Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
ཐུགས་དམ་དགེ་སྦྱོར་བདུན་པའི་འགྲེལ་པ་ཐར་པའི་ལམ་ངེས་པར་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་དམ་དགེ་སྦྱོར་བདུན་པའི་འགྲེལ་པ་ཐར་པའི་ལམ་ངེས་པར་བསྟན་པ།next

ཐུགས་དམ་དགེ་སྦྱོར་བདུན་པའི་འགྲེལ་པ་ཐར་པའི་ལམ་ངེས་པར་བསྟན་པ།

ཐུགས་དམ་དགེ་སྦྱོར་བདུན་པའི་འགྲེལ་པ་ཐར་པའི་ལམ་ངེས་པར་བསྟན་པ་ཞེས་བྱ་བ་བཞུགས་སོ། །ཐུགས་དམ་དགེ་སྦྱོར་བདུན་པའི་འགྲེལ་པ། ཐར་པའི་ལམ་ངེས་པར་བསྟན་པ་ཞེས་བྱ་བ། མཆོག་གི་དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ་ལོ། །རྣམ་པར་གྲོལ་བའི་བློ་མངའ་སྟོབས་བཅུ་རྣམས་ལྡན་ཞིང་། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་ཕྱིན་གྱུར་པ། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་དང་དམ་པའི་ཆོས། །ཚོགས་མཆོག་འདུས་པའི་ངོ་བོ་བླ་མར་ཕྱག་འཚལ་ལོ། །ཕན་དགོངས་མཛད་པ་ཀུན་ལ་བདག་དད་ཅིང་། །སེམས་ཅན་རྣམས་ལ་སྙིང་རྗེའི་བློ་ལྡན་པས། །འགྲོ་བའི་མྱ་ངན་མུན་པ་མཐར་འབྱིན་པའི། །ཐར་ལམ་མཆོག་གི་འོད་ཟེར་འདི་སྤྲོའོ། །ལྷ་དང་མི་དང་དབང་ཕྱུག་ཆེ་ཉིད་བདེ་བླག་ཏུ། །ལོག་པར་ལྟུང་བ་བརྒྱ་ཡིས་ཐོབ་པས་ནུས་མིན་པའི། །སངས་རྒྱས་འོད་ཟེར་དམ་པའི་ཚོགས་ཅན་དཔག་མེད་དང་། །བྱང་སེམས་ཁྱུ་མཆོག་འོད་ཀྱིས་དེ་དག་འབྱིན་པར་འགྱུར། །འདིར་སྲིད་པའི་རྒྱ་མཚོ་གཏིང་མཐའ་མེད་པ། སྡུག་བསྔལ་གྱི་རྦ་ཀློང་དྲག་ཏུ་འཁྲུག་པ་ལས་བརྒལ་ཏེ། རྣམ་པར་གྲོལ་བ་རིན་པོ་ཆེའི་གླིང་དུ་བདེ་བླག་ཉིད་ཀྱིས་བགྲོད་པར་འདོད་པའི་སྐྱེ་བོ་རྣམས། དགེ་བའི་བཤེས་གཉེན་གྱི་དེད་དཔོན་དམ་པ་ལ་བསྟེན་ནས། དམ་པའི་ཆོས་མཐའ་དག་གི་དེ་ཁོ་ན་ཉིད་བསྡུས་པའི་གཟིངས་འདིར་མངོན་པར་ཞུགས་པར་བྱོས་ཤིག དེ་བཤད་པ་ལ་གསུམ་སྟེ། བསྟན་བཅོས་བཤད་པ་ལ་འཇུག་པའི་ཡན་ལག ཡན་ལག་ཅན་གྱི་བསྟན་བཅོས་ཉིད་བཤད་པ། མཐར་ཕྱིན་པའི་བྱ་བ་མཇུག་གི་ཡན་ལག་གོ །དང་པོ་ལ། ཐ་སྙད་བཏགས་པའི་ཡན་ལག་མཚན་གྱི་དོན། གུས་པས་འཇུག་པའི་ཡན་ལག་མཆོད་བརྗོད་བཤད། མཐར་ཕྱིན་པའི་རྒྱུའི་ཡན་ལག་དམ་བཅའ་འོ། །དང་པོ་ནི། དགེ་སྦྱོར་བདུན་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལ་ལུས་ངག་ཡིད་གསུམ་སྦྱོར་བར་བྱེད་པས། དགེ་སྦྱོར་རོ། །བདུན་པ་ནི་གྲངས་ངེས་སྟོན་པའི་ཚིག་སྟེ། ཟུང་བདུན་དུ་ཆོས་མཐའ་དག་བསྡུས་པ་སྟོན་པའོ། །དེ་དག་ནི་བརྗོད་པར་བྱ་བ་ཡིན་ལ། དེ་རྗོད་པར་བྱེད་པ་ནི་རྗོད་བྱེད་དོ། །དེ་ལ་ཐོས་བསམ་སྒོམ་པས་ཞུགས་ནས་དེ་དག་གི་དོན་རྟོགས་པ་ནི་དགོས་པའོ། །དེ་ལ་རང་ཉིད་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་ཀྱི་ཆུ་འཛིན་དང་བྲལ་བའི་ཆོས་ཀྱི་སྐུའི་དཀྱིལ་འཁོར་རབ་ཏུ་རྒྱས་པ་ལས། གཞན་དོན་གཟུགས་ཀྱི་སྐུའི་འོད་ཟེར་འབུམ་ཕྲག་འཕྲོ་བས་འཇིག་རྟེན་པའི་མུན་པ་མུན་ནག་གི་ཚོགས་རྣམ་པར་བཅོམ་ནས་མཁས་པའི་ཡོན་ཏན་གྱི་པདྨོ་རྣམ་པར་ཕྱེ་སྟེ་རྣམ་གྲོལ་གྱི་ཟེའུ་འབྲུ་རབ་ཏུ་རྒྱས་པར་བྱེད་པ་དེ་དགོས་པའི་དགོས་པའོ། །ཕྱི་མ་སྔ་མ་ལ་རག་ལས་པ་གང་ཡིན་འབྲེལ་པའོ། །དེ་ལྟར་བཤད་པ་ནི། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། ཉན་པ་པོ་དེ་གུས་བྱའི་ཕྱིར། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་འབྱུང་བས་སོ། །གཉིས་པ་ནི། ཡོན་ཏན་འབྱུང་གནས་ཏེ། འབྲས་བུ་ཆོས་ཀྱི་སྐུའི་རྒྱ་མཚོ་ཆེན་པོ་དེ་ནི། སྐུ་གསུམ་གྱི་ཡོན་ཏན་རིན་ཐང་ཆེན་པོ་འབྱུང་བའི་གནས་ཡིན་པའོ། །སྐུ་གསུམ་པོ་གང་ཞེ་ན། སྨྲས་པ། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའོ། །འདིར་ངོ་བོ་ཉིད་ཀྱི་སྐུ་ནི། འདུས་མ་བྱས་པ་དང་། གཉིས་སུ་དཔྱད་དུ་མེད་པ་དང་། ཕྱིན་ཅི་མ་ལོག་པ་དང་། སྒྲིབ་པ་དག་པ་དང་། རང་བཞིན་གྱིས་འོད་གསལ་བ་སྟེ་མཚན་ཉིད་ལྔ་དང་ལྡན་པས་ན། ཆོས་ཐམས་ཅད་ཀྱི་ཁྱབ་བདག་གོ །རྐང་གཉིས་གཙོ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་ནི། གསུང་བརྗོད་པ་དང་། སྐུ་སྣང་བ་དང་མཛད་པ་རྒྱུན་མི་འཆད་པ་དང་། ལྷུན་གྱིས་གྲུབ་པར་འཇུག་པ་དང་། སྐུ་གསུང་ཐུགས་ཀྱི་མཛད་པ་དུ་མར་སྟོན་ཀྱང་དེའི་རང་བཞིན་དང་བྲལ་བ་སྟེ་ལྔ་དང་ལྡན་པས། འགྲན་ཟླ་དང་བྲལ་ཞིང་འཁོར་འདས་ཀུན་གྱི་དཔལ་དུ་གྱུར་པ་ཡིན་ནོ། །དཔག་མེད་སྤྲུལ་པས་འགྲོ་རྣམས་སྨིན་པར་མཛད་པ་སྟེ་སྤྲུལ་པའི་སྐུའོ། །དེས་ཞི་བའི་ལམ་སྟོན་པ་དང་། གདུལ་བྱ་སྨིན་པར་བྱེད་པ་དང་། ལུང་སྟོན་པར་བྱེད་པ་དང་། གཞན་གྱི་རྣམ་རིག་ལ་སྣང་བ་སྟེ་མཚན་ཉིད་བཞི་དང་ལྡན་པའོ། །དེ་གསུམ་གྱི་བདག་ཉིད་དུ་གྱུར་པ་རྫོགས་པའི་སངས་རྒྱས་ནི་དོན་དམ་པའི་སྐྱབས་ཡིན་ལ། གནས་སྐབས་སུ་སྐྱབས་དང་དཀོན་མཆོག་གསུམ་དུ་བཞག་པ་སྟེ། དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་བསྟན་པས་སོ། །དེ་ལྟར་ཡང་། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་སྟོན་གྱི། །ཐེག་གསུམ་པ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པས་སོ། །གུས་བཏུད་ནས་ཞེས་པ། རང་ཉིད་དམ་པར་རྟོགས་པ་དང་གཞན་དང་བ་འདྲེན་པས་འདིར་འཇུག་པ་དང་། རྩོམ་པ་ལ་བར་ཆད་མི་འབྱུང་བའི་ཆེད་དུའོ། །གསུམ་པ་ནི། གདམས་ངག་སྟེ། རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་སྟོན་པར་བྱེད་པའོ། །ཁྱད་འཕགས་ནི། དེ་ཉིད་གཞན་ལས་ཆེས་ཟབ་པའི་དོན་ནོ། །གནད་ལྡན་ནི། ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་ཐོབ་པར་བྱེད་པའོ། །དེ་གང་ཞེ་ན། འཆད་པར་འགྱུར་བ་བདུན་པོ་འདི་ཉིད་དོ། །དེ་བས་ན་མན་ངག་ལུང་དང་སྦྱར་ནས་ཞེས་པ། ལུང་རིགས་དང་མི་མཐུན་པའི་དོན་ཉམས་སུ་བླངས་ཀྱང་དོན་མེད་པ་དང་དོན་ལོག་པར་འགྱུར་བས་ན། འདི་ནི་ལུང་རིགས་དང་མཐུན་པར་རོ། །བདག་གིས་བཤད་ཅེས་ནི། བདག་གཉིས་ཀྱིས་རྟོགས་པའི་དོན་གཞན་གྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། རང་ཉིད་ཀྱིས་མ་རྟོགས་པ་རྣམས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དུའོ། །ཞེས་སྟོན་པ་ནི། རྩ་བར། རྟོགས་པ་གཞིར་བཞག་རྣལ་འབྱོར་པས། །རང་ལ་བྱ་རྒྱུ་མི་བདོག་ཀྱང་། །མི་བདེན་བཞིན་དུ་རྟེན་འབྲེལ་བསྒྲིག །བློས་བྱས་ཀྱི་དགེ་སྦྱོར་ཐུན་བཞིར་བྱ། །ཞེས་འབྱུང་ངོ་། །དེ་ནས་ཤིས་པར་བརྗོད་པར་བྱ་བ། གང་ཞིག་ནི་སྤྱི་སྒྲ་ཡིན་ལ། འཁོར་བའི་སྡུག་བསྔལ་ཀུན་འབྱིན་པའི། སྨན་མཆོག་དམ་པའི་བདུད་རྩི་ཞེས་པ། འགྲོ་བ་རྣམས་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པས་བསྐྱེད་པ། མི་བཟད་པའི་སྡུག་བསྔལ་གྱི་ནད་ཀྱི་ཟུག་རྔུ་ཆེན་པོས་དཔག་ཏུ་མེད་པའི་དུས་ནས་རབ་ཏུ་མནར་བར་གྱུར་པ་རྣམས། བླ་མ་དམ་པའི་སྨན་པ་མཁས་པས་ལེགས་པར་སྦྱར་བའི་དམ་པའི་ཆོས་ཀྱི་བདུད་རྩི་འདིས་དེ་དག་པའི་སྡུག་བསྔལ་འབྱིན་པར་བྱེད་ཅིང་བདེ་བ་ཆེན་པོས་ཚིམ་པར་བྱེད་པ་ཉིད་དུ་གྱུར་ཅིག ཅེས་སོ། །གཉིས་པ་ལ་གསུམ་སྟེ། གང་གིས་བཤད་པ་བླ་མའི་ངེས་པ། གང་ལ་བཤད་པ་སློབ་མའི་ངེས་པ། གང་བཤད་པ་གདམས་ངག་གི་ངེས་པའོ། །དང་པོ་ནི། མཚན་ཉིད་ཀུན་ལྡན་ནི། རྒྱུ་འབྲས་ཀྱི་ཐེག་པའི་སྡེ་སྣོད་ཀྱི་གཞུང་དགོངས་འགྲེལ་དང་བཅས་པ་ལས་ཇི་ལྟར་འབྱུང་བའི་དགེ་བའི་བཤེས་གཉེན་དམ་པའི་མཚན་ཉིད་རྣམས་སོ། །བླ་མ་ཡི་ཞེས་པ། དེ་དང་ལྡན་པའི་སྐྱེས་བུ་ཆེན་པོ་གང་ཡིན་པ་རྣམས་བསྟེན་ལ། དེ་ལས་ཟློག་པ་མ་ཡིན་ནོ། །གཉིས་པ་ནི། སྣོད་ལྡན་དད་སོགས་ཚང་བ་ལ་ཞེས་པས། དད་པ་ལ་སོགས་པ་ཇི་ལྟར་གསུངས་པའི་ཡོན་ཏན་དང་ལྡན་པའི་གང་ཟག་ནི་གདམས་ངག་སྟེར་བའི་ཡུལ་གྱུར་པ་ཡིན་ནོ། །དེ་ལས་གཞན་པ་རྣམས་མ་ཡིན་ནོ། །གསུམ་པ་ལ་གསུམ་སྟེ། ལམ་རྣམ་པར་ངེས་པའི་མདོར་བསྡུས་བཤད། ལམ་ཟབ་རྒྱས་གཉིས་ཀྱིས་རྒྱས་པར་བསྟན། ལམ་དེ་ཉིད་ཀྱི་དོན་བསྡུ་བ་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དེས་གདུལ་བྱ་རང་རང་གི་བསམ་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་དམ་པ་ལེགས་པར་བསྐོར་བའི་དེ་ཁོ་ན་ཉིད་བསྡུས་པ་དགེ་སྦྱོར་བདུན་པོ་འདི་ལྟ་སྟེ། དང་པོར་སེམས་བསྐྱེད་གསོལ་བ་གདབ། །དགོས་མེད་བསྒོམ་ཞིང་བཟློག་བསྒོམ་བྱ། །ཞིང་ཁམས་སྦྱང་ཞིང་སྙིང་རྗེ་བསྒོམ། །ཆིག་ཆོག་བསྒོམ་ཞིང་རྩལ་རྫོགས་བསྒོམ། །ལས་འབྲེལ་བཞག་ཅིང་སྤེལ་སྦྱང་བྱ། དབང་བཞི་བསྐུར་ཞིང་གདམས་ངག་བསྒོམ། །རྟེན་འབྲེལ་བསྒྲིག་ཅིང་སྨོན་ལམ་གདབ། །ཅེས་པའོ། །དེ་རྣམས་ཀྱི། ཤེས་རྒྱུད་གྲོལ་བའི་ཞེས་པ་བདག་ཏུ་འཛིན་པའི་འཁྲི་ཤིང་གི་དྲ་བ་དམ་པོས་བཅིངས་པ་གང་། ཐབས་མཆོག་གི་ཤེས་རབ་ཀྱི་རལ་གྲིས་རྩ་བ་ནས་གཅོད་པར་བྱེད་པས་སོ། །དེ་ནི་མན་ངག་སྟེ། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་སྟོན་པར་བྱེད་པ་དང་། སྦས་པའི་དོན་མཐའ་དག་གསལ་བར་བྱེད་པས་སོ་ཞེས་བྱའོ། །གཉིས་པ་ལ། ཐོག་མར་དགེ་བའི་དོན་སྦྱོར་བ་བསྟན། བར་དུ་དགེ་བའི་དོན་དངོས་གཞི་བཤད། མཐའ་མར་དགེ་བའི་དོན་རྗེས་བསྟན་པའོ། །དང་པོ་ནི། ཞེན་མེད་ཅེས་པ། སྐྱེ་བ་དང་། འཆི་བ་དང་། ན་བ་དང་། རྒ་བ་ལ་སོགས་པའི་མེ་གང་གི་བུད་ཤིང་ལྟ་བུའི་ཉེ་བར་ལེན་པ་ནི། ཞེན་པ་སྟེ། ཚུལ་བཞིན་མིན་པ་ཡིད་ལ་བྱེད་པ་དང་ཉོན་མོངས་པ་སྔོན་དུ་འགྲོ་བ་ཅན་གྱིས་སྐྱེ་བ་ཡིན་པས། དེ་མེད་པ་ན་སྡུག་བསྔལ་མེད་པར་འགྱུར་བས་སོ །སྒྱུ་མ་ལྟ་བུའི་བློ་ནི། སྣང་བ་འདི་རྣམས་སྣང་ཡང་དེའི་ངོ་བོ་བདེན་པ་མིན་པར་ཤེས་ནས། འཁྲུལ་སྣང་ཙམ་དུ་བྱམས་སྙིང་རྗེ་བྱང་སེམས་ཀྱིས་ཟིན་པར་བྱས་ནས་སྒྱུ་མ་ལྟ་བུའི་བློས་སྔོན་འགྲོ་ས་གནོན་གྱི་རིམ་པ་ལ་འཇུག་ཅིང་དོན་དམ་པར། ཆོས་གང་ཡང་མི་སྒྲུབ་མི་སྤོང་ལ་སྣང་ཙམ་ཉིད་ནས་དེའི་རང་བཞིན་གྱི་སྟོང་པར་ཤེས་པར་བྱས་ལ་འཇུག་གོ །རྫོགས་རྗེས་ལ་མཚམས་སྦྱོར་བའི་ཚིག་སྟེ་གོ་སླའོ། །གཉིས་པ་ལ་ཡོན་ཏན་སྐྱེད་པའི་རྒྱུ་ཟབ་རྒྱས་གཉིས་བཤད། ཡོན་ཏན་འཕེལ་བའི་ཐབས་ཟབ་རྒྱས་གཉིས་བཤད། ཡོན་ཏན་མཐར་ཕྱིན་དོན་ཟབ་རྒྱས་གཉིས་བསྟན་པའོ། །དང་པོ་ནི། སྡོམ་ལ། སེམས་བསྐྱེད་པ་དང་གསོལ་བ་གདབ། །ཅེས་སོ། །སེམས་བསྐྱེད་པ་ནི། རྟེན་ཞེས་པ། ལུས་དང་བསམ་པའི་རྟེན་ནོ། །འདིར་ལུས་ཀྱི་རྟེན་ནི། འདུས་ཤེས་མེད་པ་མ་གཏོགས་པའི་འདོད་གཟུགས་ཀྱི་གང་ཟག་རྣམས་སོ། །བསམ་པའི་རྟེན་ནི། སྐྱབས་འགྲོ་ཁྱད་པར་ཅན་དེ་ཛེ་ཏཱ་རིས། སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སེམས་བསྐྱེད་པ། ཞེས་འབྱུང་བས་སོ། །སེམས་བསྐྱེད་ཅེས་པའི་སྐྱེད་བྱེད་ཀྱི་རྒྱུ་ལ། རྐྱེན་གྱིས་ཡོངས་སུ་སད་པའི་རིགས་ཀྱི་ནུས་པ་ནི་ཉེར་ལེན་གྱི་རྒྱུའོ། །དད་པ་དང་སྙིང་རྗེ་ནི་ལྷན་ཅིག་བྱེད་པའི་རྐྱེན་ནོ། །ཐོབ་བྱའི་ངོ་བོ་ལས་རང་བཞིན་ནི། གཞན་ལ་རྫོགས་བྱང་ལ་དམིགས་པའི་མཁྱེན་པ་སྟེ། སེམས་སོ། །དབྱེ་བ་སྨོན་འཇུག་གཉིས་སོ། །སྐྱེད་བྱེད་ཀྱི་ཆོ་ག་ལས་བླང་པར་བྱ་བའི་ཡུལ་ནི། བླ་མ་སྟེ། བྱང་སེམས་ཀྱི་བསླབ་པ་དང་ལྡན་པ་ལ་བླང་ཞིང་། མེད་ན། མཆོག་གསུམ་སྤྱན་སྔ་རུ་སྟེ། སངས་རྒྱས་བྱང་སེམས་མངོན་སུམ་དུ་བཞུགས་པར་མོས་པའི་དྲུང་དུ་ལེན་པའོ། །གང་ཟག་སྔ་རོལ་དུ་བཤད་ཟིན་ཏོ། །ལེན་པའི་ཚུལ་ནི། བླང་ཞིང་ཞེས་པ་སྨོན་པའི་ཆོ་ག་མཁས་པ་ཆེན་པོ་སྔ་མ་དག་གིས་མ་བཤད་མོད། །འདིར་འཇུག་པའི་ཆོ་ག་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པས་བསྟན་ཏོ། །བསླབ་བྱ་བསླབ་ཅེས་པ། སྤྱི་དང་ཁྱད་པར་གྱི་བསླབ་བྱའོ། །དང་པོ་ལ། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ལ་གུས་པ། དཀོན་མཆོག་གསུམ་གྱི་གདུང་མི་གཅོད་པ། སེམས་ཅན་བློས་མི་སྤོང་བ་སྟེ་བསླབ་པར་བྱ་བའི་ཆོས་གསུམ་མོ། །ལྟུང་བ་དང་ལྟུང་བའི་གཟུགས་བརྙན་གཉིས། ལྟུང་མེད་དང་ལྟུང་མེད་ཀྱི་གཟུགས་བརྙན་གཉིས་ཏེ་ཤེས་པར་བྱ་བའི་ཆོས་བཞི་དང་། ཞུམ་པ་སྒྱིད་ལུག་པ་འཁོར་བའི་ཉེས་དམིགས་ཀྱིས་སྐྲག་པ་སྟེ། སེམས་བསྐྱེད་ཀྱི་མི་མཐུན་ཕྱོགས་གསུམ་པོ་རྣམས་སོ། །གཉིས་པ་ཁྱད་པར་གྱི་བསླབ་བྱ་ལ། འགལ་རྐྱེན་སྤོང་བ་དང་། མཐུན་རྐྱེན་བསྒྲུབ་པའི་བསླབ་བྱའོ། །དང་པོ་ལ་རྒྱུ་དྲུག་སྤོང་བ། རང་དོན་ཤེས་རབ་ཀྱི་གེགས་གསུམ་སྤོང་བ། གཞན་དོན་ཉམས་པའི་རྒྱུ་ལྔ་སྤོང་བ་ལ་བསླབ་པའོ། །དང་པོ་ནི། ནག་པོའི་ཆོས་བཞི། མི་དགེ་བའི་གྲོགས་པོ་སྟེན་པ། བསམ་པ་ཕྲག་དོག་པ། རྒྱུ་ལ་ཁོན་དུ་འཛིན་པ། གཞན་གྱི་ཡིད་གསོད་པ་ཐམས་ཅད་དུ་དམན་པ་ལ་མོས་པ་སྤང་བའོ། །གཉིས་པ་ནི། ཐོས་པ་ལ་མི་མོས་པ། བསམ་པ་ལ་གཡེལ་བ། སྒོམ་པ་ལ་ལྷོད་པ་སྤང་བའོ། །གསུམ་པ་ནི། སྦྱོར་བ་ལེ་ལོ་ཆེ། སྤྱོད་པ་གཞན་མ་དད། དངོས་གཞི་དུས་སུ་ཕན་མི་འདོགས། ཆོས་མིན་པ་ལ་འགོད། རྗེས་ལམ་གོལ་བ་ལ་སྦྱོར་བའོ། །གཉིས་པ་མཐུན་རྐྱེན་བསྒྲུབ་པའི་བསླབ་བྱ་ལ། སྐྱེས་བུ་དམ་པའི་སྨོན་པ། མི་ཉམས་པའི་རྒྱུ། འཕེལ་བའི་རྐྱེན་ནོ། །དང་པོ་ལ། བྱང་ཆུབ་ཐོབ་པར་བྱ་སྙམ་པ་འབྲས་བུ་དང་། ལམ་ལ་བསླབ་པར་བྱ་སྙམ་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐང་བར་བྱ་སྙམ་པ་འཕྲིན་ལས་ལ་སྨོན་པའོ། །མི་ཉམས་པའི་རྒྱུ་ལ་ཚེ་འདིར་མི་ཉམས་པའི་རྒྱུ་དྲན་པ་གསུམ་ནི། སྐྱེས་པའི་ཕན་ཡོན། ཉམས་པའི་ཉེས་དམིགས། རྙེད་པར་དཀའ་བའི་དྲན་པའོ། ཕྱི་མར་མི་ཉམས་པའི་ཐབས་གསུམ་ནི། ཡན་ལག་བདུན་པ་དུས་གསུམ་བྱེད་པ། རྒྱལ་བ་སྲས་བཅས་ལ་གསོལ་བ་འདེབས་པ། བདུད་ལས་སྤོང་བའོ། །གཉིས་གར་མི་ཉམས་པའི་རྒྱུ་བདུན་པ་ལྔ་ནི། སེམས་ཅན་དང་། ཆོས་དང་། བྱང་སེམས་དང་། དགེ་བའི་བཤེས་གཉེན་དང་བཞི་ལ་གཅེས་སྤྲས་སུ་འཛིན་པ། མྱུར་དུ་སངས་རྒྱས་ཐོབ་པར་འདོད་པའོ། །འཕེལ་བའི་རྐྱེན་ལ། དཀར་པོའི་ཆོས་བཞི་ལ་བསླབ་པ་སྟེ། བརྫུན་མི་སྨྲ་བ་དང་། གཞན་ཐེག་ཆེན་ལ་སྦྱོར་བ། བྱང་སེམས་སྟོན་པའི་འདུ་ཤེས། སེམས་ཅན་ལ་ལྷག་པའི་བསམ་པའོ། །ཚད་མེད་པ་རྣམ་པ་བཞི་ལ་བསླབ་པར་བྱའོ། །ཞེས་པའོ། གསོལ་བ་གདབ་པ་བཤད་པ་བླ་མ་སྟེ། དུས་གསུམ་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་གཅིག་ཏུ་བསྡུས་པ་གང་ཡིན་པའི་ངོ་བོ་ཉིད་དོ། །དེ་ཉིད་རྟག་ཏུ་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ལ་བཞུགས་པའི་ཕྱིར། སེམས་ཅན་གྱི་དོན་མཛད་མོད། དེ་ཡང་། དེ་དང་དེར་གདུལ་བྱའི་སྣང་བ་དང་འཚམ་པར་གཞན་གྱི་བྱ་བ་མཛད་པས་དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ཉེ་བར་གནས་སོ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པས་ན། དགོས་འདོད་ཀུན་འབྱུང་ཞེས་བྱའོ། །དེ་སྐད་དུ་རྒྱུད་ལས། ཀུན་རྫོགས་གཟུགས་ཀྱིས་སེམས་ཅན་དོན་བྱེད་པ། །མི་ཕམ་དཔའ་བོས་མགོ་བོ་ལྟུང་བྱས་ཤིང་། །མི་གཡོ་རྡོ་རྗེ་ལྟ་བུའི་ཐུགས་ཀྱི་གནས། །སངས་རྒྱས་རྡོ་རྗེ་འཛིན་དང་དབྱེར་མེད་པའོ། །ཞེས་དང་། སྙིང་ནི་སྙིང་པོ་ཀུན་གྱི་རྩ་བ་མཆོག་གཅིག་པུ། །བདེ་བའི་འབྲས་བུས་སྐྲུན་པར་བྱེད་པའི་ཞིང་། །འདི་ནི་འགྲོ་བའི་གཙོར་གྱུར་བླ་མེད་དང་། །རྒལ་དཀའ་སྒྲོལ་བ་འདི་ལས་གཞན་མེད་དོ། །ཞེས་འབྱུང་བས་སོ། །གཞན་ཡང་དཔལ་ནཱ་རོ་པས། ཀུན་ལ་བླ་མའི་རྣལ་འབྱོར་ཤིས། །ཅི་དགུ་ཐམས་ཅད་བླ་མ་ལ། །གསོལ་བ་བཏབ་པས་འབྱུང་བར་འདུག །ཅེས་སོ། །དེ་ལྟ་བུའི་དགེ་བའི་བཤེས་གཉེན་སྐལ་བ་མེད་པ་རྣམས་ཀྱིས་ཡུན་རིང་དུ་བསྟེན། རང་གི་ལས་ཀྱིས་ཉེས་པས་བསྐྱེད་ཅིང་དེའི་དབང་དུ་གྱུར་པས། ཡོན་ཏན་གྱི་ཚོགས་མ་མཐོང་བས། རབ་ཏུ་སྨད་དེ་སྤང་བར་བྱེད་དོ། །དཔེར་ན། ཉ་པའི་ཚོགས་ཀྱིས་རྒྱ་མཚོ་ལས་རིན་ཐང་ཚད་མེད་པའི་རིན་པོ་ཆེ་རྙེད་པར་གྱུར་ནས་རབ་ཏུ་བསྣམས་ཤིང་ཡང་ཡང་དུ་བདར་བར་བྱས་ཀྱང་། དྲི་རོ་ཁ་དོག་འདོད་པ་བཞིན་མ་རྙེད་པས། རྣམ་པར་སྨད་དེ་སླར་རྒྱ་མཚོ་དེ་ཉིད་དུ་འདོར་བར་བྱེད་པ་ཇི་བཞིན་ནོ། །དེ་ལྟ་བུ་ལས་བཟློག་པའི་གང་ཟག་རྣམས་ཀྱིས། སྐྱེས་བུ་ཆེན་པོ་དེ་ཉིད་ལ། ལུས་བརྟན་གཡོ་འབུལ་ཞིང་ཞེས་པས། ཕྱག་འཚལ་བ་དང་། ཕྱི་ནང་གསང་བ་དེ་ཉིད་ཀྱིས་མཆོད་པར་བྱེད་པ་ནས་བཟུང་སྟེ་གསོལ་བའི་བར་གྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་འཇུག་ཅིང་བརྩོན་པར་བྱའོ། །དེ་ལ་མཆོད་པ་འོས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་ཤིང་། སྡིག་པ་མཐའ་དག་ཟད་པར་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་ཐོབ་པར་བྱེད་པ་སྟེ། དཔལ་སྡོམ་པ་འབྱུང་བ་ལས། དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བསགས་ཤིང་། །དཀའ་ཐུབ་མ་བརྟེན་ཅི་ཞིག་ཡོད། །ཅེས་གསུངས་སོ། །གསོལ་བ་གདབ་ཅེས་པ། སྐྱེས་བུ་གཙོ་བོ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་ཤེས་པར་བྱ་སྟེ། དེ་དང་ཚུལ་མཐུན་པར