་དང་། རྒྱས་པར་གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །ཞེས་སོགས་གསོལ་བ་བཏབ་པ་ལ་བརྟེན་ནས། གོང་མ་གོང་མ་རིམ་བཞིན་འོད་དུ་ཞུ། མཐར་རྩ་བའི་བླ་མ་ལ་ཐིམ། དེ་རང་ལ་བསྟིམ། དགེ་བ་བསྔོའོ། །ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་ནི། རང་ཡི་དམ་དུ་གསལ་བཏབ་པའི་སྤྱི་བོའི་གཙུག་གི་སྟེང་གི་ནམ་མཁར། སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། པདྨ་ཟླ་བ་ཉི་མ་དར་གྱིས་ཀླུབས་པའི་གདན་གྱི་སྟེང་དུ། དགོས་འདོད་ཐམས་ཅད་འབྱུང་བའི་གནས། རྩ་བའི་བླ་མ་གསལ་བཏབ་ལ། དེ་ལས་འོད་ཟེར་འཕྲོས། དུས་གསུམ་གྱིས་བླ་མ། སངས་རྒྱས། ཆོས་དགེ་འདུན། ཡི་དམ་མཁའ་འགྲོ །ཆོས་སྐྱོང་མ་ལུས་པ་བླ་མ་ལ་ཐིམ་པས། ཀུན་གྱི་ངོ་བོ་སྐུ་བཞི་དང་ཡེ་ཤེས་ལྔའི་བདག་ཉིད་ཡིན་སྙམ་དུ་བསྒོམས་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་ཁོང་དུ་བཅུག་ལ། ཁ་ཙམ་ཚིག་ཙམ་མ་ཡིན་པ་སེམས་རྒྱུད་དང་འདྲེས་པ་མོས་གུས་ཀྱི་གདུང་ཤུགས་དྲག་པོ་ཚད་མེད་པའི་ངང་ནས། རྗེ་མ་ལུས་ཀུན་ཁྱབ་མ་དང་། བླ་མ་སངས་རིན་མ་དང་། དཀར་པོ་ཆིག་ཐུབ་ལ་སོགས་པ་དང་། ཁྱད་པར་མ་ནམ་བཞི་སྐོར་ལ་ནན་ཏན་དུ་བྱའོ། །གསོལ་བ་བཏབ་རྗེས། བླ་མ་འོད་དུ་ཞུ། བླ་མའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་འདྲེས་པའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག །རྗེས་བསྔོ་བ་བྱའོ། །བཞི་པ་བླ་མ་རང་སེམས་དང་བསྲེས་ནས་བར་ཆད་སེལ་བ་ནི། རྒོད་པ་ལ་སོགས་ཏེ་རྣམ་རྟོག་དང་ཉོན་མོངས་པ་སྐྱེས་ན། བླ་མ་སྙིང་གི་དཀྱིལ་ལམ། སྤྱི་བོའི་གཙུག་ཏུ་བསྒོམས། ཤེས་པ་ལྷོད་ཀྱིས་གློད། བླ་མའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་འདྲེས་པའི་ངང་ལ་མ་ཡེངས་ཙམ་ལ་གསོལ་འདེབས་གྲག་སྟོང་དུ་ལྷང་ལྷང་འདེབས། སྙིང་མི་དགའ་བ་ལ་སོགས་བྱུང་ན། སྙིང་གར་བླ་མ་འཛུམ་དམུལ་ལེ་བ། རང་ཡང་འཛུམ་དམུལ་ལེ་བ། སྣང་སྲིད་ཐམས་ཅད་བླ་མའི་རྣམ་པར་འཛུམ་དམུལ་ལེ་བ་དགྱེས་པའི་ཚུལ་དུ་བསྐྱེད་ནས། གསོལ་འདེབས་ཀྱང་གདངས་སྙན་པ་དལ་བ་ལ་སོགས་པའི་ཚུལ་དུ་འདེབས། དེའི་ངང་ནས་སེམས་ཅན་ཐམས་ཅད་སྙིང་ཁོང་དུ་བཅུག །བླ་མ་དཀོན་མཆོག་ལ་གུས་ཤིང་མ་ཡེངས་པའི་ངོས། ཤེས་པ་ཧུར་ཕྱུང་། གསོལ་འདེབས་ཀྱང་སྙན་ལ་འཇེབས་པར་བཏབ་པས། ནང་དུ་ཉོན་མོངས་པ་དབང་དུ་འདུ་ཞིང་། ཕྱི་རུ་བཟང་ངན་ཐམས་ཅད་དབང་དུ་འདུ་བར་བཤད། གོང་གི་ཉམས་ལེན་ཀྱི་གནད་ཀྱིས་མ་ཟིན་པའི་ཉོན་མོངས་པ་ཤིན་ཏུ་དྲག་པོ་སྐྱེས་པ་དང་། ཆོས་བརྒྱད་ཀྱི་སྣང་བ་ཆེར་སྐྱེས་པ་ལ་སོགས་པ་བྱུང་ན། གསོལ་འདེབས་རྒྱང་འབོད་མ་ལ་སོགས་པ་དོས་དྲག་ལ་སྙུགས་རིང་བ། གདོང་མཆི་མས་གང་བའི་གསོལ་བ་ཐོབ། །བརྒྱལ་འགྲེས་ལོག་ལོག་གསོལ་བ་ཐོབ། །ཁྱོད་ཅི་ཉེས་ཟེར་བའི་གསོལ་བ་ཐོབ། །ཅེས་པ་ལྟར་དུ་གསོལ་བ་གདབ་པར་བྱའོ། །གཉིས་པ་དངོས་གཞི་ལ། སྨིན་བྱེད་དབང་དང་། དབང་དོན་ཉམས་སུ་བླང་བ་གཉིས། དང་པོ་ལ། རྒྱས་འབྲིང་བསྡུས་པ་གསུམ་ལས། དབང་རྒྱས་པ་ནི། དབང་བཞི་རྫོགས་སྤྱི་མཐུན་ཡིན་པས་འདིར་མ་སྨོས། དབང་འབྲིང་པོ་ནི། བདག་ཉིད་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་འཁོར་ལོ་སྡོམ་པ་རྗེས་སུ་དྲན་པར་བྱས་ལ། དེའི་མདུན་གྱི་ནམ་མཁར་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ཟིལ་གྱིས་གནོན་ཞིང་། འཇིགས་པ་དང་བྲལ་བའི་བརྡར་སེང་གེ་ཆེན་པོ་བརྒྱད་གྱིས་བཏེག་པའི་ཁྲིའི་སྟེང་དུ། ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ་དང་། མ་རིག་པའི་མུན་པ་སེལ་བའི་བརྡར་ཟླ་བ་དང་། ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་བརྡར་ཉི་མ་བརྩེགས་པའི་གདན་ལ་ཆོས་ཐམས་ཅད་ཀྱི་རྩ་བ་གཅིག་ཏུ་འདྲེས་པའི་བརྡར། རྩ་བའི་བླ་མ་རིགས་དྲུག་པ་རྡོ་རྗེ་འཆང་གི་ངོ་བོ། ཆོས་ཉིད་མི་འགྱུར་བའི་བརྡར་སྐུ་མདོག་སྔོན་པོ། སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་བརྡར། རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ། སྟོང་པ་ཉིད་ཀྱི་གདངས་བདེ་བར་ཤར་བའི་བརྡར་རྡོ་རྗེ་རྣལ་འབྱོར་དབང་མོ་སྐུ་མདོག་དམར་མོ་ལ། དགའ་བ་བཞིའི་ཆ་ཤས་ཡོངས་སུ་རྫོགས་པའི་བརྡར། དགའ་བའི་རྣམ་པར་འགྱུར་བས་དགྱེས་ཤིང་། རྣམ་པར་རྟོག་པ་གཅོད་པ་དང་། བདེ་བ་སྐྱོང་བའི་བརྡར། གྲི་གུག་དང་ཐོད་པ་འཛིན་པ་དང་སྦྱོར་བ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་བརྡར། ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས་པའི་བརྡར། མཚན་དང་དཔེ་བྱད་རབ་ཏུ་གསལ་བར་རྫོགས་པ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་མཛོད་འཛིན་པའི་བརྡར། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་ཞིང་། ཐུགས་ཇི་ལྟ་བ་རྟོགས་ཤིང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལྔ་དང་ལྡན་པའི་བརྡར། དྲི་མ་མེད་པའི་འོད་ཟེར་ལྔ་མཁའ་ཁྱབ་ཏུ་འཕྲོ་བ། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཅན་དུ་དམིགས་ལ། དེ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་རབ་འབྱམས་གང་བར་འཕྲོས་པས། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་སངས་རྒྱས་དང་བྱང་སེམས་ཀྱི་ངོ་བོར་གྱུར་པ། དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་ནམ་མཁའ་རབ་འབྱམས་མཐའ་ཀླས་པ་གང་བ། སྤྱན་དྲངས་པ་ཐམས་ཅད་ཕྱོགས་གཅིག་ཏུ་བླ་མ་