Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
དྭགས་པོ་ཆོས་བཞིའི་རྩ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ།
   
   
   


 
previousདྭགས་པོ་ཆོས་བཞིའི་རྩ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ།next

དྭགས་པོ་ཆོས་བཞིའི་རྩ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ།

དྭགས་པོ་ཆོས་བཞིའི་རྩ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་ཆོས་རྗེ་སྒམ་པོ་པས་མཛད་པ་བཞུགས་སོ། །སྡོམ་དང་དམ་ཚིག་གུས་སེམས་མ་ཉམས་ཤིང་། །ལུང་དང་རྟོགས་པ་བྱིན་རླབས་བརྒྱུད་པར་ལྡན། །ཇོ་བོའི་བཀའ་བརྒྱུད་བླ་མ་དམ་པ་ལ། །རྐང་གི་ཁོང་དང་སྙིང་གི་དཀྱིལ་ནས་འདུད། །ཐེག་པ་ཐམས་ཅད་བརྗོད་བྱར་བསྟན་པ་ཡི། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདི། །དུས་གསུམ་འཕགས་པ་རྣམས་ཀྱི་གཞུང་ལམ་སྟེ། །ཆོས་བཞིས་རྒྱས་བཤད་དེ་དག་རེ་རེའང་། །ལྟ་སྒོམ་སྤྱོད་པ་གསུམ་གྱིས་ཉམས་སུ་བླང་། །ཡང་དག་ལྟ་བ་ལས་འབྲས་སྒོམ། །དགེ་སྡིག་འཇུག་ལྡོག་སྤྱོད་པ་སྟེ། །འབྲས་བུ་མཐོ་རིས་ལྷ་མི་གཉིས། །སྐྱེས་བུ་ཆུང་ངུ་བསྡུས་པ་ཡིན། །བདག་མེད་ལྟ་བ་ཉེས་དམིགས་བསྒོམ། །ངེས་འབྱུང་བསླབ་པ་གསུམ་སྤྱོད་པ། །འབྲས་བུ་ཉན་རང་བྱུང་ཆུབ་སྟེ། །སྐྱེས་བུ་འབྲིང་པོ་བསྡུས་པ་ཡིན། །བདེན་གཉིས་ལྟ་བ་ཟུང་འཇུག་སྒོམ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་སྟེ། །འབྲས་བུ་མི་གནས་མྱ་ངན་འདས། །སྐྱེས་བུ་ཆེན་པོ་བསྡུས་པ་ཡིན། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །སྣང་བ་བྱང་ཆུབ་སེམས་སུ་སྦྱང་། །བདེན་གཉིས་ཚོགས་གཉིས་བསྒྱུར་བ་འདི། །སྐུ་གཉིས་རྒྱུ་རུ་ཤེས་པར་བྱ། །བདག་གིས་བདེ་ལ་གཞན་སྦྱོར་ནུས། །བྱམས་པ་ཚད་དུ་ཕྱིན་པ་ལགས། །གཞན་གྱི་སྡུག་བསྔལ་བདག་ལེན་ནུས། །སྙིང་རྗེ་ཚད་དུ་ཕྱིན་པ་ལགས། །གནོད་སྐྱེལ་གྱིས་བློ་མི་སྨས་ན། །བྱང་སེམས་ཚད་དུ་ཕྱིན་པ་ལགས། །བདེ་སྡུག་བླང་དོར་མི་འདོད་ན། །ལྟ་བ་ཚད་དུ་ཕྱིན་པ་ལགས། །རང་གི་སེམས་ཀྱི་ཆོས་ཉིད་དང་། །གཞན་གྱི་སེམས་ཀྱི་ཆོས་ཉིད་ལ། །གཉིས་སུ་ཡོད་པ་མ་ཡིན་ན། །བདག་གཞན་འཛིན་པ་ཇི་ལྟར་འཐད། །འཁོར་བའི་རང་བཞིན་ཤེས་གྱུར་པ། །དེ་ཉིད་མྱ་ངན་འདས་པར་བརྗོད། །དེ་སྐད་གསུངས་པས་འཁོར་འདས་ལ། །བཟང་ངན་འཛིན་པ་ཇི་ལྟར་འཐད། །སྟོང་དང་རྟེན་འབྱུང་དོན་གཅིག་པ། །དབུ་མའི་ལམ་དུ་གསུངས་པ་ལ། །སྟོང་ཉིད་སྟོན་པའི་བླ་མ་ཞིག །ལོགས་ནས་དགོས་པ་ཇི་ལྟར་འཐད། །རང་གི་སེམས་ལ་བཟོ་ཤེས་ན། །ཐམས་ཅད་བདེན་པར་མ་གྲུབ་པས། །ཇི་ལྟར་སྣང་ཡང་བློ་སྦྱོང་གི །གྲོགས་དང་མཐུན་པའི་རྒྱུ་རུ་སྦྱར། །གེགས་སེལ་ལོགས་ནས་ཅི་ཞིག་དགོས། །དགེ་སློང་འཚོ་བྱེད་ཅེས་བྱང་ཕྱོགས་གངས་རིའི་ལྗོངས་འདིའི་བསྟན་པ་ལ་བྱ་བ་བྱེད་པར་སྟོན་པས་ལུང་བསྟན་པ་དེས་མཛད་པ་རྫོགས་སོ།། །། སྐྱེས་བུ་གསུམ་གྱི་ལམ་རིམ་ཕྱེད་བཅས་ཤོ་ལོ་ཀ་བཅུ་གཉིས་པའི་འགྲེལ་པ་མདོར་བསྡུས་པ་སློབ་དཔོན་སྒམ་པོ་པས་མཛད་པ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་ལམ་ལ་འཇུག་པའི་ཐོག་མ་ལ་དཔོན་སློབ་མཚན་ཉིད་དང་ལྡན་པ་གཉིས་དགོས་པ་ཐམས་ཅད་དུ་འདྲ། དེ་ལ་བླ་མ་དེ་ཇི་ལྟ་བུ་ཞིག་དགོས་ན། སྡོམ་དང་ཞེས་པ། སྡོམ་པའི་རིམ་པ་གང་བླངས་པ་མ་ཉམས་པ་ཅིག་དགོས། དམ་ཚིག་ཅེས་པ། སྔགས་ཀྱི་ལ་མི་ཟེར། །རང་གི་བླ་མ་དེ་དམ་ཚིག་ལ་ཟོལ་མེད་པ་བླ་མ་ཐམས་ཅད་ལ་གུས་སེམས་མ་ཉམས་པ་ཞིག་དགོས། དེ་ཡང་། ལུང་དང་རྟོགས་པ་བྱིན་རླབས་གསུམ་གྱི་རྒྱུད་པར་ལྡན་པ་ཅིག་དགོས་ཏེ། ཇོ་བོའི་བཀའ་བརྒྱུད་ཕལ་དེ་གསུམ་དང་ལྡན་པ་ཡིན་གསུང་། དེ་ལྟར་ཁུངས་ནས་བྱུང་བའི་བླ་མ་གཅིག་ལ་བརྟེན་པའི་ཚུལ་ནི་རྐྱང་ངེ་བ་གུས་པ་མེད་པ་མ་ཡིན་ཏེ། རྐང་གི་ཅེས་སོ། །ཐེག་པ་ཞེས་པ་ནི་མདོར་བསྟན་པ་སྟེ། འདི་རྡོ་རྗེ་སེམས་དཔའི་གསེབ་ལམ་ཞེས་པ་ལྟ་བུ་ནི་མ་ཡིན་ཏེ་དུས་གསུམ་གྱི་སངས་རྒྱས་དང་བྱང་སེམས་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་གཞུང་ལམ་ཆེན་མོ་ཡིན། དེ་ཡང་། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་བཞིར་ཕྱེ། རེ་རེ་ཡང་ལྟ་སྒོམ་སྤྱོད་པ་གསུམ་གྱིས་ཉམས་སུ་ལེན་པ་ལས། དང་པོ་ལས་འབྲས་ལ་ཡིད་ཆེས་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། ལས་རྒྱུ་འབྲས་སྒོམ། སྡིག་པ་ལས་ལྡོག དགེ་བ་ལ་འཇུག