Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་ཀྱི་ཆོ་ག།
   
   
   
   
   
   
   
   
   
   


 
previousརྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་ཀྱི་ཆོ་ག།next

རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་ཀྱི་ཆོ་ག།

རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་ཀྱི་ཆོ་ག་བཞུགས་སོ། །གང་ཡང་ཆོས་གསུམ་ལྡན་པའི་སྔགས་པ་རྣམས། །འཕྲིན་ལས་ཅི་ཡང་གཞན་དོན་སྦྱོར་བ་ལ། །ཐོགས་པ་མེད་འགྱུར་རྣམ་པར་འཇོམས་པ་ཡི། །རིགས་སྔགས་མཐུ་ཆེན་དེ་ལ་ཕྱག་འཚལ་ལོ།། དེ་ཡང་རྟོགས་པའི་གདེངས་དང་ལྡན་པ་དང་། ལྷ་ལས་སུ་རུང་བ་དང་། བཟླས་པ་མཐར་ཕྱིན་པ་སྟེ། དེ་ལྟ་བུའི་སྔགས་པས་སྙིང་བརྩེ་བ་སྔོན་དུ་འགྲོ་བས་ལས་བསྒྲུབ་པར་བྱའི། གཞན་དུ་ན་དམ་ཚིག་ཉམས་པ་ཁོ་ནར་འགྱུར་པའི་ཕྱིར་རོ། །ཚུལ་ཇི་ལྟ་བུར་བསྒྲུབ་ན། དུས་གཟའ་དྲག་པོ་རྒྱུ་བ་དང་། བདུད་ཀྱི་ཉི་མ་ལ་སྒྲུབ་ཁང་ངམ་དུར་ཁྲོད་ལ་སོགས་པའི་ཕུག སྒྲུབ་པའི་གྲོགས་མ་ཡིན་པ་གཞན་གྱིས་མི་མཐོང་བར་ཕུང་ཤུལ་གྱི་ས་དང་གཡུལ་ཆེན་པོ་བཀྱེ་བའི་ཤུལ་གྱི་ས་རྒྱུན་བྲལ་གྱི་ཆུས་བཀྲུས་པ་ལ་རི་རབ་ཟུར་གསུམ་པ་མི་མགོ་རློན་རྙིང་སྐམ་གསུམ་གྱི་བད་ཕྱི་ནང་དུག་ཁྲག་གིས་བྱུགས་པ། ལོགས་ལ་རྡོ་རྗེ་ནག་པོ་རྭ་གསུམ་པ་བྲི། སྟེང་དུ་དྲག་པོའི་རྩང་ངམ་ཕུར་པ་ཁྲག་དང་རོ་སོལ་གྱིས་བྱུགས་པ་སྲིན་མོ་འགྲོས་སུ་གཟུག ནང་དུ་གྲུབ་ཁུང་སུམ་རྩེགས་རོ་གཡམ་གྱི་ཐོག དེའི་སྟེང་དུ་བཀྲ་ཤིས་པའི་དུས་དང་གཟའ་སྐར་བཟང་བ་ལ་མཆོད་རྟེན་དང་གཙུག་ལག་ཁང་དང་ཆོས་ཁྲི་མ་ཉམས་པའི་ས། དགེ་འདུན་མང་པོ་དང་སྐྱེ་བོ་མང་པོ་འདུ་བའི་ཕྱགས་ཁུང་གི་ས་དང་ཚོང་འདུས་ཆེན་པོའི་དབུས་ཀྱི་ས་དང་། གནས་ཆེན་གྱི་ས་དང་། དཔྱད་ལེགས་པའི་རི་བྱིན་ཅན། ལྗོངས་སྐྱེད་པ། ཆུ་ཆེན་པོ་ལ་སོགས་པའི་ས་སྣ་རྡོ་སྣ་ཆུ་སྣ་ཅི་འཛོམ་དང་། བྱིན་རླབས་ཀྱི་རྟེན་འདམ། ཁྱད་པར་ལྷ་འདི་ཉིད་ཀྱི་བསྙེན་པ་མཐར་ཕྱིན་པར་སོང་བའི་བདུད་རྩི་ལྔ་ལ་སོགས་པ་ཅི་འབྱོར་པས་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་སེང་ཁྲི་བང་རིམ་བུམ་པ་རྣམས་ལ་རྡོ་རྗེའི་གདུང་མིག་མང་རིས་སུ་བྱས་པའི་ཐོག་ཕུབ་པའི་གཙང་ཁང་སུམ་རིམ་ཏོག་གི་ནང་དུ། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་མཉམ་པས་བྱིན་གྱིས་བརླབས་པའི་ཆོས་སྐུའི་རིང་བསྲེལ་དང་སྐུ་གདུང་། ཆོས་འཁོར་ལ་ཞི་བའི་འཁོར་ལོ་བཅས་ཆོག འདེགས་པད་ཟླ་གམ་དུ་དབང་གི་འཁོར་ལོ། བྲེ་གྲུ་བཞི་ལ་རྒྱས་པའི་འཁོར་ལོ་རྣམས་གཞུག བུམ་པའི་ནང་གི་གཙང་ཁང་དུ་དབུས་ལ་ཆོས་འབྱུང་། ཤར་དུ་ཞི་བའི་ཟླུམ་པོ། ལྷོར་རྒྱས་པའི་གྲུ་བཞི། ནུབ་ཏུ་དབང་གི་ཟླ་གམ། བྱང་དུ་དྲག་པོའི་གྲུ་གསུམ་རང་རང་གི་རྫས་ཀྱིས་བྲིས་པའི་དཀྱིལ་འཁོར་ལ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་དང་། རྡོ་རྗེ་གཏུམ་པོ་དང་། རྡོ་རྗེ་བེ་ཅོན་དང་། རྡོ་རྗེ་ཐོ་བ་དང་། རྡོ་རྗེ་ཕུར་པ་རྣམས་ཀྱི་སྐུ་བཞུགས་སུ་བཅུག སྟེང་དུ་ལས་ཐམས་ཅད་པའི་འཁོར་ལོ་གདུགས་སུ་ཕུབ། བང་རིམ་གྱི་ནང་གི་གཙང་ཁང་ལ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་རི་མོར་བྲིས་པ། དབུས་རྣམ་པར་འཇོམས་པ་བསྲུང་བའི་ལས་ཀྱི་ཁྲོ་བོར་བཞེངས་པ་ཧཱུྃ་མཛད། ཤར་དུ་རྣམ་རྒྱལ། ལྷོར་གཤིན་རྗེ་གཤེད། ནུབ་ཏུ་རྟ་མགྲིན་བྱང་དུ་བདུད་རྩི་འཁྱིལ་བ་རྣམས་ཀྱི་སྐུ་བཞག