རྡོ་རྗེ་འཆང་དང་རོ་གཅིག་ཏུ་འདྲེས། དེ་དག་ཐམས་ཅད་གཉིས་སུ་མེད་པར་གྱུར་པ་ལ་མཎྜྻལ་ཕུལ་ཏེ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་དང་། སངས་རྒྱས་ཀུན་གྱི་ཞེས་པས་གསོལ་བ་བཏབ་པས། བླ་མའི་སྐུའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་དྲི་མ་མེད་པ་སྐར་མདའི་ཚུལ་དུ་བྲེང་མ་ཆད་པར་བྱུང་སྟེ། བདག་ཉིད་ཀྱི་སྨིན་མཚམས་སུ་ཐིམ་པས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་། ལུས་ཐ་མལ་དུ་འཛིན་པའི་དྲི་མ་དང་། སྙིགས་མ་ཟག་བཅས་ཀྱི་ཕུང་པོའི་དྲི་མ་ཐམས་ཅད་དག །བུམ་པའི་དབང་ཐོབ། ལམ་བསྐྱེད་པའི་རིམ་པ་བསྒོམས་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་བྱས་སོ། །ཡང་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་ཁམས་དཀར་དམར་གཅིག་ཏུ་འདྲེས་པའི་ངོ་བོར་གྱུར་པའི་འོད་ཟེར་དམར་པོ་དྲི་མ་མེད་པ་རང་གི་ལྕེ་ཐོག་ཏུ་བབས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་གང་བས། ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་། ངག་ཐ་མལ་དུ་འཛིན་པའི་དྲི་མ་དང་། རང་བཞིན་བརྒྱད་ཅུའི་རྟོག་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་རླུང་གི་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དབྱིངས་སུ་དག་སྟེ། གསང་བའི་དབང་ཐོབ། ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་བྱས། ཡང་བླ་མ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྔོན་པོ་སྐར་མདའི་ཚུལ་དུ་བྲེང་མ་ཆད་པར་བྱུང་ནས་སྙིང་གར་ཐིམ་པས། སྙིང་གའི་རྩ་འདབ་ཀྱི་དབུས་ན། རྣམ་པར་ཤེས་པའི་རྟེན་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པས་རྣམ་པར་རྟོག་པ་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ངོ་བོ་དང་རོ་གཅིག་ཏུ་གྱུར། དེས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་། ཡིད་ཐ་མལ་དུ་འཛིན་པའི་དྲི་མ་དང་། ཕྱིན་ཅི་ལོག་ཏུ་འཛིན་པའི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམས་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་བྱས། བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་བདག་གི་ལུས་ངག་ཡིད་གསུམ་ཆུ་ལ་ཆུ་གཞག་པ་ལྟར་དབྱེར་མེད་པར་གཅིག་ཏུ་འདྲེས། སྒོ་གསུམ་གྱི་བག་ཆགས་ཐ་དད་དུ་འཛིན་པའི་དྲི་མ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དྲུངས་ནས་ཕྱུང་སྟེ། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ཆོས་ཐམས་ཅད་ཆུ་དང་རླབས་ལྟ་བུར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