་རྣལ་འབྱོར་རྣམ་པ་བཞིའི་སྒོ་ནས་ལམ་དུ་བྱེད་པ་སྟེ། དེ་བས་ན། དམ་པ་གང་གི་དྲིན་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐད་ཅིག་གིས་ཐོབ་པར་འགྱུར་ཏེ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །ཞེས་པས་སོ། །དཔེར་ན་ལྷའི་དབང་པོས་ཆར་གྱི་རྒྱུན་ཆེན་པོ་ཕབ་ཀྱང་། རུལ་བ་ལ་སོགས་པ་སོན་མི་རུང་བ་འཁྲུངས་པར་མི་བྱེད་པ་ཇི་བཞིན་དུ། མོས་གུས་མི་ལྡན་པ་ལ། དམ་པའི་བྱིན་རླབས་མི་འཇུག་པས་དེ་ཁོ་ན་ལ་ནན་ཏན་དུ་བྱའོ། །གཉིས་པ་ནི། སྡོམས་ལ། དགོས་མེད་བཟློག་བསྒོམ་ཞིང་སྙིང་རྗེ་ཆིག་ཆོག་རྩལ་རྫོགས་ལས་སྤེལ་སྦྱང་། དབང་བླང་བ་དང་གདམས་ངག་གིས། །སྡེ་ཚན་བསྡུས་ཏེ་བསྟན་པའོ། །དེ་ཡང་། ཆགས་ཞེན་འཁོར་བའི་ཉེས་དམིགས་བསམ། །ཞེས་པ། ཇི་སྲིད་བདག་ལ་ཆགས་པ་ཡོད་པ་དེ་སྲིད་དུ། འཁོར་བ་པར་འགྱུར་ཏེ། བདག་ཏུ་འཛིན་པ་ཡོད་ན་གཞན་དུ་འདུ་ཤེས་པ་འབྱུང་ལ། དེ་བས་བདག་གི་ཆ་ལ་འཛིན་དང་། གཞན་གྱི་ཆ་ལ་སྡང་བ་འབྱུང་བས། འདི་དག་དང་ཡོངས་སུ་འབྲེལ་བ་ལས་ཉེས་པ་ཐམས་ཅད་འབྱུང་བའི་ཕྱིར་ན། ཇི་སྲིད་བདག་ལ་ཆགས་པ་མ་བཅོམ་པ་དེ་སྲིད། སྡུག་བསྔལ་གྱི་རྒྱ་མཚོ་སྐེམས་པར་ནུས་པ་མ་ཡིན་ནོ། །དེ་བས་དེ་འཇོམས་པའི་ཐབས་བཤད་པ། ཚེ་འདི་བློས་བཏང་ཞེས་པ་གང་ལ་ཞེན་པ་ཡོད་ན་དེ་ཡིས་འཆིང་བར་འགྱུར་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཅིང་། ཞེན་པ་དང་བྲལ་ན་གང་གིས་ཀྱང་འཆིང་དོན་མེད་པས་ན། གང་ལ་ཞེན་པར་འགྱུར་བའི་དངོས་པོ་ཐམས་ཅད་བཏང་ན་རྒྱལ་བ་སྲས་བཅས་རྣམས་ཀྱི་མཛད་པ་ལ་འཇུག་གོ །དཔལ་ས་ར་ཧས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །ཞེས་སོ། །དགོས་མེད་བསྒོམ་ཞེས་ཆོས་ཐམས་ཅད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་གྱུར་པས་ཞེན་ཆགས་ཀྱི་ཆོས་རྣམས་དེ་ཉིད་ཀྱི་རང་བཞིན་གྱིས་སྟོང་པར་ཤེས་པར་བྱའོ། །བཟློག་པའི་སྒོམ་པ་བསྟན་པ། སྡུག་བསྔལ་ཀུན་གྱི་རྩ་བ་ཡིན། རེ་དོགས་གཉིས་ལ་ཞེས་པ། གནས་ཚུལ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་གཟུང་འཛིན་རེ་དོགས་ཀྱི་ཕྱག་རྒྱ་གང་གིས། སྐྱེ་བོ་རྣམས་བསླུས་པར་གྱུར་པས། འཁོར་བ་ན་རང་དབང་མེད་པར་འཁོར་བར་གྱུར་ཏོ། །དེ་ལྟར་རྣལ་འབྱོར་དབང་ཕྱུག་ཆེན་པོས། སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས་ཞེས་སོ། །བཟློག་བསྒོམ་བྱ་ཞེས་པ། ཐབས་གཞན་ལ་མ་བལྟོས་པར། གང་དང་གང་གིས་འགྲོ་བ་སྲིད་པར་འཆིང་བར་བྱེད་པ་དེ་ཉིད་སྲིད་པ་ལས་གྲོལ་བར་བྱེད་པའི་ཐབས་ཏེ་གཉེན་པོ་འཁྲུལ་བ་མེད་པའི་ཤེས་རབ་བོ། །དེ་ལྟར་དགྱེས་རྡོར་ལས། སྐྱེས་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་དང་། ཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་ཀྱང་གསུངས་སོ། །དེས་མི་འཆིང་ཞིང་གྲོལ་བར་འགྱུར་བ་ནི། གཉིས་སུ་སྣང་བ་ཡོད་ཀྱང་དེར་འཛིན་པ་མེད་པ་སྟེ། དཔེར་མེ་ལོང་ནང་གི་གཟུགས་བརྙན་གྱིས་སུ་ཡང་འཆིང་བར་མི་བྱེད་པ་བཞིན་དང་། སྒྱུ་མའི་གཟུགས་བརྙན་ལ་སྒྱུ་མར་འདུ་ཤེས་པས་སུ་ཡང་འཆིང་བར་མི་བྱེད་དོ། །དེ་ནས་ཞིང་ཁམས་སྦྱང་བ་བསྟན་པ། ཅིར་སྣང་རང་སེམས་རྣམ་འཕྲུལ་ཡིན། །ཞེས་པ། ཆོས་ཐམས་ཅད་ངོ་བོའི་སྒོ་ནས་ཡོད་མ་མྱོང་བ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་དང་། རྣམ་པའི་ཆ་ནས་མེད་མ་མྱོང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། བྱེད་ལས་ཀྱི་སྒོ་ནས་ཅིར་ཡང་འཆར་བས་སྤྲུལ་པའི་སྐུར་གྲུབ་སྟེ། སྒྲིབ་པ་མེད་ཅིང་འོད་གསལ་བ་བརྟན་གཡོ་ཐམས་ཅད་དེའི་རང་གདངས་སུ་ཤར་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། འཇམ་དཔལ་ཞལ་ལུང་ལས། དངོས་ཀུན་གཙོ་བོ་རང་སེམས་ཀྱི། །ངོ་བོ་ཉིད་དེ་དེ་རྟོགས་ན། །ཞེས་དང་། གྲུབ་པའི་སློབ་དཔོན་དཔལ་འཕགས་པ་ལྷའི་ཞལ་སྔ་ནས། ཁམས་གསུམ་འདི་དག་གཞལ་ཡས་ཁང་། །སྲོག་ཆགས་འདི་དག་དཀྱིལ་འཁོར་པ། །ཞེས་གནས་ཚུལ་དང་མཐུན་པར་མན་ངག་གིས་གཏན་ལ་ཕབ་པས་སྲིད་ཞི་མཉམ་པ་ཉིད་དུ་སྦྱོར་བར་བྱེད་དོ། །མན་ངག་སྟེ་གང་ཞེ་ན། ཞིང་ཁམས་སྦྱང་ཞིང་སེམས་ཉིད་འདུལ། །ཞེས་པས། རྟོགས་མ་རྟོགས་ཀྱི་དབང་གིས་འཁོར་འདས་སུ་བཞག་པས་ན། དོན་ཇི་ལྟ་བ་བཞིན་མངོན་དུ་བྱའོ། །དེའི་རྗེས་ཐོགས་སུ་བྱམས་སྙིང་རྗེ་བཤད་པ་བསྒོམ་པའི་ཡུལ་ནི། སྡུག་བསྔལ་རྒྱུ་འབྲས་གྱིས་མནར་བའི། །འགྲོ་བ་ཞེས་པ། སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་སྤྱོད་པའི་འཁོར་བ་པ་རྣམས་ལའོ། །བྱམས་དང་ཞེས་པ། བརྩེ་བས་སེམས་ཅན་རྣམས་བདེ་བ་དང་ཕྲད་པར་འདོད་པ་ཡིན་ལ། མདོ་སྡེ་རྒྱན་ལས། སྙིང་རྗེ་འཆུ་བ་བྱམས་པ་སྟེ་ཞེས་པས། དེའི་སྒོམ་པའི་ཚུལ་ནི། རང་གི་ཉེ་ཞིང་གཅགས་པ་དེར་སེམས་ཅན་རྣམས་བསྒོམས་ལ་བྱམས་པ་སྦྱང་ངོ་། །སྙིང་རྗེ་བསྒོམ་ཞེས་པ་སྡུག་བསྔལ་དང་བྲལ་བར་འདོད་པ་སྟེ། དེ་སྐྱེ་བའི་རྐྱེན། བདེ་དང་སྡུག་བསྔལ་རྒྱུ་ལས་ནི། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །ཞེས་པའོ། །ཇི་ལྟར་བསྒོམ་པའི་ཚུལ་ནི། སྒྱུ་མ་ལྟ་བུའི་སེམས་ཅན་རྣམས། སྒྱུ་མ་ལྟ་བུའི་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ན་ཅི་མ་རུང་སྙམ་དུ་བསྒོམ་པའོ། །གཞན་དུ་སྙིང་རྗེ་རྣམ་པ་གསུམ་ཀ་བསྒོམ་པར་ཡང་བཤད་དོ། །དེ་ལྟར་ཡང་། འཇུག་པ་ལས། འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །ཞེས་པའོ། ཆིག་ཆོག་བཤད་པ། ཉམས་ལེན་རྩ་བ་ཆིག་ཆོག་ཡིན། །ཞེས་པས་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་ལེན་པར་བྱེད་པའི་རྩ་བ་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའོ། །དེ་ཉིད་སྒོམ་ཐབས་གཉིས་ཀྱིས་ཞེས་པ། ཡོན་ཏན་སྐྱེ་བའི་དང་། རྗེས་ཐོབ་རྩལ་རྫོགས་པའི་རྟེན་འབྲེལ་གྱིས་ཉམས་སུ་བླང་ཞེས་པའོ། །ཇི་ལྟར་ཞེ་ན། རྩ་བ་གཅིག་དང་ཡན་ལག་བཞི། །དམ་ཚིག་གསུམ་ནི་ཁྲིད་དུ་བྱ། །ཞེས་པས་སོ། །དེ་ཡང་། རྡོ་རྗེ་གུར་ལས། སྟོང་ཉིད་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རབ་བསྒོམ་པ། །དེ་ལ་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱིས་ཀྱང་བསྟན་པའོ། །ཞེས་གསུངས་པས་སོ། །དེ་ལས་བཟློག་པ་ནི། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཕྱིན་ཅི་ལོག་ཡིན་པས། རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་བྱ་བ་སྟེ། དཔལ་བྲམ་ཟེ་ཆེན་པོས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་པས་སོ། །རྩལ་རྫོགས་བཤད་པ། ཆོས་ཀུན་མཐར་ཐུག་ཕྱག་རྒྱ་ཆེ། །སྤྱོད་ལམ་རྩལ་རྫོགས་རྒྱན་དུ་བསྐྱང་། །ཞེས་པ། ཇི་ལྟར་ནགས་ལ་མཆེད་པའི་མེ་ལྕེ་ཀུན་ཏུ་གཡོ་ཞིང་འབར་བ་འབད་མེད་དུ་འཇུག་ཅིང་མི་མཐུན་ཕྱོགས་ཀྱི་བརྫི་བར་མི་ནུས་པ་བཞིན། ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་དབང་དུ་བྱེད་མི་ནུས་ཤིང་མ་དག་པའི་ཕྱོགས་སྣང་བར་མི་ནུས་པ་དང་གང་དུའང་འཆར་བའི་ཕྱིར། མུན་པ་ཟད་པ་དང་སྣང་བ་ཤར་བ་དུས་གཅིག་ཏུ་གྲུབ་པ། བདེན་གཉིས་ཡེ་ཤེས་ཀྱི་མིག་གཅིག་ཏུ་འགྲོགས་པའི་རྩལ་ལས་འབྱུང་བ་སྟེ། བསྒྲུབ་བྱ་ཕྱོགས་ཆ་དང་བྲལ་བ་དང་། དེ་ཉིད་སྒྲུབ་པའི་ཐབས་ཀྱང་། ཕྱོགས་དང་རིས་སུ་ཆད་པ་མེད་པར། དུས་གསུམ་གྱི་ཆོས་ཐམས་ཅད་ལ་མཉམ་པར་འཇུག་པ་སྟེ། རྩལ་སྦྱང་བ། འདི་ལྟར་ཤེས་པ་ལས་ནི། བསམ་མི་ཁྱབ་པའི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་ཐོགས་མེད་དུ་འཇུག་པའི་ཡེ་ཤེས་ཀྱི་སྣང་བའི་སྐད་ཅིག་གིས་ཆོས་ཐམས་ཅད་རྟོགས་ཤིང་ཁོང་དུ་ཆུད་པ་ཡིན་ནོ། །དེ་སྐད་དུ། མཚན་ཡང་དག་པར་བརྗོད་པ་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་སོ། །ལས་འབྲེལ་བཞག་པ་བཤད་པ། མཐོང་ཐོས་དྲན་རེག་སེམས་ཅན་ལ། །འབྲེལ་བ་སྣ་རེས་ཡལ་མི་དོར། །ཞེས་པ། རྣལ་འབྱོར་པ་རྣམས་ཀྱིས་རང་གི་འདོད་པ་དོན་དུ་གཉེར་བ་སྤངས་ཏེ། གཞན་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་གྱུར་པའི་བྱ་བ་ལ་རབ་ཏུ་བརྩོན་པ་བསྐྱེད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྫོགས་པར་བྱ་ཡི། དེ་ལས་བཟློག་པ་ནི། རྫོགས་པའི་སངས་རྒྱས་རྣམས་འཁྲུངས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྱི་བར་མི་འོས་པས་སོ། །དེ་ཡང་། སྐྱེས་བུ་དམ་པ་རྣམས་ཀྱི་སྔོན་རབས་དང་། ད་ལྟར་གྱི་མཛད་པ་དང་། མ་འོངས་པའི་དུས་སུ་འབྱུང་བའི་བྱ་བ་ལུང་ལས་བཤད་པ་ཇི་ལྟ་བ་བཞིན་དང་དུ་བླང་བར་བྱའོ། །སྤེལ་སྦྱང་བཤད་པར་བྱ་བ། ལས་གང་བསགས་མི་བསླུ་རྗེས་སུ་འབྲང་ཞེས་པ། དཔེར་ན། མེ་ཆུང་ངུས་བུད་ཤིང་གི་ཚོགས་སྲེག་པར་བྱེད་པ་ལྟར། མ་རིག་པ་ཆུང་ངུའི་ཆུང་ངུ་ལས་བརྩམས་ཏེ་འཁོར་བའི་གནས་སྐབས་མཐར་ཐུག་གི་བར་དུ་གྲུབ་པ་དང་། དགེ་བའི་རྩ་བ་ཆུང་ངུ་ནས་བརྩམས་ཏེ་མྱ་ངན་ལས་འདས་པའི་སར་འཕེན་པར་བྱེད་པའོ། དེ་ལྟར། ལུས་ཅན་ཀུན་གྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །བསགས་སྦྱང་གཉིས་ཀྱི་སྤེལ་སྦྱང་བྱ། །ཞེས་པ། དགེ་བའི་རྩ་བ་ཕྲ་ཞིང་ཕྲ་བ་ནས་སྤེལ་བར་བྱེད་པ་སྟེ། ཇི་ལྟར་ཆུང་ངུ་ཡང་ཐབས་དང་བཅས་ན་དཔག་ཏུ་མེད་པར་འགྱུར་བའི་ཕྱིར་རོ། །སྡིག་པ་མི་དགེ་བ་ནི། ཕྲ་ཞིང་ཕྲ་བ་ནས་སྦྱང་དགོས། དུག་ཆུང་ངུས་མི་ཆེན་པོ་འཇོམས་པར་བྱེད་པ་བཞིན། མི་དགེ་བ་ཆུང་ངུས་དགེ་བ་ཆེན་པོ་འཇོམས་པར་བྱེད་པས་སོ། །ཚུལ་ཇི་ལྟར་ཞེ་ན། དང་པོ་ནི། དགེ་བའི་རྩ་བ་བསགས་ཤིང་། བསྔོ་བའི་སྒོ་ནས་སོ། །གཉིས་པ་ནི། བླ་མ་དམ་པའི་མན་ངག་གི་ཐབས་ལ་མཁས་པས། ཤེས་སྒྲིབ་སྤང་བའི་ཐབས་ལ་འབད་པས། ཉོན་མོངས་རང་ཤུགས་ཀྱིས་སྤངས་པ་ཡིན་ནོ། །དཔེར་ན་དུག་གི་སྡོང་པོའི་རྩ་བ་དྲུངས་ཕྱུང་བའི་ཐབས་ལ་འབད་པས་ཡལ་ག་དང་ལོ་མ་རང་ཤུགས་ཀྱིས་བསྐམས་པར་འགྱུར་བ་བཞིན་ནོ། །དབང་བཤད་པ། ཐེག་ཆེན་སྔགས་ཀྱི་ཁྱད་ཆོས་ཡིན། །དབང་བཞི་བསྐུར་ཞིང་ཞེས་པ་འབྲས་བུ་ལམ་དུ་བྱེད་པའི་ཐེག་པ་ལས་གཞན་ལ་མ་གྲགས་པས་ཁྱད་ཆོས་སོ། །དེའི་ནང་ནས་ཀྱང་བླ་ན་མེད་པའི་རྒྱུད་སྡེ་མ་ཡིན་པ་གཞན་གསུམ་ལ། དེ་བཞིར་མ་གྲགས་པས་ཁྱད་ཆོས་སོ། །གཏོར་བ་དང་བླུགས་པར་བྱེད་པས་དབང་ངོ་། །དེ་ཡང་མ་དག་པའི་དྲི་མ་བཞི་འཁྲུད་པ་དང་། སྐུ་བཞིའི་ནུས་པ་འཇོག་པར་བྱེད་པ་གཏོར་དང་བླུགས་པ་ཞེས་བརྗོད་དོ། །བཞི་ཞེས་པ། བུམ་པ་དང་། གསང་བ་དང་། ཤེས་རབ་དང་། ཤེས་རབ་ཆེན་པོ་བཞིར་དབྱེ་བས་སོ། །བཞིར་ངེས་པ་ཅི་ཞེ་ན། འཇིག་དང་འགྱུར་དང་དེ་ནས་འཛག །དེ་ནས་འགྱུར་བ་མེད་པ་མཆོག །ཅེས་པའི་དོན་གྱིས་སོ། །བསྐུར་བ་སྟེ་རྡོ་རྗེའི་སློབ་དཔོན་གྱིས་རྡོ་རྗེའི་སློབ་མ་ལའོ། །ཚུལ་ཇི་ལྟར་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་སོ། །དེ་ནས་དེའི་གདམས་ངག་བཤད་པ། གདམས་ངག་ཅེས་པ། བསྐྱེད་རིམ་དང་། རྫོགས་པའི་རིམ་པའོ། །དེ་ལ་མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་གཉིས་སོ། །བསྒོམ་པ་ཞེས་པ། རིམ་པ་གཉིས་ཟུང་དུ་འཇུག་པར་བསྒོམ་པ་སྟེ། རིམ་གཉིས་མཉམ་པར་གཞག་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་པས་སོ། །གསུམ་པ་ཡོན་ཏན་མཐར་ཕྱིན་དོན་ཟབ་རྒྱས་གཉིས་བསྟན་པ་ནི། སྡོམས་ལ། རྟེན་འབྲེལ་སྨོན་ལམ་གྱིས་བསྡུས་སོ། །རྟེན་འབྲེལ་བཤད་པ། འགྲོ་བ་ཐར་པར་དྲང་བའི་ཕྱིར། །ཕྱི་ནང་གསང་བའི་རྟེན་འབྲེལ་བསྒྲིག །ཅེས་པས་འགྲོ་བ་ཐམས་ཅད། ཐར་པའི་གྲོང་ཁྱེར་ཆེན་པོ་བླ་ན་མེད་པར་འཇུག་པའི་ཐེམ་སྐས་ལྟ་བུ་ཕྱི་དང་ནང་དང་གསང་བའི་རྟེན་འབྲེལ་ལེགས་པར་འགྲིག་པ་ཡིན་ནོ། །དེ་བས་དེ་ལ་རྟེན་འབྲེལ་རྣམ་པར་གསུམ་ལེགས་པར་བསྒྲིགས་པ་ཤིན་ཏུ་གཅེས་པས། རྣམ་འབྱོར་པ་རྣམས་ཀྱིས་ནན་ཏན་བྱ་བར་རིགས་ཏེ། རྟེན་འབྲེལ་འཆུག་འགྲིག་གི་གནད་ནི་འདི་ཁོ་ན་ལས་གཞན་མ་ཡིན་ནོ། །སྨོན་ལམ་བཤད་པ། བདག་འགྲོ་བའི་དཔལ་མགོན་བྱེད་པ་དང་། འཁོར་བ་རྒྱུན་གཅོད་སྨོན་ལམ་གདབ། ཅེས་པ་སྨོན་ལམ་ཆེན་པོ་འབུམ་ཕྲག་བཅུ་པོ་གང་ཡིན་པ་ནི་བརྒྱད་དུ་འདུས། དེ་ཡང་སྨོན་ལམ་ཆེན་པོ་བཅུ་པོ་འདིར་འདུ་སྟེ། གང་ཞེ་ན། སངས་རྒྱས་ཀུན་མཆོད་ཀུན་གྱི་དམ་ཆོས་འཛིན། །ཀུན་གྱི་དྲུང་འགྲོ་སྤྱོད་པ་རྒྱ་ཆེན་བསྒྲུབ། །སེམས་ཅན་ཡོངས་སྨིན་འཇིག་རྟེན་ཁམས་ཀུན་འཇུག །ཞིང་ཀུན་ཡོངས་སྤྱོད་ཐེག་ཆེན་ལམ་འཇུག་དང་། །སྤྱོད་ཀུན་དོན་ཡོད་ཐེག་ཆེན་བསྒྲུབ་པར་སྨོན། །ཞེས་མདོ་སྡེ་ས་བཅུ་པ་དང་། བྱང་ས་ལས་གསུངས་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་སྡོམས་སུ་མཛད་པ་དང་མཐུན་པར་རོ། །དེ་ཡང་བསྡུ་ན། རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང་། །ཞེས་བྱ་བ་འདིར་འདུ་བས་བློ་དང་ལྡན་པའི་གང་ཟག་རྣམས་ཀྱིས་འབད་པས་བསྒྲུབ་པར་རིགས་སོ། །གསུམ་པ་མཐའ་མར་དགེ་བའི་དོན་རྗེས་བསྟན་པ་ནི། རྗེས་ཀྱི་སྤྱོད་ལམ་ཡི་དམ་བླང་བའི་ཆོ་ག་དང་། དཔལ་མཻ་ཏྲི་པའི་ལྟ་བ་ངན་སེལ་ལས་ཇི་ལྟར་འབྱུང་བ་ལྟར། ཉམས་སུ་ལེན་པས་སྤྱོད་ཅིང་། སྔོན་དུ་བཤད་མ་ཐག་པ་ཐུན་བཞིར་བསྒྲུབ་པར་བྱ་སྟེ། དེ་ལྟར་ཐུན་བཞིར་ཉམས་སུ་བླངས་ན། དགེ་སྡིག་གང་བྱུང་ལམ་དུ་འགྲོ། །ལུང་མ་བསྟན་རྣམས་དགེ་བར་འགྱུར། །ཚོགས་གཉིས་རྒྱ་ཆེན་ཤུགས་ལ་རྫོགས། །གནས་སྐབས་དལ་འབྱོར་དོན་དང་ལྡན། །མཐར། རྣམ་མཁྱེན་སངས་རྒྱས་ཚེ་འདིར་ཐོབ། །རྒྱས་པར་ཕྱེ་ན་རང་རང་ལ། །ཡོན་ཏན་ལྡོག་པ་མི་འདྲ་བ། །གནས་སྐབས་མཐར་ཐུག་གཉིས་ཀ་འབྱུང་། །ཞེས་པ་གོ་སླའོ། གསུམ་པ་ལམ་འདི་ཉིད་ཀྱི་དོན་བསྡུས་པར་བཤད་པ་ནི། སྡེ་སྣོད་ཀྱི་གཞུང་རྒྱ་མཚོ་ལྟ་བུ་ལས་བྱུང་བའི་བསྟན་བཅོས་འདི་ནི། རྣལ་འབྱོར་པ་ལས་དང་པོ་པ་ནས་བཟུང་སྟེ། ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོ་སྔོན་དུ་བྱས་པའི་བར་གྱི་སྐྱེས་བུ་རྣམས་ཀྱིས་ཉམས་སུ་བླང་བྱར་གྱུར་ཏོ། །ཞེས་བཤད་པ། ལམ་ཚང་ལ་མ་ནོར་གདམས་པ་འདིར། །ཕར་ཕྱིན་དྲུག་དང་སྡེ་སྣོད་གསུམ། །རྒྱུ་སྡེ་བཞི་དང་སྡོམ་གསུམ་ཚོགས། །རྒྱལ་བའི་གསུང་རབ་མ་ལུས་འདུས། །རྗེ་གོང་མ་རྣམས་ཀྱི་གཤེགས་ཤུལ་ཡིན། །དུས་གསུམ་རྒྱལ་བའི་གཞུང་ལམ་ཡིན། །ལམ་གོལ་འཆུག་མེད་པ་ཨ་ལ་ལ། །ཆོས་ཀུན་དང་མཐུན་པ་ངོ་མཚར་ཆེ། །ཞེས་སོ། །གསུམ་པ་མཐར་ཕྱིན་པའི་བྱ་བ་མཇུག་གི་ཡན་ལག་ནི། བདག་འདྲ་བློ་དམན་སྤྲོས་ལ་དགའ་བ་ཡིས། །རྗེ་ལ་གསོལ་གདབས་གསུང་སྒྲོས་ཅུང་ཟད་བཀྲོལ། །ཐུགས་དགོངས་མ་ལོན་འགལ་འཁྲུལ་ཅི་མཆིས་རྣམས། །ཆོས་བདག་གོང་མ་རྣམས་ཀྱིས་བཟོད་པར་གསོལ། །འདི་བཀོད་དགེ་བས་མཐུན་རྐྱེན་བླ་མ་ཡི། །བསྟན་པ་རབ་རྒྱས་ཐུགས་དགོངས་ཐར་ཕྱིན་ཤོག །གཞན་ཡང་བདག་གི་དུས་གསུམ་དགེ་བ་ཡིས། །མཁའ་མཉམ་འགྲོ་ཀུན་ཚེ་འདིར་སངས་རྒྱས་ཤོག །ཅེས་པ་གོ་སླ་བས་མི་སྤྲོའོ། །བདག་ཉིད་ཆེན་པོ་གཙང་པ་རྒྱ་རས་པའི་ཐུགས་དམ་དགེ་སྦྱོར་བདུན་པའི་གསུང་སྒྲོས་གྲུབ་པའི་དབང་ཕྱུག་འབྲས་མོ་བ་སངས་རྒྱས་འབུམ་ཞེས་གྲགས་པའི་དགེ་བའི་བཤེས་གཉེན་དེས་མཛད་པའི་གཞུང་འགྲེལ་རྫོགས་སོ།། །།འདིར་སྨྲས་པ། ཟབ་དང་རྒྱ་ཆེའི་གཏིང་མཐའ་དཔོག་པར་མི་ནུས་པའི། །རྒྱལ་བའི་གསུང་རབ་རྒྱ་མཚོ་ཆེ་ལས་ལེགས་བཤད་ཀྱི། །ཡིད་བཞིན་ནོར་བུ་རིན་ཐང་མེད་རྙེད་འགྲོ་རྣམས་ཀྱི། །འདོད་དོན་མ་ལུས་སྐོང་བྱེད་འདི་ལས་གཞན་མ་བྱུང་། །ཐར་པའི་ལམ་གྱི་སྙིང་པོར་གྱུར་བའི་ནོར་བུ་ཆུ་ཤེལ་འདི། །ཆོས་དང་ཆོས་མིན་ཤེས་པའི་མཁས་པའི་ཡིད་ཀྱི་མཁར་གནས་ནས། །འགྲོ་བའི་བློ་ཡི་མུན་པ་སྟུག་པོ་གང་རྣམས་བསལ་བྱས་ཏེ། །ཡོན་ཏན་མཆོག་གི་ཀུ་མུ་ཏ་ཁ་ཕྱེ་ནས་རྣམ་པར་རྒྱལ། །བྱང་ཆུབ་མཆོག་བརྙེས་ཉི་མ་ཐུགས་རྗེའི་འོད་འབར་བ། །ཐུབ་བསྟན་ཡངས་པའི་ཁྱོན་དུ་དེང་ཤར་འཛམ་གླིང་གི །ཕུན་ཚོགས་དགེ་ལེགས་བྱེ་བའི་པདྨོ་རྒྱས་བྱེད་ཅིང་། །ལོག་སྡེ་ཚང་ཚིང་ཀུན་སྲེག་འཇིགས་མེད་བླ་མས་སྐྱོངས། །བདག་ནི་སྐྱེ་བ་ཀུན་དུ་སངས་རྒྱས་རྣམས་ཀྱི་ནི། །དམ་པའི་ཆོས་འཛིན་འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་བགྱིད། །གཞན་ཡང་ཚུལ་འདིར་སྤྱོད་རྣམས་གོ་འཕང་མྱུར་ཐོབ་ནས། །རྟག་ཏུ་གཞན་གྱི་དོན་མཛད་དེ་བར་གེགས་མེད་ཤོག །ཅེས་པ་འདི་ནི། དགེ་སློང་ནོར་བུ་རབ་འཕེལ་གྱིས་བསྐུལ་བའི་ངོར། ཀློག་པ་དང་སྤོང་བའི་ཚུལ་ལ་གོམས་འདྲིས་ཅུང་ཟད་དང་ལྡན་པ་ཤཱཀྱའི་སྲས་པོ་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས། བོད་ཡུལ་ཤར་ཕྱོགས་ཀྱི་ལྗོངས་དཔལ་སྤྲིན་ཐོག་ཆོས་ཀྱི་ཕོ་བྲང་དང་ཉེ་བའི་ལྗོན་ཤིང་གི་ཚལ་གྱི་ཅོག་སྒར་ཤེལ་གྱི་གཞལ་མེད་ཁང་ཆེན་པོར་ཆོ་འཕྲུལ་གྱི་དུས་བཟང་པོ་ལ་སྦྱར་བ་རྫོགས་སོ།། །།མངྒ་ལཾ།། །།


previousཐུགས་དམ་དགེ་སྦྱོར་བདུན་པའི་འགྲེལ་པ་ཐར་པའི་ལམ་ངེས་པར་བསྟན་པ།next