བསྲུང་བའི་འཁོར་ལོ་གོས་སུ་བགོ་བ་སྟེ་རྒྱབ་ཏུ་བསླང་། སེང་ཁྲིའི་ནང་གི་གཙང་ཁང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བཅོམ་ལྡན་འདས་རྣམ་པར་འཇོམས་པ་དྲག་པོའི་ལས་མཛད་པའི་ཕོ་ཉར་བཞེངས་པ་སྟོབས་པོ་ཆེ། ཤར་དུ་དབྱུག་སྔོན་ཅན། ལྷོར་གཤིན་རྗེ་མཐར་བྱེད། ནུབ་ཏུ་མི་གཡོ་བ། བྱང་དུ་གཞན་གྱིས་མི་ཐུབ་པ་རྣམས་ཀྱི་སྐུ་བཞག བཟློག་པའི་འཁོར་ལོ་གདན་དུ་བཏིང་། ཐོག་འཕྲུལ་མའི་བར་མཚམས་སུ་རླུང་མི་འཆོར་བར་བྱ། ཚོན་སྔོན་པོ་བྱུགས་ལ། ཞིང་ཆེན་གྱི་བླ་རེ། རྒྱུ་མ་དང་སྙིང་གི་ལྡ་ལྡི། མཐའ་མ་ལས་དང་རྗེས་སུ་མཐུན་པའི་མཆོད་པ་དང་གཏོར་མ་བཤམས་ཏེ། རབ་ཏུ་གནས་པ་རྒྱས་པའམ། མདོར་བསྡུ་ན། ཐོག་མར་མཆོད་རྟེན་ལ་ཁྲུས་བྱས། དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་གྱི་བཟླས་པ་ཡན་བྱས་ནས། མདུན་གྱི་མཆོད་རྟེན་བསངས་སྦྱངས་སྟོང་པའི་ངང་ལས། རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་རྡོ་རྗེ་ཕ་ལམ་ལས་གྲུབ་པ་གང་གིས་ཀྱང་མི་ཆོད་པ་མི་ཤིགས་པ་བདེན་པ་སྲ་བ་བརྟན་པ་ཐམས་ཅད་དུ་ཐོགས་པ་མེད་པ་ཐམས་ཅད་དུ་མ་ཕམ་པའི་ནང་གཞལ་ཡས་ཁང་སུམ་བརྩེགས་ཀྱི་སྟེང་དུ། མངོན་རྟོགས་དང་མཐུན་པར་ལྷ་བསྐྱེད་པ་ནས་མདུན་བསྐྱེད་བསྐུལ་བའི་བཟླས་པའི་བར་དུ་བྱ། ཐུགས་ཀའི་སྔགས་འབྲུ་དང་རང་གི་ངག་ནས་བརྗོད་པའི་ཡིག་འབྲུ་ཐམས་ཅད་ལས་ཡིག་འབྲུ་ཆད་ཅིང་གཡས་སྐོར་དུ་བསྐོར་ཞིང་སྔགས་ཀྱི་རང་སྒྲ་དི་རི་རི་གྲགས་ཏེ། སྔགས་འབྲུ་ལས་ཁྲོ་བོའི་ཕོ་ཉ་དཔག་ཏུ་མེད་པ་དཀར་པོའི་འོད་ཟེར་མགར་གྱི་ཚ་ཚ་ལྟ་བུ་འཕྲོ་བ་བདག་ལ་ཞུགས་པས་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྲེགས། འོད་ཟེར་ཕྱིར་འཐོན་ནས་ཕྱོགས་བཅུ་ཞིང་ནམ་མཁའ་མཉམ་པ་ན་བཞུགས་པའི་བླ་མ་དཀོན་མཆོག་གསུམ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་ཕོག དེ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ནུས་པ་དང་མཐུ་སྟོབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུས་ནས་མཆོད་རྟེན་འཁོར་ལོ་ལྷ་དང་བཅས་པ་ལ་ཐིམ་པས་ཐ་མལ་གྱི་བློས་བཏགས་པ་ཙམ་མ་ཡིན་པར། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གདན་གྱི་གཞལ་མེད་ཁང་། ལྷ་ཚོགས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གསང་བ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེར་དབང་བསྐུར་བ་ཐོབ་པས་ཞི་བ་ལ་སོགས་པའི་འཕྲིན་ལས་ཀྱིས་གདུག་པ་ཐམས་ཅད་འདུལ་བ་ལ་དཔའ་ཞིང་རཏལ་ཕོད་པའི་གོ་ཆ་བགོས་པ་འབའ་ཞིག་ཏུ་བསམས་ཏེ་གཟུངས་སྔགས་མང་དུ་བཟླའོ། །ཟིན་པ་དང་མཆོད་བསྟོད་བྱས་ལ། བཅོམ་ལྡན་འདས་རྣམ་པར་འཇོམས་པའི་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཐམས་ཅད་བདག་ཅག་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་བཞུགས་པ་ཡིན་ན། བདག་དང་བསྒྲུབ་བྱ་ལ་བྱིན་གྱིས་བརླབས་ནས་ཇི་ལྟར་འདོད་པ་རྒྱུན་མི་འཆད་པར་བསྒྲུབ་པར་མཛད་པའི་ཕྱིར། ཇི་སྲིད་མེ་དང་ཆུ་དང་རླུང་གི་གནོད་པས་མ་གཞིག་གི་བར་དེ་སྲིད་དུ་བསྟན་པར་བཞུགས་སུ་གསོལ། ཞེས་འདོད་དོན་གསོལ། བཀྲ་ཤིས་རྒྱས་པར་བྱའོ། །བསྙེན་པ་མཐར་ཕྱིན་ནས་ལས་སྒྲུབ་པའི་དུས་སུ་དཀྱིལ་འཁོར་དང་པོར། ཞི་བ་དང་། རྒྱས་པ་དང་། དབང་དང་། ལས་ཐམས་ཅད་པའི་འཁོར་ལོ་བསྒྲུབ་པར་བྱ་ཞིང་། དེ་ཡང་བདག་ཉིད་ལྷའི་རྣལ་འབྱོར་གྱི་བཟླས་པའི་བར་སྔར་བཞིན་ལ། དཀྱིལ་འཁོར་དང་པོའི་ལས་དང་མཐུན་པའི་ཕྱོགས་སུ་ལས་དང་མཐུན་པའི་འཁོར་ལོ་བཞག ལས་དང་མཐུན་པའི་བསམ་པས་གཙོ་བོ་དང་འབྲེལ་བའི་ལས་སྔགས་སམ། འཁོར་དང་འབྲེལ་བའི་ལས་སྔགས་སམ། གཉི་ག་དང་འབྲེལ་བའི་འམ། གཟུངས་སྔགས་རྒྱས་པ་ལ་སྤེལ་ཚིག་ཏུ་བྱས་པ་བཟླ་ཞིང་། ཏིང་ངེ་འཛིན་ཞི་བ་ལ་བདག་གི་སྔགས་འཕྲེང་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀར་ཕོག ཐུགས་རྒྱུད་བསྐུལ་བས་ལྷ་ཐམས་ཅད་ཀྱི་ཁྲོ་བོའི་ངག་ཏུ་འབྲུག་སྟོང་ལྡིར་བ་ཙམ་དུ་དི་རི་རི་བསྒྲགས་པས། སྔགས་འཕྲེང་ལས་ཁྲོ་བོའི་ཕོ་ཉ་དཀར་པོ་བསིལ་བའི་འོད་ཟེར་ཤི་གསོས་ཀྱི་བདུད་རྩི་ལྟ་བུ་འགྱེད་པ་འཕྲོས། བདག་དང་བསྒྲུབ་བྱའི་ལུས་ལ་ཞུགས། ནད་ཐམས་ཅད་དུད་ཁུ་དང་སོལ་ཁུ། གདོན་ཐམས་ཅད་སྡིག་སྦྲུལ་སྦལ་ལྕོང་སྡོམ་ལ་སོགས་པའི་སྲོག་ཆགས་ཀྱི་རྣམ་པར་དབང་པོའི་སྒོ། བ་སྤུའི་བུ་ག་ནས་ཕྱིར་དེད། འོག་གཞི་མེའི་དཀྱིལ་འཁོར་ལ་ཐུག་གི་བར་དུ་སོང་བས། དེ་དག་བསྲེགས་གཞོབ་ཏུ་ཡང་མ་ལུས་པར་སོང་ནས། སླར་ཕྱོགས་བཅུའི་ཞིང་དུ་སོང་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། དཀོན་མཆོག་གསུམ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བྱིན་བརླབས་ཐམས་ཅད་བདུད་རྩིའི་རང་བཞིན་དུ་སྤྱན་དྲངས་ནས། བདག་དང་བསྒྲུབ་བྱ་དང་སེམས་ཅན་ཐམས་ཅད་ལ་བསྟིམ་པས་ལུས་ཐམས་ཅད་དགང་སྟེ་བཀྲག་དང་མདངས་ཕུན་སུམ་ཚོགས་པར་གྱུར་ཅིང་ཞི་བའི་ལས་ལ་དབང་ཐོབ་པར་བསམ་མོ། །རྒྱས་པ་ལ་འོད་ཟེར་སེར་པོ་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་མོར་མཆོད་པའི་དུས་ཀྱི་མཐུ་དང་ཁྱད་པར་མེད་པར་སྤྲུལ་པའི་ཁྲོ་བོ་དཔག་ཏུ་མེད་པ་འཕྲོས། འོད་ཟེར་བདག་དང་བསྒྲུབ་བྱ་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཞུགས། འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་པར་མི་བྱེད་པའི་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་སྦྱངས། ཁྲོ་བོ་རྣམས་ཀྱིས་ཕྱོགས་བཅུའི་ཞིང་གི་སངས་རྒྱས་ལ་སོགས་པ་ཐམས་ཅད་མཆོད། ཚེ་དང་བསོད་ནམས་ཕུན་སུམ་ཚོགས་པའི་འདོད་པའི་དཔལ་ཐམས་ཅད་སྒྲུབ་པར་ནུས་པ་ཐམས་ཅད་བསྡུས་ནས། བདག་དང་བསྒྲུབ་བྱ་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཐིམ། རྒྱས་པའི་ལས་ལ་དབང་ཐོབ་པར་བསམ་མོ།། བཟླས་པའི་མཐར་སྤྲུལ་པའི་ཕོ་ཉས་ནོར་གྱི་བདག་པོ་ཛམྦྷ་ལ་བསྐུལ་བས་བདག་གི་མདུན་དུ་འོངས་པ་ལ། བདག་ནི་དབུལ་ཏེ་དེ་བཞིན་གཤེགས་པ་མཆོད་པ་དང་དབུལ་པོ་རྣམས་ལ་ཕན་པའི་ནུས་པ་མེད་པ་ལ་ཇི་ལྟར་བྱ་སྙམ་དུ་འདུན་པ་དྲག་པོ་བྱས་ལ་ཡང་འདི་སྙམ་དུ། དཀོན་མཆོག་མཆོད་པ་ལ་སོགས་པའི་ཡོ་བྱད་ཀྱི་དོན་དུ་ཛམྦྷ་ལ་ཁྱོད་ལ་ནོར་གྱི་དངོས་གྲུབ་སློང་གིས། བདག་ལ་མྱུར་དུ་ལོངས་སྤྱོད་རྒྱ་ཆེན་པོ་སྩལ་དུ་གསོལ། ཞེས་དངོས་སམ་ཡིད་ཀྱིས་བརྗོད་ལ་དེའི་ངང་ལས་ཡང་སྙིང་བརྒྱ་རྩ་བརྒྱད་བཟླས་པའི་ཆུ་ལག་པ་གཡས་པས་ཛམྦྷ་ལའི་སྤྱི་བོར་བླུགས་པར་བསམ་ཏེ་དེ་ལ་སྦྱིན་ནོ། །དེས་འདོད་པ་ཐམས་ཅད་རབ་ཏུ་སྟེར་བར་འགྱུར་རོ། །དབང་གི་ནི། རང་གི་སྲིན་ལག་གཡས་པ་ལས་སྲཱིཿ དམར་པོ་ཅིག་བྱུང་ནས་ཧཱུྃ་གི་གཡས་སུ་དང་། གཡོན་ལས་ཀྱང་དེ་བཞིན་དུ་སྲཱིཿ བྱུང་ནས་གཡོན་དུ་འདུག་ལ། སྲཱིཿ ཕོ་མོ་དེ་གཉིས་ལས་འོད་ཟེར་དམར་པོ་རེག་པ་ཙམ་གྱིས་བདེ་བས་མྱོས་ཤིང་འབོག་པར་བྱེད་པ་མེའི་རང་བཞིན་ཅན་འཕྲོས་པས། གང་དབང་དུ་བྱ་ཞིང་དགུག་པར་འདོད་པའི་ལུས་ལ་ཕོག་པས། དེ་ཡོངས་སུ་ཞུ་ནས་རྣམ་ཤེས་ཡིག་འབྲུ་གཅིག་ཏུ་གྱུར་པ་འཕེལ་བའི་རླུང་གིས་བཏེག་སྟེ། ཡི་གེ་ཡཾ་གི་སྟེང་ན་སྲཱིཿསྔོ་ནག་ཏུ་གནས་པ་བཀུག་ནས་འཁོར་ལོའི་ལྟེ་བའི་ཧཱུྃ་གི་འོག་ཏུ་ཚུད། དེ་སྲཱིཿགཉིས་ཀྱིས་བཅུན་པས་འདར་ཞིང་འཕར་ལ་མི་བཟོད་བཞིན་དུ་གནས་པར་བསམ་མོ།། གཏོར་མ་ཕུལ། མཆོད་བསྟོད་བྱས། བཅོམ་ལྡན་འདས་རྣམ་པར་འཇོམས་པའི་ལྷ་ཚོགས་བདག་དང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་བཞུགས་པ་ཡིན་པས། བདག་གིས་ཞི་བའམ། རྒྱས་པའམ། དབང་གི་ལས་མ་གྲུབ་པ་གྲུབ་པ་དང་། གྲུབ་པ་ཆུད་མི་ཟ་བར་མཛད་པའི་ཕྱིར་བཞུགས་སུ་གསོལ། བདག་ཉིད་མཚན་མོ་དུར་ཁྲོད་དུ་སོང་སྟེ། འབྲས་ཆན་དང་། འབྲུའི་ཐུག་པ་དང་། ལ་ཕུག་ལ་སོགས་པ་ཚོགས་བདག་གླང་པོ་ཆེའི་སྣ་ཅན་གྱི་གཏོར་མ་བྱ་སྟེ། བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པར་བྱས་ཏེ་གཟུངས་སྔགས་ཀྱི་མཇུག་ལ་དེའི་སྲོག་སྙིང་བཏགས་ཏེ་བགྲངས་ན། དེ་ཉིད་ཨ་ཅི་བྱ་ཟེར་ནས་བདག་ཉིད་ཀྱི་དྲུང་དུ་འོང་བར་འགྱུར་རོ། །དེར་དེ་ལ་ཁྱོད་འདི་ཁྱེར་ཟོ་ལ་བདག་གི་ལས་འདི་ལྟ་བུ་གྱིས་ཤིག་ཅེས་བསྒོ། དེས་དེའི་བཀའ་ཉན་ནས་བྲན་བཞིན་དུ་ལས་བྱེད་པར་འགྱུར་རོ། །དེ་བཞིན་དུ་ནག་པོ་ཆེན་པོ་དང་། དཔལ་ལྷ་མོ་དང་། རཱ་ཧུ་ལ་ལ་སོགས་པ་སྡེ་བརྒྱད་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །གཉིས་པར་བསྲུང་བའི་ལས་བསྒྲུབ་སྟེ། བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས་མདུན་གྱི་མཆོད་རྟེན་གྱི་བང་རིམ་གྱི་ནང་གི་ཧཱུྃ་མཛད་ལྷ་ལྔ་བསྐྱེད་པ་ནས་མདུན་བསྐྱེད་བསྐུལ་བའི་བཟླས་པའི་བར་བྱ་ལ། བཟླ་དུས་ཏིང་ངེ་འཛིན་ནི། ཧཱུྃ་མཛད་ཀྱི་ཐུགས་ཀར་རྡོ་རྗེ་རྩེ་མོ་ལྔ་པ་གྱེན་དུ་བསྒྲེང་བའི་ལྟེ་བར་ཉི་མ་དང་ཟླ་བ་གའུ་ཁ་སྦྱོར་གྱི་ནང་དུ་ཧཱུྃ་བུ་གུ་ཅན་ཡངས་པའི་ནང་དུ་གང་བསྲུང་བར་འདོད་པ་རྣམས་བཅུག གཟུངས་སྔགས་ཀྱི་སྒྲ་བསྒྲགས་པས་ཁྲོ་རྒྱལ་འཁོར་བཅས་ཀྱིས་དེའི་ལུས་ཀྱི་བུ་ག་ཐམས་ཅད་སྣ་ཚོགས་རྡོ་རྗེས་བཀག བ་སྤུའི་བུ་ག་ཐམས་ཅད་དུ་གནམ་ལྕགས་ཀྱི་རལ་གྲི་མེ་འབར་ཞིང་རྩེ་ཕྱིར་ཕྱོགས་པ་ལས་གནམ་ལྕགས་ཀྱི་རལ་གྲིའི་འཁོར་ལོ་འཁོར་བའི་ཚ་ཚ་དཔག་ཏུ་མེད་པ་མགར་གྱི་སོལ་མལ་ནས་བཞིན་འཕྲོས་ནས། རང་གཞན་ལ་གནོད་པར་བྱེད་པའི་བྱད་མ་ལ་སོགས་པའི་ལུས་ལ་ཕོག་པས། དེའི་ལུས་རྡུལ་ཕྲ་རབ་ལྟར་དུམ་བུར་ཐོར་ཐོར་སོང་ཞིང་། རལ་གྲིའི་འཁོར་ལོ་དྲག་ཏུ་འཁོར་བའི་ཤུགས་ཀྱི་དུམ་བུ་ཐམས་ཅད་གཏོར་ནས་རྗེས་མེད་དུ་སོང་བར་བསམས་ནས་གཟུངས་སྔགས་ཀྱི་མཐར། ཧེ་ཕུ་ལུ་ནས་བི་ཛ་ཡཱ་ཡ་སྭཱ་ཧཱའི་བར་དང་། མ་ཏིཧྶྭི་ར་ནས། ཤཱི་གྷྲཱཾ་བཛྭ་དྷ་རཱ་ཡ་སྭཱ་ཧཱ། བདག་དང་བསྒྲུབ་བྱ་ལ་གནོད་པར་བྱེད་པ་ཐམས་ཅད་སྲུངས་ཤིག ཅེས་བཟླའོ། །གཏོར་མ་ཕུལ། མཐར་མཆོད་བསྟོད་བྱས་ལ། བཅོམ་ལྡན་འདས་ཧཱུྃ་མཛད་ཀྱི་ལྷ་ཚོགས་བདག་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་བཞུགས་པ་ཡིན་པས། བདག་དང་བསྒྲུབ་བྱ་རྒྱུན་མི་འཆད་བསྲུང་བའི་ཕྱིར་བཞུགས་སུ་གསོལ་ཞེས་འདོད་དོན་གསོལ། བཅོམ་ལྡན་འདས་ལས་རང་འདྲ་བའི་དཀྱིལ་འཁོར་མཆེད་དེ་འོད་དུ་ཞུ་བ་ལས་འཁོར་ལོ་ནུས་པ་དང་ལྡན་པར་བལྟ་བ་དང་། བདག་དང་བསྒྲུབ་བྱ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བའི་བདག་པོའི་ཐུགས་པདྨ་རྒྱས་པ་ལྟ་བུའི་སྦུབས་སུ་ཆུད་པས་མཆོག་ཏུ་བདེ་ཞིང་གནས་པར་བསམ་མོ།། བསྲུང་བ་དྲིལ་ཏེ་ལུས་ལ་གདགས་སོ། །སྔགས་བཟློག་ནག་པོས་བྱད་མ་རང་གཤེད་རང་ལ་དབབ་པ་ནི། བདག་ཉིད་ལྷའི་རྣལ་འབྱོར་དང་། སེང་ཁྲིའི་གཙང་ཁང་དུ་སྟོབས་པོ་ཆེ་ལྷ་ལྔ་བསྐྱེད་པ་ནས་དབང་བསྐུར་བའི་བར་བྱས་ནས། རྟ་ནག་པོའི་རྔ་མ་ལ་བཤང་བའི་སྲིན་བུ་བརྒྱུས་ཏེ་འཕྲེང་བར་བྱས་པ་བཟུང་ཞིང་ཏིང་ངེ་འཛིན། བཅོམ་ལྡན་འདས་རྣམ་པར་འཇོམས་པ་ལས་ཀྱི་ཁྲོ་བོ་སྟོབས་པོ་ཆེར་བཞེངས་པ་ཤིན་ཏུ་འཇིགས་པ་ཆེན་པོའི་སྐུ། མཐོང་བ་ཙམ་གྱིས་དྲེགས་པ་ཅན་ཐམས་ཅད་ལག་གི་མཚོན་ཆ་བོར་ཏེ་ཕྱོགས་བཅུར་འབྲོས་པ། སྤྲུལ་པའི་ཁྲོ་བོ་ལས་ལ་རྔམ་ཞིང་གཞན་གྱི་སྲོག་དབུགས་ལེན་པ་ལ་དཔའ་བ་ནམ་མཁའ་གང་བ་ཙམ་གྱིས་བཀའ་ཉན་པ་ལ། བཅོམ་ལྡན་འདས་དེས་བྱད་མ་གནོད་བྱེད་འདི་ཞེས་བྱ་བ་ཁུག་ལ། དུས་འདི་ཙམ་ལས་མི་འདའ་བར་ཚེ་འདུ་བྱེད་སྐུམ་ཅིག་ཅེས་བཀའ་བསྒོ་བས། སྤྲུལ་པའི་ཕོ་ཉ་རྣམས་ཀྱི་ས་བཀའ་ཉན་བྲན་བཞིན་དུ་ལས་བྱས་ཏེ། འཁོར་ལོའི་ལྟེ་བའི་དམིགས་རྟེན་ལ་ལྕགས་ཀྱུས་བཀུག ཞགས་པས་བཅིངས། ལྕགས་སྒྲོགས་གིས་བསྡམས། དྲིལ་བུས་མཉེས་པས་ཉམ་ཐག་པ། ཤ་བཤོར་བ། གན་རྐྱལ་དུ་འགྱེལ་བ། སྔོ་ལ་ཧམ་པ། འདར་ཧེད་ཧེད་པ། ཤི་མིག་ཏུ་བལྟ་བ་ཅིག་ཏུ་གྱུར་པ་ལ། ལས་ཀྱི་ཁྲོ་བོ་རྣམས་ཀྱིས་དུག་དང་ནད་ཀྱི་ན་བུན་གཏིབས། མཚོན་ཆའི་ཆར་གྱིས་དུམ་བུ་དུམ་བུར་བཏང་། ཁོ་རང་གི་ལྷ་སྲུང་རྣམས་ཀྱང་ཁྲོས་ཏེ་བྱད་མའི་དབུགས་འགམས། སྲོག་རྩ་བཅད། སྙིང་ཁྲག་འཐུངས། ཤ་རུས་ཟོས་ཏེ་ལྷག་མ་མེད་པར་བཏང་བར། བསམས་ལ་གཟུངས་སྔགས་ཀྱི་མཐར། སྔགས་པ་དང་། བོན་པོ་དང་། མུ་སྟེགས་དང་། ལྷ་མ་སྲིན་སྡེ་བརྒྱད་ཀྱི་རིག་སྔགས་དང་། གསང་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་ནུས་པ་ཐམས་ཅད་ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ད་ཧ་ད་ཧ། ཏེ་ཛོ་ཝ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྭ་ཨཾ་ཀུ་ཤ་ཛྷཱ་ལཱ་ཡ་སྭཱ་ཧཱ། ཞེས་བཏགས་ལ་བཟླའོ། །མཐར་ལྷ་དབྱེ་རྫས་ལ་བདུག གདབ་ལས་བྱ་སྟེ། དྲག་པོའི་སྦྱིན་སྲེག་ཏུ་བྱས། ཐལ་བ་ཕྱེད་མནན། ཕྱེད་དགྲ་ཕྱོགས་སུ་རླུང་ལ་གཏོར་བའམ། ཡང་ན་འཁོར་ལོ་རོ་རས་ཀྱིས་གྲིལ་ཏེ་ཡུགས་ས་ལན་གསུམ་བབ་པའི་ལྷམ་འབོག་ཏུ་བཅུག དེའི་སྐྲ་ཤད་ཀྱིས་བཅིངས། རབས་ཆད་ཕོ་མོའི་ཐོད་པ་ནག་པོར་བཅུག་སྟེ་ལམ་རྒྱ་གྲམ་མམ། ལྷ་འདྲེ་དྲག་པོ་གནས་པའི་སའམ། མཆོད་རྟེན་ཆེན་པོའི་འོག་གམ། གཙུག་ལག་ཁང་བྱིན་རླབས་ཅན་གྱི་ཐེམ་འོག་ཏུ་མནན་ཏེ། ལྷ་འདྲེ་ལ་གསེར་སྐྱེམས། གཟུ་དཔང་། བདེན་པ་བདར། དེ་ནས་དོང་དེ་ཉིད་འབྲུབ་ཁུང་དུ་བསྐྱེད། དེའི་ནང་དུ་བྱད་མ་ཉམ་ཐག་པ་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ་ཁོ་རང་གི་ལྷ་སྲུང་གཤེད་དུ་བབས་པས་ཤིན་ཏུ་ཁྲོས་པས་ཕུར་པས་སྲོག་རྩ་ལ་བཏབ། ཁྲག་ལ་འཇིབ་བཞིན་དུ་འདུག་པར་དམིགས་ལ་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད། དེའི་སྟེང་དུ་ལཾ་ལས་གསེར་གྱི་ས་གཞི། དེའི་སྟེང་དུ་སུཾ་ལས་རི་རབ་ལྕོག་བརྒྱད་པ། དེའི་སྟེང་དུ་མཆོད་རྟེན་བཞི་དང་རྡོ་རྗེ་རྒྱ་གྲམ་བཞིས་མནན་པ། དེའི་སྟེང་དུ་སྟོབས་པོ་ཆེས་མནན་པས་བསྐལ་པའི་མཐར་ཡང་མི་ཐར་བར་བསམ་མོ། །ཡང་རིག་སྔགས་བཅིང་བ་དང་། བཅད་པ་དང་། མནན་པ་སོ་སོར་ཡང་བྱའོ། །ད་ནི་བསྲུང་སྐུད་ལ་བརྟེན་ནས་བཟློག་ཅིང་གཞན་གྱི་ལས་བཅད་པ་དང་། མནན་པ་དང་། འཆིང་བ་དང་། འཇོམས་པ་བཤད་པར་བྱ་སྟེ། བུ་མོ་གཞོན་ནུ་དམ་ཚིག་དང་ལྡན་པ་གྲོང་པའི་ཆོས་ཀྱིས་མ་ཉམས་པ་ཅིག་ལ་སྐུད་པ་སྔོན་པོ་སུམ་སྒྲིལ་དུ་འཁལ་དུ་བཅུག་པ་ལ། རྣམ་པར་འཇོམས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། རྡོ་རྗེའི་མདུད་པའམ་ལྕགས་སྒྲོག་གམ་ཞགས་པ་ལྟ་བུའི་མདུད་པ་བོར་ཞིང་། མདུད་པ་རེ་རེའི་ནང་དུ་དངོས་སུ་བྲིས་པའམ་ཏིང་ངེ་འཛིན་གྱིས་ཕ་རོལ་གྱི་ལྷ་བསྲུང་དང་། དེ་རྦོད་པར་བྱེད་པའི་རིག་སྔགས་རྣམས་མདུད་པའི་བར་དུ་ཆུད་པར་མོས་ཏེ་རབ་ཏུ་བསྡམས་ནས་སྔགས་ཀྱི་མཐར། ཆེ་གེ་མོའི་རིག་སྔགས་བནྡྷ་བནྡྷ་ཞེས་བཟླས་ཏེ། མགུལ་དུ་གདགས་སོ། །གང་གི་ཚེ་མི་དགོས་ན་དགྲོལ་བར་བྱ་སྟེ་གཞན་དུ་ན་བསོད་ནམས་མ་ཡིན་པ་གསོག་པར་འགྱུར་རོ། །ད་ནི་གཞན་གྱི་ལྷའམ་རིག་སྔགས་ཕུར་བུས་གདབ་པར་འདོད་ན། གཞན་གྱི་རིག་སྔགས་ཀྱི་ལྷ་དང་སྔགས་སྤྲ་ཚིལ་ལ་བྱས་ཏེ། དེའི་སྙིང་ཁ་ལ་སོགས་པའི་གནས་རྣམས་སུ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཐར། ཆེ་གེ་མོའི་ལྷའི་གཟུགས་ཀི་ལི་ཀི་ལཱ་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་ནས་ལན་བརྒྱར་བཏབ་ན་རིག་སྔགས་དང་། གཟུངས་སྔགས་དང་། སྒྲུབ་པ་པོའི་ངག་དང་། ལྷའི་གཟུགས་ལ་སོགས་པ་ཐམས་ཅད་ལ་ཕུར་བུས་བཏབ་པར་འགྱུར་ཏེ། དེ་དག་གི་ལས་ནུས་པའི་སྲོག་དང་བྲལ་བ་ཡིན་ན། འབྲུབ་དོང་དང་པོར་ཐོད་པ་ནག་པོའི་ནང་དུ། ཐུན་རྫས་ཡུངས་དཀར་ནག ཀེ་ཚེ། ཤངས་ཚེ། རྡོ་ཕྱེ། ལྕགས་ཕྱེ། ཟངས་ཕྱེ། རབས་ཆད་ནག་པོའི་རུས་ཕྱེ། དུག་སྣ་ཚོགས། ཁྲག་སྣ་ཚོགས་པའི་ཆུས་སྦྲུས་པ་བླུག འབྲུབ་ཁུང་གི་སྟེང་མཆོད་རྟེན་གྱི་ཟུར་ཁུགས་གསུམ་དུ་ཐུན་འགྲོ་བའི་བུག་པ་ནས་དཔའ་གཏོད་དེ་ཐོད་པའི་ཨ་རྩེ་ཁུགས་སུ་ཡོང་བ་བྱ། དེའི་བུ་གའི་ཁ་དྲག་པོའི་ཤིང་གི་ཕུར་པས་བཅད། དེ་ནས་ཐུན་རྫས་ཡོད་པའི་འབྲུབ་དོང་དེ་ཉིད་ལས་ཀྱི་གཤིན་རྗེའི་ཕོ་བྲང་ཆེན་པོ་གནམ་ལྕགས་འབར་བ་ལས་གྲུབ་པ། གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ། ཕྱི་ནས་བསྐལ་པའི་མེ་དཔུང་འབར་བ། ནང་དུ་འབྱུང་བ་མེ་ཆུ་རླུང་གསུམ་འཁྲུག་པ། ངད་ཚ་ཞིང་དབལ་རྩུབ་པའི་སྟེང་དུ་ཐུན་རྫས་དང་ཕུར་པ་སྟོབས་པོ་ཆེ་འཁོར་བཅས་མངོན་རྟོགས་ལྟར་བསྐྱེད། མཆོད་བསྟོད་བཟླས་པའི་དུས། ལས་ཀྱི་ཁྲོ་བོའི་ཕོ་ཉ་ནམ་མཁའ་གང་བ་ཡང་དང་ཡང་དུ་བསྟིམ། མཐར་འོད་དུ་ཞུ་བ་རྣོ་ངར་དང་ལྡན་པའི་མདའ་མདུང་རལ་གྲི་འཁོར་ལོ་བེ་ཅོན་དགྲ་སྟ་ཐོ་བ་གཏུན་ཤིང་མདུང་ཐུང་ཕུར་བུ་ལ་སོགས་པ་རྣོ་བའི་མཚོན་ཆ་ཐོག་ལྟར་འདྲིལ་ཞིང་མེ་ལྟར་ཚ་བ་ཆུ་ལྟར་འཁྲུག་པ་ཞིག་ཏུ་གྱུར་པར་བསམ་མོ།། སྔགས་ཀྱི་མཐར་ཐུན་གདབ་པའི་སྔགས་བཟླས་ལ་བསྒྲུབ་བོ། །དེ་ནས་བསད་པ་ནི་འབྲུབ་དོང་གཉིས་པར་རབས་ཆད་ནག་པོའི་ཐོད་པར། དགྲ་བོའམ་བགེགས་ཀྱི་ལིངྒ་གཅེར་བུ་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ། གནས་བརྒྱད་དུ་ཛ་བརྒྱད། སྙིང་གར་ཕ་རོལ་གྱི་ཟག་རྫས་བསྲེས་པའི་དུག་ཁྲག་གིས་ནྲྀའམ་ཏྲི། མཐའ་ལ་ཆེ་གེ་མོ་མཱ་ར་ཡ་ཐུམས་རིལ་ཛཿ དེའི་མཐའ་ལ་དབྱངས་གསལ་གོ་ལོག་རྩ་སྔགས་ལས་ཀྱི་ཤམ་བུ་བཏགས་པས་བསྐོར་བ། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿའདོམས་སུ་ཕཊ྄། ཞབས་སུ་ཡཾ། སྤྱི་བོར་སྟཾ་བྷ་ཡ། དཔྲལ་བར་རུས། བརླ་ལ་བླ་དྭགས་བྲི། རཱུ་པའི་ཐ་མ་སྔགས་ཀྱིས་བསྐོར། དེའི་རྒྱབ་ཏུ་དུག་སྦྲུལ་བསྣོལ་མ་བྲི། དེའི་ཕྱི་རིམ་ལ་དགྲ་བོ་ཆེ་གེ་མོ་འདིའི་ལུས་རེངས་སུ་ཆུག དབང་པོ་ཉམས་སུ་ཆུག་བསོད་ནམས་དང་ལོངས་སྤྱོད་སྐམས་སུ་ཆུག སྲིད་པ་ཚེའི་བྱེད་ལས་བསྟུངས་ཤིག ལས་ཀྱི་རླུང་དམར་ཕོབ་ཅིག ལན་ཆགས་ཀྱི་དམག་དཔུང་འདུས་སུ་ཆུག་ཅིག གཞན་ཡང་དམོད་མོ་ངན་པ་སྣ་ཚོགས་པ་བྲི་སྟེ། ཤོག་རོ་སྟོང་པར་མ་ལུས་པར་བྱ། དེ་འབྱུང་བ་ལྔའི་ལིང་ཁྲུས་བྱས་ཟག་རྫས་བྱུགས་ལ་ཐོད་པར་བཅུག དེ་ནས་བདག་བསྐྱེད་དང་། མདུན་དུ་སྟོབས་པོ་ཆེའི་ལྷ་ཚོགས་བསྐྱེད། དབང་བསྐུར་བའི་བར་བྱ། དྲག་པོའི་སྦྱིན་སྲེག་ཏུ་བཤད་པ་བཞིན་མཆོད། བསྟོད་པ་བྱས། མདུན་བསྐྱེད་བསྐུལ་བའི་བཟླས་པའི་ཚེ། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་ལྷ་ལྔ་ལ་ལས་ཀྱི་ཁྲོ་བོ་ནམ་མཁའ་གང་བས་བསྐོར་ཞིང་ལྷ་མ་སྲིན་དྲེགས་པའི་ཚོགས་ཐམས་ཅད་ཕྱི་བཞིན་དུ་འབྲང་བ་རྡོ་རྗེའི་གོ་དང་འཇིགས་པའི་མཚོན་ཆ་སྣ་ཚོགས་ཐོགས་པ་དཔའ་བ། རཏལ་ཕོད་པ། ལས་ལ་རྔམ་པ། མཐུ་དང་རྩལ་གྱིས་དྲེགས་པ། འདོད་པའི་བདག་པོའི་དཔུང་བཞིན་དུ་གཉེར་ཏེ་འོངས་པ་སྤྱན་དྲངས་པར་བསམས་ལ། གཟུངས་སྔགས་ཀྱི་མཐར། ཨོཾ་བཛྭ་བྷིནྡ་བྷིནྡ། བཛྭ་ཙྪིནྡ་ཙྪིནྡ། བཛྭ་ད་ཧ་ད་ཧ། བཛྭ་པ་ཙ་པ་ཙ། བཛྭ་དྷཱ་ར་ཡ་དྷཱ་ར་ཡ། བཛྭ་ཀྲོ་དྷ་ས་པ་རི་ཝཱ་ར་ཨེ་ེ་ཧི་བཛྭ། ཤཱི་གྷྲཾ་བཛྭ་དྷ་རཱ་ཡ་ཨཱ་ཀརྵ་ཡ་ཛཿ ཞེས་བཏགས་ལ་བཟླས་པས་འབོད། རྟགས་ནི། དམག་དཔུང་ཆེན་པོ་འདུས་པ་དང་། མི་རིགས་མི་གཅིག་པ་མང་པོ་ཚོགས་པ་དང་། བྱ་གཅན་དང་། ཅེ་སྤྱང་ལ་སོགས་པའི་གཅན་གཟན་དཔག་ཏུ་མེད་པ་འདུས་པ་དང་། འོད་དང་། སྒྲ་དང་། ཐོག་འཚེག་པ་དང་། སྒོ་བརྡུང་བ་དང་། འབོད་པ་དང་། འཇིགས་འུམ་འུམ་པ་དང་། བག་དྲོ་ཆིལ་ཆིལ་བ་དང་། མཆོད་རྟེན་ནང་དུ་ལབ་དིར་དིར་བ་ལ་སོགས་པ་དཔག་ཏུ་མེད་པ་འབྱུང་ངོ་། །དེ་ནས་རྦད་པར་བྱ་སྟེ། བདག་མདུན་བསྟོད་པའི་བར་སྔར་བཞིན་ལ་འབྲུབ་ཁུང་དང་ལིངྒ་བསྐྱེད་པ་དང་། བདེན་སྟོབས་བརྗོད་པའི་བར་གདབ་ལས་སུ་བཤད་པ་བཞིན། བཟླས་པའི་དུས་ཏིང་ངེ་འཛིན། བདག་གི་ཐུགས་ཀ་ནས་འོད་འཕྲོས། སྟོབས་པོ་ཆེའི་ལྷ་ཚོགས་གཟིར་བས། དེ་རྣམས་ཀྱི་སྤྲུལ་པའི་ཕོ་ཉ་དང་ལྷ་མ་སྲིན་དྲེགས་པའི་བཀའ་སྡོད་དང་བཅས་པ་བྲན་དུ་བཀྱེ་སྟེ་དགྲ་བོའི་ཡུལ་ནས། དགྲ་བོ་ལྕགས་ཀྱུས་སྙིང་ཕུག ཞགས་པས་རྐེ་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུས་མཉེད། མཚོན་ཆ་སྣ་ཚོགས་ཀྱིས་བརྡེག་ཅིང་། དབང་མེད་པར་གཤིན་རྗེའི་སྲུངས་མས་དམྱལ་བ་པ་འཁྲིད་པ་ལྟ་བུར་ཁྲིད། འབྲུབ་དོང་དུ་བཅུག དམིགས་རྟེན་གྱི་ལིངྒ་ལ་ཐིམ་པར་བསམ་ཞིང་གཟུངས་སྔགས་ཀྱི་མཐར། སརྦ་ཤ་ཏྲཱུན་ཆེ་གེ་མོ་ཨཱ་ཀརྵ་ཡ་ཛ། བཏགས་ལ་བཟླ། སྐབས་སྐབས་སུ་བསྐུལ་ཡང་བྱའོ། །དེས་དམག་དྲངས་པ་དང་། དགྲ་བོའི་བླ་ཁུགས་པ་དང་། འབྲུབ་དོང་གི་ནང་དུ་སྐད་ངན་འཚེར་བ་དང་། བཙོན་བཟུང་བ་དང་། ཁྱི་བཀྱེ་བ་དང་། ལུག་ཁྱུ་ལ་འཕར་སྤྱང་བཏབ་པ་ལ་སོགས་པ་མདོར་ན་རྦད་པ་གྲུབ་པའི་རྟགས་གཞན་དང་མཐུན་པ་འབྱུང་ངོ་། །དེ་ནས་ལྷ་དབྱེ་བ་ནི། བསྟོད་པའི་བར་ཡན་འདྲ་བ་ལ། བཟླས་པའི་དུས་བདག་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་སྟོབས་པོ་ཆེའི་ལྷ་ཚོགས་གཟིར། དེ་རྣམས་ཀྱིས་སྤྲུལ་པའི་ཕོ་ཉ་དང་ལྷ་མ་སྲིན་སྡེ་བརྒྱད་ཕོ་ཉར་བཀྱེ་བས་བྱད་མ་དང་དེའི་ལྷ་བསྲུང་བར་དུ་ཕྲ་མ་བཏབ། ཕན་ཚུན་དགྲ་མི་ཤ་བོ་ལྟ་བུར་གྱུར་ཏེ་གནོད་པ་བྱེད་པར་བསམས་ལ་གཟུང་སྔགས་ཀྱི་མཐར། སརྦ་ཤ་ཏྲཱུན་ཕོ་ལྷ། དགྲ་ལྷ། ཞང་ལྷ། མ་ལྷ། ཡུལ་ལྷ་ཐམས་ཅད་དང་། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། ཞེས་བཏགས་ལ་བཟླ་ཞིང་། ལིངྒ་རྫས་ལྔ་ལ་བདུག དེ་ནས་བསད་པ་ནི། བསྟོད་ཅིང་བསྐུལ་བ་བྱས་ནས་བཟླས་པའི་དུས། བདག་གིས་སྟོབས་པོ་ཆེ་གཟིར། སྟོབས་པོ་ཆེ་ལྷ་ལྔ་དང་སྤྲུལ་པའི་ཕོ་ཉ་ལྷ་མ་སྲིན་དང་བཅས་པའི་བཀའ་སྡོད་པ་ཐམས་ཅད་ལ་བསྒོ་ནས་དགྲ་བོའི་ལུས་ལ་མི་བཟད་པའི་མཚོན་ཆའི་ཆར་ཕབ། ནད་ཀྱིས་བརྒྱལ་འབོག་མྱོས་སུ་བཅུག་པའི་མཐར་སྲོག་བཅད་ཅིང་རོ་དུམ་བུ་དུམ་བུར་བྱས་པར་མོས་ལ། གཟུངས་སྔགས་ཀྱི་མཐར་མཱ་ར་ཡ་བཛྭ་བི་དཱ་ཎཱ་ཡ་སྭཱ་ཧཱ། ཨ་མུ་ཀཾ་མཱ་ར་ཡ་ཕཊ྄་ཅེས་བཏགས་ལ་བཟླ་ཞིང་། སྐབས་སྐབས་སུ་ཐུན་སྔགས་ཀྱིས་ཐུན་རྫས་བྲབས་པས། མཚོན་ཆ་རྣོན་པོས་ལུས་དུམ་བུ་དུམ་བུར་བྱས་པར་བསམས་ལ་མཐར་གདབ་ལས་དང་བསྟབ་པ་བྱ། དྲག་པོའི་སྦྱིན་སྲེག་གམ་མནན་པ་བྱ། གཞན་དུ་མནན་མ་ཐུབ་ན་འོག་ཁང་གི་འབྲུབ་ཁུང་དུ་མནན་པར་བྱའོ། །དགྲ་བོ་སྨྱོ་འབོག་ཏུ་གྱུར་པ་ཙམ་འདོད་ན། དྷ་དུར་ནག་པོའི་ཁུ་བ་དང་། དུག་སྣ་ཚོགས་པ་དང་། ཆང་གི་ཕྲུ་མས་གདབ་པར་བྱའོ། །མཛེ་ལ་སོགས་པས་ཟིན་པར་འདོད་ན། མཛེ་ཕོའི་ཁྲག་གིས་བྱུགས་ཏེ་གཞན་སྔར་བཞིན་དུ་བྱ། ཀླུ་གནས་པའི་སར་ཕྱིན་ཏེ། མདུན་དུ་ཀླུ་གདོལ་པ་ནག་པོ་བཀུག