Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་སྔགས་དོན་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་སྔགས་དོན་རྣམ་པར་བཤད་པ།next

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་སྔགས་དོན་རྣམ་པར་བཤད་པ།

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་སྔགས་དོན་རྣམ་པར་བཤད་པ་ཞེས་བྱ་བ་བཞུགས་སོ། །རྗེ་བཙུན་དམ་པ་ཡོན་ཏན་ཡེ་ཤེས་དཔལ་བཟང་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །རྟག་པའི་སྙིང་རྗེ་གནམ་ཀས་འཁྱུད་པ་རྣམ་པ་ཀུན་ལྡན་སྟོང་པའི་མདངས། །བསྒྲིབས་དང་དག་དང་ལྟ་བའི་ཡུལ་གྱི་ཆུང་འབྲིང་ཆེན་པོའི་ཁྱོན་ཅིར་ཡང་། །འདི་ན་རྟོག་གང་དོན་གཉིས་ཉི་ཟླའི་གསལ་བས་ཁྱབ་ཚེ་མཐའ་དབུས་སུ། །འབྱེད་པར་མ་སྤོབས་ཁྱབ་གདལ་ཆེན་པོར་ད་གཟོད་ངེས་ལ་ཕྱག་འཚལ་ལོ། །ཨེ་མ་མཐུ་སྟོབས་ཞབས་རྡུལ་གྱིས། །གཙུག་ཏུ་རེག་པས་བློ་གྲོས་མཐུ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བའི། །མདོ་དོན་འགྲེལ་པའི་ཕྱོགས་སུ་ལྷུང་། །མཁས་པ་ཕལ་ཆེར་རབ་དགའ་ལྟར། །རྒྱུད་ཀྱི་སྒྲ་ཙམ་སྦྱོར་ལ་ཆགས། །འབད་ཀྱང་རྣམ་གནོན་གོམ་པ་བཞིན། །དྲང་དོན་སྲིད་པའི་མཐའ་མ་རྒོལ། །གྲུབ་པའི་སྡེ་རྣམས་ངེས་གསང་གི །བདུད་རྩིའི་བུམ་པ་བགོར་ཧམས་ཀྱང་། །བདག་བློ་དཔལ་མོའི་དཔལ་དགྲ་ཡི། །སྦྱངས་སྟོབས་མགྲིན་པའི་ཕུག་ཏུ་འཐུངས།། །།འདིར་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་སྔགས་བཤད་པར་བྱ་བ་ལ་གཉིས་ལས། སྤྱི་དོན་གྱི་རྒྱུད་རྣམ་པར་གཞག་པ་དང་། བཤད་པའི་ཚུལ་གྱིས་སྐབས་ཀྱི་དོན་རྟོགས་པར་བྱ་བ་རྣམ་པ་གཉིས་ལས། དང་པོ་ནི། གང་ཞིག་རྒྱུན་ཆགས་པ་དེ་ནི་རྒྱུད་དུ་བརྗོད་དེ། ཇི་སྐད་དུ། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་གསུངས་པས་སོ། །རྒྱུད་དེ་ལའང་བརྗོད་པར་བྱ་བའི་དོན་དང་། གདུལ་བྱའི་ཁྱད་པར་ལ་རྗོད་པར་བྱེད་པའི་དབྱེ་བས་རྣམ་པ་གཉིས་དང་། །དེ་གཉིས་ཀའི་སྒོ་ནས་རྣམ་པ་བཞིར་ཡང་བཤད་དེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པའོ། །འགའ་ཞིག་རྒྱུད་གོང་མའི་ལྟ་བ་དང་། འོག་མའི་སྤྱོད་པ་སྟོན་པའི་གཉིས་ཀའི་རྒྱུད་དང་ལྔའོ་ཞེས་ཟེར་ཡང་མི་འཐད་དེ། དེ་ལྟ་ན། རྒྱུད་ལ་ལ་ནས་རྒྱུད་ཕལ་ཆེར་གྱི་དོན་ཚང་བར་གསུངས་པའང་ཡོད་པས་རྒྱུད་སྡེ་ལྔ་ལས་ཀྱང་ལྷག་པར་འགྱུར་རོ། །དེའི་ཕྱིར་རྒྱུད་སྡེ་ནི་བཞི་ཁོ་ནའོ། །དེ་དག་ནི་ལྷ་དང་སྔགས་དབྱེར་མེད་པས་རིག་པ་འཛིན་པའི་སྡེ་སྣོད་དེ། དེ་ཡང་རིག་པ་འཛིན་པའི་སྡེ་སྣོད་གསལ་བའོ་ཞེས་གསུངས་པ་དང་། སྔགས་ཉིད་ལྷ་སྟེ་དེ་ཉིད་སྔགས། །ཞེས་གསུངས་སོ། །དེ་ལྟ་བུ་དེ་ལ་མདོ་སྡེར་ཡང་གྲགས་ཏེ། གསང་སྔགས་མདོ་སྡེའི་ཚུལ་དུ་ངས་བཤད་ཉོན། །ཞེས་གསུངས་སོ། །དེ་ལས་འདིར་ནི་བྱ་བའི་རྒྱུད་ཁོ་ན་སྟོན་པའི་སྐབས་ཡིན་པས་དེ་བརྗོད་པར་བྱའོ། །དེ་ལའང་སྤྱིའི་རྒྱུད་དང་། བྱེ་བྲག་གི་རྒྱུད་གཉིས། བྱེ་བྲག་གི་རྒྱུད་ལའང་། ལས་ཚོགས་གཙོ་བོར་སྟོན་པ་རྟོག་པའི་རྒྱུད། རིགས་གསུམ་དུ་ཕྱེ་ནས་སོ་སོར་སྟོན་པ་རྩ་བའི་རྒྱུད་དེ། སངས་རྒྱས་གསང་བས། དེ་ཡང་བཞི་སྟེ་བྱ་བའི་རྒྱུད། །སྤྱི་དང་བྱེ་བྲག་དེ་ལ་གཉིས། །རྟོག་པ་དག་ནི་ལས་སུ་བཤད། །རིགས་གསུམ་ཕྱེ་ལས་ཞེས་གསུངས་སོ། །རིགས་གསུམ་ཞེས་པའང་། དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་སོ། །འོན་ཀྱང་འཁོར་དུ་ནོར་བུའི་རིགས་དང་། ལྔས་རྩེན་གྱི་རིགས་དང་། འདི་དང་། བལ་གླང་དང་། རྒྱས་པའི་རིགས་མིང་གི་རྣམ་གྲངས་དང་། འཇིག་རྟེན་པའི་རིགས་ཏེ་དྲུག་ཏུ་ཕྱེ་བས། རྒྱུད་སྡེ་འདི་ལ་སྒོ་དྲུག་པ་ཞེས་པའི་རྣམ་གཞག་མཛད་མོད། འོན་ཀྱང་དངོས་གྲུབ་ཁྱད་པར་ཅན་སྒྲུབ་པའི་ཆོ་གའི་གཙོ་བོ་ནི་རིགས་གསུམ་དུ་འདུ་བའི་དོན་གྱིས་ན་རིགས་གསུམ་དུ་གསུངས་པ་ཡིན་ནོ། །དེ་ལས་འདིར་རྡོ་རྗེའི་རིགས་འཆང་ངོ་། །དེ་ལའང་། ལོངས་སྤྱོད་རྫོགས་པའི་སྐུའི་གཙུག་ཏོར་དང་། ཞལ་དང་། ཤངས་དང་། དཔུང་པ་དང་། ཐུགས་ཀ་དང་། ལྟེ་བ་དང་། གསང་བ་དང་། ཞབས་ཀྱི་བོལ་གོང་ལ་སོགས་པ་ནས་སྤྲུལ་པའི་ཁྲོ་བོ་བྱུང་སྟེ། དེས་ཞུ་བ་པོ་བྱས་པ་ལ་བཤད་པའི་རྒྱུད་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ཅིའང་ཞིག་ཡོད་པ་ཐམས་ཅད་ཀྱི་དོན་ཟབ་མོ་མདོར་བསྡུས་ཏེ་བསྟན་པ་ནི་འདི་ཡིན་པས། དེ་དག་གི་མན་ངག་གི་རྒྱུད་དུ་གཟུང་ངོ་། །ཡང་ རྡོ་རྗེ་ལྷུན་པོ་རི་རབ་ཟོམ་གྱི་རྒྱུད་ཅེས་བྱ་བ་ལེའུ་བརྒྱ་དང་བརྒྱད་པའི་ལེའུ་དང་པོར་འདི་གསུངས་ལ། ལྷག་མ་རྣམས་ཀྱིས་འདི་རྒྱས་པར་བཤད་པའི་ཕྱིར། རྒྱུད་དོ་ཅོག་གི་རྩ་བ་ཞེས་སམ། རྩ་བའི་རྒྱུད་ཆེན་པོ་ཞེས་བྱ་སྟེ། སངས་རྒྱས་གསང་བའི་ཞལ་སྔ་ནས། འདི་ནི་རྩ་བའི་རྒྱུད་ཆེན་ཏེ། །རྡོ་རྗེ་ལྷུན་པོ་རི་རབ་ཟོམ། །རྒྱུད་དོ་ཅོག་ནི་བརྒྱ་རྩ་བརྒྱད། །དེ་ཡི་དང་པོར་འདི་གསུངས་པས། རྩ་བ་བཤད་པར་རབ་ཏུ་གྲགས། །ཞེས་གསུངས་པས་སོ།། །། གཉིས་པ་བཤད་པའི་ཚུལ་གྱིས་སྐབས་ཀྱི་དོན་རྟོགས་པར་བྱ་བ་ལ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་གསུམ་ལས། དང་པོ་ནི། དོན་དང་རྣམ་པའི་རྡོ་རྗེ་རྣམ་པར་འཇོམས་པ་ནི་བརྗོད་པར་བྱ་བ་ཡིན་ལ། གཞུང་འདི་ནི་རྗོད་པར་བྱེད་པའོ། །རྗོད་པར་བྱེད་པ་འདི་བཤད་པས་མ་རུངས་པ་འདུལ་བ་དང་། ཉན་པ་པོས་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ནོ། །ཁོང་དུ་ཆུད་པའི་གང་ཟག་གིས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱེད་པ་ནི་དགོས་པའི་དགོས་པའོ། །དེ་ལྟ་བུའི་བརྗོད་བྱ་དང་རྗོད་བྱེད་དག་ཐབས་དང་ཐབས་ལས་བྱུང་བ་སྟེ་འབྲེལ་བའོ། །གཉིས་པ་བསྡུས་པའི་དོན་ནི། སངས་རྒྱས་གསང་བས། སྔོན་བྱུང་སངས་རྒྱས་སྤྲུལ་པ་དང་། །རྗེས་འཇུག་མངོན་རྟོགས་མན་ངག་གོ །དང་པོ་ལ་ནི་རྣམ་བཞི་སྟེ། །རྒྱུ་དང་རྐྱེན་དང་འབྲས་བུ་དང་། །དེ་ཡི་མཇུག་ནི་བསྡུ་བར་འདོད། །དང་པོ་ལྔ་ཡིན་གཉིས་པ་ལ། །གཉིས་ཏེ་དེ་དག་གཉིས་གཉིས་གསུངས། །གསུམ་པ་གསུམ་སྟེ་དང་པོ་ལ། །གཉིས་གཉིས་དག་ཏུ་ཤེས་པར་བྱ། །བཞི་པ་གཉིས་སུ་དང་པོ་གཉིས། །གཉིས་པ་བཞི་རུ་ཤེས་པར་བྱ། །དང་པོ་གཉིས་པ་མན་ངག་བཞིན། །དབང་པོ་རབ་འབྲིང་ཐ་མ་ལ། །བཤད་པ་རྣམ་པ་གསུམ་བྱའོ། །དགོས་པ་རྣམ་པ་གཉིས་སུ་བསྟན། །ཚིག་དོན་བརྒལ་ལན་མཚམས་སྦྱར་བ། །རྣམ་པ་ལྔར་ནི་འདིར་ཤེས་བྱ། །ཞེས་གསུངས་པ་ཉིད་དོ། །གསུམ་པ་ཚིག་དོན་ལ། ཕུན་སུམ་ཚོགས་པ་རྣམ་པ་ལྔས་རྒྱུད་འབྱུང་བའི་རྒྱུ་བཤད། གླེང་བསླང་བས་རྒྱུད་འབྱུང་བའི་རྐྱེན་བཤད། དེ་གཉིས་ཀྱི་འབྲས་བུ་རྡོ་རྗེའི་སྔགས་བཤད། མཇུག་སྡུད་ཀྱི་ཆོ་ག་ཕན་ཡོན་དང་བཅས་ཏེ་བསྟན་པ་བཞི་ལས། དང་པོ་ནི། ཐོག་མར་འདིའི་མཚན་བསྟན་པས་དོན་རྟོགས་པར་ནུས་པའི་གང་ཟག་ལ་ངེས་པར་བསྟན་པའི་ཕྱིར། རྒྱ་གར་སྐད་དུ། བཛྭ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མི་ཕྱེད་ཅིང་མི་ཤིགས་པའི་ཕྱིར་ན་རྡོ་རྗེ་སྟེ། སྟོང་པ་ཉིད་རྣམ་པ་ཀུན་དང་ལྡན་པའི་ཡེ་ཤེས་སོ། །དེ་ལས་བྱུང་བ་ལྷ་དང་གཟུངས་ལའང་དེ་སྐད་ཅེས་བྱ་སྟེ། དེ་ཡང་རྡོ་རྗེ་ཞེས་བརྗོད་པས། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོན་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