་ངོ་བོ་གཅིག་ཏུ་གྱུར་པའི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། སངས་རྒྱས་མེད་ཅིང་སེམས་ཅན་མེད། །དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་གཉིས་མེད་པའི། །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས། །ཞེས་པའི་དབང་གི་རྟོགས་པ་རྒྱུད་ལ་བསྐྱེད་ཅིང་། རྗེས་སུ་དྲན་པར་བྱའོ། །བསྡུས་པ་ནི། བླ་མའི་ཐུགས་དང་རང་གི་སེམས་འདྲེས་པའི་ངང་ལ་གཞག་པ་ཁོ་ན་ཉིད་ཏིང་ངེ་འཛིན་གྱི་དབང་དོན་ནོ། །གཉིས་པ་དབང་དོན་ཉམས་སུ་བླང་བ་ལ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར། རྣམ་པ་ལམ་བྱེད་ལོངས་སྐུའི། མངོན་སུམ་ལམ་བྱེད་ཆོས་སྐུའི་ལམ་ཁྱེར་གསུམ་ལས། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར་ནི། ཚད་མེད་པ་བཞི་བསྒོམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷོ་ཱཧཾ། ཞེས་བྱ་བའི་དོན་ལ་མངོན་དུ་ཕྱོགས་པས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རི་རབ་ཀྱི་སྟེང་དུ། བཅོམ་ལྡན་འདས་གཡས་བརྐྱང་བས་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི། འཇིགས་བྱེད་དང་དུས་མཚན་མནན་པ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གིས། རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྣོད་འཛིན་པ། ཕྱག་གཉིས་པ་ཐོད་པ་ལྔའི་ཅོད་པན་ཅན། མགོ་བོ་སྐམ་པོའི་འཕྲེང་བ་མགྲིན་པར་འཕྱང་བ། ཕྱག་རྒྱ་ལྔ་དང་ལྡན་པ། དབུ་སྐྲ་སྔོན་པོ་གྲོལ་ཞིང་འཁྱིལ་བ། སྤྱན་གསུམ་པ། མེ་ཏོག་བྷནྡྷུ་ཀ་ལྟ་བུའི། རྡོ་རྗེ་ཕག་མོ་ལ་འཁྱུད་ཅིང་པདྨ་དང་ཕྲད་པས་བདེ་བ། ཀ་ཏཱི་ལིངྒ་ཁ་བྱེ་མ་ཐག་གི་མདོག་ཅན། གར་གྱི་རོ་དགུ་དང་ལྡན་པ། རལ་པ་ནག་པོའི་ཐོར་ཚུགས་བརྫེས་པའི་སྟེང་དུ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་འཆང་བ། དེའི་འོག་ཕྱོགས་ཀྱི་གཡོན་དུ་ཟླ་ཚེས་ཀྱི་རི་མོ། སྣ་ཚོགས་རྡོ་རྗེའི་གདན་ལ་ཐུབ་པ་མི་བསྐྱོད་པས་མཛེས་པ། དཔྲལ་བའི་ངོས་ལ་ཐོད་པ་ལྔས་བརྒྱན་པ། ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་རློན་པ་བརྒྱའི་ཕྱེད་ཀྱིས་བརྒྱན་པའི་ཁྱབ་བདག །དགའ་བའི་མཆུས་སྦྲང་རྩིའི་རོ་འཐུང་བ། སྤྱན་གསུམ་པ། ཞལ་གཅིག་པ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་རིང་པོའི་མཐའ་མར། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄ཿ ཅེས་པའི་སྔགས་ཀྱིས་བསྐོར་བར་བསམ་ལ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའི་སྒོ་ནས། ཡུན་རིང་པོར་བསྒོམ་པར་བྱའོ། །དེ་ལ་སྐྱོ་ན། དྷཱུ་ཏཱིའི་བཟླས་པ་ལ་འབད། དེ་ལ་སྐྱོ་ན་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་བཅོམ་ལྡན་འདས་མ་ལ་ཐིམ། དེ་སྙིང་རྗེ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་ལའོ། །དེ་གདན་དང་བཅས་པ་སྙིང་གའི་ཉི་མའི་ཧཱུྃ་ལའོ། །དེ་དོན་ཡོད་གྲུབ་པའི་ངོ་བོ་ཨུའི་ཡི་གེ་ལའོ། །དེ་སྣང་བ་མཐའ་ཡས་ཀྱི་ངོ་བོ་ཧའི་ཡི་གེ་ལའོ། །དེ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་མགོ་བོའི་ཡི་གེ་ལའོ། །དེ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཟླ་ཚེས་ལའོ། །དེ་མི་བསྐྱོད་པའི་ངོ་བོ་ནཱ་ད་དང་བཅས་པའི་ཐིག་ལེ་ལའོ། །དེ་ནཱ་ད་ལའོ། །དེ་ཡང་རིམ་གྱིས་འདུས་པ་ན་རྡོ་རྗེ་སེམས་དཔའི་རང་བཞིན་ཆོས་ཀྱི་སྐུ་འོད་གསལ་བ་སྟོང་པ་ཉིད་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པའོ། །དེ་ལ་ཅི་གནས་སུ་མཉམ་པར་གཞག་ཅིང་། རྗེས་ཐོབ་རྣམ་པར་རྟོག་པའི་དྲ་བ་བག་ཆགས་དང་བཅས་པ་དྲུངས་ཕྱུང་བར་གྱུར་པ། སྤྲོས་པ་ཐམས་ཅད་ཀྱིས་དབེན་པའི་བདག་ཉིད་དང་། བདེ་བ་ཆེན་པོའི་རང་བཞིན་སྙིང་རྗེ་ཆེན་པོའི་ངོ་བོ་ལས་གདུལ་བྱ་འགྲོ་བའི་བསོད་ནམས་དང་། རང་གི་སྨོན་ལམ་གྱི་སྟོབས་ཀྱིས་སྐད་ཅིག་ཉིད་ལ་དེ་ལྟ་བུའི་བདེ་བ་མཆོག་གི་བདག་ཉིད་ཟུང་དུ་འཇུག་པའི་ལོངས་སྤྱོད་རྫོགས་པའི་སྐུ། །མཐའ་ཡས་ཤིང་སྣ་ཚོགས་པའི་སྤྲུལ་པའི་ཚོགས་ཀྱིས་ནམ་མཁའི་ཁམས་འགེངས་པས། གཞན་གྱི་དོན་ཡང་དག་པར་གྲུབ་པ་ཉིད་དུ་བཞེད་པར་བྱའོ། །དེས་སྣང་བ་ཐམས་ཅད་ལ་རྒྱས་འདེབས་པའོ། །གཉིས་པ་རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར་ལ། རགས་པ་ལྷ་སྐུ་ལ་བསླབ་པ། འབྲིང་པོ་ཕྱག་མཚན་ལ་བསླབ་པ། ཕྲ་བ་ས་བོན་ལ་བསླབ་པ་གསུམ་ལས། རགས་པ་ལྷ་སྐུ་ལ་བསླབ་པ་ནི། ལུས་གནད་མེ་ཐབ་དྲུག་ཆིངས། རླུང་གནད་སྦྱོར་བ་བཞི་ལྡན་ལ། ཆོས་དྲུག་ཏུ་འབྱུང་བ་ལྟར། །གཙོ་བོར་སྟེང་འོག་གི་རླུང་ཁ་སྦྱོར་ལ་གནས་པས། དམིགས་པ་རང་ཉིད་ལྷན་སྐྱེས་ཡབ་ཡུམ་སྟོང་རར་གསལ་བའི་ལུས་ཀྱི་དབུས་དྲང་པོ་ན་ཡར་རྩ་དབུ་མ་ཆོས་བཞི་དང་ལྡན་པའི་ཡར་སྣ་ཚང་བུག་དང་། མར་སྣ་ལྟེ་འོག་སོར་བཞིར་སླེབ་པ། གཡས་གཡོན་དུ་རོ་རྐྱང་གཉིས་ཡར་སྣ་ཀླད་རྒྱའི་སྟེང་ནས་སྣ་སྒོར་ཟུག་པ། མར་སྣ་དབུ་མའི་ནང་དུ་ཁྱོགས་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་ལ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི་གསལ་བཏབ་པའི། སྤྱི་བོའི་རྩ་འདབ་ཀྱི་ལྟེ་བར་ངོ་བོ་བླ་མ། རྣམ་པ་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་གཡས་སུ་འཁོར་ལོ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་རང་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བ། ཆེ་ཆུང་ཡུངས་འབྲུ་ཙམ་མམ་ཏིལ་འབྲུ་ཙམ་ལ་དམིགས་པ་གཏད། དེ་ལ་སེམས་ཟིན་པར་གྱུར་པ་ན། རྒྱ་ཇེ་ཆེ་ཇེ་ཆེ་ལ་སོང་སྟེ། རང་གི་ལུས་དང་སྣང་བ་ཐམས་ཅད་སྐུ་རྡོ་རྗེའི་རང་བཞིན་དུ་ཤར་བ་ལ་ཉམས་ལེན་དུ་བྱེད་ཅིང་། མཐར་སྔ་མ་བཞིན་དུ་རིམ་པས་བསྡུས་ལ་མཉམ་པར་གཞག །དེ་བཞིན་དུ་མགྲིན་པའི་རྩ་འདབ་ཀྱི་ལྟེ་བར་ངོ་བོ་བླ་མ། རྣམ་པ་གསུང་རྡོ་རྗེ་སྐུ་མདོག་དམར་པོ་གཡས་པདྨ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བ་ནས། རང་གི་ངག་དང་སྣང་བ་ཐམས་ཅད་གསུང་རྡོ་རྗེའི་རང་བཞིན་དུ་ཤར་བ་ལ་ཉམས་ལེན་དུ་བྱེད་ཅིང་། རིམ་པས་བསྡུས། དེ་བཞིན་དུ་སྙིང་གའི་རྩ་འཁོར་གྱི་ལྟེ་བར་བླ་མ་ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་ནས། ཡིད་དང་སྣང་བ་ཐམས་ཅད་ཐུགས་རྡོ་རྗེའི་རང་བཞིན་དུ་ཤར་བ་ལ་ཉམས་ལེན་དུ་བྱེད། ལྟེ་བའི་རྩ་འཁོར་གྱི་དབུས་སུ་ངོ་བོ་བླ་མ། རྣམ་པ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ཡབ་ཡུམ་ཡུངས་འབྲུ་ཙམ་མམ་ཏིལ་འབྲུ་ཙམ་ལ་དམིགས་པ་གཏད། དེ་ལ་སེམས་ཟིན་ན་རྒྱ་ཇེ་ཆེར་སོང་སྟེ་རང་གི་ཡིད་དང་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་ཉམས་ལེན་བྱེད་ཅིང་། རིམ་པས་བསྡུས་ནས། མཐར་ཅིའང་མི་དམིགས་པའི་ངང་ལ་གཞག་གོ །ཕྱག་མཚན་ལ་བསླབ་པ་ནི། སྤྱི་བོ་སོགས་གོ་རིམ་སྔ་ཕྱི་ངེས་མེད་དུ་ཉམས་སུ་བླང་བར་བྱ་སྟེ། འཁོར་ལོ་སོ་སོའི་ལྟེ་བར་འཁོར་ལོ་དང་། པདྨ། རྡོ་རྗེ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་རྣམས་ཕྲ་བ་ནས་རྒྱ་ཆེའི་བར་བསླབ་པ་སོགས་གོང་བཞིན་འདི་ནི་སྔ་མའི་སྤོགས་ཆོག་གི་སྤྲོས་པ་ལ་དགའ་བའི་དབང་དུ་བྱས་ཀྱི། གཞན་དུ་སྔ་མ་ཉིད་ཀྱིས་ཆོག་གོ །ཕྲ་བ་ས་བོན་ལ་བསླབ་པ་ནི། མས་རིམ་གྱིས་བསྒོམ་པ་སྟེ་ལྟེ་འཁོར་གྱི་དབུས་སུ། ངོ་བོ་བླ་མ། རྣམ་པ་ཧོ་ཡིག་དམར་སེར་གློག་གི་རྣམ་པ་ལྟ་བུ། ཆེ་ཆུང་གི་ཚད་སོར་གཅིག་པ། ཕེཾ་ཕེཾ་གྱི་སྒྲ་སྒྲོག་པ་གསལ་བར་དམིགས་ལ། དེ་ནས་རོ་རྐྱང་གཉིས་ཀྱི་རླུང་བསྡུ་བའི་སྦྱོར་བས་ནང་དུ་དྲངས། བླ་མའི་སྐུ་ལ་ཕོག་པས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས། རང་ལུས་དམ་ཚིག་གི་མེའི་རང་བཞིན་དུ་ཡོད་པ་དང་རོ་གཅིག་ཏུ་འདྲེས། རླུང་གཏོང་བ་དང་ཡེ་ཤེས་ཀྱི་མེའི་རོལ་པར་ཤར་བ་ལ་དམིགས་པ་གཏད། ཡང་རྔུབ་པ་དང་མཉམ་དུ་དེ་ཡང་རིམ་གྱིས་སྡུད། དགང་བ་དང་གཞིལ་བའི་ཚེ་རྩ་བའི་སྲོག་གི་དབྱུག་པ་ཉིད་ལ་དམིགས། དེ་ལྟ་བུའི་སྤྲོ་བསྡུ་མང་དུ་བྱས་པའི་མཐར། ཅིའང་མི་དམིགས་པའི་ངང་ལ་མཉམ་པར་གཞག་ཅིང་ངལ་བསོ། །ཉལ་བའི་ཚེ་སྙིང་འཁོར་གྱི་ལྟེ་བར། བླ་མ་ཐུགས་རྡོ་རྗེའི་ཧཱུྃ་ཡིག་སྔོན་པོ་ཕྲ་ཞིང་ཕྲ་བ་ལ་སེམས་གཏད། རླུང་ཕྱིར་འགྲོ་བའི་ཚེ་ཧཱུྃ་ཡིག་གི་རྣམ་པར་ལམ་ལམ་