Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ།
   


 
previousསྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ།next

སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ།

སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་བཞུགས་སོ། །འདིར་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུའི་གསུང་ངག དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བྱོན་པའི་གཞུང་ལམ་ཆེན་མོ་འདི་འཆད་པ་ལ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་དང་རྣམ་པ་བཞི་ལས། དང་པོ་ལ། འདིས་འགྲོ་བ་ལྷ་མིའི་ཆོས་ལུགས༑ འདིར་འགྲོ་བ་མངོན་མཐོའི་ཐེག་པ་གཉིས་ལས། དང་པོ་ལ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ། ལས་འབྲས་བསྒོམ་པ། དགེ་སྒྲུབ་སྡིག་སྤོང་གི་སྤྱོད་པ་གསུམ་ལས། དང་པོ་ནི། ཡང་དག་ལྟ་བ། ཞེས་གསུངས་པས་ལས་དང་འབྲས་བུ་དང་དཀོན་མཆོག་དང་བདེན་པ་ལ་སོགས་པ་ཡོད་པར་ལྟ་བ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ། ལྟ་བ་དེ་དང་ལྡན་པ་ཞིག་དགོས་སོ། །གཉིས་པ་ནི། ལས་འབྲས་བསྒོམ། ཞེས་གསུངས་པས་བསྒོམ་བྱའི་ལས་འབྲས་ནི་རྣམ་པ་གཉིས་ཏེ། འཁོར་བའི་རྒྱུ་འབྲས་དང་། མྱ་ངན་ལས་འདས་པའི་རྒྱུ་འབྲས་སོ༑ །དང་པོ་ནི། རྒྱུ་ཉོན་མོངས་པ་དུག་ལྔས་ཀུན་ནས་སླངས་ཏེ་ལས་དགེ་བ་འམ་མི་དགེ་བ་སྤྱད་པས། འབྲས་བུ་འགྲོ་བ་རིགས་དྲུག་ཏུ་སྐྱེས་ཏེ་འཁོར་བའི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ། །ཀུན་སློང་ཉོན་མོངས་པ་མེད་པར་དགེ་བ་འབའ་ཞིག་སྤྱད་པས་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་སྟེ་དུས་རྟག་ཏུ་བདེ་བ་ལ་རེག་པར་གནས་པ་ནི་ཐར་པའམ་མྱ་ངན་ལས་འདས་པའི་རྒྱུ་འབྲས་ཏེ། དཔེར་ན་ས་བོན་ངན་པ་བྲ་བོ་བཏབ་ན་བྲ་བོའི་མྱུ་གུ་སྐྱེ། ས་བོན་བཟང་པོ་སཱ་ལུ་བཏབ་ན་སཱ་ལུའི་མྱུ་གུ་སྐྱེ་བ་བཞིན་ནོ། །དེས་ན་བདག་ཅག་གི་བདེ་བའམ་སྡུག་བསྔལ་ཅི་ཉམས་སུ་མྱོང་བ་འདི་ཐམས་ཅད་ནི་ཚེ་སྔ་མ་དག་གི་ལས་ཀྱིས་བསྒྲུབས་པའི་རྣམ་སྨིན་ལ་སྤྱོད་པའི་དུས་ཡིན་པས། བདག་སྡུག་བསྔལ་བའི་ཚེ་སྡུག་བསྔལ་དེ་སྤང་ཡང་མི་ཚུགས་ལ། བདེ་བ་འདོད་ནའང་འདོད་པ་ལྟར་མི་འགྲུབ་པས། ཇོ་བོ་ཆེན་པོས། བསམ་ཚད་ཐོག་ཏུ་མི་ཁེལ། །ཕ་རོལ་ལས་ལས་གྲུབ་པས། །ལྷོད་ཀྱིས་གློད་ན་བདེའོ། །ཞེས་གསུངས༑ ད་ལྟ་མན་ཆད་ཀྱི་བདེ་བའམ་སྡུག་བསྔལ་བ་ནི། ད་ལྟ་བདག་གིས་དགེ་བ་བསྒྲུབ་པའམ་སྡིག་པ་བྱེད་པའི་སྤྱོད་པ་ལ་རག་ལས་པ་སྟེ། ད་ལྟ་ཕྱི་མའི་རྒྱུ་ལ་སྤྱོད་པའི་དུས་ཡིན་པས་སོ༑ །དེ་ལྟར་ཡིན་པ་མཐོང་བའི་ཆོས་འདི་ཉིད་ལ་ཤེས་ཏེ། སྔར་བསོད་ནམས་བསགས་པའི་རྟེན་གྱི་གང་ཟག་ལ་གཞན་ཐམས་ཅད་ཀྱི་ལོ་ཉེས་ཀྱང་དེའི་ལོ་ལེགས་ནས་འོང་། ལོངས་སྤྱོད་དང་ནོར་འགྲུབ་བླ། གཞན་གྱི་ཕྱུགས་དང་ནོར་ལྟ་བུ་ལ་གོད་ཁ་བྱུང་ནའང་དེའི་ཕྱུགས་དང་ནོར་ལ་མི་འབྱུང་། བསོད་ནམས་མ་བསགས་པ་ལ་གཞན་བྱིང་གི་ལོ་ལེགས་ཀྱང་དེའི་དེ་མ་ལེགས་པ་འོང་། གཞན་ལ་གོད་ཁ་མ་བྱུང་ཀྱང་དེ་ལ་འབྱུང་གི་འདུག་པ། ལུང་ལས་ཀྱང་། འགྲོ་འདི་ཐམས་ཅད་ལས་ལས་བྱུང་། །ལས་རྣམས་ཀུན་ལ་མཐུ་ཡོད་པས། །ལུས་ཅན་ཀུན་གྱི་སྐྱིད་སྡུག་འདི། །ལས་རྣམས་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པས་སོ། །དེ་ལ་ཁ་ཅིག་འདི་སྙམ་དུ། ད་ལྟ་དགེ་བའི་ལས་འབའ་ཞིག་བྱེད་པ་སྡུག་བསྔལ་ཞིང་བསམས་པ་མི་འགྲུབ་པའང་འདུག །མི་དགེ་བ་འབའ་ཞིག་བྱེད་པ་དེ་ལ། བསམས་པ་འགྲུབ་པའང་འདུག་པས། དགེ་བ་ལས་བདེ་བ་འབའ་ཞིག་དང་། མི་དགེ་བ་ལས་སྡུག་བསྔལ་འབྱུང་ཟེར་བའང་འཐད་པ་མ་ཡིན་ནོ་སྙམ་ན་དེ་འདྲ་ཅི་ཡིན་སྔར་བཤད་པ་བཞིན། འདིར་སྡུག་པ་དང་བསམས་པ་མི་འགྲུབ་པ་ནི་སྔར་སྤྱད་པའི་རྣམ་སྨིན་སྨིན་པ་ཡིན། འདིར་སྤྱད་པ་དེ་གདོད་འབྱུང་བ་ཡིན༑ དེ་ཡང་ལས་སྟོབས་ཆེ་བ་ཚེ་འདི་ཁ་དང་། ཆུང་ན་དེ་འདྲ་བ་དུ་མ་བསགས་ནས་ཚེ་ཕྱི་མའམ་ལན་གྲངས་གཞན་ལ་སྨིན་པར་འགྱུར་བས་ཏེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས། ཡང་འགའ་ཞིག་ན་རེ། ད་ལྟ་དགེ་བ་སྤྱད་པས་སྔར་ཕན་ཆད་ཀྱི་མི་དགེ་བ་འདག་པར་གསུངས་པ་མ་ཡིན་ནམ། ཡིན་ན་དེ་ཇི་ལྟར་ཞེ་ན། རྣམ་པར་སྨིན་པར་གྲུབ་པའི་སྡུག་བསྔལ་འདི་ནི་སྤང་མི་ཐུབ། རྒྱུ་མེད་པར་བདེ་བ་ཡང་མི་འབྱུང་། ལུགས་དེ་ནི༑ ད་ལྟ་རྣམ་པར་མ་སྨིན་པ་ཕྱིས་རྣམ་སྨིན་སྐྱེད་རུང་གི་ས་བོན་ཀུན་གཞི་ལ་བསྒོས་པ་དེ་འདག་པ་ལ་དགོངས་པ་ཡིན། དེས་ན་སྤང་བྱ་སྤོང་བ་ཐམས་ཅད་ས་བོན་ལ་གནོད་པ་སྐྱེལ་བ་ཡིན་ལ༑ གཉེན་པོ་རྒྱུད་ལ་བརྟེན་པ་ཐམས་ཅད་ས་བོན་ལ་སོས་འདེབས་པའོ། །གསུམ་པ་ནི། དགེ་སྡིག་འཇུག་ལྡོག་སྤྱོད་པ་སྟེ། །ཞེས་གསུངས་པས། བདག་ཕྱི་མ་བདེ་བའམ་ལེགས་པ་ནི་འདོད་མོད་དེ་ལྟ་ན་མིའམ་ལྷར་སྐྱེ་དགོས། གནོད་པའམ་སྡུག་བསྔལ་ནི་མི་འདོད་པ་ཡིན་ན་ངན་སོང་གསུམ་དུ་མ་སྐྱེས་པ་བྱེད་དགོས། དེ་ལྟར་བྱེད་པ་ལ་མཐོ་རིས་ཀྱི་རྒྱུ་ནི་དགེ་བ་སྒྲུབ་པར་འདུག་པས་དགེ་བ་ཕྲ་མོ་ཚུན་ལ་བརྩོན་པར་བྱ། ངན་སོང་གི་རྒྱུ་ནི་མི་དགེ་བར་འདུག་པས་སྡིག་པ་ཕྲ་མོ་ཚུན་ལའང་འཇིགས་པར་བལྟས་ཏེ་དོར་བར་བྱའོ། །དགེ་བའང་གཉིས་ལས་བསོད་ནམས་ཀྱི་ལས་ཀྱི་འདུ་བྱེད་ཀྱིས་ནི་མི་དང་འདོད་པའི་ལྷར་འགྲུབ། མི་གཡོ་བའི་ལས་ཀྱི་འདུ་བྱེད་ཀྱིས་ནི་གཟུགས་དང་གཟུགས་མེད་འགྲུབ་པོ། །སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་ནི་ངན་སོང་གསུམ་འགྲུབ་པར་བྱེད་ལ། མཐོ་རིས་ནི་བདེ་བ་དང་ལྡན། གནོད་པ་ཉུང་། དན་འགྲོ་ནི་སྡུག་བསྔལ་མང་། གནོད་པ་མང་བ་ཡིན་ནོ། །དེའི་གནོད་པ་ཡང་། དམྱལ་བ་ན་ཚ་གྲང་བཅད་གཏུབས་བཙོ་སྲེག །ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གཅིག་ལ་གཅིག་ཟ་བཀོལ་སྤྱོད་ལ་སོགས་པའོ། །དེ་བས་ན་དགེ་བ་བསྒྲུབ། དེ་སྒྲུབ་པའང་མི་དགེ་བ་ལས་བཟློག་དགོས༑ མི་དགེ་བའང་ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ། དགེ་བའང་དེ་ལས་བཟློག་པ་བཅུར་བཞག་གོ །མི་དགེ་བ་ཇི་སྲིད་འཚོའི་བར་དུ་སྤོང་བའམ། ཐ་ན་ཡང་ཉིན་ཞག་གཅིག་སྤོང་མི་ནུས་པས་རྒྱུ་མ་ཚང་། དེ་ཙམ་ཡང་སྤོང་མི་ནུས་ན་གང་རུང་རེ་ཉིན་ནམ་མཚན་རེ་སྤོང་བའི་ཚུལ་ཁྲིམས་བླང་ངོ་། དེ་ཡང་སྡོམ་བརྒྱད་ལས་བཤད་པ་བཞིན་གོ་མི་དང་ཚངས་སྤྱོད་དམ། འདུལ་མངོན་ལས། འདོད་པ་སྤོང་མི་ནུས་ཉེས་པ་སྤོང་ནུས་ན་ཡོངས་རྫོགས་དང་། གཞན་ཕལ་ཆེར་དང་། སྣ་འགའ་དང་། སྣ་གཅིག་པ་འམ་ཉིན་ཞག་གཅིག་པ་བསྙེན་གནས་ཡན་ལག་བརྒྱད་པ་དང་། གནས་འཇོག་གི་མདོ་ལས་གསུངས་པ་བཞིན་གྱི་ཉི་ཚེ་བའི་ཚུལ་ཁྲིམས་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་འཇུག་པ་རྣམས་སོ། །སྦྱིན་པ་ཡང་གཏོང་༑ བཟོད་པ་དང་། དགེ་བ་ལ་བརྩོན་འགྲུས་དང་། འཇིག་རྟེན་པའི་བསམ་གཏན་བཞི་དང་སྙོམས་པར་འཇུག་པ་བཞི་ཡང་སྒོམ། ཤེས་རབ་གོང་དུ་འཕེལ་བར་བྱ་བའི་ཕྱིར་བསླབ་པ་རྣམས་སོ། །གཉིས་པ་འདིར་བགྲོད་པ་མངོན་མཐོའི་ཐེག་པ་ནི། འབྲས་བུ་མཐོ་རིས་ལྷ་མི་གཉིས། །འབྲས་བུ་ནི་ཡོན་ཏན་བདུན་དང་ལྡན་པས་མཐོ་རིས་ཏེ། ཡོན་ཏན་བདུན་ནི་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །དེ་ཡང་མིར་གྱུར་པ་དང་། འདོད་པའི་ལྷ་དང་། གཟུགས་ཀྱི་ལྷ་དང་། གཟུགས་མེད་པའི་ལྷ་གང་རུང་གི་ནང་དུ་སྐྱེས་པའོ། །གཟུགས་མེད་པ་ནི་ཡོན་ཏན་དང་པོ་གཉིས་དང་ལྡན་ནོ། །དེས་སྐྱེས་བུ་ཆུང་ངུ་བསྡུས་པ་ཡིན་ཞེས་སོ། །གཉིས་པ་ཆོས་ལམ་དུ་འགྲོ་བ་ལ། འདིས་བགྲོད་པ་ཉན་རང་གི་ཉམས་ལེན། འདིར་བགྲོད་པ་བྱང་ཆུབ་རྣམ་པ་གཉིས་ལས། དང་པོ་ལ། ལྟ་བ་བདག་མེད་རྟོགས་པ། སྒོམ་པ་འཁོར་བའི་ཉེས་དམིགས་ཤེས་པ། སྤྱོད་པ་བསླབ་པ་གསུམ་ལ་ཞུགས་པ་གསུམ་ལས། དང་པོ་ནི། བདག་མེད་ལྟ་བ་ཞེས་གསུངས་པའི་བདག་ནི། མུ་སྟེགས་བྱེད་རྣམས་ཀྱིས་སྒྲོ་བཏགས་པའི་བདག་དང་། བདག་གི་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་༑ ཤེས་ལས་སྐྱེས་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། རྟག་པར་ལྟ་བ་ཞེས་བྱ་བ་འདི་ཡིན་ཏེ། སྔོན་གྱི་མཁན་པོ་རྣམས་ཀྱིས། མུ་སྟེགས་ཅན་རྣམས་ཀྱིས་བཏགས་པའི་བདག་དང་སེམས་ཅན་ལ་སོགས་པ་མེད་པས་ན་བདག་མེད་པ་ཞེས་བྱའོ། །ཞེས་གསུངས། དེ་མེད་པར་གཏན་ལ་འབེབས་ཚུལ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་དུ། མུ་སྟེགས་རྣམས་ཀྱིས་གང་བཏགས་པའི། །བདག་དེ་རིགས་པས་དཔྱད་ན་འདིར། །ཕུང་པོ་ལས་ནི་གཞན་ཀུན་ཏུ། །འགའ་ཡང་རྙེད་པ་མ་ཡིན་ནོ། །ཕུང་པོ་ཡིན་ན་དེ་མི་རྟག །དེ་ཡང་བདག་གི་ཚུལ་མ་ཡིན། །མི་རྟག་པ་དང་རྟག་པ་གང་། །རྟེན་དང་བརྟེན་པ་ནམ་ཡང་མིན། །ཆོས་ཅན་ཡོད་ན་ཆོས་རྣམས་ལ། །འཇིག་རྟེན་ན་ནི་སྤྱོད་འཇུག་ན། །བདག་ཅེས་བྱ་བ་འདི་མེད་པར། །བྱེད་པ་པོ་ཞེས་གང་ལ་བཏགས། །གང་ཕྱིར་རྟག་པ་རིམ་གྱིས་དང་། །ཅིིག་ཆར་གྱིས་དོན་མི་བྱེད་པ། །དེ་ཡི་ཕྱིར་ན་ཕྱི་ནང་དུ། །རྟག་པའི་དངོས་པོ་མེད་པ་ཉིད། །གལ་ཏེ་ནུས་ན་ཅི་ཕྱིར་ལྟོས༑ །དེ་ནི་ཅིག་ཆར་དངོས་འབྱིན་འགྱུར། །གལ་ཏེ་དངོས་གཞན་ལ་ལྟོས་པ། །དེ་ནི་རྟག་དང་ནུས་ལྡན་མིན། །རྟག་མིན་དངོས་པོ་མིན་ཞེ་ན། །དངོས་རྣམས་རྟག་ཏུ་སྐད་ཅིག་པས། །དངོས་པོ་མི་རྟག་པ་ལ་ནི། །བྱེད་པོ་ཉིད་ཀྱི་རྒྱུ་མཚན་ཅི། །ཞེས་པའོ། །གཉིས་པ་ཉེས་དམིགས་སྒོམ། ཞེས་གསུངས་པས་མདོར་བསྟན་ཏེ། རྒྱས་པར་བཤད་པ་ལ། དལ་འབྱོར་རྙེད་པར་དཀའ་བ་བསམ་པ། འཆི་བ་མི་རྟག་པ་སྒོམ་པ། འཁོར་བ་སྡུག་བསྔལ་དུ་ལྟ་བ། མྱང་འདས་ཀྱི་ཕན་ཡོད་ལ་འདུན་པའོ། །དང་པོ་ནི། མི་ཁོམ་པའི་གནས་བརྒྱད་སྤངས་པའི་རང་བཞིན་གྱི་དལ་བ་དང་། རང་དང་གཞན་གྱི་འབྱོར་པ་ནི་ཤིན་ཏུ་རྙེད་དཀའ་བ་ཡིན་ཏེ། དེ་ལྟར་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །ཞེས་གསུངས་སོ། །ད་ལྟ་དབང་པོ་ལྔ་ལ་སྐྱོན་མ་ཞུགས་སྡོམ་པ་གསུམ་གྱི་རྟེན་དུ་རུང་བའི་མི་ལུས་ཐོབ་པ་འདི་ཡང་ཁ་རྗེ་དང་སྟབས་ཁ་ཡགས་པ་ཙམ་གྱིས་ཐོབ་པ་མིན། སྔ་མ་ཕན་ཆད་དུ་ཚོགས་དཔག་ཏུ་མེད་པ་བསགས། དཀའ་ལས་དཔག་ཏུ་མེད་པ་བྱས་པས་ཐོབ་པ་ཡིན། དེ་ལྟར་ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་འདི་ཐོབ་པའི་དུས་འདི་ལ། དམ་པའི་ཆོས་མ་བྱས་ན་ཕྱི་མ་ཕན་ཆད་དུ་མི་ཁོམ་པའི་གནས་བརྒྱད་གང་དུ་སྐྱེས་ཀྱང་ཆོས་བྱ་བའི་སྐབས་མེད་དེ། དེ་ལྟར་ཡང་སྤྱོད་འཇུག་ལས། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར༑ །ཞེས་གསུངས་སོ། །གཉིས་པ་མི་རྟག་པ་སྒོམ་པ་ནི། ཆོས་བྱེད་པ་དེ་ཡང་ཕྱི་བཤོལ་དུ་བཞག་པས་མི་ཡོང་། ད་ལྟ་ཉིད་ནས་ཉམས་སུ་ལེན། དེ་ཅི་ཏེ་སྙམ་ན། དལ་འབྱོར་གྱི་མི་ལུས་ཐོབ་ནས་ཀྱང་མི་ཚེ་ལོང་མེད་ཡུན་རིང་མི་སྡོད་དེ། འཆི་བའི་འཇིགས་པ་འོང་ངེས། འོང་བ་དེ་ཡང་ནམ་ཡོང་ཆ་མེད། དེ་བྱུང་བའི་དུས་ཅིས་ཀྱང་མི་སྟོངས་པ་ཡིན། ཤི་ནས་རྒྱང་འཕེན་པའི་ལྟ་བ་བཞིན་དུ་ཅང་མེད་དུ་མི་འགྲོ །ལས་དགེ་མི་དགེའི་སྟོབས་ཀྱིས་འཁོར་བར་མཐོ་དམན་གྱི་སྐྱེ་བ་སྣ་ཚོགས་ལེན་དགོས། དེས་ན་ད་ལྟ་སྙིགས་མ་ལྔ་ནི་བདོ། ཚེ་ལ་རང་དབང་ནི་མ་ཐོབ༑ ན་སོ་དར་ལ་བབ་པ་རྣམས་ཀྱང་མར་མེ་རླུང་གིས་བཏབ་པ་བཞིན་དུ་འགྲོ་བ་ལ་ཚེགས་མེད། རྫས་དང་ཡོ་བྱད་མང་པོ་བསགས་ཀྱང་རང་ལ་ཕན་པའི་ངེས་པ་མེད། དུས་རྟག་ཏུ་ཉེ་དུ་འབྲེལ་བའི་རྩིས་བྱས་ཀྱང་དེ་ཐམས་ཅད་ཀྱིས་རང་ལ་མི་སྟོངས། དེ་ལྟར་ཡང་སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཅིང་། །ཡུན་རིང་བར་དུ་བདེ་སྤྱད་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། གཉེན་བཤེས་ཚོགས་ཀྱིས་མཐའ་བསྐོར་ཀྱང་། །སྲོག་ཆད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་སོ། །འཆི་བའི་ནད་ཀྱིས་ཐེབས། སྨན་དང་སྔགས་དང་རིག་པ་གང་གིས་ཀྱང་མཐུ་རྡུགས་པའི་དུས་སུ། སྐྱབས་ཆེན་དམ་པའི་ཆོས་མིན་པ་མི་འདུག་སྙམ་བསྒོམ་མོ། དེ་ལྟ་བུའི་མི་རྟག་པ་མ་བསྒོམས་ཤིང་རྒྱུད་ལ་མ་སྐྱེས་ན་ཆོས་བྱེད་པ་ལྟར་སྣང་དུ་སོང་། ཚེ་འདིའི་རྣམ་པར་རྟོག་པས་ཀུན་ནས་སླང་བའི་སྒྲུབ་པ་ཅི་ཙམ་བྱས་ཀྱང་འཁོར་བ་ལས་འཕགས་མི་སྲིད་པ་ཡིན། མི་རྟག་པ་འདི་བསྒོམས་ནས་རྒྱུད་ལ་སྐྱེས་ན་ཚེ་འདིའི་བྱ་བྱེད་དམ་ལས་གང་ལ་ཡང་བློ་མི་འཇུག །དགོས་མེད་ཀྱི་བློ་གཅིག་འབྱུང་སྟེ། བློ་སྣ་དེ་བྱུང་ཙ་ན་ཆོས་ལམ་དུ་མི་འགྲོ་བ་ཤེས་བྱ་ལ་མི་སྲིད་དེ་དགེ་སྦྱོར་ཐམས་ཅད་མཚན་ཉིད་པར་འོང་བ་ཡིན། དཔེར་བགྱི་ན། གནད་གཅོད་ཀྱི་ནད་ཀྱིས་ཐེབས་པའི་དུས་སུ་ཚེ་འདི་ལ་རེ་ཐག་ཆད་པ་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་བློ་དང་བྲལ་བ་དུས་མཉམ་པ་ལྟ་བུའོ། །ཚེ་འདི་ལ་བློ་སྣ་འགྱུར་ཟེར་ཀྱང་འཇིག་རྟེན་ཆོས་བརྒྱད་དང་མ་བྲལ་བར་འདུག་ན་ཚེ་འདི་ལས་བློ་མ་འགྱུར་བ་ཡིན་པས་ཡང་དང་ཡང་དུ་ལུང་དང་རིགས་པས་གཏན་ལ་ཕབ་ཀྱིན་མི་རྟག་པ་བསྒོམ། གསུམ་པ་འཁོར་བ་སྡུག་བསྔལ་དུ་ལྟ་བ་ནི། བདག་འཁོར་བ་ན་འགྲོ་བ་རིགས་དྲུག་ལས་འོས་མེད། དེ་ལ་དམྱལ་བ་ན་ཚ་གྲང་མ་གཏོགས་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད། ཡི་དྭགས་ལ་བཀྲེས་སྐོམ། བྱོལ་སོང་ལ་བཀོལ་སྤྱོད། ལྷ་ལ་འཆི་འཕོ་ལྟུང་བྱེད། ལྷ་མ་ཡིན་ལ་འཐབ་རྩོད། མི་ལ་སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་སྡུག་བསྔལ་བས་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མི་འདུག་པ་སྙམ་དུ་ཡང་ཡང་བསམ་པས་འཁོར་བ་འདི་མེ་དོང་དང་འདྲ། བཙོན་ར་དང་འདྲ། གཤེད་མས་རལ་གྲི་འདེབས་པ་དང་འདྲ། ཇི་ལྟར་བྱས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མི་འདུག་སྙམ་པའོ། །དེ་ལ་འཁོར་བའི་ཉེས་དམིགས་བསྒོམས་པ་ལ་བརྟེན་ནས་འཁོར་བ་མཐའ་དག་ལས་བློ་འགྱུར་ནས་མཐོ་རིས་ཀྱི་བདེ་བ་ལའང་སྐྱུག་ནད་ཅན་གྱི་སྔས་ཁར་ཟས་བཞག་པ་ལྟ་བུར་མཐོང་བ་ཞིག་འོང་། དེ་མ་བྱུང་བར་འདོད་ཡོན་ལ་ཞེན་ཆགས་སྐྱེ་ཡི་འདུག་ན་ད་དུང་བློ་སྣ་མ་འགྱུར་བ་ཡིན་པས་འཁོར་བའི་ཉེས་དམིགས་ཡང་ཡང་དུ་བསྒོམ་མོ། །བཞི་པ་མྱ་ངན་ལས་འདས་པའི་ཕན་ཡོན་ལ་འདུན་པ་ནི། འཁོར་བ་ལས་ཐར་པ་ནི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ལ། དེ་འབའ་ཞིག་ཞི་ཞིང་བདེ་བ་དེའི་ཕྱིར་དེ་བདག་གི་སྐྱབས་དང་གནས་སུ་ཤེས་ནས། ཐོབ་པར་བྱ་བའི་ཕྱིར་དགེ་བའི་ཆོས་ལ་འདུན་པ་སྐྱེ་སྟེ། དེ་ཡང་ཁྱིམ་ན་གནས་པ་ནི་གནོད་པ་དང་ཉོན་མོངས་པའི་གནས་ཡིན་གྱི༑ རབ་ཏུ་བྱུང་བ་ནི་མངོན་པར་སྐབས་ཡོད་པ་སྟེ། བདག་ཁྱིམ་ནས་ཁྱིམ་མེད་པར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་རབ་ཏུ་བྱུང་ནས་ནན་ཏན་གྱིས་ཉན་ཐོས་ཀྱི་བྱང་ཆུབ་བམ༑ རང་སངས་རྒྱས་ཀྱི་བྱང་ཆུབ་བསྒྲུབ་པར་བྱའོ་སྙམ་སྐྱེས་པ་སྟེ། འདི་ལ་ཉན་ཐོས་ཀྱི་བྱང་ཆུབ་བམ། རང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །དེ་ཡང་ཐོབ་བྱ་མྱ་ངན་ལས་འདས་པ་ལ༑ ཞི་བ་མྱ་ངན་ལས་འདས་པ་དང་། མི་གནས་པའི་མྱ་ངན་ལས་འདས་པ་གཉིས་ཡོད་པའི་འདི་ཉིད་དང་པོའོ། །གསུམ་པ་སྤྱོད་པ་བསླབ་པ་གསུམ་ལ་ཞུགས་པ་ལ། ངེས་འབྱུང་བསླབ་པ་གསུམ་སྤྱོད་པ། ཞེས་མདོར་བསྟན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱས་པར་བཤད་པ་ལས། དང་པོ་ནི༑ དགེ་བའི་ཆོས་ལ་འདུན་པ་སྐྱེས་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་༑ དབང་པོའི་སྡོམ་པ་དང་། ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་ཉིད་དང་། ཤེས་བཞིན་དུ་སྤྱོད་པ་ཉིད་དོ། །དེ་ལ་ཚུལ་ཁྲིམས་ཀྱི་སྡོམ་པ་ནི་ཡན་ལག་དྲུག་དང་ལྡན་པ་སྟེ། ཡན་ལག་དྲུག་ནི་རབ་ཏུ་བྱུང་བ་དེ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོ་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་༑ སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པའོ། །དབང་པོའི་སྡོམ་པ་ནི། ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཉིད་ལ་བརྟེན་ནས་དྲན་པ་ཀུན་ཏུ་བསྲུང་བ་དང་། དྲན་པ་ལ་རྟག་འགྲུས་བྱེད་པ་དང་། དྲན་པས་ཡིད་ཀུན་ཏུ་བསྲུང་བ་དང་། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པའོ། །ཟས་ཀྱི་ཚོད་རིག་པ་ནི་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ལུས་འདི་གནས་པར་བྱ་བ་དང་། བཀྲེས་པ་བསལ་བར་བྱེད་པ་དང་། ཚངས་པར་སྤྱད་པ་ལ་ཕན་གདགས་པར་བྱ་བ་དང་། ཚོར་བ་རྙིང་པ་རྣམས་སྤང་བར་བྱ་བ་དང་༑ གསར་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང་། བདག་འཚོ་ཞིང་སྟོབས་དང་བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་སེམས་པ་ཡིན་ནོ༑ །ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་བརྩོན་པ་ནི། ཇི་སྲིད་དུ་མི་ཉལ་བ་དེ་སྲིད་དུ་དགེ་བའི་ཕྱོགས་མི་སྤོང་ཞིང་། དགེ་བའི་ཆོས་སྒོམ་པ་ལ་བརྩོན་པ་དང་། རྒྱུན་དུ་ཆུད་པ་དང་༑ རྟག་འགྲུས་བྱེད་པ་དང་། དུས་སུ་ཉལ་བར་བྱེད་ཅིང་དུས་མ་ཡིན་པར་མི་ཉལ་བ་དང་། ཉལ་ན་ཡང་ཀུན་ནས་གནོད་པ་མེད་པའི་སེམས་ཀྱིས་གཉིད་ལོག་པར་བྱེད་ཅིང་། སེམས་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། དུས་སུ་སད་པར་འགྱུར་ཞིང་ལྡང་བའི་དུས་ལས་མི་ཡོལ་བའོ། །ཤེས་བཞིན་དུ་སྤྱོད་པ་ནི། ལུས་ཀྱི་ལས་ལ་སོ་སོར་རྟོག་པ་དང་། ངག་དང་ཡིད་ཀྱི་ལས་ལ་སོ་སོར་རྟོག་པའོ། །ཇི་ལྟར་ལུས་ཀྱི་ལས་ལ་སོ་སོར་རྟོག་ན། ལས་གང་བསམས་ནས་ལུས་ཀྱིས་བྱ་བར་འདོད་པ་དེ་ཉིད་ལ། ཅི་བདག་གི་ལུས་ཀྱི་ལས་འདི་བདག་དང་གཞན་ལ་གནོད་པར་འགྱུར་ཞིང་མི་དགེ་ལ། སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཞིག་ཡིན་ནམ། འོན་ཏེ་བདག་གི་ལུས་ཀྱི་ལས་འདི་བདག་དང་གཞན་ལ་གནོད་པར་མི་འགྱུར་ཞིང་དགེ་ལ། བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཞིག་ཡིན་ཞེས་སོ་སོར་རྟོག་པར་བྱེད་དོ། །གལ་ཏེ་བདག་དང་གཞན་ལ་གནོད་པར་འགྱུར་ཞིང་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བར་ཤེས་ན་དེ་ལས་ཕྱིར་ལྡོག་ཅིང་མི་བྱེད་ལ་རྗེས་སུ་འཇུག་པར་མི་བྱེད་དོ། །དགེ་ན་བྱའོ། །དེ་བཞིན་འདས་པའི་ལུས་ཀྱི་ལས་ལ་ཡང་རྟོག་ཅིང་དགེ་ན་བླང་༑ མི་དགེ་ན་བཤགས་སོ། །དེ་བཞིན་ངག་དང་ཡིད་ཀྱི་ལས་ལ་ཡང་ཤེས་པར་བྱའོ། །དེ་ལྟར་རྟོག་པར་བྱེད་ཅིང་རབ་ཏུ་ཤེས་པར་བྱེད་པར་ན་ཚེ་འདི་ཉིད་ལ་ཁ་ན་མ་ཐོ་བ་མེད་པ་དང་༑ ལྟུང་བ་མེད་པ་དང་། འགྱོད་པ་མེད་པ་དང་། ཡིད་ལ་གཅགས་པ་མེད་པ་དང་། རྗེས་སུ་གདུང་བ་མེད་པར་འགྱུར་བ་དང་། ཚེ་ཕྱི་མ་ལ་ཡང་ཁ་ན་མ་ཐོ་བ་མེད་ཅིང་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། མ་ཐོབ་པ་ཐོབ་པར་བྱས་པའི་ཚོགས་ཀྱི་རྒྱུ་བྱས་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཀྱི་ཚོགས་སམ་ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་བྱ། དང་པོའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ནས་བརྩམས་ཏེ་མཐའ་མ་རྣམ་པར་གྲོལ་བའི་ས་ལ་ཐུག་གི་བར་དུ་རྡུལ་ཙམ་ཡང་ཉེས་པ་དང་གནོད་པ་མེད་པས་ཚུལ་ཁྲིམས་མཐར་ཕྱིན་ཏེ་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་མཚན་ཉིད་དུ་གྱུར་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ཞེས་བྱའོ༑ །གཉིས་པ་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ། སྔོན་དུ་ཀློག་པ་ཐོས་བསམ། ཐོས་བསམ་གྱི་སྙིང་པོ་བསམ་གཏན་ལ་སྦྱོར་ཚུལ་གཉིས་ལས། དང་པོ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། ཞེས་པས་ཚུལ་ཁྲིམས་ལ་གནས་པ་དེས་དང་པོར་ཐོས་པར་བྱ། དེ་ནས་བསམ་པས་གཏན་ལ་ཕབ་དགོས། ཐོས་པ་གང་ལ་བྱ་བ་ཡང་། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ༑ །ལུས་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས། སྤྱོད་འཇུག་མཛད་པས། བཟོད་བྱ་ཐོས་པ་བཙལ་བར་བྱ། །ཞེས་ལུང་ཡང་ཉན་ཐོས་ཀྱི་སྡེ་སྣོད་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་དང་བཤད་པ་དང་༑ གསལ་བར་བྱས་པ་དང་། རྣམ་པར་ཕྱེ་བ་དང་། ཡང་དག་པར་བཤད་པའོ། །ཐོས་པ་ནི། དེ་གཞན་དགེ་བའི་བཤེས་གཉེན་མཚན་ཉིད་ལྡན་པ་ལས་ཉན་ཏེ༑ དེ་དག་གི་ཚིག་འབྲུ་དང་དོན་འཛིན་པའོ། །བསམ་པ་ནི། ཇི་ལྟར་ཐོས་པའི་ཆོས་དེ་ཉིད་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སེམས་པར་བྱེད་པ་སྟེ། དེ་ཡང་བགྲང་བའི་རྣམ་པས་ཆོས་རྣམས་ལ་བགྲང་བའི་ཚུལ་གྱིས་སེམས་པར་བྱེད་པ་དང་། གཞལ་བའི་རྣམ་པ་རིགས་པས་ཡོན་ཏན་དང་སྐྱོན་ཉེ་བར་བརྟགས་པའི་སྒོ་ནས་སེམས་པར་བྱེད་པའོ། །དེས་ན་ཐོས་པ་ནི་ལེགས་པར་ཞུ་བ་ཡིན་ལ། བསམ་པ་ནི་ལེགས་པར་གཏན་ལ་ཕབ་པ་ཉིད་དོ། །གཉིས་པ་ཐོས་བསམ་གྱི་སྙིང་པོ་བསམ་གཏན་ལ་སྦྱོར་ཚུལ་ལ། བསམ་གཏན་ལ་འཇུག་པའི་ཚུལ། རྣལ་འབྱོར་བསྒོམ་པ་དངོས་བཤད་པ་གཉིས་ལས། དང་པོ་ནི། འོ་ན་དུས་རྟག་ཏུ་ཐོས་བསམ་བྱའམ་ཞེ་ན་མ་ཡིན་ཏེ། བསྒོམ་པ་ལ་ནི་རབ་ཏུ་སྦྱོར་དང་། སྤྱོད་འཇུག་ལས། དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་གསུངས་པས། ཐོས་པའི་དོན་དེ་ཉིད་རི་ཁྲོད་དམ་དགོན་པ་དབེན་པར་ཕྱིན་ཏེ་བསྒོམ་དགོས། མ་བསྒོམས་ན་ཐོས་པ་དེ་ཉོན་མོངས་པའི་གཉེན་པོར་མི་འགྲོ །ཉོན་མོངས་པའི་གཉེན་པོར་མ་སོང་ན་ཆོས་ལམ་དུ་མ་སོང་བ་ཡིན་ནོ། །དེས་ན་ཆོས་མྱ་ངན་ལས་འདས་པའི་ལམ་དུ་འགྲོ་བ་ནི་སྒོམ་པ་ཁོ་ན་ལ་རག་ལས་པས། དེའི་ཚུལ་ནི་གནས་དབེན་པར་སྤྱོད་ལམ་འཆག་པ་དང་འདུག་པ་དག་གིས་འདའ་བར་བྱེད་ཅིང་མཚན་མོའི་ཐུན་དང་པོ་ལ་དེ་ཉིད་དང་། ཐུན་བར་པ་ལ་གློ་གཡས་པ་ཕབ་སྟེ་ཉལ་བར་བྱེད་པ་དང་། ཐུན་ཐ་མ་ལ་མྱུར་བ་མྱུར་བར་ལངས་ཏེ་འཆག་པ་དང་འདུག་པ་དག་གིས་འདའ་བར་བྱེད་པའོ། །དེ་ལ་འདུག་པ་ནི། གནས་ཕུན་སུམ་ཚོགས་པ་དེ་ཉིད་དུ་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཁྲིའམ་རྩྭ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲང་ནས་དྲན་པ་ཕྱོགས་པར་གཞག་སྟེ་འདུག་པར་བྱེད་པའོ། །གཉིས་པ་རྣལ་འབྱོར་བསྒོམ་པ་དངོས་བཤད་པ་ལ། ཞི་གནས་བསྒོམ་པ། ལྷག་མཐོང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་བསྒོམ་པའོ། །དང་པོ་ཞི་གནས་བསྒོམ་པ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། སེམས་ནང་ཁོ་ནར་འཇོག་པར་བྱེད་པ་དང་། ཡང་དག་པར་འཇོག་པར་བྱེད་པ་དང་། བསྡུས་ཏེ་འཇོག་པར་བྱེད་པ་དང་། ཉེ་བར་འཇོག་པར་བྱེད་པ་དང་། དུལ་བར་བྱེད་པ་དང་༑ ཞི་བར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པ་དང་། རྒྱུད་གཅིག་ཏུ་བྱེད་པ་དང་། ཏིང་ངེ་འཛིན་དུ་བྱེད་པའོ། །དང་པོ་ནི། ཕྱི་རོལ་གྱི་དམིགས་པ་ཐམས་ཅད་ལས་ཡང་དག་པར་བསྡུས་ཏེ་རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར་དང་པོར་ནང་དུ་ཉེ་བར་གཏད་པའོ། །གཉིས་པ་དང་པོ་ཉེ་བར་གཏད་པའི་སེམས་གང་ཡིན་པ་དེ་གཡོ་བ་དང་། རགས་པ་དང་༑ ཡང་དག་པར་མི་གནས་པ་དང་། ཡོངས་སུ་མི་གནས་པར་གྱུར་ན། དེ་དམིགས་པ་དེ་ཉིད་ལ་གཏད་པའི་ཚུལ་དང་། དང་བར་བྱ་བའི་ཚུལ་གྱིས་མངོན་པར་ཚར་བཅད་པ་དང་བཅས་པས་ཕྲ་བར་བྱེད་ཅིང་མངོན་པར་གཡེང་བར་མི་བྱེད་པའོ། །གསུམ་པ་ནི། དེ་ལྟར་དེའི་སེམས་གཞག་པ་དང་ཡང་དག་པར་གཞག་པ་དེ་གལ་ཏེ་བརྗེད་ངེས་པས་ཕྱི་རོལ་ཏུ་གཡེང་བར་གྱུར་ན་དེས་ཡང་ཕྱིར་དེ་ཉིད་ལ་སྡུད་པར་བྱེད་པའོ། །བཞི་པ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བལྟས་ཏེ་དེ་ཉིད་ལ་དགའ་བའོ། །ལྔ་པ་ནི། དང་པོ་ཁོ་ནར་དྲན་པ་ཉེ་བར་གཞག་སྟེ་གནས་ཤིང་སེམས་དེ་ཡང་དག་པར་འཇོག་པར་བྱེད་པ་ན། ཅི་ནས་ཀྱང་དེའི་སེམས་དེ་ཕྱི་རོལ་དུ་མི་འཕྲོ་བར་བྱེད་པའོ། དྲུག་པ་ནི། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་མཚན་མ་དག་གམ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དང་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པའི་རྣམ་པར་རྟོག་པ་གང་དག་དང་། འདོད་པ་ལ་འདུན་པའི་སྒྲིབ་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་དག་གིས་དེའི་སེམས་ཀུན་ཏུ་འཁྲུགས་པར་གྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་སུ་གཟུང་བ་དེ་ཉིད་ཀྱི་དབང་དུ་བྱས་ནས། དེའི་སེམས་དེ་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་དེ་དག་ལ་འཕྲོར་མི་སྟེར་བར་བྱེད་པའོ། །བདུན་པ་ནི། དེ་བརྗེད་ངེས་པའི་ཕྱིར་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་དེ་གཉིས་ཀ་ཀུན་ཏུ་འབྱུང་བར་གྱུར་ན། བྱུང་ངོ་ཅོག་དང་དུ་མི་ལེན་ཞིང་སྤོང་བར་བྱེད་པའོ། །བརྒྱད་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པའི་བར་དུ་ཆད་པ་དང་། རྒྱུན་ཆགས་པ་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་པའོ། །དགུ་པ་ནི་ཀུན་ཏུ་རྟེན་ཅིང་གོམས་པར་བྱས། མང་དུ་བྱས་པའི་རྒྱུས་ལྷུན་གྱིས་གྲུབ་པར་འཇུག་པ་དང་། རང་གི་ངང་གིས་འཇུག་པའི་ལམ་ཐོབ་ཅིང་མངོན་པར་འདུ་བྱེད་པ་མེད་པ་དང་། ལྷུན་གྱིས་གྲུབ་པ་དེ་ཉིད་ཀྱིས་དེའི་སེམས་རྣམ་པར་གཡེང་བ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇུག་པར་འགྱུར་བའོ། །ཞི་གནས་དེའི་དམིགས་པ་ནི། སློབ་དཔོན་ཆེན་པོ་ཤནྟི་པས། དེ་ལ་ཇི་སྙེད་ཡོད་པར་གྱུར་པ་དང་༑ ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་གནས་ཀྱི་དམིགས་པའོ་ཞེས་དང་། ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་ཀྱི་བར་དུ་ཞི་གནས་དང་རྗེས་སུ་མཐུན་པ་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ཞི་གནས་ཡིན་ནོ། །ཞེས་སོ། །སྒྲིབ་པ་ལྔ་རྣམས་ལས་རྒོད་པ་དང་འགྱོད་པ་རྣམས་ནི་ཞི་གནས་ཀྱི་སྒྲིབ་པ། རྨུགས་གཉིད་ཐེ་ཚོམ་ལྷག་མཐོང་། འདོད་འདུན་ནི་གཉིས་ཀ་ལ་སྒྲིབ་པས་བསལ་ལོ། །སློབ་དཔོན་ཡེ་ཤེས་གྲགས་པས། གང་གི་ཚེ་དམིགས་པ་དེ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་སེམས་གནས་པར་གྱུར་པ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་ཤེས་པར་བྱའོ། །ཞེས་སོ། །གཉིས་པ་ལྷག་མཐོང་ནི། ནང་གི་སེམས་ཀྱི་ཞི་གནས་ལ་བརྟེན་ནས་ཆོས་ཐམས་ཅད་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པར་བྱ་བ་དང་། ཡོངས་སུ་རྟོག་པར་བྱེད་པ་དང་། ཡོངས་སུ་དཔྱོད་པར་བྱེད་པའོ། །དེ་ཡང་དཔྱད་པ་རྣམ་པར་སྦྱོང་པའི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྤྱོད་པའི་དམིགས་པ་དག་ལ་ཇི་སྙེད་ཡོད་པ་ཉིད་ཀྱི་རྣམ་པར་འབྱེད་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་རབ་ཏུ་རྣམ་པར་འབྱེད་དོ། །ཤེས་རབ་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པས་མཚན་མར་འཛིན་པར་བྱེད་པའི་ཚེ་ན་ནི་རྟོག་པར་བྱེད་པ་ཡིན་ནོ། །ཡང་དག་པར་རྟོག་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་དཔྱོད་པར་བྱེད་པ་ཡིན་ནོ། །ཇི་སྙེད་ཡོད་པར་གྱུར་པ་དང་། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པ་ཡིན་ནོ༑ །ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་ཡིན་པ་དེ་ཉིད་ལ་གནས་ཏེ། ཇི་ལྟར་བསམ་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་ངེ་འཛིན་གྱི་གཟུགས་བརྙན་གྱི་སྤྱོད་ཡུལ་ལ་ལྷག་པར་མོས་པ་སོ་སོར་བརྟག་པར་བྱ་སྟེ། དེ་ཡང་གནས་ངན་ལེན་གྱི་མཚན་མའི་གཉེན་པོར་བླང་པ་དང་ཕྱིན་ཅི་ལོག་ངེས་པར་བསལ་བ་བླང་བ་དང་། ཕྱིན་ཅི་མ་ལོག་པ་ལ་སེམས་རྣམ་པར་གཞག་པ་དག་ཉེ་བར་བླངས་པ་སྟེ། གནས་ངན་ལེན་ནི། ཕྱིན་ཅི་ལོག་གི་བག་ཆགས་ཏེ། དེ་ཡང་ཕྱིན་ཅི་ལོག་གོང་ནས་གོང་དུ་བསྐྱེད་པའི་ནུས་པ་སེམས་ཀྱི་རྒྱུད་ལ་གནས་པའི་མཚན་ཉིད་དོ། །དེའི་མཚན་མ་ནི། གང་གི་ཕྱིར་དེ་ཡོངས་སུ་གསོ་བར་བྱེད་པ་སྟེ། ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་སྔ་མ་སྔ་མ་དག་གོ །དེ་ཟད་པས་གནས་ངན་ལེན་ཟད་དེ་ཕྱིན་ཅི་ལོག་སྐྱེ་བར་མི་འགྱུར་ཏེ། མཚན་མའི་གཉེན་པོ་གོམས་པ་ལས་མཚན་མ་ཟད་པ་ཡིན་པའི་ཕྱིར་རོ། །གཉེན་པོ་དེ་ནི་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་བས་ན་འདི་གཉིས་ནི་གནས་ངན་ལེན་གྱི་མཚན་མའི་གཉེན་པོ་ཉེ་བར་བླང་བ་བསྟན་ནོ། །ཡོངས་སུ་རྟོག་པ་ནི་གང་གི་ཕྱིར་འདི་ནི་ཇི་ལྟ་བ་བཞིན་དུ་རྣམ་པར་ཕྱེ་བས་ཕྱིན་ཅི་ལོག་གོ་དོགས་པ་གཅིག་ཏུ་བསལ་ནས་བརྗོད་པ་མེད་པ་ཡིད་ལ་བྱེད་པས་ཡོངས་སུ་བསལ་ནས་ལྷག་པར་དམིགས་པའོ། །དེ་བས་འདི་ནི་ཕྱིན་ཅི་ལོག་ངེས་པར་བསལ་བ་ཉེ་བར་བླང་བའོ། །དེ་ལྟར་འདིས་ཕྱིན་ཅི་མ་ལོག་པར་བྱས་ལ། ཕྱིན་ཅི་མ་ལོག་པ་མངོན་སུམ་བཞིན་དུ་མཐོང་བའི་དོན་ལ་སེམས་གཞག་ནས་སོ་སོར་རྟོག་པ་ནི་ཡོངས་སུ་དཔྱོད་པ་སྟེ། དེ་བས་ན་འདི་ནི་ཕྱིན་ཅི་མ་ལོག་པ་ལ་སེམས་གཞག་པ་ཉེ་བར་བླངས་ཏེ་བརྟན་པའོ། །ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་པ་དེ་སྲིད་དུ་ལྷག་མཐོང་དང་རྗེས་སུ་མཐུན་པ་ཡིན་ལ། གང་གི་སྐྱེས་པ་དེའི་ཚེ་ལྷག་མཐོང་ཡིན་ནོ། །གསུམ་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་སྒོམ་པ་ནི། ལྷག་མཐོང་སྐྱེས་པ་དེ་ནས་དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཉིད་ལ་དམིགས་ཏེ། སེམས་དེ་ཉིད་ལ་གང་གི་ཚེ་རྒྱུད་མ་ཆད་པ་དང་། བར་མ་ཆད་པའི་ཡིད་ལ་བྱེད་པའི་རྒྱུན་གྱིས་གཉིས་ཀ་ཡང་ཉམས་སུ་མྱོང་བ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་ཞེས་བརྗོད་དེ། དེ་ལ་ཞི་གནས་དང་ལྷག་མཐོང་ནི་ཟུང་ཡིན་ལ༑ འབྲེལ་པ་ནི་ལྡན་པ་སྟེ་ཕན་ཚུན་བཅིངས་ནས་འཇུག་པའོ། །དེ་ཡང་ཞི་གནས་རྣམ་པ་དགུའི་སྒོམ་པ་ཡོངས་སུ་རྫོགས་པས་ནི་མཚན་མའི་འཆིང་བ་ལས་གྲོལ་བར་འགྱུར་ཏེ་ཕྱིན་ཅི་ལོག་གི་མཚན་མ་ཕྱིན་ཅི་ལོག་གི་དོན་གྱི་རྣམ་པ་འགགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ལྷག་མཐོང་གི་རྣམ་པ་བཞིའི་སྒོམ་པ་ཡོངས་སུ་རྫོགས་པས་ནི་གནས་ངན་ལེན་གྱི་འཆིང་བ་ལས་གྲོལ་བ་ཡིན་ནོ༑ །དེ་ཡང་ལུང་ལས། ཞི་གནས་དང་ནི་ལྷག་མཐོང་དག །བསྒོམས་པས་གནས་ངན་ལེན་དང་ནི། །མཚན་མ་ཡི་ནི་འཆིང་བ་ལས། །རྣལ་འབྱོར་པ་ནི་གྲོལ་བར་འགྱུར། །ཞེས་སོ། །དེ་ལྟར་ཞི་ལྷག་ཟུང་དུ་འབྲེལ་ནས་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་གཏད་ན་བདེན་པ་མངོན་པར་རྟོགས་པ་བླ་བར་འགྱུར་ཏེ། ལུང་ལས། དེ་ལ་ཇི་ལྟར་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པ་ཡིན་ཞེ་ན། ནམ་གྲུ་གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་འདོད་ཆགས་སྤྱད་པ་ཁོ་ན་ཞིག་ཡིན་ན་ནི་དམིགས་པ་མི་སྡུག་པ་ལ་སེམས་ཉེ་བརབཏོད་པར་བྱེད་དོ༑ །ཞེ་སྡང་སྤྱད་པ་ཞིག་ཡིན་ན་ནི་བྱམས་པ་ལའོ། །གཏི་མུག་སྤྱད་པ་ཞིག་ཡིན་ན་ནི་རྐྱེན་འདི་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལའོ། །ང་རྒྱལ་སྤྱད་པ་ཞིག་ཡིན་ན་ནི་ཁམས་རབ་ཏུ་དབྱེ་བ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ་ཞེས་དང་། རྣམ་པར་རྟོག་པ་སྤྱད་པ་ཡིན་ན་ནི་དབུགས་བརྔུབ་པ་དང་དབུགས་དབྱུང་བ་དྲན་པ་ལ་སེམས་ཉེ་བར་གཏོད་པ་དང་༑ འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་ལ་ཀུན་ཏུ་རྨོངས་པའམ། བདག་དང་སེམས་ཅན་དང་སྲོག་དང་སྐྱེ་བ་པོ་དང་གསོ་བ་དང་གང་ཟག་གི་དངོས་པོ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་ཕུང་པོ་ལ་མཁས་པ་ལའོ། །རྒྱུ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་ཁམས་ལ་མཁས་པ་ལའོ། །རྐྱེན་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་སྐྱེ་མཆེད་ལ་མཁས་པ་ལའོ། །མི་རྟག་པ་དང་སྡུག་བསྔལ་དང་བདག་མེད་པ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་ལའོ། །འདོད་པའི་འདོད་ཆགས་དང་བྲལ་བར་འདོད་པ་ཞིག་ཡིན་ན་ནི། འདོད་པ་རྣམས་ཀྱི་རགས་པ་ཉིད་དང་། གཟུགས་རྣམས་ཀྱི་ཞི་བ་ཉིད་ལའོ། །གཟུགས་རྣམས་ལ་འདོད་ཆགས་དང་བྲལ་བར་འདོད་པ་ཞིག་ཡིན་ན་ནི་གཟུགས་རྣམས་ཀྱི་རགས་པ་ཉིད་དང་། གཟུགས་མེད་པ་རྣམས་ཀྱི་ཞི་བ་ཉིད་ལའོ། །འཇིག་ཚོགས་ལ་སྐྱོ་བར་འདོད་ཅིང་རྣམ་པར་གྲོལ་བར་འདོད་པ་ཞིག་ཡིན་ན་ནི་བདེན་པ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་༑ བདེན་པ་འགོག་པ་དང་། བདེན་པ་ལམ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ཞེས་གསུངས་ཤིང་དེ་དག་ལས་བསམ་གཏན་རྣམས་ལ་བརྟེན་ན་དང་པོ་ཁོ་ནར་བདེན་པ་མངོན་པར་རྟོགས་ཤིང་སྐྱོན་མེད་པ་ལ་འཇུག་པར་འགྱུར་གྱི། བསམ་གཏན་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་མ་ཡིན་པས་དེའི་ཕྱིར་བསམ་གཏན་རྣམས་གཙོ་བོར་བྱས་ནས་ལྷག་པ་སེམས་ཀྱི་བསླབ་པ་བསྟན་ནོ། །དེ་ཡང་ཞི་ལྷག་ཟུང་དུ་འབྲེལ་བའི་སྒོམ་པས་གཟུགས་ཀྱི་ས་ན་སྤྱོད་པའི་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་ཆུང་ངུ་ཐོབ་ནས། རྣལ་འབྱོར་པ་དེ་ལ་ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱ་ལ། དེས་གོང་དུ་བགྲོད་པར་བྱ་བ་ནི་གཉིས་ཁོ་ན་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་འགྲོ་བའོ། །འཇིག་རྟེན་པའི་ལམ་གྱི་འགྲོ་བ་དེ་ཡང་གཉིས་ཏེ། འཆིང་བ་མཐའ་དག་ཡོད་པ་སོ་སོ་སྐྱེ་བོ་དང་། འཆིང་བ་མ་ཚང་བའི་སློབ་པ་རྣམས་སོ། །དེ་ལ་འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་རབ་ཏུ་བརྩོན་པའི་རྣལ་འབྱོར་པ་ནི་ཡིད་ལ་བྱེད་པ་རྣམ་པ་བདུན་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་ཐོབ་ཅིང་། གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ནས་སེམས་མེད་པའི་སྙོམས་པར་འཇུག་པ་ནི། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་གོ །དང་པོ་ནི་སོ་སོ་སྐྱེ་བོ་ཁོ་ནའི་དང་། གཉིས་པ་འཕགས་པ་རྣམས་ཀྱིས་སོ། །བསམ་གཏན་པ་བསམ་གཏན་རྣམ་པར་དག་པ་ཐོབ་ནས་སེམས་དེ་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་དག་ནི་ཏིང་ངེ་འཛིན་གྱི་ཚོགས་སམ་ཕུང་པོ་ཞེས་བྱའོ། །གསུམ་པ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ། དངོས་དང་། སྲིད་པ་ཐ་མའི་ཚེ་རང་རྒྱལ་གྱི་ཉམས་ལེན་ལམ་གྱི་ཆ་རྐྱེན་བཤད་པའོ། །དང་པོ་ནི། ལུང་ལས་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་ནས་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་གསུངས་ཤིང་། འཕགས་པའི་བདེན་པ་བཞི་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་གསུངས་པས། ཤེས་རབ་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། །འདི་ནི་ཀུན་འབྱུང་། འདི་ནི་སྡུག་བསྔལ་འགོག་པ༑ འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། བདག་མེད་པའི་རྣམ་པས་བདེན་པ་སྡུག་བསྔལ་གྱི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །རྒྱུའི་རྣམ་པ་དང་། ཀུན་འབྱུང་གི་རྣམ་པ་དང་། རབ་ཏུ་སྐྱེ་བའི་རྣམ་པ་དང་༑ རྐྱེན་གྱི་རྣམ་པས་ཀུན་འབྱུང་དང་། འགོག་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། གྱ་ནོམ་པའི་རྣམ་པ་དང་། ངེས་པར་འབྱུང་བའི་རྣམ་པས་འགོག་པའི་དང་། ལམ་གྱི་རྣམ་པ་དང་༑ རིགས་པའི་རྣམ་པ་དང་། སྒྲུབ་པའི་རྣམ་པ་དང་། ངེས་པར་འབྱིན་པའི་རྣམ་པས་ལམ་ལའོ། །དེ་ཡང་མི་རྟག་པ་ནི་སྔོན་མ་བྱུང་བ་ལས་བྱུང་བ། བྱུང་ནས་ཀྱང་འཇིག་པར་འགྱུར་པ་ཡིན་ཏེ། གང་སྔོན་མ་བྱུང་བ་ལས་བྱུང་བ་ནི་བྱུང་ནས་ཀྱང་འཇིག་པར་འགྱུར་ལ། དེ་དག་ནི་སྐྱེ་བའི་ཆོས་ཅན་དང་། རྒ་བའི་ཆོས་ཅན་དང་། ན་བའི་ཆོས་ཅན་དང་། འཆི་བའི་ཆོས་ཅན་ཡིན་ནོ༑ །གང་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་ཆོས་ཅན་ཡིན་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ། །གང་སྡུག་བསྔལ་བ་ཡིན་པ་དེ་དག་ནི་བདག་མེད་པ་དང་། རང་དབང་མེད་པ་དང་བདག་པོ་དང་བྲལ་བ་ཡིན་ནོ། །ཞེས་འཇུག་པར་བྱེད་དེ། དེ་ལྟར་དེ་མི་རྟག་པ་དང་སྡུག་བསྔལ་དང་སྟོང་པ་དང་། བདག་མེད་པའི་རྣམ་པས་ནི་བདེན་པ་སྡུག་བསྔལ་ལ་ཞུགས་པ་ཡིན་ནོ། །གང་སྡུག་བསྔལ་མངོན་པར་གྲུབ་པ་དེ་ཐམས་ཅད་ནི་སྲེད་པའི་རྐྱེན་ལས་བྱུང་བ་ཡིན་པས་སྡུག་བསྔལ་སྐྱེད་པར་བྱེད་པའི་སྲེད་པ་གང་ཡིན་པ་འདི་མ་ལུས་པར་སྤངས་པ་དེ་ནི་ཞི་བ༑ དེ་ནི་གྱ་ནོམ་པ་ཏེ། བདག་གིས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེ་ལྟར་ལན་མང་དུ་གནས་པར་བྱས་ན་སྲེད་པ་མ་ལུས་པ་ཟད་པར་འགྱུར་རོ་སྙམ་དུ་སེམས་པས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་སྒོམ་པ་སྟེ། ཇོ་བོ་ཆེན་པོས། བདེན་པ་དག་ནི་རྣམ་བཞི་སྟེ། །སྡུག་བསྔལ་དེ་བཞིན་ཀུན་འབྱུང་དང་། །འགོག་པ་ལམ་སྟེ་དེ་ལྟ་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །སྡུག་བསྔལ་ཉེར་ལེན་ཕུང་པོའོ། །ཀུན་འབྱུང་ལས་དང་ཉོན་མོངས་ཏེ། །འགོག་པ་མྱ་ངན་འདས་པ་གཉིས། །ལམ་ནི་ཕྱོགས་མཐུན་སུམ་ཅུ་བདུན། །ཞེས་སོ། །དེ་ལྟར་ན་བདེན་པ་ཀུན་འབྱུང་བ་དང་། བདེན་པ་འགོག་པ་དང་། བདེན་པ་ལམ་ལ་ཞུགས་པ་ཡིན་ནོ། །དེ་གང་གི་ཚེ་དེ་ལ་ལན་མང་དུ་གནས་པར་བྱེད་ཅིང་བདེན་པ་རྣམས་མངོན་པར་རྟོགས་པར་བྱེད་པ་དེ་ནི་བདེན་པ་ལ་འཇུག་པས་ཡོངས་སུ་སྦྱོང་བ་ཞེས་བྱ་ལ། དེ་ལྟར་བདེན་པ་ཡོངས་སུ་སྦྱངས་པས་འདོད་པའི་ཁམས་ཀྱི་ཆོས་སྡུག་བསྔལ་བ་དེའི་དེ་ཁོ་ན་ཉིད་རྟོགས་པར་བྱ་བར་བཟོད་པས་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་བ་སྐྱེ་ཞིང་། ཆོས་བཟོད་པའི་རྗེས་ལ་འདོད་པ་ཁམས་ཀྱི་སྡུག་བསྔལ་གྱི་ཆོས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བས་ན་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱ། དེ་བཞིན་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཆོས་ཤེས་པ་ལ་བཟོད་པས་ན་སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་བཟོད་པ་ཞེས་བྱ། དེའི་རྗེས་སུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཕུང་པོ་ལ་ཡང་ཆོས་ཙམ་དུ་རྗེས་སུ་རྟོགས་པར་ཤེས་པར་བྱེད་པས་ན་སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་ཞེས་བྱ། ཆོས་ཤེས་པ་ནི་འདོད་པའི་ཁམས་ལ་དམིགས་པས་ས་ལ་ལྟ་བ་དང་འདྲ། རྗེས་སུ་རྟོགས་པའི་ཤེས་པ་ནི། གཟུགས་དང་གཟུགས་མེད་པའི་ཉོན་མོངས་པའི་གཉེན་པོ་སྟེ་གནམ་ལ་ཡར་ལྟ་བ་དང་འདྲ་བས་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་གཉིས་གཅིག་གི་ཡུལ་གཅིག་གིས་མི་མཐོང་སྟེ། དེ་བཞིན་བདེན་པ་གཞན་གསུམ་ལ་ཡང་སྦྱར་བས་བཟོད་ཤེས་སྐད་ཅིག་བཅུ་དྲུག་སྟེ། དེ་དག་ཀྱང་གོ་རིམ་བཞིན་སྐྱེ་བས། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །ཞེས་གསུངས། སྒོམ་འབྱུང་ལ་གནས་པའི་ཚེ་བཟོད་པ་རྣམས་གཉེན་པོར་གྱུར་པས། ཉོན་མོངས་པ་ཆོམ་རྐུན་དང་འདྲ་བ་སྒོར་ཕྱུང་ཞིང་སྤོང་བས་ན་བར་ཆད་མེད་པའི་ལམ། སྒོམ་བྱུང་ལ་གནས་པའི་ཚེ་ཆོས་ཤེས་པ་རྣམས་ཉོན་མོངས་པ་དང་བྲལ་བའི་ཤེས་པ་སྟེ། རྐུན་པོ་སླར་མི་འོང་བར་སྒོ་བཅད་པ་ལྟ་བུ་ཡིན་ཏེ་རྣམ་པར་གྲོལ་བའི་ལམ། དང་པོ་བཅོ་ལྔ་མཐོང་ལམ། ཕྱི་མ་སྒོམ་ལམ་ཡིན་ཏེ། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་གསུངས། མཐོང་སྒོམ་གྱི་ལམ་ཟག་པ་མེད་པ་ལ་བརྟེན་པ་ནི་དགེ་སྦྱོང་གི་ཚུལ་ཞེས་བྱ་ལ། དེ་ཡང་འབྲས་བུ་བཞི། འབྲས་བུའི་ངོ་བོ་ཉིད། ལམ་གྱི་བདེན་པ་ལ་རྣམ་གྲོལ་ལམ། དེས་ཐོབ་པའི་འགོག་པའི་བདེན་པ་ལ་སྤངས་པ་ཞེས་མིང་དུ་བཏགས་ནས༑ རིམ་པ་བཞིན་འདུས་བྱས་དང་འདུས་མ་བྱས་སུ་བཞག །དེ་ཡང་མཐོང་སྤང་སྤངས་པའི་རྣམ་གྲོལ་ལམ་བརྒྱད་དང་། སྒོམ་སྤང་ལས་གྲོལ་བའི་རྣམ་གྲོལ་ལམ་གྱ་གཅིག་སྟེ་བརྒྱད་ཅུ་རྩ་དགུ །དེ་དང་གྲངས་མཐུན་པའི་སྤངས་པ་བརྒྱད་ཅུ་རྩ་དགུ་སྟེ། དགེ་སྤྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །འབྲས་བུ་བཞིར་རྣམ་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། ཞེས་འབྱུང་བས་སོ། །དེ་ལྟར་མཐོང་སྒོམ་གྱི་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ན་དགྲ་བཅོམ་པ་ཟག་པ་ཟད་པར་འགྱུར་ཏེ། དེ་ལས་གོང་དུ་བྱ་བ་མེད་ཅིང་རབ་ཏུ་རྣམ་པར་དབྱེ་བ་ཡང་བྱས་ཟིན་པ་ཡིན་ནོ། །དེའི་ཕྱིར་ལུང་ལས་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་བྱས་ནས་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་ལ། རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་གསུངས་སོ། །གཉིས་པ་སྲིད་པ་མཐའ་མའི་ཚེ་རང་རྒྱལ་གྱི་ཉམས་ལེན་བཤད་པ་ནི། རང་སངས་རྒྱས་སུ་འགྱུར་བ་དེ། སྔོན་གྱི་སེམས་བསྐྱེད་པའི་མཐུ་དང་སོ་སོ་སྐྱེ་བོའི་རྟེན་ལ་ཉན་ཐོས་ཀྱི་སྡེ་སྣོད་ལ། དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་པས་བསྐལ་པ་བརྒྱར་ཚོགས་བསགས་ཏེ་སངས་རྒྱས་འབྱུང་བ་མེད་པའི་འཇིག་རྟེན་གྱི་ཁམས་སུ་མངོན་པར་རྟོགས་པ་ཐོབ་པའི་དུས་ན་སློབ་དཔོན་ལ་མི་ལྟོས་པར་བདག་ཉིད་ཀྱིས་ཆོས་ཉིད་རྟོགས་པར་ནུས་ཏེ། རང་བཞིན་གྱི་ཉན་ཐོས་ལས་དབང་པོ་རྣོ་བས་ཁྱད་པར་དུ་འཕགས་སོ། །དེ་ཡང་འཕགས་པ་བི་ཤ་ན་ལུང་བསྟན་པའི་མདོ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་མཐོང་བ་དང་། ཆོས་དབྱིངས་མཐའ་དང་དབུས་མེད་པ་རྟོགས་སོ་ཞེས་གསུངས་པ་དང་། ཡོ་ག་ཙརྻའི་འགྲེལ་པ་ལས། གཟུགས་ཀྱི་ཕུང་པོ་ལ་ཆོས་ལ་བདག་མེད་པ་རྟོགས་སོ། །ཞེས་དང་། རྒྱལ་བ་བྱམས་པས། གཟུང་དོན་རྟོག་བ་སྤོང་ཕྱིར་དང་། །ཞེས་གསུངས་བའི་ཕྱིར། རྟོགས་པའི་ལྟ་བ་ཡང་ཉན་ཐོས་ལས་ལྷག་གོ །དེ་ཡང་ཉན་ཐོས་པས་སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་འབྱུང་བས། སྤྱོར་ལམ་དྲོད་ནས་སེམས་རྟེན་བསམ་གཏན་བཞི་པའི་རབ་ཀྱི་མཐའ་ལ་བརྟེན་ནས་འཕགས་པའི་ལམ་རྣམས་ཅིག་ཆར་སྒྲུབ་པར་བཤད་དོ། །དེ་ཡང་གཙོ་བོར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཇུག་སྟེ༑ འཁོར་བའི་ཉེས་དམིགས་རྒ་ཤི་མཐོང་ནས་ཅི་ལས་བྱུང་ཞེས་བརྟགས་ན་དེའི་རྒྱུ་སྐྱེ་བ་ཡིན་པར་རིག་ལ། དེ་བཞིན་དུ་རྩད་བཅད་ན་གོང་ནས་གོང་དུ་མ་རིག་པ་ལ་ཐུག་གི་བར་དུ་རྒྱུ་དང་འབྲས་བུའི་ཚུལ་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་། ལུགས་དང་མི་མཐུན་པ་རྣམ་པར་བྱང་བའི་ཕྱོགས་ལ་བརྟགས་པས་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ཞིང་ཡིད་འབྱུང་སྟེ། རྣམ་པར་བྱང་བ་ལ་མངོན་དུ་ཕྱོགས་ནས་བདག་འབའ་ཞིག་བྱང་ཆུབ་པ་སྒྲུབ་པའོ། །གསུམ་པ་ལམ་གྱི་ཆ་རྐྱེན་བཤད་པ་ནི་གཉིས་ཏེ། དད་པ་དང་རྟག་སྦྱོར་གྱི་བརྩོན་འགྲུས་སོ། །དེ་ལྟར་གཉིས་དགོས་པའི་རྒྱུ་མཚན། གུས་པ་ནི་དད་པ་སྟེ། དད་པ་མེད་ན་ཆོས་ལ་མི་ཚུད་ཅིང་། ལམ་དང་འབྲས་བུ་ལ་ཐེ་ཚོམ་ཟ་བའི་སྐྱོན་རྟག་སྦྱོར་ནི་བརྩོན་འགྲུས་ཏེ༑ བརྩོན་འགྲུས་མེད་ན་དགེ་སྦྱོར་ཕྱི་བཤོལ་དུ་ལུས་པས་ཡོན་ཏན་རྒྱུད་ལ་མི་སྐྱེ་བའི་སྐྱོན། སྐྱོན་དེ་གཉིས་དང་བྲལ་བར་འདོད་པ་ལ་གཞི་དད་པ། གྲོགས་བརྩོན་འགྲུས་གཉིས་ལམ་གྱི་ཆ་རྐྱེན་དུ་མེད་ཐབས་མེད། དང་པོ་དད་པ་ལ་གསུམ། དང་བའི་དད་པ་དང་། འདོད་པའི་དད་པ་དང་། ཡིད་ཆེས་པའི་དད་པའོ། །དང་བའི་དད་པས་འབྲས་བུ་ལ་ཡིད་ཆེས། འདོད་པའི་དད་པ་ཡོད་པས་ལམ་ལ་འཇུག །ཡིད་ཆེས་པའི་དད་པ་ཡོད་པས་ལམ་དང་འབྲས་བུ་ལ་ཐེ་ཚོམ་མི་ཟ་བ་ཡིན། གྲོགས་བརྩོན་འགྲུས་ལ་གསུམ། གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས༑ ཆོག་མི་ཤེས་པའི་བརྩོན་འགྲུས་སོ། །དང་པོ་གོ་ཆའི་བརྩོན་འགྲུས་ཡོད་པས་བསྒོམ་པར་བློས་ཐག་ཆོད་པ་ཡིན། གཉིས་པ་སྦྱོར་བའི་བརྩོན་འགྲུས་ཡོད་པས་བསྒོམ་པ་ཕྱི་བཤོལ་དུ་མི་འཇོག་པར་ད་ལྟ་ཉིད་དུ་བསྒོམ་པ་ཡིན། གསུམ་པ་ཆོག་མི་ཤེས་པའི་བརྩོན་འགྲུས་ཡོད་པས་བསྒོམ་པ་འཕྲོ་མི་གཅོད་པར་དུས་རྒྱུན་ཆད་མེད་པར་བསྒོམ་པའོ། །དེ་ལྟར་བརྩོན་འགྲུས་རྣམ་པ་གསུམ་གྱི་ལམ་སྲངས་སུ་བཅུག་ནས་ཉམས་སུ་ལེན་པ་ཡིན་ལ། ཉམས་སུ་ལེན་པའི་དུས་བརྩོན་འགྲུས་རྣམ་པ་གསུམ་གྱི་མི་མཐུན་ཕྱོགས་ལེ་ལོའི་དྲི་མས་གོས་ཏེ༑ སྒོམ་ལས་གཡེངས་ནས་ལུས་ངག་ཡིད་ཐ་མལ་དུ་ཤོར་ན། དད་པས་གསོས་འདེབས་ཅིང་བརྩོན་འགྲུས་ཀྱི་ལྕག་བསྐུལ་དགོས། དེ་ཡང་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་བསྒོམ་པ་ཡིན། དེ་ཡང་དལ་འབྱོར་རྙེད་དཀའ་བསྒོམ་པའི་དུས་སུ། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདི་ལ་མ་བསྒོམ་ན། ཕྱི་མ་ཕན་ཆད་དུ་མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་ན་བསྒོམ་པའི་བློ་ཡང་མི་འབྱུང་ལ། བསྒོམ་པའི་ཐབས་ཀྱང་མེད་པས་ད་ལྟ་ཁོ་ན་བསྒོམ་པའི་དུས་ཡིན་པས་བསྒོམ་དགོས་འདུག་པ་སྙམ་གཅིག་བྱ། དེ་བྱུང་ན་ཕན་པ་ལ་སྦྱོར་བ་སྟེ་ལེ་ལོའི་དྲི་མ་དང་སྒྱིད་ལུག་གི་དྲི་མ་འདག །འཆི་བ་མི་རྟག་པ་བསྒོམ་པའི་དུས་སུ། འཆི་ངེས། ནམ་འཆི་ཆ་མེད། འཆི་བ་ལ་ཆོས་མིན་པ་གཞན་གྱིས་མི་སྟོངས། ཆོས་ལ་བསྒོམ་པ་ཁོ་ན་གལ་ཆེ་བར་འདུག་པས་ད་ལྟ་ཉིད་དུ་བསྒོམ་དགོས་སྙམ་པ་ཅིག་བྱ། དེ་བྱུང་ན་སྙོམས་ལས་སུ་མི་ལུས། དེ་ལྟར་དྲི་མ་གསུམ་པོ་དེ་དག་ཙ་ན། བསྒོམ་པ་བརྩོན་འགྲུས་དྲག་པོ་རྟ་བཟང་པོ་ལ་ལྕག་གིས་བྲབས་པ་ལྟ་བུ་ཞིག་འབྱུང་བ་ཡིན་ནོ། །གཉིས་པ་འདིར་བགྲོད་པ་ཉན་རང་གི་བྱང་ཆུབ་ནི། འབྲས་བུ་ཉན་རང་བྱང་ཆུབ་གཉིས། འཇིག་རྟེན་ན་དགྲ་བཅོམ་པ་ཞེས་དང་རང་སངས་རྒྱས་ཞེས་གྲགས་པ་འདིའོ༑ །དེས་སྐྱེས་བུ་འབྲིང་པོ་བསྡུས་པ་ཡིན་ཞེས་སོ།། །།གསུམ་པ་ལམ་འཁྲུལ་པ་སེལ་བ་ལ། འདིས་བགྲོད་པ་ཕར་ཕྱིན་རང་གང་གི་ཉམས་ལེན། འདིར་བགྲོད་པ་མི་གནས་པའི་མྱ་ངན་ལས་འདས་པ་གཉིས་ལས། དང་པོ་ལ། བདེན་གཉིས་ཀྱི་ལྟ་བ་གཏན་ལ་ཕབ། ཟུང་འཇུག་གི་སྒོམ་པ་ཉམས་སུ་བླང་། ཕར་ཕྱིན་དྲུག་གི་སྤྱོད་པ་ལ་འཇུག་པ་གསུམ་ལས། དང་པོ་ནི༑ བདེན་གཉིས་ལྟ་བ་ཞེས་གསུངས་པས། འཁོར་བའི་སྡུག་བསྔལ་དང་བྲལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པ་ལ་ཅི་དགོས་ན། འཁྲུལ་པ་འདག་དགོས། འཁྲུལ་པ་འཇིག་དགོས། འཁྲུལ་པ་དག་པའམ་ཞིག་པ་དེ་ཁ་ལ་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པ་ཅེས་ཐ་སྙད་དུ་བཏགས་པ་ལས་མྱ་ངན་ལས་འདས་པའི་བདེ་བ་ལོགས་ན་བསྒྲུབ་རྒྱུ་མེད། འཁྲུལ་པ་འདག་པར་བྱེད་པ་ལ་ཅི་དགོས་ན། འཁྲུལ་པའི་ཡིན་ལུགས་ཤེས་དགོས། གནས་ལུགས་གོ་དགོས། འོ་ན་གནས་ལུགས་ཅི། འཁྲུལ་ལུགས་ཅི་ལྟ་བུ་སྙམ་ན༑ གཞི་དངོས་པོ་གཤིས་གྱི་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་ནམ་མཁའི་དཀྱིལ་ལྟ་བུ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་པའོ། །དེ་ནི་དོན་དམ་པའི་བདེན་པའོ༑ །དེ་ལྟར་ཆོས་དབྱིངས་ནམ་མཁའ་དཀྱིལ་ལྟ་བུ་དེའི་ངང་ནས་རྒྱུ་མ་རིག་པས་བྱས། རྐྱེན་རླུང་ལྔས་བྱས་ནས་ངོ་བོ་རིག་པ་འཁྲུལ་པས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཏེ༑ འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྣ་ཚོགས་ཉམས་སུ་མྱོང་བ་ཡིན་ཏེ། དཔེར་ན་ནམ་མཁའ་དྭངས་པ་ལ་སྤྲིན་གློ་བུར་དུ་བྱུང་བའམ། ཆུ་དྭངས་པ་ལ་རྙོག་མ་གློ་བུར་དུ་བྱུང་བ་ལྟ་བུ། དེ་བས་ན་ཀུན་རྫོབ་ནི་ཡིན་ལུགས་མེད་པ་ལ་སྣང་བ་སྨིག་རྒྱུ་ལྟ་བུ། སྣང་བའི་དུས་ཉིད་ན་སྟོང་པ་ཆུ་ཟླ་ལྟ་བུ། གནས་ལུགས་ཇི་ལྟར་གནས་ན་སྣང་བ་དང་སྟོང་པ་ཉིད་གཉིས་སུ་མེད་པར་གནས་པ་དུང་དང་དུང་གི་དཀར་པོ་ལྟ་བུ། དེ་ཡང་། སྨིག་རྒྱུ་ལ་ཆུར་སྣང་བའི་དུས་ཉིད་ན་ཆུ་ཐིགས་པ་གཅིག་ཀྱང་ཡོད་མ་མྱོང་བ་བཞིན་འཁྲུལ་པ་གནས་ལུགས་ལ་མེད་པ་སྟེ། ལུང་དུ། ཅི་སྟེ་ངོ་བོ་ཉིད་དུ་ན། སྣང་བ་འདི་དག་མེད་པ་སྟེ། །ཡང་དག་དུ་ན་སྣང་མེད་པའི། །རྣམ་པར་ཤེས་པའི་འཁྲུལ་པར་སྣང་། །ཞེས་གསུངས་སོ། །ཆུ་ནང་གི་ཟླ་བ་སྣང་བའི་དུས་ན་ཡོད་ཀྱང་ཟླ་བའི་དངོས་པོར་མ་གྲུབ་པ་བཞིན། འཁྲུལ་སྣང་དུ་ཡོད་པའི་དུས་ནའང་དངོས་པོ་དང་མཚན་མར་མ་གྲུབ་པས་སྣང་བའི་དུས་ན་སྟོང་པ་ཡིན་ཏེ། བདེན་མིན་བརྫུན་མིན་ཆུ་ཟླ་བཞིན། །ཞེས་གསུངས། དུང་དང་དུང་གི་དཀར་པོ་འབྱེད་མི་ཤེས་པ་བཞིན། ཆོས་ཅན་སྣང་བ་དང་ཆོས་ཉིད་སྟོང་པ་ཉིད་འབྱེད་མི་ཤེས་པ་སྟེ་ལུང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན། ཞེས་གསུངས། དེ་ལྟར་སྣང་བ་འདི་སྟོང་པར་གོ་ན་སྣང་བ་དགག་པའི་བློ་དང་ཡང་འབྲལ། སྟོང་པ་ཉིད་སྣང་བར་གོ་བས་སྟོང་པ་བསྒོམ་པའི་བློ་དང་ཡང་འབྲལ། ལར་སྲིལ་གྱིས་དྲིལ་བས་འཁོར་འདས་གཉིས་སུ་མེད་པར་གོ་བས། རེ་དོགས་ཀྱི་བློ་དང་ཡང་བྲལ༑ གཞི་ལ་སྐྱོན་མེད་དུ་གོ་བས་བླང་དོར་གྱི་བློ་དང་བྲལ། དེ་ལྟར་གཉིས་མེད་ཀྱི་དོན་རྟོགས་ན་གཉིས་འཛིན་གྱི་བློ་ཐམས་ཅད་དང་བྲལ་ནས། བློ་བྲལ་གྱི་དོན་ལ་མ་ཡེངས་པར་བཞག་པ་ཁོ་ནས་ཆོག་པར་ཤེས་པ་ཡིན་ནོ། །དེས་ན་ལྟ་བ་ལ་ཡིན་པ་མེད་དེ་མཐའ་དང་བྲལ་བ་ཞེས་བྱ། དེ་ལྟར་ཟེར་བའི་རྒྱུ་མཚན་ཡང་། དཀར་དམར་གྱི་སྣང་བ་འདི་ཐམས་ཅད་ཀྱང་ཕྱི་རོལ་ན་ཡོད་མ་མྱོང་སྟེ་རང་སེམས་འཁྲུལ་པའི་སྣང་བ་ཡིན། འོ་ན་སེམས་རང་བདེན་པར་གྲུབ་བམ་སྙམ་ན་སེམས་ཀྱང་བདེན་པར་མ་གྲུབ་སྟེ་ཡོད་མ་མྱོང་། འོ་ན་མེད་པར་སོང་ངམ་སྙམ་ན། ཡོད་མ་མྱོང་བ་ལ་མེད་པར་འགྲོ་རྒྱུ་མེད་དེ། དཔེར་ན་མོ་གཤམ་ལ་བུ་སྐྱེ་མ་མྱོང་བས་མཐའ་མ་འཆི་རྒྱུ་མེད་པ་བཞིན་ནོ། །དེ་ཡང་ལུང་ལས། དངོས་པོ་རབ་ཏུ་མ་གྲུབ་ན། །དངོས་མེད་གང་ལས་ཡིན་པར་འགྱུར། །ཞེས་སོ། །དེས་མཐའ་དང་བྲལ་བ་སྟེ། ཡོད་པར་མ་གྲུབ་པས་རྟག་པའི་མཐའ་དང་བྲལ། དེ་མ་གྲུབ་ཙ་ན་དེ་ལ་ལྟོས་པའི་མེད་པ་ཡང་མ་གྲུབ། དེ་མ་གྲུབ་ན་ཆད་པའི་མཐའ་དང་ཡང་བྲལ་ལོ། །དེ་ལྟར་ལུང་ལས། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་སོ། །གཉིས་པ་ཟུང་འཇུག་གི་སྒོམ་པ་ཉམས་སུ་བླང་བ་ལ། ཟུང་འཇུག་བསྒྲུབ་པའི་ཕྱིར་ཐབས་སྔོན་དུ་བསྒོམས་ནས་ཤེས་རབ་ཕྱིས་ནས་བསྒོམ་པ། གོམས་པར་བྱ་བའི་ཕྱིར་ཤེས་རབ་བསྒོམས་ནས་ཐབས་ཕྱིས་ལ་སྒོམ་པ། གོམས་ནས་ཐབས་ཤེས་ཟུང་འཇུག་དུ་སྒོམ་པ་གསུམ་ལས། དང་པོ་ལ། ཐབས་སྒོམ་པ་དང་ཤེས་རབ་བསྒོམ་པ་གཉིས་ལས། དང་པོ་ལ་སེམས་ཅན་ཕ་མར་ངོ་སྤྲད་ནས་བྱམས་པ་སྒོམ་པ། འཁོར་བ་སྡུག་བསྔལ་དུ་ངོ་སྤྲད་ནས་སྙིང་རྗེ་སྒོམ་པ། རྒྱུ་འབྲས་རྟེན་འབྲེལ་དུ་ངོ་སྤྲད་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་ལས༑ དང་པོ་ནི། འོ་སྐོལ་ད་ལྟ་མངོན་པར་མཐོ་བ་མིའི་སྟེགས་ལ་འཛེགས། ངེས་པར་ལེགས་པའི་བྱང་ཆུབ་སྒྲུབ་པ་ཉན་རང་གི་ཐེག་པའི་སྒོར་ཞུགས་པ་ཙམ་གྱིས་གཞན་དོན་གྱི་འཕྲིན་ལས་མི་འགྲུབ་པས། ཐེག་པ་ཆེན་པོའི་སྒོར་ཞུགས་ནས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ཐབས་ལ་བརྟེན་དགོས། དེ་ལ་ཡང་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་གཅིག་ལས་ཐེག་པ་ཆེན་པོའི་ལུང་ལ་ཐོས་པར་བྱ། ཐོས་པ་མ་བྱས་ན་རྗོད་བྱེད་ཀྱི་ཚིག་བློ་ལ་མི་ཟིན། བརྗོད་བྱའི་དོན་མི་གོ་བས་དང་པོར་ཐོས་པ་བྱེད་དགོས། འོ་ན་དུས་རྟག་ཏུ་ཐོས་པ་བྱའམ་སྙམ་ན། དུས་རྟག་ཏུ་ཐོས་པ་མི་བྱ་བར་ཚིག་དང་དོན་བསམ་བྱུང་གི་ཤེས་རབ་ཀྱིས་བསམ། མ་བསམས་ན་ལེགས་པར་གཏན་ལ་མི་ཕེབས་པས་བསམ་དགོས་དེ་ཡང་དུས་རྟག་ཏུ་བསམས་པས་ཀྱང་མི་འོང་བསམ་པའི་དོན་དེ་ཉིད་བསྒོམ་དགོས། མ་བསྒོམས་ན་ཉམས་ཀྱི་དྲོད་རྟགས་འཆར་དུ་མི་བཏུབ། དེ་མ་ཤར་ན་དགེ་སྦྱོར་རྒྱུད་ལ་མ་སྐྱེས་པའི་རྟགས་ཡིན་ནོ། །དེ་ལ་ཡང་། སྤྱིར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཕ་མ་བྱས་པའམ། མ་མ་བྱས་པ་མེད་པས་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན། དེ་ལྟར་ཡིན་པ་ལ་ཡང་། རྒྱུ་མཚན་རྣམ་པ་བཞི་སྟེ། འཁོར་བ་ལ་ཐོག་མའི་མུ་གཟུང་དུ་མེད་ལ་དེར་རང་གི་རྣམ་པར་སྨིན་པའི་ལུས་རྙིང་པ་བོར་ཞིང་། གསར་པ་ལེན་པའི་འདོར་ལེན་རྒྱུན་མི་ཆད་པར་བྱས་ངེས་པར་འདུག་པས་ཀྱང་ཕ་མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མེད་པར་ངེས། ལས་ཀྱི་སྟོབས་ཀྱིས་ལུས་སྣ་ཚོགས་བླངས་ངེས་པར་འདུག་པས་ཀྱང་ཕ་མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མེད་པར་ངེས། གནས་ལ་ངེས་པ་མེད་པར་གནས་སྣ་ཚོགས་སུ་སྐྱེ་བ་བླངས་ངེས་པར་འདུག་པས་ཀྱང་ཕ་མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མེད་པར་ངེས་སྙམ་བསམ། བྱས་པ་དེ་ཡང་ལན་རེ་རེ་ཙམ་བྱས་པ་མ་ཡིན། དབང་ཆེན་གྱི་ས་ལ་རིལ་བུ་རྒྱ་ཤུག་གི་ཚིག་གུ་ཙམ་བྱས་ཏེ་བགྲངས་ན་ཡང་སེམས་ཅན་གཅིག་གིས་ཕ་མ་བྱས་པའི་བགྲང་གཞི་མི་འཛད་ལ་བགྲང་བྱེད་ས་ཆེན་པོ་འདི་ཟད་པར་འགྱུར་བས་ཏེ༑ མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པ། དེ་ཙམ་དུ་ཕན་བཏགས་གནོད་པ་ལས་བསྐྱབས་པའི་དྲིན་ཅན་རྐྱང་དུ་འདུག་པའི་སྐྱེ་བ་མང་པོས་བར་དུ་ཆོད་པས་ཕ་མས་ཀྱང་རང་བུར་ངོ་མ་ཤེས། རང་གིས་ཀྱང་ཕ་མར་ངོ་མ་ཤེས་པར་འཁྲུལ་ཏེ། སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས་པར་གཟུང་༑ ད་ནི་བླ་མས་སེམས་ཅན་ཐམས་ཅད་ཕ་མར་ངོ་སྤྲད་པས་འཁྲུལ་པ་སངས་སོ་སྙམ་པས་ཕ་མ་རུ་ངོ་འཕྲོད་པ་དང་། དགྲར་སྣང་དང་འདྲེར་སྣང་ལ་སོགས་ལ་གནོད་བྱེད་ཀྱི་སྣང་བ་རང་དག་ནས༑ སེམས་ཅན་ཐམས་ཅད་ལ་ཕ་མ་དྲིན་ཅན་ཤ་སྟག་གི་སྣང་བ་ཤར། དེ་ལྟར་ཤར་ཙ་ན་མ་རྒན་དྲིན་ཅན་འདི་རྣམས་སྙིང་དུ་སྡུག་པ་ཤས་མི་བཟོད། དེ་མ་བཟོད་པས་དེ་དག་བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པར་འདོད་པ་ཐུན་མོང་མ་ཡིན་པ་ཅིག་འབྱུང་བ་བུ་གཅིག་པུ་ལ་མ་བཞིན་ནོ། །དེ་ནི་བྱམས་པ་སྟེ་ཐམས་ཅད་ལ་མཚུངས་པར་དེ་ལྟ་བུའི་བློ་སྐྱེ་སྟེ། དེའི་ཚེ་བྱམས་པ་དེ་ལ་བྱམས་པ་ཆེན་པོ་ཞེས་བྱ་བ་དེ་ཡང་སེམས་ཅན་ལ་དམིགས་པའོ། །དེ་འབྱོངས་པའི་ཚད་ནི། བདག་གི་བདེ་བ་གཞན་ལ་སྟེར་བར་ནུས་པ་སྟེ། བདག་གི་བདེ་ལ་གཞན་སྦྱོར་ནུས༑ །བྱམས་པ་ཚད་དུ་ཕྱིན་པ་ལགས། །ཞེས་གསུངས་སོ། །གཉིས་པ་ནི། འོ་ན་དེ་ལྟར་བྱམས་པ་བསྒོམས་པ་རྒྱུད་ལ་སྐྱེས་པ་དེ་ཙམ་གྱིས་ཆོག་གམ་ཞེ་ན་མི་ཆོག་སྟེ། སྙིང་རྗེ་བསྒོམ་དགོས༑ སྙིང་རྗེ་བསྒོམ་པ་ལ་འཁོར་བ་འདི་སྡུག་བསྔལ་དུ་ངོ་འཕྲོད་པ་ཅིག་དགོས། དེ་ཡང་སྦྱིར་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན། དུཿཁའི་རྦ་ཀློང་ངམ། མེ་ཚོགས་སྤུངས་པ་ལྟ་བུ་བདེ་བའི་གནས་སྐབས་གཅིག་ཀྱང་མེད་པ། དེ་ལྟར་མ་ཤེས་པར་བདེ་བར་འཛིན་པ་ཕྱིན་ཅི་ལོག་འཁྲུལ་པའི་བློ་ཡིན། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པའང་རྒྱུ་མཚན་རྣམ་པ་གསུམ་ཀྱིས་ཤེས་ཏེ། ངན་སོང་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་ནི་མེ་དོང་དུ་ལྷུང་བ་དང་འདྲ་སྟེ། སྡུག་བསྔལ་འབའ་ཞིག་ལས་བདེ་བའི་སྐབས་མེད་པ་ཡིན། མཐོ་རིས་ན་གནས་པའི་སེམས་ཅན་ཐམས་ཅད་ལ་ཡང་། དགྲས་ཉེན་འདྲེས་ཉེན་ནད་ཀྱིས་ཉེན་པ་ལ་སོགས་པའི་སྡུག་བསྔལ་བྱུང་བའི་དུས་ནི་སྡུག་བསྔལ་བ་ཨ་ཅང་། གཞན་བདེ་ཞིང་སྐྱིད་པའི་དུས་ནའང་དེ་མི་རྟག་པ་འགྱུར་ནས་འགྲོ་བས་བདེ་སྐྱིད་དེ་ཉིད་སྡུག་བསྔལ་བའི་རྒྱུ་ཡིན་ཏེ། འབྲས་བུ་སྡུག་བསྔལ་ཆེན་པོ་འབྱིན་ངེས་པས་སོ། །དཔེར་ན་བུ་གཅིག་བུ་ཤི་བའི་མ་ལྟ་བུ་བཏང་སྙོམས་ཀྱི་དུས་སུ་ཉེ་བར་ལེན་པའི་ཕུང་པོ་ཉིད་སྡུག་བསྔལ་བས་ནམ་ཡང་སྡུག་བསྔལ་འབའ་ཞིག་བདེ་བའི་གོ་སྐབས་མེད་པར་ཤེས་ན་ཁམས་གསུམ་གྱི་སེམས་ཅན་འདི་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན་པ་ལ། དྲིན་ཅན་འདི་རྣམས་འཁོར་བ་ན་སྡུག་བསྔལ་བར་འདུག་པ་འདི་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་ཅི་མ་རུང་སྙམ་པ་སྐྱེ་སྟེ། དེ་སེམས་ཅན་ཐམས་ཅད་ལ་མཚུངས་པར་སྐྱེས་པ་ནས་སྙིང་རྗེ་ཆེན་པོ་ཞེས་བྱའོ། །དེ་འབྱོངས་པའི་ཚད་ནི། གཞན་གྱི་སྡུག་བསྔལ་བདག་གིས་ལེན་ནུས་པ་སྟེ། གཞན་གྱི་སྡུག་བསྔལ་བདག་ལེན་ནུས། །སྙིང་རྗེ་ཚད་དུ་ཕྱིན་པ་ལགས། །ཞེས་སོ། །གསུམ་པ་ལ། བདག་དང་གཞན་མཉམ་པར་བསྒོམ་པ། བདག་པས་གཞན་གཅེས་བསྒོམ་པ། བདག་གཞན་མ་གྲུབ་པར་བསྒོམ་པའོ། །དང་པོ་ནི། དེ་ལྟར་སྙིང་རྗེ་བསྒོམས་པས་ཆོག་གམ་ཞེ་ན་མི་ཆོག་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་དགོས། ཇི་ལྟར་ཞེ་ན་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་གང་ཟག་གཅིག་གིས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་ལ་རྒྱུ་འབྲས་རྟེན་ཅིང་འབྲེལ་པར་འབྱུང་བའི་གནས་ལུགས་དེ་ངོ་ཤེས་དགོས་པ་ཡིན། དེ་མ་ཤེས་ན་འཁྲུལ་ཏེ་འཁོར་བར་འཁྱམས་ནས་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་བྱེད་དོ། །དེ་ལྟར་ཤེས་པར་བྱེད་པ་ཡང་། སྤྱིར་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་དཔེར་ན་རྒྱུ་ས་བོན་གྲུང་པོ་སྔོན་དུ་མ་སོང་བར་འབྲས་བུ་མྱུ་གུ་སྔོན་པོ་འབྱུང་བ་ཤེས་བྱ་ལ་མི་སྲིད་པ་བཞིན་དུ། རྒྱུ་ས་བོན་གྲུང་པོ་ལྟ་བུ་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པར་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པ་ཤེས་བྱ་ལ་མི་སྲིད་པ་ཡིན་པས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་རྒྱུའི་གཙོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་པ་ཡིན། དེ་ལྟར་ཡང་སྤྱོད་འཇུག་ལས། འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱི། །བདེ་མཆོག་བདེ་བླག་ཉིད་དུ་འཐོབ་པར་བྱེད། །ཅེས་སོ། དེ་ལྟར་སངས་རྒྱས་ཐོབ་པར་བྱེད་པ་ལ་རྒྱུ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བར་འདུག་ན། བྱང་ཆུབ་ཀྱི་སེམས་དེ་རྒྱུ་གང་ལ་བརྟེན་ནས་འབྱུང་ན་སྙིང་རྗེ་བསྒོམས་པ་ལས། སྙིང་རྗེ་འབྱོངས་ན་བྱང་ཆུབ་ཀྱི་སེམས་མི་སྐྱེ་མི་སྲིད་པ་ཡིན་ཏེ། སྡུག་བསྔལ་དང་བྲལ་བ་ལ་སྡུག་བསྔལ་ཅན་སྡུག་བསྔལ་ལས་འདོན་པར་འདོད་པ་དང་འདུན་པ་ཐུན་མོང་མ་ཡིན་པ་ཞིག་སྐྱེ། དེས་སེམས་བསྐྱེད་པའི་ཆོ་གས་སྨོན་པ་དང་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པ་དེ། དེའི་རྩ་བ་སྙིང་རྗེར་འདོད། །ཅེས་གསུངས་སོ། །སྙིང་རྗེ་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་སྐྱེ་བ་ལ་སྔོན་དུ་བྱམས་པ་བསྒོམ་ཞིང་བྱམས་པ་ལ་བློ་སྦྱང་དགོས་པ་ཡིན་ཏེ། བདེ་བ་དང་ལྡན་འདོད་ཐུན་མོང་མ་ཡིན་པ་ཞིག་སྐྱེས་ན། བདེ་བ་དང་ལྡན་པ་ལ་སྡུག་བསྔལ་དང་བྲལ་བ་ཞིག་དགོས་པར་ཤེས་ནས་དེའི་བློ་འབྱུང་བ་ཡིན་ནོ། །སྙིང་རྗེའི་ཆུ་བ་བྱམས་པ་སྟེ། །ཞེས་གསུངས་སོ། །དེས་ན་བྱམས་པ་ལས་སྙིང་རྗེ། སྙིང་རྗེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས་རྗེས་སུ་འགྲོ་བ་ངེས་པ་དང་། བྱམས་པ་མེད་ན་སྙིང་རྗེ་མེད། སྙིང་རྗེ་མེད་ན་བྱང་ཆུབ་ཏུ་སེམས་མི་བསྐྱེད། སེམས་བསྐྱེད་ཀྱིས་མ་ཟིན་ན་དགེ་བ་ཅི་སྤྱད་ཀྱང་མི་གནས་པའི་མྱང་འདས་ཐོབ་མི་སྲིད་པ་ཡིན་པས་ལྡོག་པ་ངེས་སོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་གཅིག་ཏུ་བརྩོན་པ་དེས་སེམས་དེ་མཐར་ཕྱིན་པར་བྱ་བའི་ཕྱིར་ལམ་གྱི་གནས་སྐབས་སུ་བྱམས་པ་དང་སྙིང་རྗེས་བྱང་ཆུབ་ཀྱི་སེམས་གསུམ་བསྒོམ། སྤྱོད་པ་ཅི་བྱེད་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བླངས་ནས་རང་ལ་མ་འཁྲིས་པར་སེམས་ཅན་གཞན་དོན་དུ་དམིགས་ཤིང་ཉམས་སུ་བླངས༑ དེ་ལས་བྱུང་བའི་དགེ་བ་དེ་ཡང་རང་ལ་མ་འཁྲིས་པར་གཞན་དོན་དུ་བསྔོའོ། །དེ་ནི་ཐབས་སོ། །དེ་འཁོར་གསུམ་དུ་མི་རྟོག་པར་སྦྱོང་བ་ནི་ཤེས་རབ་བོ༑ །དེ་ལྟར་ལུང་ལས། ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་སྦྱང་བ་ཤེས་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཐོག་མར། སྤྱིར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐོབ་པར་འདོད་ཅིང་སྡུག་བསྔལ་དང་བྲལ་བར་མི་འདོད་པ་གཅིག་ཀྱང་མེད་དེ། དེ་ལྟར་ཡང་མདོ་ལས། འགྲོ་བ་འདི་དག་བདེ་བ་མངོན་པར་འདོད། །ཅེས་སོ། །དེས་ན་བདག་བདེ་བ་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐོབ་པར་འདོད་པ་ཡིན་པ་ལ། དེ་སྔ་ཕན་ཆད་དུ་བདག་གི་བདེ་བ་བསྒྲུབ་ཅིང་གཞན་གྱི་མི་བསྒྲུབ་པ་དེ་ཇི་ལྟར་ཡིན་སྙམ་དུ་བསམ་པ་ཡིན་ཏེ། དེ་ལྟར་ཡང་སྤྱོད་འཇུག་ལས། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་པར་མཚུངས་པ་ལས། །བདག་གཞན་ཁྱད་པར་ཅི་ཡོད་ན༑ །གང་ཕྱིར་བདག་གི་བདེ་ལ་བརྩོན། །ཞེས་སོ། །དེ་བཞིན་སྡུག་བསྔལ་བསལ་བར་འདོད་པ་ཡང་མཚུངས་པས་དེ་ཉིད་ལས། གང་ཚེ་བདག་དང་གཞན་གཉིས་ཀ། སྡུག་བསྔལ་མི་འདོད་མཚུངས་པ་ལས། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་བསྲུང་བྱེད། །ཅེས་སོ། །ད་ཕྱིན་ཆད་བདག་གི་བདེ་བ་བསྒྲུབ་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་བསྒྲུབ་དགོས་སྙམ་དུ་བསམ། བདག་གི་སྡུག་བསྔལ་སེལ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་བདག་གིས་བསལ་དགོས་སྙམ་དུ་བསམ་མོ། །གཉིས་པ་ནི། དེ་ལྟར་བསྒོམས་པས་རང་གི་རྟོག་པ་ལ་གཞན་ལ་སྡུག་བསྔལ་དང་བདེ་བཅི་བྱུང་ཀྱང་རང་ལ་ཕན་པ་དང་གནོད་པ་གང་ཡང་མི་འདུག་ལ། རང་ལ་བདེ་བ་དང་སྡུག་བསྔལ་བག་ཙམ་བྱུང་བས་ཀྱང་ཕན་གནོད་དངོས་སུ་འབྱུང་གི་འདུག་པས་སྔོན་ལ་རང་གི་བདེ་བ་ཅིག་བསྒྲུབ། དུཿཁ་ཅིག་སེལ་སྙམ་པའི་རྟོག་པ་བྱུང་ན། དེ་སྤོང་བའི་གཉེན་པོར་བདག་པས་གཞན་གཅེས་བསྒོམ་པ་ཡིན་ཏེ། དེ་སྔ་ཕན་ཆད་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པས་བསྒྲིབས་ཏེ། བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐབས་མ་ཤེས་པ་ཡིན་ཏེ། སྤྱོད་འཇུག་ལས། བདེ་བ་འདོད་ཕྱིར་གཏི་མུག་པས༑ །རང་གི་བདེ་བ་དགྲ་ལྟར་བཅོམ། །ཞེས་པའོ། །དེས་ན་བདེ་བ་ཐོབ་པར་འདོད་པས་བདེ་བའི་རྒྱུ་བསྒྲུབ་དགོས་ལ། སྡུག་བསྔལ་དང་བྲལ་བར་འདོད་པས་སྡུག་བསྔལ་གྱི་རྒྱུ་སྤང་དགོས་སྙམ་དུ་བསམ། སྡུག་བསྔལ་གྱི་རྒྱུ་གང་ཡིན་ན་རང་དོན་བྱེད་པ་འདི་ཁོ་ན་ཡིན་ཏེ། འཁོར་བ་ཐོག་མ་མེད་ཅིང་སྟོངས་པའི་མཐའ་མེད་པར་འཁྱམས་ཏེ༑ འཁོར་བའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་འདི་ཐམས་ཅད་རང་དོན་བྱས་པ་ལས་བྱུང་བ་ཡིན་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་གཞན་གྱི་དོན་བྱས་པ་ལས་བྱུང་བ་ཡིན། དེ་ལྟར་སྤྱོད་འཇུག་ལས། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པས་གཞན་གྱི་དོན་བྱས་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་སོ། །དེར་མ་ཟད་ཚེ་འདིའི་བདེ་བ་ཐམས་ཅད་ཀྱང་གཞན་དོན་བྱས་པ་ལས་བྱུང་ལ། སྡུག་བསྔལ་ཐམས་ཅད་རང་དོན་བྱས་པ་ལས་བྱུང་བ་ཡིན་ཞིང་། དེ་ལྟར་ཡང་དེ་ཉིད་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་པས་སོ། །དེས་ན་སྡུག་བསྔལ་གྱི་རྩ་བ་འཁོར་བ་ཐོག་མ་མེད་པ་ནས་སྡུག་ཏུ་འཇུག་པ། བདག་གཅེས་པར་འཛིན་ཅིང་རང་དོན་བྱེད་པ་འདི་ཁོ་ནར་འདུག་སྙམ་དུ་བསམ། བདེ་བ་ལ་འཇུག་པ་དང་སྡུག་བསྔལ་སེལ་བའི་སྨན་གཞན་དོན་བྱེད་པ་འདི་ཁོ་ན་ཡིན་པས་སེམས་ཅན་གྱི་དོན་ཁོ་ན་བྱ་སྙམ་དུ་བསམ། དེ་ཡང་བདག་གིས་དུས་འདི་ནས་གཟུང་ནས་བླ་ན་མེད་པའི་སངས་རྒྱས་མ་ཐོབ་བར་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་བྱེད་ཐམས་ཅད་སེམས་ཅན་གཞན་གྱི་དོན་བྱ་སྙམ་དུ་བསམ། གཞན་དོན་བྱས་པའི་བསོད་ནམས་དེ་ཡང་སེམས་ཅན་གཞན་གྱི་དོན་དུ་བསྔོ་སྙམ་དུ་བསམ། དེ་ལྟར་བསམ་ཞིང་བྱ་བ་ཅི་བྱེད་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་བྱའོ། །གསུམ་པ་ནི། དེ་ལྟར་བསམས་པས་རང་གི་རྟོག་པ་ལ་སེམས་ཅན་གཞན་གྱི་དོན་བྱེད་པ་ཡང་གལ་ཆེ་བར་འདུག་སྟེ་རང་གི་དོན་གཅིག་ཀྱང་མ་བྱས་ན་རང་ལ་སྡུག་བསྔལ་བྱུང་ན་ངས་མི་བཟོད་སྙམ་ན། དེ་ཐམས་ཅད་མ་བསམས་པའི་སྐྱོན་ཡིན། བསམས་ན་བདག་གི་དོན་བྱེད་པ་ལ་དོན་བྱ་བའི་ཡུལ་བདག་བདེན་པར་གྲུབ་དགོས་པ་ལ༑ བདག་རང་བདེན་པར་གྲུབ་པ་མེད་དོ། །འོ་ན་བདག་མ་གྲུབ་པ་ཅིས་ཤེས་ན་རིགས་པས་བརྟགས་ཤིང་དཔྱད་པས་ཤེས་ཏེ། བདག་ཏུ་འཛིན་པ་དེ་བདག་ཏུ་གཟུང་བའི་ཡུལ་ཕུང་པོ་ལྔ་ལ་འཛིན་ནམ། བདག་ཏུ་འཛིན་པའི་ཤེས་པ་ལ་བདག་དུ་འཛིན་ནམ། ཡང་ན་དེ་གཉིས་ལས་གཞན་དུ་གྱུར་པ་ཞིག་ལ་བདག་ཏུ་འཛིན། དང་པོ་ལ་འཛིན་ན་དེ་ལ་ཡང་བདག་མེད་དེ། ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་ནོ། །གཉིས་པ་ལ་བདག་ཏུ་འཛིན་ན་དེ་ལ་ཡང་བདག་མེད་དེ་ཤེས་པ་སྐད་ཅིག་མ་མི་རྟག་པ་ཡིན་ཏེ། དེ་ཡང་སྔ་མ་འགགས་ཏེ་མི་དམིགས༑ མ་འོངས་བ་མ་སྐྱེས་ཏེ་མི་དམིགས། ད་ལྟར་གྱི་ཤེས་པ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། ནམ་མཁའ་ལྟ་བུ་ཡིན་པས་ན་ཡང་བདག་ཏུ་འཛིན་པ་མེད་དོ། །གསུམ་པ་ལ་བདག་ཏུ་འཛིན་ན། དེ་གཉིས་ལས་དོན་གཞན་དུ་གྱུར་པའི་བདག་ཀྱང་ཤེས་བྱ་ལ་མི་སྲིད་དེ། དཔེར་ན་མོ་གཤམ་གྱི་བུ་ལ་བདག་ཏུ་གཟུང་བའི་ཡུལ་ཡང་མེད་ལ་བདག་ཏུ་འཛིན་པའི་ཤེས་པ་ཡང་མེད་པ་བཞིན་ནོ། །ཡང་ན་བདག་ཏུ་འཛིན་པ་དེ་ལུས་ལ་བདག་ཏུ་འཛིན་ནམ་སེམས་ལ་བདག་ཏུ་འཛིན། ལུས་ལ་འཛིན་ན་ལུས་ཆ་ཤས་སུ་ཕྱེ་ལ་གང་ལ་བདག་ཏུ་འཛིན་པ་བསམ༑ དེ་ལྟར་བསམས་པས་ལུས་ལ་ཡང་བདག་མེད། སེམས་ལ་བདག་ཏུ་འཛིན་ན་སེམས་ལ་དངོས་པོ་དང་མཚན་མ་གང་ཡང་གྲུབ་པ་མེད་པས་བདག་མེད་པས་བདག་མེད་དོ། །དེ་ལྟར་བསམས་པས་བདག་ཏུ་གྲུབ་པ་མི་འདུག་པས་ད་གཞན་དོན་ཁོ་ན་བྱའོ་སྙམ་ན་གཞན་མ་གྲུབ་པར་བསྒོམ་སྟེ། བདག་མ་གྲུབ་པར་རྟོགས་ཙ་ན་དེ་ལ་བལྟོས་པའི་ཕྱིར། གཞན་ཡང་རྣམ་པ་ཐམས་ཅད་དུ་གྲུབ་པ་མི་སྲིད་དེ། དཔེར་ན་རྨི་ལམ་གྱི་གནས་སྐབས་སུ་བདག་གཞན་གཉིས་སུ་སྣང་ཡང་། གཉིད་སད་པའི་དུས་སུ་རྨི་ལམ་གྱི་བདག་ཏུ་སྣང་བ་དང་། གཞན་དུ་སྣང་བ་གཉིས་ཀ་གྲུབ་པ་མེད་དོ། །དེ་ཙ་ན་སྣང་བ་དེ་གཉིད་ཀྱི་སྟོབས་ཀྱིས་རང་གི་སེམས་འཁྲུལ་ནས་བདག་གཞན་དུ་སྣང་བ་ཡིན་ནོ། །དེ་ལྟར་བདག་གཞན་གཉི་ཀ་མ་གྲུབ་པར་རྟོགས་ཏེ་ཡོད་མ་མྱོང་བར་ཤེས་ཙ་ན་དེ་ལ་བལྟོས་པའི་མེད་པ་ཡང་མི་སྲིད་པས་ཡོད་པ་དང་མེད་པའི་བློ་ཐམས་ཅད་དང་བྲལ་བས་བྱར་མེད་འཛིན་མེད་དུ་གཞག་གོ །དེ་འབྱོངས་པའི་ཚད་ནི། གཞན་གྱིས་བདག་ལ་གནོད་པ་སྐྱེལ་ན་ཡང་༑ བློ་མི་རྨས་པའི་ཁར་དེ་ལ་ཕན་པར་འདོད་པ་ཐུན་མོང་མ་ཡིན་པ་སྐྱེ་བ་སྟེ། གནོད་བྱེད་ཀྱིས་བློ་མི་རྨས་ན། །བྱང་སེམས་ཚད་དུ་ཕྱིན་པ་ལགས། །ཞེས་གསུངས། དེ་ལྟར་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་ལེགས་པར་རྒྱུད་ལ་སྐྱེས་ན་རང་འདོད་ཀྱི་བློ་དང་བྲལ། བྱེད་རྒྱུ་གཞན་དོན་ལས་མེད་པ་གཅིག་འབྱུང་། བློ་འགྱུར་ཟེར་ཡང་རང་འདོད་མ་བྲལ་བར་འདུག་ན་མ་འབྱོངས་པ་ཡིན་པས་ད་དུང་བྱམས་སྙིང་རྗེས་བྱང་ཆུབ་ཀྱི་སེམས་གསུམ་ཡང་ཡང་དུ་བསྒོམ་པར་བྱའོ། །གཉིས་པ་ཤེས་རབ་བསྒོམ་པ་ནི། བྱ་བ་ཐམས་ཅད་ནི་གཞན་དོན་དུ་སོང་། རང་འདོད་ཀྱི་འཁྲིས་ཡེ་མེད་ན་དེས་ཆོག་གམ་བསམ་ན། དེ་ཙམ་གྱིས་མི་ཆོག །འཁོར་བ་ལས་བརྒལ་ནས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ། ཐབས་དེ་འཁོར་གསུམ་ཡོངས་དག་གིས་སྦྱང་དགོས། དེ་སྦྱང་བ་ལ་ཤེས་རབ་ལ་རག་ལས་པས་དེའི་ཕྱིར་ཤེས་རབ་བསྒོམ་སྟེ། ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །དེ་བཞིན་ཉིད་ལ་གནས་ནས་སུ། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལ་གནས་པར་བྱ །སྣང་མེད་གནས་པའི་རྣལ་འབྱོར་པ༑ །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དང་། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཞེས་གསུངས་པས། རེ་ཞིག་རྣལ་འབྱོར་པས་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་མེད་ཀྱི། རྣམ་པར་ཤེས་པ་ཉིད་དེ་ལྟར་སྣང་དུ་ཟད་ཏེ། འཇིག་རྟེན་ན་གྲགས་པ་དང་བསྟན་བཅོས་ལས་འབྱུང་བའི་བདག་ཏུ་བརྗོད་པ་སྣ་ཚོགས་དང་ཆོས་སྣ་ཚོགས་ཉེ་བར་འདོགས་པ་འབྱུང་བ་ནི་རྣམ་པར་ཤེས་པ་གྱུར་པ་སྟེ། དེ་དག་དངོས་སུ་ཡོད་པ་ལ་འདོགས་པ་མིན་གྱི། ཐོག་མ་མེད་པའི་དུས་ནས་བདག་ལ་སོགས་པ་དང་། གཟུགས་ལ་སོགས་པ་ཆོས་སུ་རྣམ་པར་རྟོག་པའི་བག་ཆགས་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡོད་པ་བརྟས་ནས། ཀུན་གཞི་རྣམ་པར་ཤེས་པ་དེ་ལས་བདག་དང་ཆོས་སུ་སྣང་ངོ་སྙམ་དུ་རྣམ་པར་རྟོག་པ་འབྱུང་བས་ཡུལ་མེད་དོ། །ཇི་ལྟར་ཞེ་ན། དངོས་པོ་གོང་བུར་སྣང་བ་ནི་རྡུལ་ཕྲ་མོ་འདུས་པ་ཡིན་ལ། གོང་བུར་རྩོམ་པའི་རྡུལ་ཕྲ་མོ་ནི་ཕྱོགས་དྲུག་གི་ཆ་ཡོད་པས་རྡུལ་ཕྲ་མོར་མི་འགྲུབ་པའི་ཕྱིར་ཡུལ་མེད་པར་མངོན་ཏེ། དཔེར་ན་རབ་རིབ་ཅན་གྱི་ནམ་མཁའ་ལ་སྐྲ་ཤད་འཛིངས་པ་ལ་སོགས་པ་མཐོང་བ་བཞིན་ནོ། །ས་བཅུ་པའི་མདོ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་འབྱུང་། སྟུག་པོ་བཀོད་པ་ལས་ཀྱང་༑ སེམས་ནི་རྣམ་པ་གཉིས་དངོས་སུ། །གཟུང་དང་འཛིན་པར་སྣང་བ་སྟེ། །བུམ་པ་སྣམ་བུ་ལ་སོགས་པའི། །ཡུལ་ནི་གང་ཡང་ཡོད་མ་ཡིན། །ཞེས་གསུངས། ལངྐར་གཤེགས་པ་ལས༑ ཕྱི་ཡི་དངོས་པོ་མེད་པར་ཡང་། སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་པས། ཕྱི་ནང་གི་ཆོས་ཐམས་ཅད་ནི་གཞན་མ་ཡིན་གྱི་རྣམ་པར་རིག་པ་ཙམ་ཞེས་ཐག་བཅད་དེ། ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། ལུས་དྲང་པོར་བཞག་ལ་སྙིང་རྗེ་ཆེན་པོ་སྔོན་དུ་བྱ་སྟེ། སེམས་ཅནམ་ལུས་པ་མངོན་པར་འདོན་པར་འདོད་པའི་བསམ་པས་སྔར་བཤད་པ་བཞིན་གྱི་ཞི་གནས་ལྷག་མཐོང་དང་ཟུང་དུ་འབྲེལ་བའི་རིམ་པས་སེམས་ཀྱི་རྒྱུན་གྱིས་སྐད་ཅིག་མ་དེ་ཉིད་དུ་གཏད་པར་བྱའོ། །གལ་ཏེ་ཆགས་ན་མི་སྡུག་པ་དང་༑ སྡང་ན་བྱམས་པ་དང་། གཏི་མུག་ན་སོ་སོར་རྟོག་པའི་ཤེས་རབ་བམ་རྟེན་འབྲེལ་ལ་དམིགས་པར་བྱའོ། །ཡང་ལེ་ལོ་དང་། དམིགས་པ་བརྗེད་པ་དང་། ཞུམ་པ་དང་། རྒོད་པ་དང་༑ མི་རྩོལ་བ་དང་། རྩོལ་བ་དྲུག་གི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་གསུངས་ཏེ། དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དང་། སེམས་པའོ། །དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་ཡིན་ཏེ། དེ་ཡང་ཏིང་ངེ་འཛིན་ཡོན་ཏན་རྣམས་ལ་ཡིད་ཆེས་པའི་མཚན་ཉིད་ཅན་གྱི་དད་པས་རྣལ་འབྱོར་པ་རྣམས་དེ་ལ་མངོན་པར་འདོད་པའི་སེམས་སྐྱེ་བར་འགྱུར་ལ། མངོན་པར་འདོད་པ་དེ་ལས་རྩོལ་བ་རྩོམ་པར་འགྱུར་རོ། །དེ་ལས་ཀྱང་ལུས་དང་སེམས་ལས་སུ་རུང་བ་ཉིད་ཐོབ་པར་འགྱུར་རོ། །ཤིན་ཏུ་སྦྱངས་པ་དེ་ལས་ལུས་དང་སེམས་ལེ་ལོ་ལས་ལྡོག་པར་འགྱུར་རོ། །དེ་བས་ན་དད་པ་ལ་སོགས་པ་ནི་ལེ་ལོ་སྤང་བའི་ཕྱིར་བསྒོམ་པར་བྱའོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་ཞུམ་པ་དང་རྒོད་པའི་གཉེན་པོ་ཡིན་ཏེ། དེས་ཞུམ་པ་དང་རྒོད་པ་དག་ཉེ་བར་ཤེས་པ་ཡིན་པའི་ཕྱིར་རོ། །ཞུམ་པ་དང་རྒོད་པ་མ་ཞི་བའི་དུས་སུ་ནི་མི་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་ནི་སེམས་པ་བསྒོམ་པར་བྱའོ། །ཞུམ་པ་དང་རྒོད་པ་དེ་དག་ཉེ་བར་ཞི་བར་གྱུར་ནས་གང་གི་ཚེ་སེམས་རང་གི་རྒྱུན་གྱི་འཇུག་པ་དེའི་ཚེ་ན་རྩོལ་བ་ཉེས་པ་ཡིན་པས་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དང་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་གང་གིས་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྫོགས་པར་བྱེད་པ་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ། །རྣམ་པར་རིག་པ་དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། རྒྱུན་ནི་རྟག་པ་ཡིན་པས་དོན་དམ་པར་ཡང་ཡོད་དོ། །གནས་གྱུར་པའི་དུས་ན་ཡང་གཟུང་བ་དང་འཛིན་པ་ལས་དབེན་པ་གཉིས་སུ་མེད་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ཡོད་དོ་ཞེས་དཔྱད་ནས་གཟུང་བ་མེད་པས་འཛིན་པའང་མེད་ལ་གཟུང་འཛིན་གཉིས་གྱིས་བཏང་བ་རང་གིས་རང་རིག་པ་འདི་དེ་ཁོ་ན་ཉིད་དོ་སྙམ་སྒོམ་པར་བྱེད་དོ། །དེ་ལྟར་གཉིས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་མེད་ཙ་ན་སོ་སོར་རྟོག་པའི་ཤེས་རབ་བམ་རང་རིག་པ་ཞེས་བྱ་བ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་དྲུད་པས་མེ་འབྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཉིད་འཚིག་ཅིང་མེད་པའི་རྗེས་ལ་གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ། རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་མེད་པར་གྲུབ་ཙ་ན་ཤེས་རབ་ཉིད་ཀྱང་སྣང་བ་མེད་ཅིང་འོད་གསལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་འགྱུར་བ་ཐམས་ཅད་བསལ་ནས། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མ་འམ། རྣམ་པར་རྟོག་པའི་དགྲ་འམ། ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །གང་གི་ཚེ་ལྡང་བར་འདོད་ན་དལ་བུས་སྐྱིལ་མོ་ཀྲུང་བཤིག་ནས་ལངས་ཏེ། སྒྱུ་མ་ལྟ་བུར་མོས་པའི་ཡིད་ཀྱིས་དགེ་བ་ཅི་ནུས་བྱའོ། །གཉིས་པ་གོམས་པར་བྱ་བའི་ཕྱིར་ཤེས་རབ་སྔར་བསྒོམས་ནས། ཐབས་ཕྱི་ལ་སྒོམ་པ་ནི། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཚུ་རོལ་མཐོང་བའི་ངོར་བྱས་ནས་རྒྱུ་འབྲས་ལ་སོགས་པ་རྣམ་པར་གཞག་པ་ཐམས་ཅད་ཇི་ལྟར་སྣང་པ་བཞིན་དུ་བདེན་པ་ཡིན་པ། དོན་དམ་པའམ་ཡང་དག་པར་ཀུན་རྫོབ་ཇི་ལྟར་སྣང་བ། ཡོད་པ་སྐྱེ་བར་རིགས་མིན་ཏེ། །མེད་པ་ནམ་མཁའི་མེ་ཏོག་བཞིན། ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ལས་འབྱུང་བ་མིན། །དངོས་པོ་རང་ལས་མི་སྐྱེ་ཞིང་། །གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱི་རང་བཞིན་མེད། །ཅེས་སམ། ཡང་ན་ཆོས་རྣམས་ཐམས་ཅད་དག །གཅིག་དང་དུ་མས་རྣམ་དཔྱད་ན། །ངོ་བོ་ཉིད་ནི་མི་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངེས། །སོགས་ཀྱི་གཏན་ཚིགས་སམ་རིགས་པས་དཔྱད་པས། སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཚད་ཙམ་ཡང་གཟུང་དུ་མེད་དོ། །ཞེས་ངེས་པར་ཁོང་དུ་ཆུད་ནས། སྔར་བཞིན་མཉམ་པར་གཞག་ནས་དེ་ལྟར་གུས་པ་དང་། ཡུན་རིང་བ་དང་། རྒྱུན་མ་ཆད་པར་བསྒྲུབས་ན་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་བདེན་པ་མཐོང་སྟེ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་འབད་པ་དང་རྩོལ་བ་མེད་ཅིང་རང་གི་ངང་གིས་གྲུབ་པ་མངོན་སུམ་དུ་བྱེད་དོ། །དེ་ནི་ཆོས་ཐམས་ཅད་མི་མཐོང་བ་ཡིན་ལ་དེ་ཁ་ལ་ཡང་དག་པའི་ཡེ་ཤེས་མཐོང་བ་ཞེས་བྱ་སྟེ། ཡུམ་བར་མ་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྤྱན་གང་ཞེ་ན། གང་གིས་ཅིའང་མ་གཟིགས་པའི་དོན་དེ་གཟིགས་པའོ། །དེ་བཞིན་དུ་མཐོང་བ་གང་ཞེ་ན༑ ཡང་ཆོས་ཐམས་ཅད་མཐོང་བ་མེད་པའོ། །ཞེས་དང་། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་ཏུ་བརྗོད། །ནམ་མཁའ་ཇི་ལྟར་མཐོང་བ་དོན་འདི་བརྟག་པར་གྱིས༑ །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་གསུངས། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་སོ། །དེ་ལྟ་བུའི་ཆོས་ཉིད་དེ་མཐོང་ནས་སེམས་ཅན་རྣམས་ཀྱི་ཤེས་པ་མ་རིག་པའི་མུན་པ་ཤས་ཆེན་པོས་ཁེབས་པས་ཆོས་ཉིད་འདི་དག་ཁོང་དུ་མ་ཚུད་པས་ཡུན་རིང་པོར་འཁྲུལ་པས་རྣམ་པར་ཉམས་པ་ཡིན་ནོ། །ཞེས་ཡིད་ལ་བྱེད་ཅིང་སྙིང་རྗེ་ཆེན་པོ་སྐྱེའོ༑ །ཞེས་འདི་ལྟར་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡིད་ལ་བྱེད་པ་མ་བརྗེད་པས་ལངས་ནས་ཡང་སེམས་ཅན་གྱི་དོན་དུ་དགེ་བ་རྣམས་འཁོར་གསུམ་ཡོངས་སུ་དག་པས་སྒྲུབ་པར་བྱེད་དོ༑ །དེ་ལྟར་ཡང་སྡུད་པ་ལས། ཕུང་པོ་འདི་དག་གདོད་ནས་སྟོང་ཉིད་སྐྱེ་མེད་ཅེས། །མཉམ་པར་མ་གཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །བར་སྐབས་དེར་ཡང་སངས་རྒྱས་ཆོས་ལས་ཡོངས་མི་ཉམས། །ཞེས་གསུངས། དེ་ཡང་ཐབས་སྙིང་རྗེ་ཆེན་པོ་དེ་ཉིད་ཀྱི་ངོ་བོ་ལ་བལྟས་པས། འདས་པ་འགགས་ཏེ་མ་དམིགས། མ་འོངས་པ་མ་སྐྱེས་ཏེ་མ་དམིགས། ད་ལྟའི་ཤེས་པ་ནི་དངོས་པོ་དང་མཚན་མ་གང་དུ་ཡང་མ་གྲུབ། སྙིང་རྗེ་སྐྱེ་བའི་ཡུལ་ལ་བལྟས་པས་དེའི་ལུས་འབྱུང་བ་བཞི་ལས་གྲུབ་པའི་བེམ་པོ་ཡིན་པས་སྡུག་བསྔལ་མེད། དེའི་སེམས་ནམ་མཁའ་དང་འདྲ་བའི་སྟོང་བ་ཡིན་པས་སྡུག་བསྔལ་རང་ཡང་དེའི་དུས་སུ་གྲུབ་མ་མྱོང་། སེམས་ཅན་རང་ཡང་བློས་བཏགས་པ་ཙམ་དུ་ཟད་ནས་ཐམས་ཅད་གང་དུ་ཡང་གྲུབ་པ་མེད་པ་ཅིག་ཏུ་ཐག་ཆོད༑ དེ་ཁའི་ངང་ལ་བློ་བྲལ་དུ་ཁྲེས་སེ་འཇོག་པའོ། །དེས་བྱམས་པ་དང་སྙིང་རྗེ་ཡང་ཞེན་པ་མེད་པར་འཆར་ཏེ། དེ་ཀ་ལ་ཆོས་ལ་དམིགས་པའི་སྙིང་རྗེ་ཞེས་བྱ་སྟེ་ཆོས་སྣང་བ་ཙམ་འདི་ལ་དམིགས་ནས་སྐྱེས་པའི་ཕྱིར་རོ། །དེ་ལྟར་ཡང་ཡང་བསྒོམས་པས་དུས་ཐམས་ཅད་དུ་དེའི་ངང་ལས་མ་གཡོས་ཏེ་མཉམ་གཞག་དང་རྗེས་ཐོབ་མེད་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་སྲིལ་གྱིས་སོང་བ་དེ་ཀ་མཐར་ཐུག་གི་འབྲས་བུ་ཆོས་སྐུ་ཐོབ་པ་ཡིན་ལ། དེའི་ཚེ་ཆོས་སྐུའི་ངང་ལས་མ་གཡོས་པར་གདུལ་བྱའི་སྣང་བ་དང་མཐུན་པར་ཤར་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་མཛད། མཛད་ཀྱང་དེ་ལྟར་བྱའོ་སྙམ་པའི་ཀུན་སློང་སོགས་རྣམ་པར་རྟོག་པ་གང་ཡང་མེད་ཏེ། དཔེར་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུ་དེ་ལྟར་རྟོག་པ་མེད་ཀྱང་སེམས་ཅན་གྱི་དོན་མཛད་པའི་ཆ་ནས་དམིགས་པ་མེད་པའི་སྙིང་རྗེ་ཞེས་བྱ་སྟེ། དོན་ལ་རྒྱུའི་མིང་འབྲས་བུ་ལ་བཏགས་པའོ། །གསུམ་པ་ནི། ཆོས་ཐམས་ཅད་གྱི་ཟབ་མོ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཅིག་གཏན་ལ་ཕེབས་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དེའི་ངང་དུ་རང་གྲོལ་ཞིང་རང་དག་པས་སྒོམ་བྱེད་ཀྱི་དངོས་པོ་ལོགས་སུ་མི་རྙེད་དེ་ཙ་ན་མ་བསྒོམས་པར་སྒོམ་པ་ཆེན་པོ་རང་བྱུང་༑ དེ་ལྟ་བུའི་ལྟ་སྒོམ་མཐར་ཕྱིན་ཙ་ན་ལུས་ངག་གི་སྤྱོད་པ་ཅི་བྱེད་ཐམས་ཅད་དེའི་ངང་དུ་སྤྱོད་ཅིང་། སྤོང་ལེན་མེད་པ་ཞིག་འབྱུང་། དེ་ལྟར་དུས་དང་གནས་སྐབས་ཐམས་ཅད་དུ་དེའི་ངང་ལས་མི་གཡོ་ན་འབྲས་བུ་མངོན་དུ་གྱུར་པའོ། །དེས་ན་སྒོམ་པ་ཡིན་མིན་མེད་དེ་དམིགས་གཏད་དང་བྲལ་བ་ཞེས་དང་། སྤྱོད་པ་ལ་བླང་དོར་མེད་དེ་བྱ་བྱེད་དང་བྲལ་བས་སོ། །འབྲས་བུ་ལ་རེ་དོགས་མེད་དེ་ཤར་གྲོལ་དུས་མཉམ་པས་སོ། །བདེ་སྡུག་བླང་དོར་མི་འདོད་ན། །ལྟ་བ་ཚད་དུ་ཕྱིན་པ་ལགས། །ཞེས་སོ། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས། དེ་ནི་ཟུང་འཇུག་སྒོམ་ཞེས་པས་མདོར་བསྟན། ཟུང་འཇུག་གང་ཡིན་སྙམ་ན། ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །སྣང་བ་བྱང་ཆུབ་སེམས་སུ་སྦྱང་། །གང་ཟུང་དུ་འཇུག་པ་ཞེ་ན། བདེན་གཉིས་བསྒོམས་པས་དེ་ཅིར་འགྱུར་རམ་སྙམ་ན། ཚོགས་གཉིས་བསྒྱུར་བ་འདི༑ ཞེས། ཆོས་ཉིད་མངོན་དུ་བྱས་པས་ཡེ་ཤེས་ཀྱི་ཚོགས། ཀུན་རྫོབ་ཐབས་ལ་མཁས་པར་སྤྱད་པས་བསོད་ནམས་ཀྱི་ཚོགས་སུ་འགྱུར། དགོས་པ་ཅི་སྙམ་ན་དང་པོས་ཆོས་སྐུ། གཉིས་པས་གཟུགས་སྐུ་འགྲུབ་པར་བྱེད་པས། སྐུ་གཉིས་རྒྱུ་རུ་ཤེས་པར་བྱ། །ཞེས་སོ། །གསུམ་པ་ཕར་ཕྱིན་དྲུག་གི་སྤྱོད་པ་ལ་འཇུག་པ་ནི། ཕ་རོལ་ཕྱིན་དྲུག་སྤྱོད་པ་སྟེ། །ཞེས་པས་བསྟན་ནོ༑ །འོ་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན་ཞིང་བླང་དོར་བྱར་མེད་པ་ཅིག་ཡིན་ན་དགེ་བ་དང་དུ་མི་ལེན་ཅིང་། སྡིག་པ་སྤང་མི་དགོས་སམ་སྙམ་ན་མཉམ་གཞག་གི་དུས་ན་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་པ་བྱར་མེད་ཅིག་རྟོགས་ཀྱང་། རྗེས་ཐོབ་ཀྱི་དུས་སུ་སྣང་བ་འདི་རྨི་ལམ་སྒྱུ་མ་ཙམ་དུ་སྣང་བས་སྡིག་པ་མི་དགེ་བ་སྤང་ཞིང་དགེ་བ་ཉམས་སུ་ལེན་དགོས་ཏེ། སྤྱིར་རྒྱུ་འབྲས་ལ་གཉིས། ཞེན་པའི་རྒྱུ་འབྲས་དང་། སྣང་ཙམ་གྱི་རྒྱུ་འབྲས་སོ། །དང་པོ་ནི་འོ་སྐོལ་སོ་སོ་སྐྱེ་བོ་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཀྱི་འཁྲུལ་པའི་སྒོ་ནས་ལས་དགེ་མི་དགེ་སྤྱད་པས་དེའི་འབྲས་བུ་ཡང་འཁོར་བའི་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བ་ཡིན་ནོ། །གཉིས་པ་ནི་རྣལ་འབྱོར་པ་རྟོགས་པ་དང་ལྡན་པ་རྣམས་ཀྱི་སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ནས་ལས་དགེ་མི་དགེ་ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་སྤྱད་པས་དེའི་འབྲས་བུ་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་མྱོང་ངོ་། །སྣང་བ་སྒྱུ་མ་ལྟ་བུར་རྟོགས་ནས་རྒྱུ་ལས་དང་ཉོན་མོངས་པ་མེད་པས་འབྲས་བུ་བདེ་སྡུག་འབྱུང་བ་མི་འཐད་ཅེ་ན། མི་འཐད་པ་མེད་དེ་སྣང་བ་སྒྱུ་མ་ལྟ་བུར་རྟོགས་ཀྱང་སྟོང་པ་ཉིད་ཀྱི་གོམས་པ་མཐར་མ་ཕྱིན་ཏེ་ལས་དང་ཉོན་མོངས་སུ་བཞག་པའི་འགྱུར་བ་རགས་པོ་མེད་ཀྱང་ཕྲ་བ་བག་ཆགས་མ་སྤངས་པས་འབྱུང་བ་ཡིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས༑ གང་ཚེ་སྒྱུ་མའི་བུད་མེད་ལ། །དེ་བྱེད་ཉིད་ཀྱང་ཆགས་སྐྱེ་ན། །དེ་བྱེད་པ་ནི་ཤེས་བྱ་ལ། །ཉོན་མོངས་བག་ཆགས་མ་སྤངས་པ། །དེས་ན་དེ་མཐོང་བ་ན་དེ། །སྟོང་ཉིད་བག་ཆགས་ཉམས་ཆུང་ཉིད། །ཅེས་གསུངས་སོ། །དེ་ལྟར་ལས་དགེ་མི་དགེ་སྤྱད་ཀྱང་བདེན་ཞེན་མེད་པས་འབྲས་བུ་འབྱིན་པར་མི་འཐད་དོ་ཞེ་ན། དེ་ཡང་འཐད་དེ། རྒྱུ་ལ་ཞེན་པ་མེད་དེ་སྒྱུ་མ་ལྟ་བུར་སྤྱད་པས། འབྲས་བུ་ཡང་ཞེན་པ་མེད་པ་སྒྱུ་མ་ལྟ་བུར་ཉམས་སུ་མྱོང་བ་ཡིན་ནོ། །རྒྱུ་འབྲས་ཡོད་མེད་ཀྱི་མཚམས་ནི་ཆོས་ཉིད་ཀྱི་དོན་མ་རྟོགས་ཤིང་སྣང་བ་སྒྱུ་མ་ལྟ་བུར་མ་རྟོགས་ཀྱི་བར་དུ་ཞེན་པའི་རྒྱུ་འབྲས་ཡོད་ལ་ཆོས་ཉིད་བདེན་པའི་དོན་རྟོགས་སྣང་བ་སྒྱུ་མ་ལྟ་བུར་རྟོགས་ཀྱང་སྒོམ་པ་མཐར་མ་ཕྱིན་གྱི་བར་དུ་སྣང་ཙམ་གྱི་རྒྱུ་འབྲས་ཡོད། སྲིལ་གྱིས་དྲིལ་བས་ཆོས་སྐུ་མ་རྟོགས་ཀྱི་བར་དུ་རྒྱུ་འབྲས་ཡོད་ལ། ཆོས་སྐུ་རྟོགས་ནས་རྒྱུ་འབྲས་བྱ་བའི་མིང་མེད་དོ། །སྦྱིན་སོགས་ལྔ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བཞག་པ་ནི་སོ་སོ་སྐྱེ་བོའི་དུས་ནི་ཡོངས་སུ་བསྔོ་བ་ཆེན་པོས་དེའི་མིང་ཐོབ་པར་བྱས་ལ་ས་ཐོབ་ནས་ནི་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱི་གཟུང་བས་སོ། །འགྲོ་བ་མ་ལུས་པ་བྱང་ཆུབ་པར་བྱ་བའི་ཐབས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་མེད་པར་ཐོབ་མི་ནུས་པས། ཚོགས་གཉིས་བསྒྲུབ་པར་བྱའོ། །ཚོགས་གཉིས་ཀྱང་ཕ་རོལ་ཕྱིན་པ་དྲུག་གིས་བསྡུས་པ་ཡིན་ཏེ། དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་གཟུང་ནས་ཐམས་ཅད་རྟག་ཏུ་ཡོངས་སུ་རྫོགས་པར་བྱའོ་ཞེས་ཡིད་ལ་བྱ་སྟེ། དྲུག་པོ་རེ་རེ་ལ་ཡང་འདུན་པར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་གསུམ་སྟེ་ཟང་ཟིང་དང་མི་འཇིགས་པ་དང་། ཆོས་ཀྱི་སྦྱིན་པའི་དབྱེ་བས་སོ། །དེ་ལ་ཆོས་ཀྱི་སྦྱིན་པ་ཡང་སེམས་ཅན་མ་ལུས་པ་རྣམས་ལ་གཞན་སྦྱིན་པར་མི་ནུས་ཀྱི། དེ་ནི་བསྡུ་བ་རྣམ་པ་བཞི་པོ་དག་གིས་བསྒྲུབ་པར་ནུས་སོ། །དེའི་ཕྱིར་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་སེམས་ཅན་བསྡུ་བར་བྱའོ། །ཞེས་སེམས་ཅན་བསྡུ་བའི་དོན་དུ་སྨོན་ལམ་རྣམ་པ་བཞི་པོ་བསྐྱེད་པར་བྱའོ། །སྦྱིན་པ་རྣམ་པ་གསུམ་གྱི་ནང་ནས་ཟང་ཟིང་དང་། མི་འཇིགས་པའི་སྦྱིན་པ་གཉིས་ནི་བསྡུ་བའི་ཐབས་སུ་གྱུར་པ་ཡིན་ལ། ཆོས་ཀྱི་སྦྱིན་པ་ནི་ཐབས་དེས་བསྒྲུབསཔ་ཡིན་ནོ། །དེ་བཞིན་ཚུལ་ཁྲིམས་དང་བཟོད་པ་དང་བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་པར་བྱ་སྟེ་རྒྱས་པར་ཐར་པ་རིན་པོ་ཆེའི་རྒྱན་བཞིན་ནོ། །གཉིས་པ་འདིར་བགྲོད་པ་མི་གནས་པའི་མྱང་འདས་བཤད་པ་ནི། འབྲས་བུ་མི་གནས་མྱ་ངན་འདས། །ཞེས་གསུངས་པས། དེ་ཡང་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་གཟུགས་ཀྱི་སྐུ་དང་། ཞིང་དང་འཁོར་ལ་སོགས་པ་ལོངས་སྤྱོད་ཆེན་པོའི་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་མཛད་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནས་པར་མི་མཛད་དོ། །ཤེས་རབ་ཀྱིས་ཕྱིན་ཅི་ལོག་མ་ལུས་པར་སྤངས་པས་འཁོར་བར་གནས་པར་མི་མཛད་དེ། འཁོར་བ་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཡིན་པའི་ཕྱིར་རོ། །སྐྱེས་བུ་ཆེན་པོ་བསྡུས་པ་ཡིན། །ཞེས་པས་དེ་རྒྱུའི་ཐེག་པ་ལས་བཤད་པའི་སྐྱེས་བུ་ཆེན་པོའི་ལམ་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །བཞི་པ་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ལ། གཞི་དྲི་མ་མེད་པ་ངོས་གཟུང་། ལམ་དྲི་མ་མེད་པ་ལ་རྩལ་སྦྱང་། འབྲས་བུ་དྲི་མ་མེད་པ་མངོན་དུ་བྱ་བའི་ཚུལ་བཤད་པ་ལས། དང་པོ་ནི། རང་གི་སེམས་ཀྱི་ཆོས་ཉིད་དང་། །གཞན་གྱི་སེམས་ཀྱི་ཆོས་ཉིད་ལ། །གཉིས་སུ་ཡོད་པ་མ་ཡིན་ན། །བདག་གཞན་འཛིན་པ་ཇི་ལྟར་འཐད། །ཅེས་གསུངས་པས། ཐམས་ཅད་ཆོས་ཉིད་དུ་ཤེས་པ། དེ་མཐའ་དབུས་མེད་ཅིང་སྤྲོས་པ་དང་བྲལ་བ། དེ་ལ་འཕེལ་འགྲིབ་བམ་འགྱུར་བ་མེད་པ། དེ་ཕྱིར་སྤང་ཐོབ་གཞི་ལ་མེད་པར་བསྟན་པ་བཞིས་གཏན་ལ་འབེབས་པའི་དང་པོ་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་སེམས་ཀྱི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས་པས། ཆོས་ཅན་གྱི་མིང་མེད་དེ་དེ་རང་དུ་དག་པས་གསེར་གླིང་དུ་ཕྱིན་པ་ལྟ་བུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ། རིགས་ནི་ཐ་དད་རུང་མ་ཡིན། །ཞེས་གསུངས། གསེར་གླིང་དུ་ཕྱིན་ན་ཅིར་སྣང་ཐམས་ཅད་གསེར་གྱི་རང་བཞིན་དུ་སྣང་བ་ལས་ས་དང་རྡོ་གཞན་གྱི་མིང་མེད། དཔེ་དེ་བཞིན་དུ་སྣང་བ་ཆོས་ཉིད་དུ་རྟོགས་པའི་གང་ཟག་ལ་ཆོས་ཉིད་འབའ་ཞིག་ལས་ཆོས་ཅན་བྱ་བའི་མིང་མེད་པས༑ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་དང་། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་ཀྱི་ལྟ་པོ་ཡིན། །ཞེས་འབྱུང་། གཉིས་པ་ཆོས་ཉིད་དུ་བཞག་པ་དེ་ཡང་མཐའ་དབུས་མེད་ཅིང་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་ལ་མཐའ་བཙལ་བས་མཐའ་མ་རྙེད། དེ་ལ་བལྟོས་པའི་དབུས་ཀྱང་རྙེད་མི་སྲིད། དེས་ན་མཐའ་དབུས་དང་བྲལ་བ་བཞིན། ཆོས་ཉིད་ཀྱི་དོན་ལ་མཐའ་བཙལ་བས་མཐའ་མི་རྙེད་དེ། མ་རྙེད་ན་དེ་ལ་བལྟོས་པའི་དབུས་ཀྱང་མི་རྙེད། དེས་མཐའ་དབུས་དང་། ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་ཏེ་བློས་བསམ་གྱིས་མི་ཁྱབ། དེས་ངག་ཏུ་བརྗོད་དུ་མེད་པ་ཡིན་ནོ། །དེ་འཕེལ་འགྲིབ་བམ་འགྱུར་བ་མེད་པ་སའི་སྙིང་པོ་གསེར་ལྟ་བུ་སྟེ། གསེར་དེ་འཇིམ་པའི་སྤྲག་ཏུ་བཅུག་པ་ངན་དུ་མ་སོང་། འདམ་ནས་བཏོན་ཏེ་སྦྱངས་ཤིང་བྱི་དོར་བྱས་ཀྱང་བཟང་དུ་མི་འགྲོ་ལ་བཟོས་པས་མ་འཕེལ་པ་བཞིན། ཆོས་ཉིད་ཀྱང་སེམས་ཅན་གྱི་རྒྱུད་ལ་ཡོད་པས་མ་འགྲིབས་ལ་ངན་དུ་མ་སོང་༑ སངས་རྒྱས་གྱི་རྒྱུད་ལ་ཡོད་པས་མ་འཕེལ་ལ་བཟང་དུ་མ་སོང་བའོ། །དེ་ལ་སྤང་རྒྱུ་འམ་ཐོབ་རྒྱུ་མེད་པ་ཉི་མ་ལྟ་བུ་སྟེ། ཉི་མ་ལ་མུན་པ་མེད་པར་རང་བཞིན་གྱིས་གསལ་བ་ཡིན་པ་བཞིན༑ ཆོས་ཉིད་ཀྱང་རང་བཞིན་གྱིས་རྣམ་པར་དག་པས་དེའི་སྟེང་ནས་སྤང་དུ་མེད། ཡོན་ཏན་ལྷུན་གྲུབ་ཏུ་བཞུགས་པས་དེ་ལས་ཐོབ་བྱ་སྔར་མེད་པ་ཅིག་ཐོབ་རྒྱུ་མེད་པ་ཡིན་ནོ། །དེ་ལྟར་གཏན་ལ་ཕེབས་པ་ལ་ཆོས་ཉིད་ངོས་ཟིན་པ་ཞེས་བྱའོ། །གཉིས་པ་ལམ་དྲི་མ་མེད་པ་ལ་རྩལ་སྦྱང་བ་ལ། ལྟ་བ་ཕྱག་རྒྱ་ཆེན་པོ་གཏན་ལ་འབེབས་པ། སྒོམ་པ་འོད་གསལ་དྲི་མེད་ལ་གོམས་པར་བྱ་བ། སྤྱོད་པ་ཅིར་སྣང་ཐུག་ཕྲད་རང་གྲོལ་དུ་ཁྱེར་བ་དང་གསུམ་ལས། དང་པོ་ནི། འཁོར་བའི་རང་བཞིན་ཤེས་གྱུར་པ། །དེ་ཉིད་མྱ་ངན་འདས་པར་བརྗོད། །དེ་སྐད་གསུངས་པས་འཁོར་འདས་ལ། །བཟང་ངན་འཛིན་པ་ཇི་ལྟར་འཐད། །ཅེས་གསུངས་པས་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བར་ཤར་བ་སྟེ། དེ་ལ་དབྱེ་ན་གསུམ། ཕྱི་ལྷན་ཅིག་སྐྱེས་པ་དང་། ནང་ལྷན་ཅིག་སྐྱེས་པ་དང་། གསང་བ་ལྷན་ཅིག་སྐྱེས་པའོ། །དང་པོ་ནི། ཕྱི་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་ཀྱང་ཆོས་ཉིད་སྟོང་པ་དང་ལྷན་ཅིག་སྐྱེས་ལ། ཆོས་ཉིད་སྟོང་པ་ཡང་སྣང་བ་དང་ལྷན་ཅིག་སྐྱེས་པ་སྟེ། དེ་གཉིས་ཀྱང་དུས་ལ་སྔ་ཕྱི་མེད་ཅིང་དངོས་པོ་ལ་བཟང་ངན་མེད་པས་ན་ལྷན་ཅིག་སྐྱེས་པའོ། །དེ་ལྷན་ཅིག་སྐྱེས་པར་ངོ་མ་ཤེས་པ་ཇི་སྲིད་དུ་ཕྱི་གཟུང་བའི་ཡུལ་རྟོག་པ་ཡིན་ལ། ལྷན་ཅིག་སྐྱེས་པར་ངོས་ཟིན་པ་ལ་རང་གི་ངོ་བོའི་སྒོ་ནས་མིང་བཏགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ། ཡུལ་ཤེས་པའི་སྒོ་ནས་མིང་བཏགས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས། གཉིས་པ་ནི། ནང་འཛིན་བྱེད་ཀྱི་ཤེས་པའང་འོད་གསལ་སྟོང་པ་དང་ལྷན་ཅིག་སྐྱེས་ལ། འོད་གསལ་སྟོང་པའང་སེམས་འཛིན་བྱེད་ཀྱི་ཤེས་པ་དང་ལྷན་ཅིག་སྐྱེས་ཏེ། དེ་གཉིས་ལ་དུས་ལ་སྔ་ཕྱི་མེད་ཅིང་དངོས་པོ་ལ་བཟང་ངན་མེད་དོ། །དེ་ལྟར་ལྷན་ཅིག་སྐྱེས་པ་ངོས་མ་ཟིན་པ་ཇི་སྲིད་དུ་འཛིན་པའི་རྟོག་པ་ཡིན་ལ། ངོས་ཟིན་ན་ངོ་བོའི་སྒོ་ནས་མིང་བཏགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ། ཡུལ་ཅན་ཤེས་པའི་སྒོ་ནས་མིང་བཏགས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །གསུམ་པ་སྒྲོ་འདོགས་གཅོད་བྱེད་ཀྱི་ཤེས་པ་ཆོས་ཀྱི་དབྱིངས་དང་ལྷན་ཅིག་སྐྱེས་པ་ཡིན་ལ། ཆོས་ཀྱི་དབྱིངས་ཀྱང་སྒྲོ་འདོགས་གཅོད་བྱེད་ཀྱི་ཤེས་པ་དང་ལྷན་ཅིག་སྐྱེས་པའོ། །དེ་ངོས་མ་ཟིན་པ་ཇི་སྲིད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེ་ངོས་ཟིན་པས་དབྱིངས་ཀྱི་ཡེ་ཤེས་བྱིན་གྱིས་བརླབས་པས་རིག་པའི་རྟོག་པ་དག་སྟེ་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་དེ་ལ་ཇི་ལྟ་ཇི་སྙེད་ཟུང་དུ་འཇུག་པའི་ཡེ་ཤེས་ཞེས་ཀྱང་བྱ་ལ༑ རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱི། དོན་ལ་ཡེ་ཤེས་མེད་དོ། །གཉིས་པ་ནི། ལྟ་བ་གཏན་ལ་ཕབ་པས་མི་ཆོག །སྒོམ་པ་ཉམས་སུ་ལེན་དགོས། དེ་ཇི་ལྟར་ཉམས་སུ་ལེན་ན། སྟོང་དང་རྟེན་འབྱུང་དོན་གཅིག་པ། །དབུ་མའི་ལམ་དུ་གསུངས་པ་ལ། །སྟོང་ཉིད་སྟོན་པའི་བླ་མ་ཅིག །ལོགས་ནས་དགོས་པ་ཇི་ལྟར་འཐད། །ཅེས་གསུངས་པས། རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཡེ་ནས་འོད་གསལ་སྟོང་པ་སྐྱེ་བ་མེད་པ་ཆོས་སྐུའི་རང་བཞིན་ཡིན་ལ། གདོད་མ་ནས་རྣམ་པར་དག་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་མངོན་སུམ་དུ་ཞལ་མཇལ་བ་དེ་ཀ་བླ་མ། དེ་ཀའི་ངང་ལ་སྒོམ་པ་དང་མི་སྒོམ་པ་དང་། ཡོད་པ་དང་མེད་པ་ལ་སོགས་པ་གཟུང་འཛིན་གྱི་བློའི་དྲི་མ་དང་བྲལ་བར་བྱས་ལ་བློ་བྲལ་གྱི་ངང་དུ་ལས་མེད་དུ་བཞག་པ་སྟེ། ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་བཞག་ཅེས་པའོ། །དེ་ཀས་སྒྲོ་འདོག་ཐམས་ཅད་ཆོད་པས། ཕྱི་ནས་སྒྲོ་འདོག་གཅོད་བྱེད་གཞན་བརྟེན་མི་དགོས་པ་ཡིན་ནོ། །གསུམ་པ་ནི། རང་གི་སེམས་ལ་བཟོ་ཤེས་ན། །ཐམས་ཅད་བདེན་པར་མ་གྲུབ་པས། །ཇི་ལྟར་སྣང་ཡང་བློ་སྦྱོང་གི །གྲོགས་དང་མཐུན་པའི་རྒྱུ་རུ་སྦྱར། །གེགས་སེལ་ལོགས་ནས་ཅི་ཞིག་དགོས། ཞེས་གསུངས་ཏེ། ལྟ་སྒོམ་གྱིས་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཏན་ལ་ཕབ་ཅིང་བསྒོམས་པའི་སྟོབས་ཀྱིས་རྗེས་ཀྱི་གནས་སྐབས་སུ་སྣང་བ་གང་དང་ཕྲད་པ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོས་ཟིན་པས་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་རང་གྲོལ་དུ་འགྲོ་བ་དཔེར་ན་སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟ་བུའོ། །དེས་སྣང་བ་གཟུགས་ལ་དམིགས་པའི་དུས་སུ་སྣང་སྟོང་གཉིས་མེད་དུ་གཏན་ལ་ཕེབས་ཏེ། སྦྲུལ་དུ་གཟུང་བའི་ཐག་པ་ལ་ཐག་པར་མཐོང་བ་དང་༑ སྦྲུལ་འཛིན་ཞིག་པ་དུས་མཉམ་པ་བཞིན་ནོ། །དེས་འཇིག་རྟེན་ཆོས་བརྒྱད་ཀྱི་ནང་ནས་རྙེད་ན་དགའ་མ་རྙེད་ན་མི་དགའ་བར་འཛིན་པ་མགོ་སྙོམས། དེ་བཞིན་བརྗོད་པ་སྒྲ་དང་ཕྲད་པའི་དུས་གྲགས་སྟོང་དུ་ཤེས་པས། གྲགས་ན་དགའ། མ་གྲགས་ན་མི་དགའ་བ། བསྟོད་ན་དགའ། སྨད་ན་མི་དགའ་བ་བཞི་ལས་རང་གྲོལ་ཏེ་མགོ་སྙོམས་པའོ། །སྣོམ་པ་དྲི་བྲོ་བ་རོ། རེག་པ་འཇམ་རྩུབ་ཐམས་ཅད་ཚོར་སྟོང་དུ་གཏན་ལ་ཕེབས་ནས། བདེ་ན་དགའ། སྡུག་ན་མི་དགའ་བ་རང་གྲོལ་ཏེ་མགོ་སྙོམས་པས་འཇིག་རྟེན་ཆོས་བརྒྱད་ཀྱི་འཆིང་བ་དང་འབྲལ་བ་ཡིན་ནོ། །ད་དུང་ཆོས་བརྒྱད་ཀྱི་སྣང་ཤས་འདུག་ན་དེ་ལྟར་གཏན་ལ་མ་ཕེབས་པའམ། ཕེབས་ཀྱང་བརྟན་པ་མཐོབ་པ་ཡིན་པས་སྔར་བཞིན་ལྟ་སྒོམ་སྤྱོད་པ་གསུམ་གྱི་ཉམས་ལེན་ལ་ཡང་དང་ཡང་དུ་འབད་པར་བྱའོ༑ །གསུམ་པ་འབྲས་བུ་དྲི་མ་མེད་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཡིན་པས་གཞུང་ཚིག་ལ། ལོགས་སུ་བཀར་བ་མེད་ལ། ལམ་དེ་ཉམས་སུ་བླངས་པས་གོམས་པ་མཐར་ཐུག་པ་ན་འབྲས་བུ་སྐུ་གསུམ་རོ་མཉམ་བདེ་བ་ཆེན་པོའི་སྐུ་ཐོབ་པ་ཡིན་ཏེ། དེ་ཡང་སྐུ་གསུམ་ཡེ་ཤེས་ལྔའི་རང་བཞིན་ནོ། །སྐུ་གསུམ་དུ་འཇོག་པ་ནི་དེས་རང་དོན་དུ་སྤངས་བ་ཕུན་སུམ་ཚོགས་པ་ཆོས་སྐུ་ཐོབ་ལ། གཞན་དོན་དུ་ཐོབ་པ་ཕུན་སུམ་ཚོགས་པའི་གཟུགས་སྐུ་གཉིས་ཐོབ་པས་སོ། །དེ་ལས་གཉིས་སུ་འོང་བ་ཡང་། ཡེ་ཤེས་ལས་ལོངས་སྐུ་འབྱུང་ལ། ཐུགས་རྗེ་ལས་སྤྲུལ་སྐུ་འཆར་བའོ། །དེ་ལྟར་སྐུ་གསུམ་དུ་འཇོག་པ་ཡང་གདུལ་བྱ་ལ་བལྟོས་ནས་ཡིན་ཏེ། ཚུལ་ཇི་ལྟར་ཞེ་ན། མི་སྣང་ལ་ཞེན་པ་མེད་པས་ཡེ་ཤེས་ཀྱི་ཁམས། སྟོན་པ་ཆོས་ཀྱི་སྐུའི་གདུལ་བྱ་ཡིན་ཏེ། དེ་ལྟར་མདོ་ལས། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་རོ། །དེ་ཉིད་ཁོང་དུ་ཚུད་པར་བྱ། ཞེས་གསུངས། དེའང་དབྱིངས་དེ་བཞིན་ཉིད་དེ་རྟོགས་པའི་ཡེ་ཤེས་དང་དབྱེར་མེད་པ་ཙམ་ལ་བྱའོ། །སྣང་ལ་ཞེན་པ་མེད་པ་དག་པ་འཇིག་རྟེན་པའི་ཁམས་ས་ཆེན་པོ་ལ་ཞུགས་པ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་གདུལ་བྱ། སྣང་ལ་ཞེན་པ་དང་བཅས་པའི་མ་དག་འཇིག་རྟེན་གྱི་ཁམས་དགའ་ལྡན་ནམ་སུམ་ཅུ་རྩ་གསུམ་པ་འམ། འཛམ་བུའི་གླིང་པ། སྟོན་པ་སྤྲུལ་པའི་སྐུའི་གདུལ་བྱའོ། །ཡེ་ཤེས་ལྔ་ནི་ལྡོག་པ་ཐ་དད་པ་ལས་དངོས་པོ་ཐ་དད་པ་ནི་མ་ཡིན་ནོ། །ཞེས་ཆོས་ཀྱི་རྒྱལ་པོ་དྭགས་པོ་ལྷ་རྗེའི་གསུང་ངག་ལམ་མཆོག་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་རྗེ་བཙུན་ཉིད་ཀྱིས་མཛད་པའི་རྩ་བའི་ཚིགས་བཅད་དང་། གསུང་དུམ་བུ་ཁྲིགས་སུ་གནས་པ་རྒྱས་པར་བཤད་པ་པདྨ་དཀར་པོས་གསང་སྔགས་ཆོས་གླིང་ཞེས་བྱ་བ་ཙ་རི་ཏྲའི་གནས་སྒོར་སྦྱར་བ་ལས། སྙིང་པོ་ཀུན་གྱིས་གོ་བདེར་བསྒྲིལ་བ་འདི། ལོ་གྲོ་དོལ་ཕ་རལ་ཙན་དན་སྟེངས་ཀྱི་སྐྱེད་ཚལ། ལོ་མའི་སྡིང་ཁང་ཉམས་དགའ་བར་སྦྱར་བ་རྫོགས་སོ།། །།


previousསྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ།next