་པ་དང་། ལྷ་དང་སྔགས་ནི་རྡོ་རྗེར་འདུས། །ཞེས་གསུངས་སོ། །དེ་ལྟ་བུའི་རྡོ་རྗེ་དེས་གཞན་རྣམ་པར་འཇོམས་པས་ན་རྡོ་རྗེ་རྣམ་པར་འཇོམས་པའོ། །གཞན་ཞེས་བྱ་བ་ནི། འབྱུང་པོ་ལ་སོགས་པ་དང་། རྣམ་པར་རྟོག་པའི་ཚོགས་སོ། །གང་དུ་འཇོམས་ན་དེའི་རང་བཞིན་ཉིད་དུའོ། །གཟུངས་ཞེས་བྱ་བ་ནི། སྒྲུབ་པ་པོ་རྣམས་ཀྱིས་བསྟེན་ཅིང་དྲན་པར་བྱ་བ་ཡིན་པས་ནའོ། །ལྷ་ཞེས་བྱ་བའང་། སྟོང་པ་ཉིད་ཀྱི་ལྷ་དང་། སྒྲའི་ལྷ་དང་། ཡི་གེའི་ལྷ་དང་། གཟུགས་ཀྱི་ལྷ་དང་། ཕྱག་རྒྱའི་ལྷ་དང་། མཚན་མའམ་ཏིང་ངེ་འཛིན་གྱི་ལྷའོ། །དེ་ལས་ཕྱག་རྒྱ་ཞེས་པ་ནི་དོན་དམ་པ་ཆོས་ཀྱི་དབྱིངས་ཐོག་མཐའ་མེད་པའི་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་ཡིན་ལ། དོན་དམ་པའི་ལྷ་དེ་དང་འབྲེལ་བའི་སེམས་དཔའ་དང་། ལྷར་བཏགས་པའི་ལུས་ཀྱི་འདུ་བྱེད་དམ། བྲིས་པའམ། ཡིད་ཀྱིས་བཏགས་པའི་མཚན་མའོ། །སྔགས་ནི། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་ཏེ། སྔགས་ཀྱིས་ལྷ་ལ་སོགས་པ་དགུག་ཅིང་གསང་སྟེ་བརྗོད་པ་ཡིན་པས་ན་གསང་སྔགས། མ་རིག་པའི་གཉེན་པོར་གྱུར་པ་ལྷ་མོའི་གཟུགས་སུ་བཞུགས་པས་རིག་སྔགས། སྔགས་ཀྱི་ཆོས་དང་དོན་དང་ཚིག་མི་བརྗེད་པར་འཛིན་ཅིང་ཁྱད་པར་གྱི་རིམ་པ་ཐོབ་པར་འགྱུར་བས་གཟུངས་སྔགས་ཞེས་བྱའོ། །མདོར་བསྡུ་ན། རྡོ་རྗེས་ནི་རང་གི་དོན་ཕུན་སུམ་ཚོགས་པ་སྟེ་ཆོས་སྐུ་སྟོང་པ་ཉིད་དོ། །རྣམ་པར་འཇོམས་པས་ནི་མཛད་པ་རྣམ་པ་བཞིའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །གཟུངས་ཞེས་བྱ་བ་ནི་གཉིས་ཀའི་དོན་ཕུན་སུམ་ཚོགས་པ་སྟེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བཤད་པ་ཡིན་ནོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། འདི་སྐད་ནི། གཞུང་འདིའི་དོན་དང་། ཚིག་མ་ལུས་པ་ལ་འཇུག་པར་བྱེད་དོ། །ཚིག་དོན་དེ་སྒྲོ་སྐུར་དང་བྲལ་བ་སུས་ཐོས་ཤེ་ན། སྡུད་པ་པོའང་ཕྱག་ན་རྡོ་རྗེ་ཉིད་ཀྱིས་མཛད་པས་ཏེ། གསང་བ་ཐམས་ཅད་འཛིན་པའི་ཕྱག་ན་རྡོ་རྗེ་བདག་གིས་ཐོས་སོ། །གང་ལས་ཐོས་ན། བརྒྱུད་པ་མ་ཡིན་པར་བཅོམ་ལྡན་འདས་ལས་སོ། །འོ་ན འདི་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ། རྡོ་རྗེ་རྣམ་པར་འཇོམས་པས་སྨྲས་པ་ཡིན་པས་ན་བཅོམ་ལྡན་འདས་ལས་ཐོས་པ་ཞེས་ཇི་ལྟར་རུང་ཞེ་ན། འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཡིན་ཏེ་ཁྲོ་བོ་གཉིས་པོ་དེ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་དང་། དེ་དག་ལ་དེའི་ནུས་པ་ཞུགས་པས་འགལ་བ་མེད་དོ། །མདོ་གཞན་བཞིན་ནོ། །དུས་ཇི་ཙམ་ན་ཐོས་ན། སྐད་ཅིག་གཅིག་ལ་ཐོས་ཏེ། ཤེས་རབ་ཆེ་བར་སྟོན་པའོ། །གང་དུ་ཐོས་ཤེ་ན། རྡོ་རྗེ་ལ་བཞུགས་པ་ལས་ཐོས་ཏེ། རྡོ་རྗེ་རིན་པོ་ཆེའི་གནས་རི་རབ་ཀྱི་ཤར་ལྷོ་ན་རྡོ་རྗེ་ལྷུན་པོ་རི་རབ་ཀྱི་ཟོམ་ཞེས་བྱ་བ། ཕྱོགས་ལ་སོགས་པ་རྡོ་རྗེས་གཏམས་པ་དེར་ཐོས་ཏེ། རྒྱལ་པོ་ལོག་པའི་སྙིང་པོའམ། མ་སྐྱེས་དགྲས་འཛམ་བུའི་གླིང་དུ་ཕ་བསད་པའི་དུས་དེའི་ཚེ། འབྱུང་པོ་དང་མི་མ་ཡིན་པ་ཐམས་ཅད་འཁྲུགས་ནས་ནད་ལ་སོགས་པ་སྣ་ཚོགས་པ་བྱུང་ངོ་། །དེར་སེམས་ཅན་ཐམས་ཅད་སྡུག་བསྔལ་ཏེ་སྐྱོ་བས་སོ་སོ་ནས་ལྡོངས་ཤིང་སྨྲའོ། །དེ་རྒྱལ་པོ་ཆེན་པོ་བཞིས་མཐོང་ནས་བཅོམ་ལྡན་འདས་ལ་བསྐུལ་བས། ཅང་མི་གསུང་བར་ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ། དེས་རྡོ་རྗེ་གསོར་ཞིང་ཁས་བླངས་ནས་རྡོ་རྗེ་རྣམ་པར་འཇོམས་པ་སྤྲུལ་ཞིང་། དེས་ཁྲོ་བོ་བཅོ་ལྔའི་དཀྱིལ་འཁོར་སྤྲུལ་པ་དེར་གསུངས་པས། འབྱུང་པོ་དང་རྒྱལ་པོ་མ་སྐྱེས་དགྲ་ཐུལ་ཏེ། འདི་ལ་ཞུགས་པས་བྱང་ཆུབ་ཐོབ་པར་བྱེད་དོ་ཞེས་སངས་རྒྱས་གསང་བ་དང་སྨྲི་ཏི་ཛྙྱཱ་ན་བཞེད་ལ། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་ནི། བྱང་ཆུབ་ཀྱི་ཤིང་དྲུང་། རྡོ་རྗེ་གདན་གྱི་གཞལ་མེད་ཀྱི་ཁང་ཆེན་པོར་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་བར་དུ་གཅོད་པའི་བདུད་ཀྱི་ཚོགས་མང་པོ་ལྷགས་པར་གྱུར་པ་ན། དེ་བཞིན་གཤེགས་པས་ཕྱག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ནས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་ཀྱིས་ལུས་མ་རུངས་པའི་ཁྲོ་བོར་བསྒྱུར་ཏེ། བདུད་འདི་དག་ཐུལ་ཅིག་ཅེས་གསུངས་པས། ཕྱག་ན་རྡོ་རྗེས་བདག་ཉིད་ཀྱི་ལུས་ཁྲོ་བོའི་རྒྱལ་པོ་རྣམ་པར་འཇོམས་པར་བཞེངས། དེས་ཁྲོ་བོའི་ལྷ་ཚོགས་སྤྲོས་ཏེ་བཤད་པར་བཞེད་དོ། །མདོར་བསྡུ་ན། འདི་སྐད་ཀྱིས་ཆོས། བདག་གིས་འཁོར། དུས་གཅིག་གིས་དུས། བཅོམ་ལྡན་འདས་ཀྱིས་སྟོན་པ། རྡོ་རྗེ་ལ་བཞུགས་པ་ཞེས་པས་གནས་ཏེ་ཕུན་སུམ་ཚོགས་པ་ལྔས་བསྟན་ནོ། །ངེས་པའི་དོན་དུ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བསྒྱུར་ཞིང་བཅོས་སུ་མི་རུང་བའི་ཕྱིར་གཞན་དུ་མ་ཡིན་གྱིས། འདི་ལྟར་རོ་ཞེས་བསྟན་པའི་དོན་གྱིས་འདི་སྐད་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་ལས་མ་གཡོས་ཤིང་དེ་ཁོ་ན་ཉིད་ཡིན་པས་ན་བདག་གིས་དང་། འོ་ན དེ་བཞིན་ཉིད་ལ་ཁ་དོག་དང་དབྱིབས་ལ་སོགས་པའི་རང་བཞིན་མེད་པས་ཇི་ལྟར་རྟོགས་པར་རུང་སྙམ་པ་ལ་དེའི་ཕྱིར་བླ་མའི་དྲིན་ལས་རྟོགས་པར་འགྱུར་ཞེས་གསུངས་པ་ནི་ཐོས་པ་དང་། དེ་ལྟ་བུའི་བླ་མ་རྙེད་དཀའ་ཞིང་། དེས་རྗེས་སུ་བཟུང་ཡང་དེ་ཁོ་ན་ཉིད་མྱུར་དུ་རྟོགས་པར་དཀའ་སྟེ། རིམ་གྱིས་སྦྱངས་པ་ལས་ནམ་ཞིག་ན་རྟོགས་པར་འགྱུར་བས་དུས་གཅིག་ན་དང་། དེ་ལྟར་རྟོགས་པ་མཐར་ཐུག་པའི་གནས་སྐབས་ནི་ཕྱིན་ཅི་ལོག་འཇོམས་པའི་སྐལ་བ་ཅན་ཏེ། བྷ་ག་ཞེས་པའི་དོན་ནི་བཅོམ་པའམ་སྐལ་པ་ཡིན་པའི་ཕྱིར་རོ། །གང་བཅོམ་ཞེ་ན་བདུད་བཞི་བཅོམ་པས་ཏེ། སྐྱེ་བ་ནི་ཕུང་པོ་མངོན་པར་ལེན་པས་ན་ཕུང་པོའི་བདུད་དོ། །རྒ་བ་ནི་ལེགས་པ་ལས་ཉམས་པས་ན་ལྷའི་བུའི་བདུད་དོ། །ན་བ་ནི་བདེ་བས་འཕོངས་ཤིང་ཉོན་མོངས་པས་ན་ཉོན་མོངས་པའི་བདུད་དོ། །འཆི་བ་ནི་ཉིང་མཚམས་སྦྱོར་བར་འགྱུར་བས་ཏེ་འཆི་བདག་གི་བདུད་དོ། །བདུད་དེ་རྣམས་གང་ལས་འབྱུང་ཞེ་ན་ཉོན་མོངས་པས་བསྐུལ་བའི་ལས་ལས་འབྱུང་བའོ། །དེའང་གང་ལས་འབྱུང་ན་བག་ཆགས་དང་བཅས་པའི་སེམས་ལས་འབྱུང་བས་དེ་གང་གིས་བཅོམ་པ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་གང་ལའང་མི་གནས་པ་ཞེས་བྱའོ། །སྐལ་པ་ནི་ལེགས་པ་རྣམ་པ་དྲུག་གི་སྤྱི་ལ་བྱ་སྟེ། གཟུགས་དང་། གྲགས་པ་དང་། དབང་ཕྱུག་དང་། དཔལ་དང་། ཤེས་རབ་དང་། བརྩོན་པའོ། །ཝཱན་ནི་ལྡན་པ་ལ་བཤད། འདས་པ་ནི་འཇིག་རྟེན་པའི་བྷ་ག་ཝཱ་ན་ལས་བླ་ཐབས་སུ་བསྣན་པ་སྟེ་དེའི་ཕྱིར་བཅོམ་ལྡན་འདས་སོ། །རྡོ་རྗེ་ལ་ཞུགས་པ་ཞེས་བྱ་བ་ནི། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་ལས་མི་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །མདོར་བསྡུ་ན། འདི་སྐད་བདག་གིས་རྒྱུའི་རྒྱུད་དང་། ཐོས་པ་དུས་གཅིག་ན་ཐབས་ཀྱི་རྒྱུད་དང་། བཅོམ་ལྡན་འདས་རྡོ་རྗེ་ལ་ཞུགས་ཏེ་ཞེས་པས་འབྲས་བུའི་རྒྱུད་བསྟན་ནོ།། །། གཉིས་པ་གླེང་བསླང་བས་རྒྱུད་འབྱུང་བའི་རྐྱེན་བཤད་པ་ལ། གླེང་བསླང་བའི་རྒྱུ་དང་། གླེང་བསླང་བ་དངོས་གཉིས་ལས། དང་པོ་ནི། བྱིན་གྱིས་བརླབས་པ་དང་། རྗེས་སུ་མཐུན་པའི་ཏིང་ངེ་འཛིན་རྣམ་པ་གཉིས་སུ་གནས་པ་ལས་དང་པོའི་དབང་དུ་བྱས་ནས། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས། གཏི་མུག་གི་གཉིད་ལས་སད་ཅིང་། ཡེ་ཤེས་པདྨ་རྒྱས་པ་ལྟར་གྱུར་པས་སངས་རྒྱས་ཏེ་འདིར་ཤཱཀྱ་ཐུབ་པ་ལ་བྱའོ། །དེའི་མཐུ་ནི་དེའི་སྟོབས་ཀྱི་ནུས་པ་སྟེ། ཁབ་ལེན་གྱིས་ལྕགས་འདྲེན་པ་ལྟ་བུའོ། །ལག་ན་རྡོ་རྗེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཡིན་ཏེ། དོན་གཉིས་སུ་མེད་པའི་ཡེ་ཤེས་འཆང་བ་ཡིན་ལ། རྣམ་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། གསང་བ་གསུམ་སྟོན་པ་དྲག་པོའི་རྡོ་རྗེ་ཐོགས་པས་ཏེ། འཁོར་གྱི་གཙོ་བོ་གནོད་སྦྱིན་ཁྲོ་བོ་འཇིགས་པ་མཐུ་སྟོབས་དང་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འཛིན་པར་གྲགས་པ་འདིའོ། །ལུས་ནི་བསགས་པའི་ཕྱིར་ཏེ། ཕྱག་ན་རྡོ་རྗེས་ཚོགས་བསགས་པ་ལས་བྱུང་བའི་ལུས་ཀྱི་ཆ་ཤས་རྣམས་སོ། །ཐམས་ཅད་ཅེས་པ་ནི། ངག་དང་ཡིད་ཀྱང་ངོ་། །རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི། རིན་པོ་ཆེའི་རྡོ་རྗེ་ལྟར་བདག་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་བསྐྲུན་པའོ། །རྗེས་སུ་མཐུན་པའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་དེ། རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ནི། མི་རྟོག་པའི་ཡེ་ཤེས་ལ་གནས་བཞིན་དུ་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་སྒྱུ་མའི་སྐུར་དཀྱིལ་འཁོར་སྤྲུལ་པ་དང་། རྒྱུད་བཤད་པ་ལ་དབང་ཐོབ་པར་བྱའོ་སྙམ་པའི་ཏིང་ངེ་འཛིན་ཐུགས་རྩེ་གཅིག་པར་བཞུགས་པ་སྟེ། འདི་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་འདྲ་བར་མཐོང་ལ། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་སྒྱུ་མ་ལྟ་བུར་མཐོང་ངོ་ཞེས་གསུངས་སོ། །དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་དང་ཞེས་པའི་སངས་རྒྱས་ཀྱི་མཐུ་ནི། བཅོམ་ལྡན་འདས་ཉག་གཅིག་གི་ནུས་པས་དཀྱིལ་འཁོར་སྤྲུལ་པའི་སྟོབས་བསྐྱེད་པའོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་ཞེས་བྱ་བ་ནི། ཕྱོགས་བཅུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནུས་པ་ཅི་ཡོད་པས་བྱིན་གྱིས་བརླབས་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་ཞེས་པའི་བྱང་ཆུབ་སེམས་དཔའ་ནི། དོན་དམ་པའི་འབྲས་བུ་གཉིས་སུ་མེད་པ་ལ་སྨོན་པ་དང་འཇུག་པས་གནས་པའོ། །དེ་ཡང་། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །དེ་ལ་སེམས་དཔའ་གང་ཡིན་པ། །བྱང་ཆུབ་སེམས་དཔའ་ཞེས་བཤད་དོ། །ཞེས་གསུངས་པས། ས་ཆེན་པོ་ལ་གནས་པ་ཐམས་ཅད་ཀྱིས་ནུས་པ་ཅི་ཡོད་པས་བྱིན་གྱིས་བརླབས་པའོ། །རྡོ་རྗེ་ཁྲོ་བོ་ནི་ལག་ན་རྡོ་རྗེའི་ཐུགས་གཉིས་སུ་མེད་པའི་ཁྲོ་བོ་གདུག་པ་ཚུལ་དགུ་དང་ལྡན་པར་འབྱུང་བའོ། །དེ་ལས་བྱུང་བ་ནི་དེས་སྤྲུལ་པ་སྟེ། གང་བྱུང་ཞེ་ན། རྡོ་རྗེ་སྙིང་པོ་སྟེ། རྣམ་པར་འཇོམས་པའི་ལྷ་ཚོགས་ལྷ་དང་སྔགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ། །དེས་རབ་ཏུ་སྨྲས་ཏེ་ནི། མྱུར་བར་སྔགས་གསུངས་པ་སྟེ་ཕྱག་ན་རྡོ་རྗེས། རྡོ་རྗེ་རྣམ་པར་འཇོམས་པ་འཁོར་བཅས་སྤྲུལ་ཏེ་མདུན་གནས་པ་ལ་བཀའ་བསྒོ་བས། དེར་རྡོ་རྗེ་རྣམ་པར་འཇོམས་པས་སྔགས་ཀྱིས་འབྱུང་པོ་ཐམས་ཅད་འདུལ་བར་བྱེད་པ་འདི་གསུངས་སོ། །ངེས་པའི་དོན་དུ་ནི་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་སྟོན་པ་ཡིན་ནོ། །ཇི་ལྟར་སྔོན་རང་བཞིན་གྱི་དཀྱིལ་འཁོར་སྤྲུལ་པ་ལྟ་བུར། རྗེས་འཇུག་མངོན་རྟོགས་སྒོམ་པའི་གང་ཟག་གིས། སངས་རྒྱས་ཀྱི་མཐུས་ཞེས་པས། ཁྲོ་བོ་བདུད་རྩི་འཁྱིལ་བར་བྱས་ཏེ་རྡོ་རྗེ་གདན་ལ་བྱིན་གྱིས་བརླབས་པར་གསོལ་བ་དང་། རྡོ་རྗེའི་ཏིང་ངེ་འཛིན་གྱིས། སྒྲ་དང་ཡི་གེའི་དང་། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ཞེས་པས། གཟུགས་དང་། ཕྱག་རྒྱ་དང་། མཚན་མའི་ལྷ་བསྒོམ་པའི་བར་དུ་བཤད་པ་ཡིན་ནོ། །གཉིས་པ་གླེང་བསླང་བ་དངོས་ནི། རྡོ་རྗེ་རྣམ་པར་འཇོམས་པའི་སྔགས་ཀྱི་ཡོན་ཏན་འདི་ལྟ་བུའོ་ཞེས་དངོས་ཀྱི་ཚིག་ཏུ་གསུངས་པ། དེ་ལའང་གཉིས་ལས། བདག་གི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་ནི། རྫས་ཀྱི་རྡོ་རྗེ་ཕ་ལམ་ལ་ཆོས་བདུན་ཡོད་པ་དང་འདྲ་བར། སྟོང་པ་ཉིད་དང་། ལྷ་དང་། སྔགས་ཀྱི་རྡོ་རྗེ་འདིའང་ཆོས་བདུན་དང་ལྡན་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པའོ། །མི་ཆོད་པ་ཞེས་བྱ་བ་ནི། མི་རྟོག་པའི་ཡེ་ཤེས་ལ་བདུད་ལ་སོགས་པས་བར་དུ་གཅོད་མི་ནུས་པའོ། །མི་ཤིགས་པ་ཞེས་བྱ་བ་ནི། མི་རྟོག་པའི་ཡེ་ཤེས་དེ་ཉིད་མཚན་མའི་རྣམ་པར་རྟོག་པས་བཤིག་པར་མི་ནུས་པས་སོ། །བདེན་པ་ཞེས་བྱ་བ་ནི། བཏགས་པའི་དངོས་པོ་དང་བྲལ་བའོ། །སྲ་བ་ཞེས་བྱ་བ་ནི། ཉོན་མོངས་པའི་གསོབ་མི་མངའ་བའོ། །བརྟན་པ་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་གཞན་དུ་མི་འགྱུར་བའོ། །ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་བྱ་བ་ནི། ཤེས་བྱ་རྣམ་པ་གཉིས་ལ་ཐོགས་པ་མེད་པའོ། །ཐམས་ཅད་དུ་མ་ཕམ་པ་ཞེས་བྱ་བ་ནི། ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱིས་ཁྱབ་པས་སོ། །ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་ཡོན་ཏན་སྟོན་ཏེ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་བཅོ་བརྒྱད་ཀྱིས་སོ། །དེ་ལ་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ནི། སེམས་དང་ལྡན་པས་ན་སེམས་ཅན། དེ་དག་འཇིགས་པ་དང་། སྔངས་པ་དང་། འདར་བར་བྱེད་པ་ནི་སྐྲག་པར་བྱེད་པ་སྟེ། གང་གིས་བྱེད་པ་ཞེ་ན་སྔགས་ཀྱི་མཐུ་ཆེན་པོ་འདིས་སོ། །དེ་བཞིན་དུ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་ཞེས་པའི་འཇིལ་བ་ནི། སྤ་འཁུམས་ནས་འགུལ་མི་ཕོད་པའོ། །རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ་ཞེས་པའི་རིགས་སྔགས་ནི། གཞན་གྱི་ལྷའི་སྐུ་མདོག་དང་། གཟུགས་དང་། དེ་སྟོན་པའི་སྒྲ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་། སྔགས་དང་། འཁྲུལ་འཁོར་ལ་སོགས་པ་སྟེ། གཅོད་པ་ནི་བྱ་བས་བསྒྲུབ་པ་ཐམས་ཅད་ཀྱི་ནུས་པའི་སྲོག་བཅད་དེ་རྒྱུན་མེད་པར་བྱེད་པའོ། །རིག་སྔགས་ཐམས་ཅད་གནོན་པར་བྱེད་པ་ཞེས་པའི་གནོན་པ་ནི། ཕ་རོལ་གྱི་སྦྱོར་བ་ཐམས་ཅད་ཟིལ་གྱིས་མནན་ཏེ་མཐུ་མེད་པར་བྱེད་པའོ། །ལས་ཐམས་ཅད་འཇོམས་པར་བྱེད་པ་ནི། སྔོན་གྱི་ལས་སམ་ཕ་རོལ་གྱི་སྦྱོར་བ་ངན་པ་ཐམས་ཅད་ཟློག་ཅིང་ཉམས་པར་བྱེད་པའོ། །གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ་ནི། གཅིག་གིས་གཅིག་གི་དཔུང་བྱས་ནས་སྦྱོར་བའི་རིག་སྔགས་ལ་སོགས་པའི་མཐུ་རླག་པར་བྱེད་པའོ། །གདོན་ཐམས་ཅད་རླག་པར་བྱེད་པ་ཞེས་པའི་གདོན་ནི། གདོན་པར་བྱེད་པ་སྟེ་ལྷའི་གདོན་ལ་སོགས་པའོ། །དེ་དག་རླག་པ་ནི་ཐལ་བར་བྱེད་པའོ། །གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ཞེས་པ་ནི། སྔར་གདོན་དེ་དག་གིས་བཟུང་བ་ལས་གྲོལ་བར་བྱེད་པའོ། །འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ་ཞེས་པ་ནི། ཁམས་གསུམ་དུ་འབྱུང་བས་ན་འབྱུང་པོ་སྟེ། དེ་དག་འགུགས་པ་འདྲེན་པ་སྟེ་དབང་དུ་བྱས་ནས་བསྟན་པ་ལ་གནས་པར་བྱེད་པའོ། །རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ནི། བཀུག་ནས་དེ་ཞི་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་དུ་འཇུག་པ་སྟེ་ལས་ལ་འཛུད་པའོ། །མ་གྲུབ་པ་རྣམས་གྲུབ་པར་བྱེད་པ་ཞེས་པ་ནི། གང་གིས་ཞི་སོགས་བསྒྲུབས་པ་ལས་འབྲས་བུ་མ་བྱུང་བ་རྣམས་ཀྱི་འབྲས་བུ་འབྱིན་པར་བྱེད་པའོ། །གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་ཞེས་པ་ནི། སྔར་གྲུབ་པའི་འབྲས་བུ་དེའང་བར་ཆད་ཀྱིས་འཇོམས་སུ་མི་འཇུག་པར་བསམ་པའི་དོན་ཡོད་པར་བྱེད་པའོ། །འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་ཞེས་པ་ནི། ཡིད་ཀྱིས་དོན་དུ་གཉེར་བའི་དགོས་པ་ཐམས་ཅད་དེ་ཁའི་མོད་ལའམ་རིང་པོར་མི་ཐོགས་པར་ཡིད་དང་མཐུན་པར་འབྱུང་བར་བྱེད་པའོ། །སེམས་ཅན་ཐམས་ཅད་བསྲུང་བ་ཞེས་པ་ནི། ནད་དང་གདོན་ལ་སོགས་པ་མི་འདོད་པ་སྔར་མ་བྱུང་བ་དག་ཕྱིས་ཀྱང་འོང་དུ་མི་འཇུག་པར་བྱེད་པའོ། །ཞི་བ་ནི། མི་འདོད་པ་སྔར་འོངས་པ་དག་མེད་པར་བྱེད་པའོ། །རྒྱས་པ་ནི། ཚེ་དང་བསོད་ནམས་དང་ལོངས་སྤྱོད་འཕེལ་བར་བྱེད་པའོ། །སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་ནི། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པའི་མ་རུངས་པ་དག་གི་ལུས་དང་ངག་ཁེངས་ཤིང་ལས་བྱེད་མི་ནུས་པའོ། །རྨུགས་པར་བྱེད་པ་ཞེས་པའི་རྨུགས་པ་ནི། སེམས་རྨོངས་པ་སྟེ་དྲན་པ་ཉམས་སུ་བཅུག་པས་ཅིའང་མི་ཤེས་པར་བྱེད་པའོ། །དེ་ལྟར་སྐྲག་པར་བྱེད་པ་ནས་གདོན་ཐམས་ཅད་རླག་པར་བྱེད་པའི་བར་བརྒྱད་དྲག་པོ། འགུགས་པ་དང་ལས་བྱེད་འཛུད་པ་གཉིས་དབང་། མ་གྲུབ་པ་གྲུབ་པ་དང་། ཆུད་མི་ཟ་བ། འདོད་པ་སྤྱིན་པ་གསུམ་རྒྱས་པ། སྲུང་བ། ཞི་བ། རེངས་རྨུགས་པ་གཉིས་ནི་དྲག་པོ། དེ་ལྟར་འཕྲིན་ལས་བཅོ་བརྒྱད་པོ་དེ་དག་ཀྱང་ཞི་རྒྱས་དབང་དང་དྲག་ཤུལ་གྱི་ལས་བཞིར་བསྡུ་ལ། དབང་ནི་རྒྱས་པ་དང་དྲག་ཤུལ་གྱི་ཆར་བསྡུས་ནས་གསུམ་དུའང་བཤད་པ་ཡིན་ཏེ། རྒྱུད་ལས། ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དྲག་ཤུལ་སྤྱོད་པ་སྟེ། །མདོར་ན་ལས་ནི་རྣམ་གསུམ་དུ། །གསང་སྔགས་ཀུན་ལས་བསྒྲགས་པ་ཡིན། །ཞེས་གསུངས་པས་སོ། །འོ་ན བདེ་བར་གཤེགས་པས་ཞི་བ་བྱ། །རྒྱས་པ་པདྨའི་རིགས་སྐྱེས་ཀྱིས། །རྡོ་རྗེ་རིགས་གསུངས་གསང་སྔགས་ཀྱིས། །དྲག་ཤུལ་སྤྱོད་པའི་ལས་རྣམས་གསུངས། །ཞེས་གསུངས་པ་དེ་ལྟར་ན་སྔར་བསྟན་པ་དང་འགལ་ལོ་ཞེ་ན། རིགས་རེ་རེས་ཀྱང་ལས་གསུམ་གསུམ་བྱེད་པས་འགལ་བ་མེད་དེ། རྒྱུད་ལས། མཁས་པས་རིགས་ནི་གསུམ་ཆར་ལ། །རབ་ལ་སོགས་པ་བསྟན་པ་དང་། །ཞི་བ་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་གསུམ་དུ་བྱའོ། །ཞེས་བསྟན་པས་སོ། །འོ་ན རྒྱུད་དེར་རིགས་སོ་སོར་ལས་སོ་སོར་གསུངས་པའི་དགོངས་པ་ཅི་ཡིན་ཞེ་ན། འདི་ནི་དོན་གྱི་གཙོ་བོ་ལས་དགོངས་པ་ཡིན་ཏེ། དེ་ཡང་རྒྱུད་དེ་ཉིད་ལས། གླེང་གཞིའི་དབང་དུ་མཛད་ནས་ནི། །གསང་སྔགས་གང་དག་གསུངས་གྱུར་བ། །དེ་ཉིད་དེ་ལ་གཙོ་བོར་བསྟན། །ལྷག་མ་གཞན་དུ་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །གནོན་པ་དང་། ལས་ཐམས་ཅད་འཇོམས་པར་བྱེད་པ་གཉིས་ལ་ནི་དྲག་ཤུལ་དང་། ཞུ་བའི་ལས་དང་འབྲེལ་བ་གཉིས་སུ་ཤེས་པར་བྱའོ། །ཞི་རྒྱས་དབང་གསུམ་གཞན་རྗེས་སུ་འཛིན་པའི་ལས་དང་། དྲག་ཤུལ་ནི་གཞན་ཚར་གཅོད་པ་སྟེ་རྣམ་པ་གཉིས་སུའང་འདུ་བ་ཡིན་ཏེ། དེ་ཡང་ལས་ནི་སྣ་ཚོགས་པ། །མངོན་སྤྱོད་བརྒྱད་དུ་རྣམ་པར་གྲགས། །ཚར་གཅད་དང་ནི་རྗེས་བཟུང་ངོ་། །ཞེས་གསུངས་སོ། །གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །སྦ་ཞིང་དམན་པ་ལ་མི་བསྟན་པས་དང་། ནུས་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་གསང་སྔགས་ཀྱི་མཐུ་ཆེན་པོ་ཞེས་བྱའོ། །དེ་གང་ཞེ་ན། འོག་ནས་འཆད་པར་འགྱུར་བའི་རྡོ་རྗེའི་སྔགས་འདིའོ། །གང་གིས་བརྗོད་ཅེ་ན་ལག་ན་རྡོ་རྗེ་སྟེ། འདིར་རྡོ་རྗེ་རྣམ་པར་འཇོམས་པ་ལ་བྱའི། ཕྱག་ན་རྡོ་རྗེ་དངོས་མ་ཡིན་ནོ། །གང་གིས་བརླབས་ན་ཤཱཀྱ་ཐུབ་པ་ལ་སོགས་པའི་ནུས་པས་བརླབས་པ་ནི་སངས་རྒྱས་ཀྱི་མཐུ་སྟེ། དེ་ཡང་། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། ཞེས་པ་ལ་སོགས་པ་དང་། ཡང་སྟོན་ཅིང་འཆད་པ་རྣམས་ནི་སངས་རྒྱས་ཀྱི་མཐུའོ་ཞེས་བསྟན་པའི་ཕྱིར་རོ། །རྗེས་འཇུག་གདུལ་བྱའི་དབང་དུ་བྱས་ནས་འདི་སྐད་སྟོན་ཏེ། འགའ་ཞིག་ལ་མི་མ་ཡིན་པ་ལ་སོགས་པའི་གནོད་པ་བྱུང་ན་སྒྲུབ་པ་པོ་བདག་གིས་ས་ཕྱོགས་དཀར་པོ་དག་ཏུ་གོས་ལ་སོགས་པ་དཀར་པོ་བགོས་ཏེ་ཡོ་བྱད་རྣམས་དཀར་པོ་བསགས་ནས་འདི་དག་ཉིད་དང་ལྡན་པས་ཞི་བའི་ཡིད་ཀྱིས་ཞི་བའི་ལས་བྱས་ན་ཞི་བ་ཆེན་པོ་འགྲུབ་པར་འགྱུར་རོ། །འགའ་ཞིག་ཚེ་ལ་སོགས་པ་འཕེལ་བར་འདོད་ན་གོས་ལ་སོགས་པ་སེར་པོ་གྱོན་ཏེ་ཡོ་བྱད་རྣམས་སེར་པོ་བསགས་ནས་རྒྱས་པའི་ལས་བྱས་ན་རྒྱས་པ་འགྲུབ་བོ། །འགའ་ཞིག་ཤ་ཟ་བ་ལ་སོགས་པ་དྲག་པོའི་ལས་བྱེད་པར་འདོད་ན་ས་ཕྱོགས་ནག་པོ་དག་ཏུ་གོས་ལ་སོགས་པ་ནག་པོ་གྱོན་ཏེ་ཡོ་བྱད་རྣམས་ནག་པོ་བསགས་ནས་སྡང་བའི་ཡིད་གྱིས་མངོན་སྤྱོད་ཀྱི་ལས་བྱས་ན་རེངས་པ་ལ་སོགས་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བར་བསྟན་ནོ། །ཡང་དག་པའི་དོན་དུ་བཅོ་བརྒྱད་པོ་དེས་ལམ་གྱི་རིམ་པ་བསྟན་ཏེ། སེམས་ནི་རང་རིག་པ་སྟེ་ལུས་ལ་བརྟེན་པས་སེམས་ཅན་ནོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་མེས་རང་གི་རྒྱུད་ཀྱི་ཉོན་མོངས་པའི་ཞུགས་ཤིང་རྣམས་སྐྲག་པ་དང་། ཉོན་མོངས་པ་མངོན་དུ་རྒྱུ་བའི་རྩེ་འཇིལ་བ་དང་། ཕྱིའི་ཡུལ་ནི་རིག་སྔགས་ཏེ། དེ་སེམས་ལས་གཞན་པའི་དོན་དུ་མ་གྲུབ་པར་ལྟ་བས་གཅད་པ་དང་ཡུལ་ལ་འཕྲོ་བ་གནོན་པ་དང་། ལས་ནི་འབད་རྩོལ་ཏེ་དོན་ཤེས་བཞིན་དུ་བཞག་པས་འཇོམས་པ་དང་། རྣམ་པར་རྟོག་པས་སྦྱར་བས་གཞན་སྣང་གི་ལས་འཇིག་པར་བྱེད་པ་དང་། གཟུང་འཛིན་གྱི་གདོན་རང་གིས་ངང་དུ་རླག་པར་བྱེད་པ་དང་། སླར་མི་སྐྱེ་བར་བཟོས་པས་དེ་ལས་ཐལ་བར་བྱེད་པ་དང་། འབྱུང་པོ་ནི་དབུགས་ཏེ་འབྱུང་བ་བཞིའི་བདག་ཉིད་ཅན་དེ་རྣམས་དབུ་མར་འགུགས་པ་དང་། དེས་འབྱུང་བ་ལ་དབང་ཐོབ་པའི་ལས་ཐམས་ཅད་བྱེད་དུ་འཇུག་པ་དང་། དངོས་གྲུབ་རྣམ་པ་གཉིས་མ་གྲུབ་པ་ཁྲུས་བཞིས་གྲུབ་པར་བྱེད་པ་དང་། གྲུབ་པ་ནི་རྡོ་རྗེའི་ཏིང་ངེ་འཛིན་མཐོང་བ་སྟེ་ཆུད་མི་ཟ་བ་གོང་དུ་ཕྱིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་དགེ་བ་ཐམས་ཅད་འདོད་པ་བཞིན་སྦྱིན་པ་དང་། གདུལ་བྱ་འཁོར་བ་ལས་སྲུང་བ་དང་། ཇི་ལྟར་སྲུང་ཞེ་ན། ཉོན་མོངས་པ་བཞི་དང་རྗེས་སུ་མཐུན་པའི་ཕྲིན་ལས་བཞིས་སོ། །ཞི་བ་ནི། ཐབས་གང་གིས་སེམས་ཀྱི་རྒྱུ་བ་རགས་པ་རྣམས་ཞི་ནས་གནས་པའོ། །རྒྱས་པ་ནི། དེ་ལས་ལྷག་པའི་མྱོང་བ་འཐོན་པའོ། །རེངས་པ་ནི། ཞི་བར་གནས་ཤིང་ལྷག་པར་མཐོང་བས་སེམས་ཉིད་མྱོང་བར་མི་འགྱུར་བས་དེའི་ཕྱིར་རེངས་པ་ཞེས་བྱའོ། །དེ་ལ་གནས་པས་དམིགས་པའི་ཡུལ་ཅིའང་མ་གྲུབ་ཅིང་མཐོང་བའམ། ཐོབ་པའམ། རྟོག་པའི་བྱེ་བྲག་ཕྱེད་པའི་དངོས་པོར་འགྱུར་བ་ཅིའང་མེད་པའི་ཕྱིར་རྨུགས་པ་ཞེས་བྱ་སྟེ། སྟོང་པ་ཉིད་ཀྱི་ངང་ལ་གནས་པ་ཞེས་བྱའི་དོན་ནོ། །གསང་སྔགས་ཀྱི་མཐུ་ཆེན་པོ་ཞེས་བྱ་བ་ནི། སྔར་བརྗོད་པའི་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་ནི་ངོ་བོ་ཉིད་ཀྱིས་གསང་བའམ་སྦས་པ་ལྟ་བུར་གནས་ཤིང་རྟོགས་དཀའ་བས་ན་གསང་སྔགས་ཞེས་བྱའོ། །དེའི་མཐུ་ནི་ཆོས་ཉིད་ཀྱི་བདེན་པའི་ནུས་པའོ། །ཆེན་པོ་ནི་དངོས་པོ་དང་མཚན་མའི་དཔུང་ཆེན་པོའང་འཇོམས་ལ། མཚན་མས་ཚུར་གཞོམ་པའམ་གླགས་མི་རྙེད་པ་སྟེ། ཇི་ལྟར་ཉི་མས་མུན་པ་འཇོམས་ཀྱིས་མུན་པ་དེ་ལྟར་མ་ཡིན་པ་བཞིན་ནོ། །རབ་ཏུ་སྨྲས་ཞེས་པ་ནི། དོན་ཟབ་མོ་རྟོགས་པའི་མན་ངག་ཏུ་རེ་ཞིག་སྒྲོས་བཏགས་ནས་ཚིག་དང་ཡི་གེར་གསུངས་པར་ཟད་དེ། རྡོ་རྗེའི་སྙིང་པོའམ་ཡང་དག་པའི་དོན་ལ་ནི་སྨྲ་བའམ་བསྟན་པར་མི་ནུས་ཏེ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །འབྲས་བུའི་དུས་སུ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་རིག་པར་བྱའོ། །ཞི་བ་ནི། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་སོ། །རྒྱས་པ་ནི། མངོན་དུ་གྱུར་བའི་ཆོས་ཀྱི་སྐུའོ། །རེངས་པ་ནི། མངོན་སྤྱོད་དེ་བདེ་བ་ཆེན་པོ་ལ་མངོན་པར་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །རྨུགས་པ་ནི། ཡེ་ཤེས་ལ་སོགས་པ་མི་མངའ་བའི་ཕྱིར་སྤྲུལ་པའི་སྐུའོ།། །། གསུམ་པ་དེ་གཉིས་ཀྱི་འབྲས་བུ་རྡོ་རྗེའི་སྔགས་བཤད་པ་ལ། བསྙེན་པའི་སྔགས་དང་། བསྒྲུབ་པའི་སྔགས་དང་། ལས་ལ་སྦྱོར་བའི་སྔགས་གསུམ་ལས། དང་པོ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྗེས་སུ་འབྲངས་ནས་བཤད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ནམཥཙཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ཎཱ་པ་ཏ་ཡེ། དཀོན་མཆོག་གསུམ་དང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་བ་བསྟན་ནོ། །ཏདྱ་ཐཱ། འོག་མ་འདྲེན་པར་བྱེད་པ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། ཀྵྨྱུ་ཊ་ཀྵྨྱུ་ཊ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། གྷཱུརྞཱ་གྷཱུརྞཱ། གྷཱུརྞཱ་པ་ཡ་གྷཱུརྞཱ་པ་ཡ། སརྦ་ས་ཏྭ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚྷ་ཀུཊྚྷ། སཾ་ཀུཊྚྷ་ཡ་སཾ་ཀུཊྚྷ་ཡ། སརྦ་ཤ་ཏྲཱུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་བིདྱཱཾ་བཛྭ་བཛྭ། ཀྵྨྱོ་ཊ་ཡ་བཛྭ་བཛྭ། ཀ་ཊ་བཛྭ་བཛྭ། མ་ཊ་བཛྭ་བཛྭ། མ་ཐ་བཛྭ་བཛྭ། ཨཊྚྷ་ཧཱ་ས་ནི་ལ་བཛྭ་སུ་བཛྭཱ་ཡ་སྭཱ་ཧཱ། དེ་དག་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་བསྐུལ་བ་ཡིན་ལ། ཧེ་ཕུལླཀྵྭ། ནི་རུ་ཕུལླཀྵྭ། གྲྀ་་ཀུལླཀྵྭ། མི་ལི་ཙུལླཀྵྭ། ཀུ་རུ་ཀུལླཀྵྭ་བཛྭ་བིཛ་ཡཱ་ཡ་སྭཱ་ཧཱ། ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མ་ར་ཡ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བསྐུལ་བ་སྟེ་གཉིས་ནི་ཐུགས་ལ་བསྐུལ་བའོ། །བཛྭ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། སྐུའི་རང་བཞིན་ལ་བསྐུལ་བའོ། །ཙུ་རུ་ཙུ་རུ། ཙཎྜྻ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར་བཛྭ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར་བཛྭ་པྲ་བྷཉྫྱ་ནཱ་ཡ་སྭཱ་ཧཱ། ཁྲོ་བོ་བཞི་སྙིང་པོའི་སྒོ་ནས་བསྐུལ་བའོ། །མ་ཏིཧྶྭི་ར་བཛྭ། ཤྲུ་ཏིཧྶྭི་ར་བཛྭ། པྲ་ཏིཧྶྭི་ར་བཛྭ། མ་ཧཱ་བཛྭ། ཨ་པྲ་ཏི་ཧ་ཏ་བཛྭ། ཨ་མོ་གྷ་བཛྭ། ཨེ་་ཧི་བཛྭ། ཤཱི་གྷྲཾ་བཛྭ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རིདྷི་རི། དྷུ་རུ་དྷུ་རུ། སརྦ་བཛྭ་ཀུ་ལ་མཱ་བརྟ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་གསུང་ལ་བསྐུལ་བའོ། །དེ་ནས་སྐུ་གསུང་ཐུགས་སྤྱིར་བསྐུལ་བ་ནི། ནམཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལ་མཱ་བརྟ་ཡ། མཧཱ་བ་ལེ། ཀ་ཏ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻ་ལ་མ་ཡེ། ཨ་ཏི་བཛྭ། མཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། ཏིངྒ་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ་བཛྭ་ཨང་ཀུ་ཤ་ཛྷ་ལཱ་ཡ་སྭཱ་ཧཱ། འདི་ལ་ལྷ་མོའི་གླུ་ཞེས་ཀྱང་བྱའོ། །སྙིང་པོའི་སྒོ་ནས་བསྐུལ་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྭ། ཧཱུྃ་མཛད་བསྐུལ་བ། མ་ཐ་མ་ཐ་བཛྭ། གཤིན་རྗེ་གཤེད། དྷུ་ན་དྷུ་ན་བཛྭ། དབྱུག་སྔོན་ཅན། ད་ཧ་ད་ཧ་བཛྭ། གཤིན་རྗེ་མཐར་བྱེད། པ་ཙ་པ་ཙ་བཛྭ། མི་གཡོ་བ། དྷ་ར་དྷ་ར་བཛྭ། རྟ་མཆོག དྷཱ་ར་ཡ་དྷཱ་ར་ཡ་བཛྭ། གཞན་གྱིས་མི་ཐུབ་པ། དཱ་རུ་ཎ་དཱ་རུ་ཎ་བཛྭ། བདུད་རྩི་འཁྱིལ་བ། ཙྪིནྡ་ཙྪིནྡ་བཛྭ། ཁམས་གསུམ་རྣམ་རྒྱལ། བྷིནྡ་བྷིནྡ་བཛྭ་ཧཱུྃ་ཕཊ྄། སྟོབས་པོ་ཆེ་བསྐུལ་བའོ། །ཉེ་བའི་སྙིང་པོའི་སྒོ་ནས་བསྐུལ་བ་ནི། ན་མཥཙཎྜྻ་བཛྭ་ཀྲོ་དྷ་ཡ། གཙོ་བོ། ཧུ་ལུ་ཧུ་ལུ། རྡོ་རྗེ་ཕུར་པ། ཏིཥྛ་ཏིཥྛ། རྡོ་རྗེ་བེ་ཅོན། བནྡྷ་བནྡྷ། རྡོ་རྗེ་ཐོ་བ། ཧ་ན་ཧ་ན། རྡོ་རྗེ་གཏུམ་པོ། ཨ་མྲྀ་ཏེ་ཧཱུྃ་ཕཊ྄། ཕོ་ཉ་ཏེ་ལས་ཐམས་ཅད་པའོ། །བསྙེན་པའི་དུས་སུ་བཅོམ་ལྡན་འདས་ཀྱི་ཐུགས་ལ་སོགས་པ་ལ་དམིགས་ཏེ། དེ་བཟླས་པས་ཐུགས་ལ་སོགས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །བཤད་པའི་རྒྱུད་ལས། རྣལ་འབྱོར་བསྙེན་པ་གསུམ་དུ་བྱ། །ཞེས་དང་། བསྙེན་པ་གསུམ་སྟེ་ཞེས་པས། གཙོ་བོ་དང་། འཁོར་དང་། ཐམས་ཅད་འདུས་པའི་གཟུངས་ལའོ། །ཚུལ་ཇི་ལྟར་བསྙེན་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གསང་བའི་ངོ་བོ་ཉིད་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་རྣམས་གང་གོམས་པ་ལས་བྱེ་བྲག་ཏུ་འབྱུང་བའི་ཕྱིར་དེ་ནི་ཡན་ལག་བཅུར་ངེས་པའི་ཚོགས་མངོན་སུམ་དུ་བྱའོ། །ཡན་ལག་བཅུ་གང་ཞེ་ན། བདག་གི་དེ་ཁོ་ན་ཉིད་དང་། རིག་སྔགས་ཀྱི་དེ་ཁོ་ན་ཉིད་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང་། མེ་ལ་སོགས་པའི་བསམ་གཏན་རྣམ་པ་གསུམ་དང་། གསང་སྔགས་བསྒྲུབ་པ་ལ་འཇུག་པའི་ཆོ་ག་དང་། སྦྱིན་སྲེག་གི་ཆོ་ག་དང་། དབང་བསྐུར་བའི་ཆོ་ག་དང་། གནས་ཀྱི་བྱ་བའི་ནན་ཏན་ནོ། །བདག་གི་དེ་ཁོ་ན་ཉིད་ནི། གནས་པ་གསུམ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་གཞོལ་བའོ། །གནས་པ་གསུམ་ནི། འཕགས་པའི་དང་། ལྷའི་དང་། ཚངས་པའི་གནས་པའོ། །དང་པོ་ནི། འཕགས་པའི་བདེན་པ་བཞི་དང་། གཉིས་པ་བསམ་གཏན་བཞི་དང་། གསུམ་པ་ཚད་མེད་བཞིའོ། །སྟོང་ཉིད་མཚན་མེད་སྨོན་མེད་གསུམ་གྱི་རྣམ་པར་ཐར་པའི་སྒོ་སྟེ། དེ་བསྒོམ་པའོ། །རིག་སྔགས་ཀྱི་དེ་ཁོ་ན་ཉིད་ནི། རྣམ་པ་དྲུག་གི་བདག་ཉིད་དེ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་གཉིས་སུ་མེད་པའི་སྟོང་པ་ཉིད་ཀྱི་ལྷ་དང་སྒྲ་དང་། ཡི་གེ་དང་། གཟུགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་ལྷ་སྟེ། ཀུན་རྫོབ་ཀྱི་ཏིང་ངེ་འཛིན་རྣམ་པ་དང་བཅས་པའི་བྱེ་བྲག་གོ །འདི་ལ་ལྷའི་དེ་ཁོ་ན་ཉིད་ཅེས་ཀྱང་བྱའོ། །བཟླས་བརྗོད་ཀྱི་དེ་ཉིད་ནི། དམིགས་པ་གསུམ་མམ། ཡན་ལག་བཞིའི་སྒོ་ནས་ཏེ། དམིགས་པ་གསུམ་ནི། དང་པོར་ཡི་གེ་དང་། དེ་ནས་གཞི་ཟླ་བ་དང་། དེ་ནས་སྐུ་ལ་དམིགས་པའོ། །ཡན་ལག་བཞི་ནི། སྒྲ་སྔགས་ཀྱི་ཡི་གེ སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པ། གཞི་དེ་བཞིན་གཤེགས་པའི་སྐུ། གཞི་གཉིས་པ་རང་གི་ལྷའི་གཟུགས་ཏེ། འདི་ལའང་། མདུན་གྱི་དང་རང་གི་སྙིང་གའི་གསང་སྔགས་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ལ་དམིགས་པ་དང་། གསང་སྔགས་ཀྱི་སྒྲ་ལ་དམིགས་ཏེ་བཟླས་པ་གསུམ་མོ། །དེ་ནི་ཀུན་རྫོབ་ཀྱི་ཏིང་ངེ་འཛིན་རྣམ་པ་དང་བཅས་པ་ཞེས་བྱ་བ། བཟླས་བརྗོད་ལ་ལྟོས་པ་དང་བཅས་པ་སྟེ། རིག་སྔགས་དང་གསང་སྔགས་ཀྱི་གཟུགས་ལ་སོགས་པ་མངོན་དུ་བྱ་བ་གོམས་པར་བྱེད་པའི་མཚན་ཉིད་ཅན་ནོ། །བཟླས་བརྗོད་ལ་མི་ལྟོས་པར་བསམ་གཏན་ལས་གསང་སྔགས་ཀྱི་འབྲས་བུ་འདོད་པས་ནི། གསང་སྔགས་མེར་གནས་ཀྱི་དེ་ཉིད་དང་། སྒྲ་གནས་ཀྱི་དེ་ཉིད་དང་། སྒྲ་མཐའི་དེ་ཉིད་དོ། །དང་པོ་ནི། ལྷའི་བྱེ་བྲག་གི་བདག་ཉིད་གསང་སྔགས་ཀྱི་ཡི་གེ་རྣམས། སོ་སོར་ཡིད་ཀྱིས་མེ་འབར་བའི་ནང་ན་འདུག་པར་བརྟགས་ཏེ་བསམ་གཏན་ལ་གནས་པའོ། །གཉིས་པ་ནི། རིག་སྔགས་དེ་ཉིད་དབྱིབས་མེད་པ་ཚིག་ཙམ་དུ་གྲགས་པ་ལ་དང་། གསུམ་པ་སྒྲའང་འགགས་ནས་ཡོངས་སུ་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སོ་སོ་རང་གིས་རིག་པར་བྱེད་པའོ། །དེ་ནི་དོན་དམ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་སྦྱོར་བ་ཞེས་བྱའོ། །བསྒྲུབ་པ་ལ་འཇུག་པའི་ཆོ་ག་ནི། བསྒྲུབ་པ་དང་བསྒྲུབ་ཆེན་གྱི་ཐབས་སོ། །ཞི་བ་ལ་སོགས་པའི་སྦྱིན་སྲེག་དང་། དབང་བསྐུར་བ་དམ་ཚིག་ནོད་པ་དང་། གནས་ཀྱི་བྱ་བའི་ནན་ཏན་ནི་རབ་ཏུ་གནས་པ་སྟེ། མི་དང་ལྷ་ལའོ། །མི་ལ་ནི་ཁྲུས་བཞིའི་སྒོ་ནས་སོ། །བཟླས་བརྗོད་ཀྱང་གཙོ་བོ་ལ་འབུམ། འཁོར་ལ་ཁྲི་ཕྲག་གཅིག་སྟེ། ཡིག་འབྲུ་བཅོ་ལྔ་མན་ལ་འབྲུ་འབུམ། དེ་ཡན་ནས་སོ་གཉིས་མན་ལ་འབུམ་ཕྲག་གསུམ། དེ་ཡན་ལ་གཅིག་གོ །གཉིས་པ་བསྒྲུབ་པའི་སྔགས་ནི། ལས་ལ་གཉིས་ཏེ་ཞེས་དང་། ལས་བསྒྲུབ་གཉིས་ཞེས་པས། གཙོ་བོ་ལ་སོགས་པའི་སྙིང་པོ་དང་། དེ་ལ་ལས་གང་བསྒྲུབ་པ་སྡེབ་པ་གཉིས་སོ། །འདིར་སངས་རྒྱས་གསང་བ། གཙོ་བོའི་སྙིང་པོ་ནི། སརྦ་བིདྱཱཾ་ནས། སུ་བཛྭ་ཡཱ་ཡའི་བར་བཤད་ཅིང་། དེ་ལ་དང་པོར་ཕྱག་འཚལ་བ་གཉིས་དང་། ཏདྱ་ཐཱ། ཨོཾ ཚར་གཅོད་པ་དང་བསྲུང་བའི་སྔགས་ཡིན་པས་དང་པོར་བསྣན། ཡེ་ཤེས་དང་། དེ་ནས་སརྦ་བིདྱཱཾ་ནས་སུ་བཛྭ་ཡཱ་ཡ། བསྟོད་ཅིང་འབོད་པ་དང་། དེ་ལ་བསྟོད་ཅིང་བསྐུལ་བའི་སྔགས། ཨེ་་ཧི་བཛྭ། ཤཱི་གྷྲཾ་བཛྭ་དྷཱ་ར་ཡ། གཉིས་བཏགས། དེ་ལ་གཙོ་བོ་དང་འབྲེལ་བའི་ལས་སྔགས། ཞི་བ་ལ། ཧེ་ཕུལླཀྵྭ་ནས། བི་ཛ་ཡཱ་ཡ་སྭཱ་ཧཱ། རྒྱས་པ་ལ། ཙ་ར་ནས་ས་རའི་བར། དབང་ལ། ཀི་ལི་ནས། པྲ་མོ་ཊ་ནཱ་ཡའི་བར། དྲག་པོ་ལ། མཱ་ར་ཡ་སོགས། གཅད་པ་ལ། ཙྪིནྡ་ནས་ཀི་ལཱ་ཡའི་བར། མནན་པ་ལ། བནྡྷ་ནས་ལཱ་ཡའི་བར། སྐྲག་པར་བྱེད་པ་སོགས་བཅོ་ལྔ་ལ། ཏྲུ་ཊ་སོགས་སྡེབ་བོ། །དེ་ནི་བར་དུ་དྲག་པོའི་ཞེས་བྱའོ། །མཐར་སྭཱ་ཧཱ་སྦྱར་ཏེ། ཤིས་པའི་གཞི་འཛུགས་པ་ཞེས་བྱའོ། །འཁོར་གྱིས་ནི། ཙུ་རུ་སོགས་ཕུར་བུ་དྲག་པོ་ལས་སྔགས་འཁོར་དང་འབྲེལ་པ། ཨ་མུ་ཀཾ་མ་ར་ཡ་ཕཊ྄། མནན་པ་ལ། ད་ཧ་སོགས། གཅད་པ་ལ་མ་ཧཱ་བ་ལེ་སོགས་སོ། །ཏྲཱ་ས་ཡ་སོགས་བེ་ཅོན་རྒྱས་པ། ལས་སྔགས་དྷ་ར་དྷ་ར་ནས། མཱ་བརྟའི་བར། ཧ་ར་སོགས་ཐོ་བ་དབང་། ལས་སྔགས་ནམཿས་མནྟ་ནས། ཏིང་ག་ལེའི་བར། པྲ་ཧ་ར་སོགས་གཏུམ་པོ་ཞི་བ། ལས་སྔགས། མ་ཏིཧྶྭི་ར་ནས། ཨ་མོ་གྷ་བཛྭཱའི་བར། སྡེབས་ན་སྔར་བཞིན། གཙོ་འཁོར་གཉིས་ཀ་འདུས་པ་སྙིང་པོ་དང་། ཉེ་སྙིང་གི་ཨ་མྲྀ་ཏའི་མཐར་བསྟོད་ཅིང་བསྐུལ་བ་དང་། ལས་གང་ཡིན་པའི་སྔགས་དང་། ཤིས་པའི་གཞི་འཛུགས་པ་ཅན་སྦྱར་བ་དང་། ཡང་ན་གཟུངས་རྒྱས་པ་མཐའི་ཨ་མྲྀ་ཏ་ལ་དེ་བཞིན་དུ་སྡེབ་བོ། །གསུམ་པ་ལས་སྦྱོར་གྱི་སྔགས་ནི་ཤམ་བུར། ཞི་བ་ལ། ཤནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། པུཥྚིཾ་ཀུ་རུ་ཨོཾ། དབང་ལ། བ་ཤཾ་མཱ་ན་ཡ་ཧོ། དྲག་ཤུལ་གྱི་འབོད་པའི་མཐར། ཨཱ་ཀརྵ་ཡ་ཛཿ རྦད་པ་ལ། མཱ་ར་ཡ་རྦད། གསད་པ་ལ། མཱ་ར་ཡ་ཕཊ྄། ཅེས་དང་། ལས་སོ་སོ་དང་བསྟུན་པའི་རྣམ་པར་དབྱེ་བ་མན་ངག་བཞིན་དང་ཤེས་པར་བྱའོ། །དེ་ཡང་ལས་ལ་གསུམ། གཙོ་དང་འཁོར་དང་འདུས་པ་ནི། ལས་བཞིའི་སྔགས་སོགས་དབྱེ་བར་བྱ། །ཞེས་དང་། ལས་བསྒྲུབ་སོ་སོར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །བསྒྲུབ་པ་དང་ལས་ལ་སྦྱར་བའི་སྔགས་རྣམ་པར་གཞག་པ་ནི། སློབ་དཔོན་སངས་རྒྱས་གསང་བའི་རྗེས་སུ་འབྲངས་སོ།། །། བཞི་པ་མཇུག་སྡུད་ཀྱི་ཆོ་ག་ཕན་ཡོན་དང་བཅས་ཏེ་བཤད་པ་ལ། བསྒྲུབ་པ་ཆེན་པོའི་ཆོ་ག་ཕན་ཡོན་དང་བཅས་པ་དང་། དབང་བསྐུར་བའི་ཆོ་ག་ཕན་ཡོན་དང་བཅས་པ་བསྟན་པའོ། །དང་པོ་ནི། མངོན་དུ་གྱུར་པའི་ཚེ་དབང་ཕྱུག་ཐོབ་པའི་ཡོན་ཏན་ཉམས་པར་གྱུར་པའི་རྒྱུ་སྤོང་ཞིང་བཟླས་བརྗོད་དང་བསམ་གཏན་ལ་བརྩོན་པར་བྱས་ན། རིམ་གྱིས་འབྲས་བུ་གང་ཐོབ་འགྱུར་བ་དེ་བསྟན་པའི་ཕྱིར། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །དེ་ཡང་བཟླས་བརྗོད་དང་བསམ་གཏན་ལ་རབ་ཏུ་གོམས་པས་སེམས་མཉམ་པར་བཞག་པར་གྱུར་བའི་སྒྲུབ་པ་པོ་བྱིན་གྱིས་བརླབ་ཏུ་རུང་བར་མཁྱེན་ནས། ལྷ་ཐམས་ཅད་རང་གི་གནས་ན་བཞུགས་བཞིན་དུ་སྒྲུབ་པ་པོ་གང་སྤྱན་རས་ཀྱིས་འཚོ་བ་དེ་ལ་གསང་སྔགས་མངོན་དུ་ཕྱོགས་པའམ་གསང་སྔགས་ཉེ་བར་འགྱུར་བ་ཞེས་བྱ་ལ། དེའི་ཚེ་སྒྲུབ་པ་པོས་ཀྱང་བསམ་གཏན་དང་བཟླས་བརྗོད་ལ་ཞེན་ཅིང་མ་རྨོངས་པར་མངོན་པར་བརྩོན་ཞིང་འགྲུས་པ་བསྐྱེད་པས། གསང་སྔགས་ཀྱི་བསམ་གཏན་དང་། བཟླས་བརྗོད་ལས་བྱུང་བའི་དགེ་བའི་བག་ཆགས་དེས་ནི་འབྲས་བུ་དང་རྟག་ཏུ་སྦྱོར་བ་ལས་གྱུར་པའི་ཕྱིར་སྟོབས་དང་ལྡན་ནོ། །དེ་བས་ན་དེའི་རྣམ་པར་སྨིན་པ་དེ་མ་ཐག་ཉིད་དུ་མངོན་པར་སྐྱེའོ། །རྣམ་པར་སྨིན་པ་དེའང་བག་ཡོད་པས་རིག་པ་འཛིན་པ་ལ་སོགས་པ་ཐུན་མོང་གི་སྒྲུབ་པ་ཆེན་པོ་གསང་སྔགས་ཀྱི་སྦྱོར་བའི་འབྲས་བུར་གྱུར་པ་རྣམས་གྲུབ་པར་འགྱུར་ལ། དེ་ནས་རིམ་གྱིས་གསང་སྔགས་ཀྱི་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའམ་འཕགས་པ་རྡོ་རྗེ་ཅན་གྱི་ཏིང་ངེ་འཛིན་གྱིས་ཡུལ། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཐོབ་པའི་རིམ་པས་རྒྱུད་ཕྱི་མ་སངས་རྒྱས་པའི་བར་དུ་འགྱུར་རོ། །དེ་བས་ན་སྡིག་པའི་བག་ཆགས་བཀྲུས་པས་འབྲས་བུ་རྣམ་པར་སྨིན་པ་འབྱིན་པའི་སྐབས་མི་རྙེད་པས་ན་སྡིག་པ་བྱང་བ་དང་སྡུག་བསྔལ་མེད་པ་ཞེས་བྱའོ། །དེ་ལྟར་བཟླས་བརྗོད་དང་བསམ་གཏན་བསྒོམས་པས་སྒྲུབ་པ་པོའི་ཡོན་ཏན་འབྱུང་བ་གསང་སྔགས་མངོན་དུ་ཕྱོགས་པའི་རྒྱུར་བསྟན་ན། དེ་ལྟ་བུའི་བཟླས་བརྗོད་དང་བསམ་གཏན་ཡང་། དཀྱིལ་འཁོར་ལེགས་པར་མ་མཐོང་བར། །གང་ཞིག་ཅི་སྟེ་སྔགས་ཟློས་ན། །དེ་ནི་དངོས་གྲུབ་ཐོབ་མི་འགྱུར། །ཞེས་གསུངས་ལ། དཀྱིལ་འཁོར་མ་མཐོང་བ་དང་དབང་མ་ཐོབ་པ་ལ་སྟོན་པའི་སྐབས་མེད་པའི་ཕྱིར་དང་། དབང་བསྐུར་བའང་། བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོའི་དཀྱིལ་འཁོར་ལ་རག་ལས་པའི་ཕྱིར། བསྒྲུབ་པ་དང་བསྒྲུབ་པ་ཆེན་པོའི་ཆོ་ག་བཤད་པར་བཞེད་ནས། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་གསུངས་ལ། དེ་ལའང་། ལྟ་བ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་གཉིས་དགོས་པ་ཡིན་ལ། ལྟ་བ་ནི། མུ་སྟེགས་བྱེད་དང་། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེའི་རྗེས་སུ་འབྲང་བ་དང་། ནང་གིར་ཡིན་པར་འདོད་པ་དག་གིས་སྨྲས་པ་རྣམས་ཀྱི་བཤད་པ་ལྟར་ནི་མ་ཡིན་ཏེ། ཕུལ་དུ་བྱུང་བའི་རིགས་ལས་གནོད་པའི་ཕྱིར་རོ། །འོ་ན