འཆར་བ་དང་། དེ་ལས་འོད་ཟེར་འཕྲོས། སྣང་བ་ཐམས་ཅད་ཧཱུྃ་ལས་ཡོངས་སུ་གྱུར་པའི་རང་འོད་དུ་ལམ་ལམ་གསལ་བར་བལྟ་ཞིང་བསྡུ་བའི་ཚེ་རིམ་པས་ནཱ་ད་ཙམ་དང་། ཐ་མར་ཅིའང་མི་དམིགས་པ་འོད་གསལ་བའི་ངང་ལ་མཉམ་པར་གཞག་པར་བྱའོ། །ཡང་ཉིན་པར་རྗེས་ཐོབ་ཀྱི་ཚེའམ། མཚན་མོ་རྨི་ལམ་གྱི་གནས་སྐབས་སུ། མགྲིན་འཁོར་གྱི་ལྟེ་བར་བླ་མ་གསུང་རྡོ་རྗེ་ཁོང་ནས་འབྱུང་བ་སྐྱེ་བ་མེད་པའི་ངོ་བོ་ཨཱཿཡིག་དམར་པོ་གསལ་ཞིང་དངས་པ་ལ་དམིགས་པ་གཏད། རླུང་ཕྱིར་འགྲོ་བའི་ཚེ། རྒྱ་ཆེ་བའི་ཆོས་ཐམས་ཅད་སྒྱུ་འཕྲུལ་དྲ་བའི་རོལ་པ་ལས་བྱུང་བའི་སྣང་བརྙན་གྱི་བཀོད་པ་ཟད་མི་ཤེས་པའི་རྣམ་འགྱུར་ཅི་དང་ཅིར་ཤར་བ་ལ་རྩལ་སྦྱོང་ཞིང་ཉམས་བྱུང་རྒྱལ་དུ་སྐྱོང་། སྐྱེ་བོའི་ཡ་ཁ་མི་ཡོང་བའི་སར་སྤྱོད་པ་ངེས་མེད་དུ་བྱེད། མཐར་ཅིའང་མི་དམིགས་པའི་ངང་ལ་མཉམ་པར་གཞག །དེ་དག་ལ་བོགས་དབྱུང་བའི་སླད་དུ། བདག་ཉིད་བདེ་མཆོག་ཡབ་ཡུམ་དུ་གསལ་བ་དེ་ཉིད་སྙོམས་པར་ཞུགས་པའི་ཚེ། སྤྱི་བོའི་རྩ་འཁོར་གྱི་ལྟེ་བར། བླ་མ་བདེ་བ་ཆེན་པོའི་སྐུའི་ངོ་བོ་ཉིད་དུ་གྱུར་པའི་ཧཾ་ཡིག་འཁྱོགས་པོ་ལས་བདེ་བ་ཆེན་པོའི་རྒྱུན་གྱི་ཟིལ་པ་རྒྱུན་མི་འཆད་པར་བབས་པས། ངོ་བོ་ཡེ་ཤེས་ཀྱི་དབུ་མ། རྣམ་པ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩའི་རྣམ་པར་ཤར་བའི་རྩ་འདབ་ཐམས་ཅད་རིམ་གྱིས་གང་བས། གཅིག་ལ་གཅིག་ཅར་བ་ལྟ་བུའི་ཚུལ་གྱིས་རྩ་འདབ་ཀྱི་ཐིག་ལེ་ཐམས་ཅད་ངོ་བོ་གཅིག་ཏུ་འདྲེས། ལུས་ཐམས་ཅད་བདེ་བའི་ཉམས་དང་ལྡན་པ་ལ་དམིགས་པ་གཏད། རླུང་གི་རྣལ་འབྱོར་གྱིས་ལྟེ་བའི་ཧོ་ཡིག་ལས་མེ་རིམ་པར་སྦར། སྤྱི་བོའི་ཧཾ་ཡིག་ལས་བདེ་བ་ཆེན་པོའི་རྒྱུན་བབས་པས། སྤྱི་བོ་སོགས་འཁོར་ལོ་བཞི་རིམ་པས་གང་། དགའ་བ་བཞི་སྟོང་པ་བཞིར་ངོས་བཟུང་། མཐར་མས་བརྟན་གྱི་དགའ་བ་བཞི་སོགས་ངོས་བཟུང་། དེ་ལྟར་མཆོད་ཡུལ་བླ་མ་དང་རྒྱལ་བ་རབ་འབྱམས་གཉིས་སུ་མེད་པའི་གཏུམ་མོ་ཡེ་ཤེས་ཀྱི་མེ་ལ་མཆོད་པར་བྱེད་པའི་རྫས་ཀྱང་དེ་དག་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཐིག་ལེས་མཆོད་པས། མཆོད་ཡུལ་མཆོད་རྫས་མཆོད་པར་བྱེད་པ་པོ་ཐམས་ཅད་བླ་མའི་ངོ་བོ་ཡེ་ཤེས་ཀྱི་རོལ་པ་རང་གི་སེམས་ཀྱི་བདག་ཉིད་དུ་ཤེས་པར་བྱའོ། །འདི་སྐབས་ཀྱི་གནད་ཟབ་མོ་ཕལ་ཆེར་བླ་མའི་ཞལ་ལས་རྟོགས་པར་གྱིས་ཤིག །གསུམ་པ་ལ། རང་སེམས་བླ་མ་ཆོས་སྐུ་ལ་སྒྲོ་འདོགས་བཅད། སྣང་བ་བླ་མ་ཆོས་སྐུ་ལ་རྩལ་སྦྱང་། སྣང་སྲིད་བླ་མ་ཆོས་སྐུའི་ངོ་བོར་རྫོགས་པར་བྱ་བ་དང་གསུམ་ལས། རང་སེམས་བླ་མ་ཆོས་སྐུ་ལ་སྒྲོ་འདོགས་གཅོད་པ་ནི། སེམས་འདས་པའི་རྗེས་མི་དཔྱད། མ་འོངས་པའི་སྔོན་མི་བསུ། ད་ལྟ་བ་ལ་བཟོ་བཅོས་མི་བྱ་བར་རང་བབས་སུ་གཞག་པ་སྟེ། མདོར་ན་བསམ་བྱ་དང་དང་བསམ་བྱེད་ཀྱི་རྟོག་པ་དང་བྲལ་བའི་ངང་ལ་འཇོག །དེ་ནས་དབྱིངས་རིག་བསྲེས་པའི་ངང་ལ་གཞག་པས་གཟུང་འཛིན་ངང་གིས་སྤོང་བར་བྱེད་དོ། །དེ་ནས་ད་ལྟར་གྱི་བློས་གང་དུའང་མི་འཛིན། ཆེད་དུའང་མི་བསྒོམ། གཉུག་མ་བསམ་བརྗོད་བྲལ་བའི་ངང་ལ་མཉམ་པར་གཞག །དེ་ལ་མི་གནས་པར་འཕྲོ་བའི་ཚེ་སྣང་མཁན་གྱི་ཐོག་དེ་ཀར་མ་ཡེངས་ཙམ་དུ་མཉམ་པར་འཇོག་ཅིང་། དེ་ལ་གོམས་པར་གྱུར་པ་ན། སེམས་གང་ནས་སྐྱེ་བལྟ་ཞིང་། གང་ནས་ཀྱང་མ་སྐྱེས་པས་སྐྱེ་བ་མེད་པར་ཐག་བཅད་ཅིང་དེའི་ངང་ལ་གཞག །དེ་ནས་འཁོར་བ་ལོགས་སུ་མ་ཆད། མྱང་འདས་ལོགས་སུ་མ་ཆད། ཆོས་ཐམས་ཅད་མཉམ་པ་ཉིད་རོ་མཉམ་ཆེན་པོའི་ངང་དུ་གཞག་གོ །དེའི་གནད་ཕྱག་ཆེན་སོགས་ནས་འབྱུང་བ་བཞིན་ནོ། །དེ་ལྟར་བསྐྱངས་པས་རྟོགས་པ་ཤར་བའི་ཚེ། ལམ་ཟབ་བླ་མ་བསྒྲུབ་པའི་ངོ་སྤྲོད་སྦས་པ་མིག་འབྱེད་ཀྱིས་ངོ་སྤྲོད་དོ། །།སྣང་བ་བླ་མ་ཆོས་སྐུ་ལ་རྩལ་སྦྱང་བ་ནི། སྣང་གྲགས་ཀྱི་ཆོས་ཅན་ཇི་སྙེད་པ་ཤར་བའི་སྟེང་དུ། སྣ་མི་བསྐྱིལ་བར་ཁ་ཡན་དུ་བཟོ་བཅོས་མེད་པར་གཞག་པས། སྣང་བ་ཐམས་ཅད་ཆོས་སྐུའི་རོལ་པར་འཆར་བ་ཡིན་ནོ། སྣང་སྲིད་བླ་མ་ཆོས་སྐུའི་ངོ་བོར་རྫོགས་པར་བྱ་བ་ནི། ཐ་མལ་གྱི་ཡུལ་ཡུལ་ཅན་ཀྱི་སྣང་བ་བྲལ་བའི་དག་པའི་ཡུལ་ཡུལ་ཅན་གྱི་སྣང་བ་ཤར་བ་དེ་ཉིད། གཉིས་མེད་ཡེ་ཤེས་ཀྱི་ངང་ནས་ཆུ་དང་རླབས་ལྟར་སྤྱོད་པར་བྱའོ། །ཐབས་གཞན་འབད་པས་གྲངས་མེད་དུ་མར་དཀའ་བ་ཡི། །གོ་འཕང་མཆོག་དེ་ཚེ་འདིར་ཡུན་མི་རིང་བ་ན། །ཐོབ་འདོད་དབང་པོ་རྣོན་པོ་ཀུན་གྱི་ལབ་འདི་ཉིད། །བསྟན་པས་འགྲུབ་བ་ཐེ་ཚོམ་མེད་ཅེས་སྐྱོབ་པ་གསུང་། །རྒྱལ་དབང་གསུང་རབ་ཆུ་གཏེར་ལས་འཐོན་ལེགས་བཤད་ནོར་བུ་རིན་ཆེན་འདིར། །མཁས་གྲུབ་སྐྱེས་བུ་འགའ་ཡི་ཐོས་བསམ་བསྒོམ་པའི་བྱི་དོར་བྱས་གྱུར་ཀྱང་། །ཟབ་དང་རྒྱ་ཆེའི་དྲི་རོ་ཁ་དོག་ཚུལ་བཞིན་མ་རྙེད་འདི་དེ་ལྟར། །རྙེད་པ་གང་འདི་སྔོན་རབ་སྦྱངས་པའི་བསོད་ནམས་མཐུ་ལས་གྲུབ་པ་ཡིན། །ཀློག་དང་སྤོང་བས་འདིར་འབད་བརྩོན་བྱེད་པ། །གེགས་མེད་པར་ནི་སྒྲིབ་པ་ཀུན་བྲལ་བའི། །ཡེ་ཤེས་སྐུ་ཉིད་ཚེ་གཅིག་ལ་གྲུབ་ཅིང་། །འགྲོ་བ་ཀུན་ཀྱང་དེ་ལྟར་འགྱུར་བར་ཤོག །ཅེས་པ་འདི་ནི་རྡོ་རྗེ་འཛིན་པ་ཆེན་པོའི་དབོན། །གྲུབ་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་གྱིས་བསྐུལ་བའི་ངོར། རྒྱལ་དབང་གསུམ་པ་ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས། རྩྭ་གོང་ནགས་ཀྱི་མགུལ། ཡང་དགོན་ཆོས་ཀྱིས་མཐོ་བའི་དབེན་གནས་སུ། །མེ་མོ་ལུག་ལོ་ཧོར་ཟླ་དྲུག་པའི་ཕྱོགས་དང་པོ་རྒྱལ་བ་གསུམ་པ་ལ་སྦྱར་བའོ།། །།ཀུ་ཤལ་སཱ་དྷུ་སིདྡྷི་རསྟུ།།


previousབླ་མ་མོས་གུས་ཀྱི་ཁྲིད་ཀྱི་དམིགས་རིམ་བྱིན་རླབས་ཀྱི་སྙེ་མ།next