དེས་འབྲས་བུ་ལྷ་མི་ཞེས་སོ། །གང་ཟག་དང་གཟུང་བ་མེད་པར་ལྟ་བ་དང་། །འཁོར་བའི་ཉེས་དམིགས་སྒོམ་པ། །ངེས་འབྱུང་གི་ཤཱི་ལ་ལ་སོགས་པར་སྤྱོད་པ་སྟེ། འབྲས་བུ་ཉན་ཐོས་དང་རང་སངས་རྒྱས་ཞེས་སོ། །འཕགས་པའི་བདེན་པ་གཉིས་ལྟ་བ་ཡིན་ལ། དེ་ཡང་ཀུན་རྫོབ་ཐབས། དོན་དམ་ཤེས་རབ། དེ་གཉིས་ཟུང་དུ་འཇུག་པ་སྒོམ་པ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་སྤྱོད་པ་ལས། འབྲས་བུ་རྣམ་མཁྱེན་གྱི་སངས་རྒྱས་ཐོབ་ཅེས་སོ། །དེ་ཉིད་ཅུང་ཞིག་བཤད་པ་ནི་གཞི་ཅེས་ཏེ་ནམ་མཁའ་རང་བཞིན་གྱིས་དག་པ་འདི་ལ་ཚར་ནོན་ལྟ་བུའི་དངོས་པོ་ཅིག་གཟུང་ཙ་ན་དེས་ནོན་པའི་ནམ་མཁའ་དེ་གར་སོང་སྟེ་གར་ཡང་སོང་བ་མེད། དངོས་པོ་དེ་མེད་ཙ་ན་དེའི་བཤུལ་དུ་ནམ་མཁའ་གང་ནས་འོངས་ཏེ་གང་ནས་ཀྱང་འོངས་བ་མེད། དེ་ནས་ཚར་ནོན་ལྟ་བུ་འདི་ཤེས་རབ་ཀྱི་མཚོན་རྣོན་པོ་གཅིག་གིས་གཏུབས་ཤིང་བཤིག་ན་རྡུལ་ཕྲ་རབ་ཀྱང་ལུས་པ་མེད་དེ་གཟུགས་སྟོང་པའོ་ཞེས་པའི་དོན། ཀུན་རྫོབ་སྒྱུ་མ་ཙམ་དུ་ད་ལྟ་སྣང་བ་ཡོད་དེ་སྟོང་པ་ཉིད་གཟུགས་སོ་ཞེས་པའོ། །དེས་ན་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཞེས་གཟུགས་སྟོང་པར་སྒྲུབ་པའི་མན་ངག་ཡིན་ཏེ། དོན་དམ་དེ་ལྟར་ཡིན་བ་ལ་ཀུན་རྫོབ་ཏུ་སྣང་བ་ཅི་སྣང་ཐམས་ཅད་ལ་ཆགས་སྡང་གི་ཡུལ་དུ་མ་སོང་བར་ཐབས་བྱང་ཆུབ་སེམས་སྦྱོང་བའི་མཐུན་རྐྱེན་དུ་བྱ་སྟེ། དེ་ལྟར་བདེན་པ་གཉིས་པོ་ཐབས་ཤེས་རབ་ཡིན་ལ། དེ་གཉིས་བསྒོམ་པ་ལས་འབྲས་བུ་སྐུ་གཉིས་ཞེས་སོ། །དེ་ལ་ཁ་ལྟས་མི་ཕན་རྟགས་འདི་ཚོ་དགོས་ཏེ། བདག་གིས་བདེ་བ་གཞན་ལ་སྟེར། །གཞན་གྱི་སྡུག་བསྔལ་བདག་གིས་ལེན། །བདག་ལ་གནོད་པ་བྱེད་པ་ལ་སེམས་ཅན་གྱི་རང་བཞིན་དུ་ཤེས་པས་བློ་མི་སྨས་ཤིང་ལན་མི་བྱེད་པ་དང་། དོན་ལ་མེད་པའི་ཁ་སྟོང་གིས་མི་ཕན། བདེན་པ་ཡང་དག་ཏུ་མ་གྲུབ་པས་བླང་དོར་དུ་མི་འདོད་དེ་ཆོས་བརྒྱད་མགོ་སྙོམས་པའོ། ཆོས་ཉིད་ཐ་དད་མེད་པ་ལ་བདག་གཞན་དུ་གཟུང་ནས་ཆགས་སྡང་མི་འཐད་པས། འཁོར་བ་ངན་པ་ཅིག་སྤངས་ནས་མྱང་འདས་བཟང་པོ་ཅིག་ཐོབ་པར་འདོད་པ་སྤང་ངོ་། །རྟེན་འབྲེལ་དང་སྟོང་པ་ཉིད་དོན་གཅིག དེ་ཙ་ན་སྣང་བའི་དངོས་པོ་ཐམས་ཅད་རྟེན་འབྲེལ་ཡིན་པས་སྟོང་པ་ཉིད་སྟོན་པའི་བླ་མ་ལོགས་ནས་མི་དགོས་སོ། ཁམས་འདུས་པ་དང་དགའ་མི་དགའ་ལ་སོགས་པ་ཐམས་ཅད་བདེན་པ་ཡང་དག་ཏུ་མ་གྲུབ་ཏེ། རང་གི་སེམས་ལ་བཟོ་ཤེས་ན་ཅིར་སྣང་ཐམས་ཅད་བློ་སྦྱོང་གི་གྲོགས་སུ་འགྲོ་སྟེ། དེ་ཙ་ན་གེགས་སེལ་ལོགས་ནས་ཅི་ཞིག་དགོས་ཏེ་མི་དགོས་སོ།། སློབ་དཔོན་སྒོམ་པའི་ཕྱག་དཔེ་ལས་བཤུས་སོ།། །།


previousདྭགས་པོ་ཆོས་བཞིའི་རྩ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ།next