མཆོད་བསྟོད་བྱས། ཕྱི་ཀླུ་སྨན་གྱིས་གཏུམས། བདེན་པ་བརྗོད། གཤགས་བརྡར་ཏེ། ཀླུ་ལ་བཅོལ་ཞིང་གཏད་པས་བཀའ་ཉན་ཅིས་ཀྱང་མི་གཏོང་བར་བསམས་ལ་གདོལ་པ་ནག་པོ་གནས་པའི་སར་སྦའོ། །ཕ་རོལ་པོའི་ལུས་རེངས་པར་འདོད་ན། རྣལ་འབྱོར་པའི་འདུག་ས་གང་ཡིན་པའི་སར་རང་གི་ཆག་གང་བརྐོས་པའི་གཏིང་ནས་ས་རློན་པ་རླངས་ལ་གུ་གུ་པ་ནག་པོས་བདུགས་ལ། སྔགས་རེ་རེ་ལ་ཡུངས་ཀར་རེ་རེ་བསྣུན་པར་བྱའོ། །དེ་ལྟར་སྔགས་སྟོང་རྩ་བརྒྱད་རྫོགས་པ་དང་། ས་དེ་ཁམ་ཕོར་སྲུབས་མེད་པའི་ནང་དུ་བླུག་ལ། ཕུར་བུའི་དཀྱིལ་དུ་བཅུག་ལ། སྨྱུག་མ་ཤོང་ཙམ་ཞིག་བཅུག་ལ། དེའི་ནང་དུ་ཡུངས་ཀར་སྟོང་ལ་སྔགས་དེ་ཐིམ་པ་དང་། དེ་ཤིང་གདུག་པ་ཅན་གྱིས་བསྐོར་ལ་བསྲེག་གོ །ནང་གི་ས་དང་ཡུངས་ཀར་འཚིག་ཅིང་མདོག་འགྱུར་བ་དང་། དེ་ཕྱུང་སྟེ་སྣོད་གཙང་མའི་ནང་དུ་བླུགས་ལ། ཇག་པ་དང་ཆོམ་རྐུན་བྱུང་བའི་དུས་སུ་རྐང་པའི་འོག་གི་ས་དང་བསྲེས་ནས་གཏོར་ན། དེ་རྣམས་རེངས་ཤིང་ལྡོངས་པར་འགྱུར་རོ། །བསྟོད་ཅིང་བསྐུལ་བ་ནི། ཧཱུྃ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །གདུག་པ་ཅན་རྣམས་འདུལ་བའི་ཕྱིར། །རྡོ་རྗེ་གཏུམ་པོར་བཞེངས་པའི་སྐུ། །བཅོམ་ལྡན་རྣམ་པར་འཇོམས་པ་དེས། །ལས་ལ་སྤྲུལ་པའི་ཕོ་ཉ་བ། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །འཇིགས་མཛད་འཇིགས་པས་ཆེར་འཇིགས་པ། །ཆར་སྤྲིན་འཐིབས་འདྲ་མཐོང་བའི་ཚེ། ཁྲོ་ཚོགས་དངངས་པས་མཚོན་ཆ་བསྐྱུར། །ཕྱོགས་བཅུ་མཐའ་ལ་འབྲོས་པར་རྩོམ། །རྔམ་པའི་མཱ་ར་ཡ་བསྒྲགས་པས། །དྲེགས་པའི་སྙིང་རྣམས་ཁ་ལ་ཕྱུང་། །ཁྲོ་བོའི་ཕོ་ཉ་ཕྱོགས་བཅུར་འགྱེད། །སངས་རྒྱས་བསྟན་པའི་སྲུངས་མ་མཛད། །མི་བཟད་མཚོན་ཆའི་ཆར་ཕབ་ནས། །དམ་ཉམས་དགྲ་བགེགས་དུམ་བུར་གཏུབ། །ནད་དང་དུག་གི་སྤྲིན་གཏིབས་པས། །ཕས་ཀྱི་ལྷ་སྲུངས་མྱོས་ནས་བཟློག །སྡེ་བརྒྱད་འཆི་བདག་གཏུམ་པོ་བསྡུས། །ཅི་བསྒོའི་བཀའ་ལ་སྒུག་ཅིང་སྡོད། ཁྱོད་ལ་བསྟོད་དེ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལ་ཁས་བླངས་པའི། །འཕྲིན་ལས་གཉན་པོ་མཛད་པ་ལ། །བསྐུལ་ལོ་ཁྲོ་བོ་སྟོབས་པོ་ཆེ། །རྦད་དོ་ལས་ཀྱི་ཕོ་ཉའི་ཚོགས། །སྡང་བའི་དགྲ་བོ་འདི་ཞེས་པ། །བདེན་རྫུན་གཟིགས་པ་ཁྱེད་རྣམས་ཀྱིས། །སྔན་ཆད་བསྒྲལ་བར་མ་མཛད་པ། །ཞལ་བཞེས་གཉན་པོ་སྙེལ་ཏམ་ཅི། །ད་ནི་རྡོ་རྗེ་འཛིན་པའི་བཀའ། །རྡོ་རྗེའི་ཐོག་ལྟར་བབ་ལགས་པས། །དགྲ་འདིའི་རང་གཤེད་རང་ལ་ཕོབ། །ལོ་ཟླར་འགྱངས་སུ་མ་འཇུག་པར། །རྦད་པའི་མོད་འདིར་སྲོག་དབུགས་ཆོད། །དོན་ལྔ་སྣོད་དྲུག་རྗེན་པར་ཟོ། ཁྲག་དམར་འབབ་པའི་རྦ་ལ་འཐུངས། །ཤ་རུས་ཕྲལ་བའི་ཕུང་པོ་བཞེས། །དུས་ལ་བབ་བོ་ས་མ་ཡ། །མ་གཡེལ་མ་གཡེལ་ལས་མཛད་རྣམས།། ཞེས་དང་། དེ་བཞིན་དུ། ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ། ཞེས་དང་། བསྐུལ་ལོ་ཁྲོ་བོ་རྣམ་པར་རྒྱལ།། དང་། ཁྲོ་རྒྱལ་གཤིན་རྗེ་མཐར་བྱེད་པ།། ཞེས་དང་། བསྐུལ་ལོ་གཤིན་རྗེ་མཐར་བྱེད་ཁྱོད།། དང་། ཁྲོ་བོའི་རྒྱལ་པོ་མི་གཡོ་བ། །བསྐུལ་ལོ་ཁྲོ་བོ་མི་གཡོ་བ།། དང་། ཁྲོ་བོའི་རྒྱལ་པོ་གཞན་མི་ཐུབ། །བསྐུལ་ལོ་ཁྲོ་བོ་གཞན་མི་ཐུབ།། ཅེས་སོགས་མ་གཏོགས་གཞན་ཐམས་ཅད་འདྲ་བར་སྦྱར་ཏེ་བསྐུལ་བར་བྱའོ། །བསྟོད་པའི་ཚེ་ཕྱག་འཚལ་བསྟོད་ཡན་ཆད་བྱ་བ་ཡིན་ནོ། །འཕྲུལ་འཁོར་དང་། བུམ་ཁྲུས་དང་། སྦྱིན་སྲེག་གི་ལས་སྒྲུབ་པར་བྱེད་པའི་ལས་སྦྱོར་རྣམས་ནི་སོ་སོར་བཤད་པར་བལྟ་བར་བྱའོ། །དེ་ལྟར་རྡོ་རྗེ་རྣམ་པར་འཇོམས་པའི་ལས་བསྒྲུབ་པའི་ཆོ་ག་འདི་ཡང་ཛ་ཝ་རིའི་གཞུང་ཇི་ལྟ་བ་ལ་གཟུངས་འགྲེལ་ཚད་ལྡན་དང་། རྒྱ་གཞུང་གི་མན་ངག་ཚིག་ཟིན་གྱིས་འཐོན་པ་གཅིག་ཏུ་བྱས་པ་འདི་ཡང་། པདྨ་དཀར་པོས། ཡུལ་དབུས་གྲྭ་དར་ལུང་གི་རི་ཁྲོད་དུ་སྦྱར་བ་རྫོགས་སོ།། །།མངྒལཾ།། །།


previousརྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་ཀྱི་ཆོ་ག།next