གང་ཞེ་ན། ཁྱད་པར་དུ་འཕགས་པའི་དབུ་མའི་གཞུང་ཁོ་ན་ལ་གནས་པ་ཡིན་ཏེ། བདེན་པ་གཉིས་ཀྱི་ཚུལ་ལས་མ་འདས་ཤིང་མི་འགལ་བར་གནས་པའི་ཕྱིར་རོ། །སྤྱོད་པ་ནི་གསུམ་སྟེ། བདེན་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་སྤྱོད་པ་ལ་བརྟེན་པའོ། །དེའི་ནང་ནས་མཆོག་ཏུ་གྱུར་པ་ནི་གསང་སྔགས་ཀྱི་སྤྱོད་པ་ཡིན་ལ། དེའང་ལས་དང་པོ་པ་དག་ཆོ་ག་ཕུན་སུམ་ཚོགས་པ་ལ་བརྟེན་ན་འགྲུབ་པའི་ཕྱིར། ཆོ་གའི་ཡན་ལག་ཚང་བ་བྱའོ་ཞེས་སྟོན་པ་ལ། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཅེས་སོ། །ཆོ་གའི་ཡན་ལག་ཀྱང་རྒྱུད་དུ། དང་པོ་སྟ་གོན་གནས་པ་ཡིས། །ས་ཡི་ཆོ་ག་རྫོགས་བྱས་ཏེ། །འབྱོར་པས་དཀྱིལ་འཁོར་བྲིས་བྱས་ལ། །དེ་ལ་བརྟེན་ཏེ་བསྒྲུབ་པར་བྱ། །ཞེས་གསུངས་པས་སོ། །དེ་དག་གི་རྣམ་པར་གཞག་པ་རྒྱས་པ་ནི་སྤྱིའི་རྒྱུད་རྣམས་སུ་བསྟན་པའི་ཕྱིར་ཟློས་པ་མ་མཛད་པར་འདིར་མདོ་ཙམ་ཞིག་བསྟན་པ་ཡིན་ནོ། །དེ་ལྟར་བསྒྲུབས་པས་ན་གནས་སྐབས་སུའང་། སེམས་ཅན་དབང་པོ་ཉམས་པ་དང་། སེམས་ཅན་གང་དག་གི་དབང་པོ་དྲུག་ལ་སྐྱོན་བྱུང་བ་དེ་དག་ཀྱང་ཕྱིར་སྐྱོན་མེད་པར་འགྱུར་བ་དང་། ཚེ་ཟད་པ་དང་། ཚེའི་མཐའ་གཏུགས་པ་དག་གི་ཚེ་ཕྱིར་འཐུད་པ་དང་། ཚེ་ཉམས་དང་། རྐྱེན་འགའ་ཞིག་གིས་ཚེ་ལ་བར་དུ་བཅད་པས་ཉམས་དམས་ཏེ་ཚད་ལས་ཐུང་དུ་སོང་བ་ཕྱིར་བསྲིང་བ་དང་། ཕུན་སུམ་ཚོགས་མིན་གང་ཆགས་དང་། །བཀྲ་མི་ཤིས་པའི་དངོས་པོ་ཉེ་བར་གནས་པ་ཞི་ནས་མེད་པར་བྱེད་པ་དང་། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །ལྷ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའོ། །དེ་ལས་དང་པོ་ནི། བདག་གིས་ནོངས་པ་ལ་ཁྲོ་བས་སྟོངས་གྲོགས་མི་བྱེད་པའོ། །འཇིག་རྟེན་ལས་འདས་པའི་ལྷ་རྒྱབ་ཀྱིས་ཕྱོགས་པ་ནི། དབང་བསྐུར་བའི་དུས་སུ་སློབ་དཔོན་གྱི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་ཡེ་ཤེས་སེམས་དཔའ་བསྟིམ་ནས་བཞག་པ་བདག་ཉིད་དམ་ཚིག་ཉམས་པའི་དབང་གིས་སྙིང་ག་དྲལ་ཏེ་གཤེགས་པའོ། །དེ་དག་ཀྱང་འདིས་དམ་ཚིག་སྐོང་བར་འགྱུར་ཏེ་སླར་བྱིན་གྱིས་རློབ་པར་བྱེད་དོ། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །ཡིད་གཅུགས་པས་ཡིད་དུ་འོང་བ་ནི་མཛའ་སྡུག བདེན་པ་མ་མཐོང་པས་སྐྱེ་བོ། དེ་དག་བདག་གིས་ཉེས་པ་མ་བྱས་པར་སྡང་བ་སྟེ་འབྱུང་པོའི་མཐུས་བྱས་པའོ། །བྲན་བཟའ་ལ་སོགས་གཙེས་པ་དང་། །བྲན་ནི་གཡོག བཟའ་ནི་ཆུང་མ། སོགས་པ་བུ་ལ་སོགས་པའི་ཉེ་བ་རྣམས། འབྱུང་པོས་གཙེས་པ་དང་། ཕན་ཚུན་མཐུན་པ་མ་ཡིན་དང་། །བདག་དང་གཞན་སེམས་མི་གཅུགས་པས་ངག་དང་ལུས་འཐབ་པ་དང་། ནོར་འགྲིབ་པས་ནི་གནོད་པ་དང་། །ལོངས་སྤྱོད་ཟད་པ་དང་། མྱ་ངན་ངལ་དང་གནོད་པ་དང་། །གདུང་བའི་ཁྱད་པར་གང་ཅིའང་རུང་བས་གཙེས་པ་དང་། འཇིགས་པ་དང་ནི། འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པའོ། །ཕོངས་པ་དང་ནི་དབུལ་བའོ། །གཟའ་དང་རྒྱུ་སྐར་ནི། གཟའ་ཉི་མ་སོགས་དང་སྐར་མ་སྨིན་དྲུག་སོགས་ཀྱིས་གནོད་པའོ། །བྱད་སྟེམས་དང་ཞེས་པ། སངས་རྒྱས་གསང་བས། བྱད་ནི་མཁའ་འགྲོ་ལ་སོགས་པའི། །རིག་སྔགས་གང་ཡིན་དེ་ཡི་མཐུ། །རྣལ་འབྱོར་གསོད་པ་སྟེམ་པ་སྟེ། །ཞེས་བཤད་པ་ཉིད་དོ། །མི་བཟད་གདོན་གྱིས་ཉེན་པ་དང་། །མ་རུངས་པའི་གདོན་གདོན་པ་དང་། མྱ་ངན་ངལ་ལས་བྱུང་བ་ཡི། རྨི་ལམ་སྡིག་པ་མཐོང་ན། ཞེས་པ་གདུང་བས་དལ་ནས་དྲན་པ་མྱོས་པས། འབྱུང་པོས་བརླམས་པའམ། དེའི་དབང་གིས་གཉིད་ལོག་པ་ལ་རྨི་ལམ་ངན་པ་མཐོང་བ་དང་། ཡང་ཞེས་པ་རྒྱུ་དེ་ཙམ་དུ་མ་ཟད་སྤྱིར་རྨི་ལམ་ངན་པ་སུམ་ཅུ་རྩ་གཉིས་ལ་སོགས་པ་ཐམས་ཅད་དོ། །དེ་དག་ཐམས་ཅད་དཀྱིལ་འཁོར་ཆེན་པོ་མཆོད་པས་དག་པར་འགྱུར་ཞེས་པ་སྟེ། མཚོན་པ་ཙམ་ཡིན་གྱི་རྒྱས་པར་བསམ་གྱིས་མི་ཁྱབ་བོ། །གཉིས་པ་དབང་བསྐུར་བ་ཕན་ཡོན་དང་བཅས་པ་ལ། དབང་དངོས་ཕན་ཡོན་དང་བཅས་པ་དང་། བསྐུར་རྫས་ཀྱི་གཙོ་བོ་བུམ་པའི་ཆོ་ག་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེས་ནི་རབ་བཀྲུས་གཙང་མ་ཡིན། །ཞེས་པའི་དེས་ནི་སྒྲུབ་པ་པོ་དང་། རབ་བཀྲུས་ཞེས་པ་ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་ཁྲུས་བཞིའི་སྒོ་ནས་བསམ་གཏན་གྱི་ཆོ་ག་བྱ་བ་ནི་དོན་གྱི་དབང་ཡིན་ལ། གཙང་མ་ཞེས་པ་དེའི་འབྲས་བུ་ཆོས་ཀྱི་དབྱིངས་གློ་བུར་གྱི་སྒྲིབ་པས་དག་པའི་ངང་དུ་འཇུག་པ་བཤད་པ་ཡིན་ནོ། །སྤྲོས་པ་ཅན་ལ་ནི། མདོ་སྡེ་དམ་པ་ཉན་པར་གྱིས། །དོན་ཟབ་མོ་སྡེར་སྟོན་ཅིང་ཚིག་མདོ་ཙམ་དུ་གསུངས་པས་མདོ་སྡེའོ། །ཉན་པར་གྱིས་ཞེས་པས། སློབ་མ་དང་སློབ་དཔོན་འབྲེལ་བརྟག་པ་ནས་སྟ་གོན་ལ་གནས་པའི་བར་བསྟན་ནོ། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །སློབ་མ་གང་དག་ཀུན་ལ་ཕན་པར་ཞུགས་པས་ཡིད་དགེ་ལ། ཆོས་ལ་གུས་པ་དང་སྤྲོ་བས་འཇུག་པ། སེམས་དང་བ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པས་གཙང་མའི་གོས་ཀྱིས་རབ་ཏུ་བརྒྱན་པའོ། །དེ་ལྟ་བུའི་སློབ་མ་དཀྱིལ་འཁོར་དུ་འཇུག་པ་བསྟན་ནོ། །གྲངས་ཅི་ཙམ་ཞེ་ན་གསང་བ་སྤྱི་རྒྱུད་ལས་གསུངས་པ་བཞིན་དུའོ། །དཀྱིལ་འཁོར་དེར་བྱིན་གྱིས་བརླབས་པ་འབའ་ཞིག་གིས་འཇུག་པར་བྱའི་གཞན་གྱིས་ནི་ནུས་པ་མེད་དོ་ཞེས་སྟོན་པ་ལ་ཟབ་མོ། དེར་ཞུགས་ནས་ཅི་བྱ་ཞེ་ན། སངས་རྒྱས་ཞེས་པ། སངས་རྒྱས་རྣམས་ཀྱིས་བཤད་པའི་དབང་བསྐུར་བ་ལེན་ནོ་ཞེས་པའི་དོན་ཏེ། སངས་རྒྱས་རྣམས་ཀྱིས་ཇི་ལྟར་བཤད་ཅེ་ན། སྤྱི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སློབ་དཔོན་གོ་འཕང་ཐོབ་བྱའི་ཕྱིར། །དང་པོའི་དབང་དུ་བསྒྲགས་པ་ཡིན། །རིག་སྔགས་ཐམས་ཅད་གྲུབ་པའི་ཕྱིར། །གཉིས་པའི་དབང་དུ་བཤད་པ་ཡིན། །བགེགས་ནི་རབ་ཏུ་གཞོམ་པའི་ཕྱིར། །གསུམ་པ་རབ་ཏུ་བསྒྲགས་པ་ཡིན། །བཞི་པ་འབྱོར་བ་ཐོབ་པའི་ཕྱིར། །ཆོ་ག་བཟང་པོ་དེ་བཤད་དོ། །ཞེས་པས་གསུངས་སོ། །སྤྱོད་ཡུལ་བ་ཞེས་པ་ནི། དེ་དག་སློབ་མའི་སྤྱོད་ཡུལ་དུ་གྱུར་པར་བྱའོ། །ཅི་ཞིག་གམ། དོན་དབང་བསྐུར་རོ་ཞེས་བྱ་བ་ཉིད་དོ། །མདོ་སྡེ་འདི་ནི་ཉན་བྱེད་ན། ཞེས་ཚུལ་དེ་ལྟ་བུར་ནོད་པར་བྱའོ་ཞེས་པའི་དོན་ཏེ། སུ་ལས་ནོད་ན་རྡོ་རྗེའི་སློབ་དཔོན་ལའོ། །ཅིའི་ཕྱིར་རྡོ་རྗེ་སློབ་དཔོན་ལས་ལེན་ཞེ་ན། གཞན་གྱི་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱའོ། །ཞེས་པའོ། །དེ་ལྟར་ནོད་པས་ཕན་ཡོན་ཅི་ཐོབ་ཅེ་ན། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་བལྟ། །གསོ་བར་མི་བཟོད་པ་ཙམ་གྱི་ནད་མཛེ་ལྟ་བུའང་དག་པར་འགྱུར་ན། གཞན་གནོད་པ་ཐམས་ཅད་ཡུད་ཀྱིས་ཞི་བར་ལྟ་ཞོག ཚེ་དང་བསོད་ནམས་འཕེལ་བར་འགྱུར། །ཚེ་འདི་ལའོ། །སྡིག་པ་ཀུན་ལས་རྣམ་པར་ཐར། །རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་འབྱིན་པར་བྱེད་པས་ན་སྡིག་པའོ། །དེ་ལས་ཚེ་འདིར་མ་ཟད་དེང་ནས་ཚེ་རབས་ཐམས་ཅད་དུ་ཐར་བར་འགྱུར་རོ། །དེ་ནི་ཡོན་ཏན་ཟུར་ཙམ་སྟེ་དཔག་ཏུ་མེད་པའི་ཕྱིར་རྒྱས་པར་ནི་མ་གསུངས་སོ། །གཉིས་པ་བསྐུར་རྫས་ཀྱི་གཙོ་བོར་བུམ་པའི་ཆོ་ག་བསྟན་པ་ནི། རྒྱུ་བསྟན་པར་བཞེད་ནས་གསེར་རམ་ཡང་ན་ནི། དངུལ་གྱི་བུམ་པ་དག་ཀྱང་རུང་། གསེར་ནི་རབ། ཡང་ན་དངུལ་ཏེ་འབྲིང་། ཀྱང་རུང་ཞེས་པ། ཐ་མ་ཟངས་སམ་ས་ལ་བུམ་པ་དམར་པོར་བཅས་པ་གཞན་དུ་ལས་མ་སོང་བའོ། །མཚན་ཉིད་ནི་ཤུགས་ལས་ཏེ། རྩ་བ་ནག་ནོག་མེད་པ། ཁ་གྱེས་པ། མཆུ་འཕྱང་བ། མགྲིན་པ་རིང་བ། གསུས་པ་ལྡིར་བ། ཞབས་ཞུམ་པའོ། །སྙིང་པོ་དང་རྒྱན་ནི། ནོར་བུ་སྟེ་མུ་ཏིག་མིག་མེད་པ་ལ་སོགས་པ་ལྔ་ནི་དཀོན་པས་ན་རིན་ཆེན་ཏེ། དེ་དག་རྨ་མེད་པ་ནི། མ་སྤྱད་ཅིང་མ་རྙིང་པའི་གསར་པའོ། །ཡུངས་ཀར་ནི། བསྒྲུབ་པའི་རྫས་བགེགས་སྐྲོད་པ་སྣོད་དམ་པར་བླུགས་ཏེ་སྟེང་དུ་བཞག་གོ །དུ་དང་ནི། རམ་པ་སྟེ་བཀྲ་ཤིས་པ་ལོ་མ་དང་བཅས་པ་དང་། ཀུ་ཤ་དང་རྨ་བྱའི་སྒྲོ་བདུན་དང་བཅས་ཏེ་ཁ་བརྒྱན་ནོ། །ཙན་དན་ནི། དྲི་དང་ལྡན་པ་དཀར་པོའོ། །བཅས་ཞེས་པས། དྲི་ལྷག་མ་བཞི་དང་། འབྲུ་ལྔ་དང་། ཧ་ས་དེ་ཝ་ལ་སོགས་པའི་སྨན་ལྔ་དང་། བུ་རམ་ལ་སོགས་པའི་སྙིང་པོ་ལྔ་གསང་བ་སྤྱི་རྒྱུད་བཞིན་དང་། ཁྱད་པར་ཤེལ་དང་། རྡོ་རྗེ་ཕ་ལམ་དང་། མེ་ཏོག་དང་ནི་སྔོན་པོའོ། །འཕྲེང་བས་ནི་ཁ་ལ་བརྒྱན་དུའང་བྱའོ། །ཆུ་ཡིས་དགང་ཞེས་སྦྱར་ཏེ། རྒྱུན་དང་བཅས་པ་སྲོག་ཆགས་མེད་པའི་ཆུ། སྤོས་དང་འོ་མ་བཏབ་པས་སུམ་གཉིས་དགང་ངོ་། །དེའི་ཁར་བཀྲ་ཤིས་པའི་ཤིང་མྱ་ངན་མེད་པའམ། འབྲས་བུ་ཅན་དང་། རྡོ་རྗེ་བཞག་སྟེ། དེ་ལ་གཟུངས་ཐག་གདགས་སོ། །གཙང་མའི་གོས་ཀྱིས་དཀྲི་ཞིང་ཞེས་པ། གཞན་དུ་ལོངས་མ་སྤྱད་པའི་རས་སམ་དར་གཙང་མས་ཐོར་ཅོག་གསུམ་གྱི་ཚུལ་དུ་དཀྲིའོ། །དེ་ལྟར་བུམ་པ་བསྙེན་པ་ལ་གཅིག་དང་། དབང་གི་ལས་ལ་ལྔ་དང་། ལས་ཐམས་ཅད་པའི་གཅིག་སྟེ་དྲུག་གམ། ཡང་ན་བཅུ་གཉིས་སོ། །དེ་ཡང་། དཔུང་བཟང་ལས། དཀྱིལ་འཁོར་ཁོར་ཡུག་བུམ་པ་བཞག་པར་བྱ། །ཞེས་པས། སྤྱི་རྒྱུད་ལས། གྲྭ་དང་སྒོ་ནི་མ་ལུས་པར། །བུམ་པ་དག་ཀྱང་བཞག་ནས་ནི། །བར་སྒོ་ཆེན་པོར་གཉིས་གཉིས་གཤིབ། །ཁྱད་པར་དུ་ནི་བཞག་པར་བྱ། །བུམ་པ་གཅིག་ནི་ཕྱི་སྒོ་ཡི། །དྲུང་དུ་མངོན་པར་བཞག་པར་བྱ། །བཅུ་གཉིས་ཡོད་ན་གྲྭར། བརྒྱད་དམ་ལྔ་ཡིན་ན་སྒོ། ལས་ཐམས་ཅད་པ་ནི་ཕྱི་སྒོའི་དྲུང་དུ་བཞག་པར་བྱའོ། །དེར་བསམ་གཏན་བྱས་ནས། བཟླས་བརྗོད་ཇི་ལྟར་བྱ་བའི་གྲངས་སྟོན་པ་ནི། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །ཡང་དང་ཡང་དུ་བསྐྱར་བས་ལན་གྲངས་སོ། །གཟུངས་རིང་ལ་ཉི་ཤུ་རྩ་གཅིག སྙིང་པོ་དང་ཡང་སྙིང་ནི་བརྒྱ་རྩ་བརྒྱད་དུ་བཟླའོ། །དེ་ནས་གདུལ་བྱ་ཉེ་བར་མཚོན་པ་དང་བཅས་ཏེ་བཤད་པ་ནི། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །རྒྱལ་པོ་ལ་སོགས་པ་ཐམས་ཅད་ཅེས་སྦྱར་ཏེ། རྒྱལ་རིགས་གཙོ་བོ་ཡིན་ལ། རིགས་གཞན་གསུམ་འཁོར་ཡིན་པའི་ཕྱིར་དེའི་ཁོངས་སུ་བསྡུའོ། །རྟག་ཏུ་ནི། ཉིན་ཞག་ཐམས་ཅད་དུ་དུས་གསུམ་དུའོ། །བུམ་པའི་ཆུ་དེས་ཁྲུས་གྱིས་ཤིག་ཅེས་གདམས་པའོ། །དེ་ལྟར་བྱས་ན་གོང་གི་ཕན་ཡོན་ཐམས་ཅད་ཐོབ་པར་འགྱུར་ཏེ། རྒྱུད་ལས། རྟེན་མཆོག་དག་དང་ལྡན་བྱས་ནས། །མཁས་པས་གང་ལ་བཀྲུས་བྱས་ན། །མངོན་མཐོ་ངེས་ལེགས་འབྱུང་བར་འགྱུར། །ཞེས་གསུངས་པའོ། །དེ་ལྟར་བུམ་པའི་རྫས་གསུངས་པ་དེ་དག་ཀྱང་། ངེས་པའི་དོན་དུ་ནི། ཟག་བཅས་ཀྱི་ཕུང་པོ་ལྔ་དང་། ཁམས་ལྔ་དང་། སྐྱེ་མཆེད་ལྔ་དང་། ཡུལ་ལྔ་དང་ཉོན་མོངས་པ་ལྔ་ཡོངས་སུ་དག་ནས། ཟག་པ་མེད་པའི་ཕུང་པོ་ལྔ་དང་། ཡེ་ཤེས་ལྔ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་འཕྲིན་ལས། དེ་དག་གི་དོན་རྟོགས་ཤིང་ཐོབ་པར་བྱ་བའི་ཕྱིར་རོ། །རིན་པོ་ཆེ་ལྔ་ལ་སོགས་པ་དབུལ་པོས་མི་འབྱོར་རོ་སྙམ་པ་ལ། སྐུ་གསུང་ཐུགས་མཚོན་བྱེད་དུ་རྫས་གསུམ་གསུངས་ཏེ། དེས་ལུས་དང་ངག་དང་ཡིད་ཡོངས་སུ་དག་པའི་རང་བཞིན་སྐུ་གསུམ་འཐོབ་བོ། །ཡང་ན་གསེར་ཏེ་བྱང་ཆུབ་ཀྱི་སྙིང་པོ་མཚོན་པའི་བརྡའོ། །དེ་དག་རིན་པོ་ཆེའི་བུམ་པ་དྲི་མ་མེད་པ་ལ་བརྟེན་པ་ལྟར། བྱང་ཆུབ་ཀྱི་སེམས་འགྲོ་བ་ཀུན་ལ་ཁྱབ་པའི་དོན་གྱི་སྙིང་པོ་སྒྲིབ་པ་གཉིས་ཀྱི་དྲི་མ་དག་པ་ལ་བརྟེན་པ་དང་། གཙང་མའི་གོས་ཀྱིས་སྐྱོབ་པ་ལྟར། རྣལ་འབྱོར་པ་ཡིད་ངེས་སྐྱོབ་པར་བྱེད་པས་སོ། །དེའི་དོན་རྟོགས་པ་བཟླས་པ་དང་། དེ་ལྟར་བཟླས་པའི་ཆུས། སེམས་ཀྱི་རྒྱལ་པོ་ཉོན་ཡིད་ཀྱི་བློན་པོས་ཁ་བསྒྱུར་ནས་ཚོགས་དྲུག་གི་འབངས་ལ་ལོངས་སྤྱོད་པ་དེ་བཀྲུས་པས། སྒྲིབ་པ་ཐམས་ཅད་དང་བྲལ་ནས་མ་བཅོས་གཉུག་མའི་ངང་དུ་གནས་ནས་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་ཏེ། བསམ་གཏན་ཕྱི་མར། གང་ཞིག་ཐོབ་ནས་བདེར་གྱུར་པ། །ཡོངས་སུ་རྫོགས་པ་རྒྱལ་བ་བཞིན། །ཞེས་གསུངས་སོ། །རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རྫོགས་སོ།། །། ཉག་ཉོག་ནག་པོ་བརྩེགས་བརྗོད་ཚིག །མིག་གསུམ་མགྲིན་པར་འབྲེལ་མེད་ངོམ། །དེ་ཡི་ཤ་ལོ་ཀ་མང་མདངས། །བླུན་པོས་ཡ་མཚན་འཕྲེང་བར་བཟུང་། །ཨེ་མ་སྙིང་ལ་མི་འབབ་ཅིང་། །ལུང་རིག་དཔྱད་བརྡར་མི་བཟོད་པའི། །པུསྟ་ཀ་དེ་སྣག་ཤོག་གི །མཐར་བྱེད་མིན་ན་གཞན་པ་སུ། །རྨོངས་པ་དགའ་བའི་བྷོ་མ་སེ། །མཁས་པའི་བརྒྱ་བྱིན་རྣམས་མི་བརྒྱུད། །ཕུན་ཚོགས་གཏམ་གཞི་མུ་ཏིག་གི །འཕྲེང་བ་མཚར་པོ་འདི་ཡིས་སོ། །ཨེ་མ་ཚིག་སྦྱོར་རྨད་བྱུང་བཀྲ། །དོན་འདྲི་བརྟགས་ན་རྙེད་དཀའ་བ། །ལེགས་བཤད་ཆུན་པོ་བློ་གསལ་གྱི། །མགུལ་རྒྱན་མིན་ན་གཞན་པ་སུ། །ཟློས་པའི་སྒྲ་གཅན་རིང་དུ་དོར། །བཤད་བྱ་དེ་བསྙད་ཚིག་ཟེར་གྱིས། །ངེས་དོན་བདུད་རྩི་སྤྲོ་བས་ན། །མཁས་པའི་བཤད་པ་ཟླ་བ་འདྲ། །ཆུ་གཏེར་འཐུངས་པའི་རྒོད་མ་ཁ། །ད་དུང་མེ་ལྕེའི་ཚོགས་སུ་འབར། །གཞུང་ལུགས་རྒྱ་མཚོ་འཐུངས་པའི་ཡིད། །ད་དུང་ཟབ་རྒྱས་འདོད་པས་གདུངས། །ཨེ་མ་ཟླ་བས་ཀུ་མུ་ཏར། །ཀུ་མུ་ཏས་ཀྱང་ཟླ་བ་ལ། །གང་བྱས་བདག་གིས་དམ་ཆོས་དང་། །དམ་པའི་ཆོས་ཀྱིས་བདག་ལ་མཛད། །རྡོ་རྗེ་ཅན་གྱིས་གསང་བའི་ཡུལ་དེར་སྐལ་པ་བཟང་པོས་དགེར་བྱས་རྣམས། །མངོན་པར་བགྲོད་པའི་གོམ་པ་བསྣུར་ལ་ངལ་བསོའི་སྟེགས་བུ་འདི་ན་བཞག །ཚིག་དང་དོན་དཀར་བཤད་པའི་རྡོ་ལེབ་པཎ་གྲུབ་བརྒྱ་བྱིན་མདུན་ས་ནས། །དེ་རིང་འོངས་འདིར་ཟས་གཙང་བུ་རྣམས་རྒྱུན་དུ་དགའ་བས་རོལ་གྱུར་ཅིག །དེ་ལྟར་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་སྔགས་དོན་རྣམ་པར་བཤད་པ་ཞེས་བྱ་བ། བཅོམ་ལྡན་འདས་རྣམ་པར་འཇོམས་པ་དངོས་ཀྱི་སློབ་མ་བླ་མ་དམ་པ་མཐུ་སྟོབས་ཞབས་སམ། ཡོན་ཏན་ཡེ་ཤེས་དཔལ་བཟང་པོའི་བཀའ་དྲིན་སྙིང་ལ་གཏིགས་པའི་རིག་སྔགས་འཆང་པདྨ་དཀར་པོས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་དང་། ཡེ་ཤེས་རྡོ་རྗེ་དང་། སྨྲྀ་ཏི་ཛྙྱཱ་ན་ལ་སོགས་པའི་ལེགས་པར་བཤད་པ་བསྡུས་ཏེ། ཡུལ་དབུས་ཀྱི་རི་ཁྲོད་གྲྭ་དར་ལུང་དགོན་པར་བྲིས་པ་དགེ་ལེགས་ཀྱི་དཔལ་རྒྱས་པར་གྱུར་ཅིག །མངྒ་ལཾ་ཤྲཱ་ིཛྷ་ལ་ཛམྦུ་དྭཱི་པ་ཨ་ལཾ་ཀཱ་རབྷ་ཝནྟུ།།


previousརྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་སྔགས་དོན་རྣམ་པར་བཤད་པ།next