Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཁྲིད་རྒྱུད་གསུམ་གྱི་སྙིང་པོ།
   
   
   
   
   
   
   
   


 
previousརྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཁྲིད་རྒྱུད་གསུམ་གྱི་སྙིང་པོ།next

རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཁྲིད་རྒྱུད་གསུམ་གྱི་སྙིང་པོ།

རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཁྲིད་རྒྱུད་གསུམ་གྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །དགེ་ལེགས་བསགས་པའི་མཐུ་སྟོབས་ཡོན་ཏན་ཉིས། །སངས་རྒྱས་ཡེ་ཤེས་གནམ་སྔོན་བཞུ་བའི་ཐིགས། །སྐལ་ལྡན་དད་པའི་རྗེས་འགྲོར་བླུགས་པའི་ལྷ། །རྣམ་པར་འཇོམས་མཛད་བླ་མའི་ཞབས་ལ་འདུད། །ཨིནྡྲ་ནཱི་ལའི་བཅག་འཕྲོ་ལྟར་མཐིང་ཀ །ཆེར་གཏུམ་འབར་བའི་འཕྲེང་བ་འཁྲུགས་པའི་ཤུགས། །བདུད་བཞིའི་སྲོག་རྩར་གཟིར་བའི་རྡོ་རྗེའི་དབང་། །སངས་རྒྱས་ཀུན་ལས་ཐོབ་པའི་བདེ་ལེགས་སྩོལ། །མེས་པོར་རློམ་པས་ཀུན་རྟོག་གཡང་ངོགས་སུ། །ནམ་ཡང་མི་སྣང་བླ་མའི་དྲིན་འཚལ་བས། །ཡངས་པར་མཛའ་བ་སངས་རྒྱས་སྤྱོད་ཡུལ་གྱི། །ལམ་དེ་བདག་བློའི་ཕུག་ནས་དེ་རིང་ཟུག །མཁས་པའི་འདྲེན་བྱེད་དགའ་བའི་ལྟད་མོའི་དཔལ། །སྒྲུབ་པའི་སྙིང་ག་སིམ་བགྱིད་བཅུད་ཀྱི་ཕུལ། །ཐུབ་པའི་བཞེད་དོན་ཕུག་གི་ཉིན་བྱེད་དེ། །ཚིག་གི་བསིལ་ཟེར་ཁོང་ན་ཟླ་ཤེལ་ཡིན། །འདིར་ཀྲི་ཡ་ཐུགས་ཀྱི་རིགས་ཐམས་ཅད་ཀྱི་མན་ངག་གི་རྒྱུད་ཆེན་པོ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ལས་གསུངས་པའི་ཁྲིད་འདི་བཤད་པ་ལ་ལོ་རྒྱུས་དང་གདམས་ངག་གཉིས་ལས། དང་པོ་ནི། རིག་སྔགས་འཆང་གི་སློབ་དཔོན་པདྨ་དང་། བི་མ་ལ་དང་། གཞོན་ནུའི་སྡེ་དང་། སངས་རྒྱས་གསང་བ་དང་། སྨྲྀ་ཏི་ཛྙྱཱ་ན་ལ་སོགས་པའི་ཐུགས་ལ་བརྣགས་པ་ལྟར་དུ་བདག་ཅག་ལ་བཀའ་དྲིན་དུ་མཛད་པ་ནི། བླ་མ་རིན་པོ་ཆེ་ཡོན་ཏན་ཡེ་ཤེས་དཔལ་བཟང་པོ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཐུ་སྟོབས་ཞབས་ཞེས་སྙན་པའི་གདུགས་དཀར་པོ་བསྐོར་བ་དེས་ཡུན་རིང་མོ་ཞིག་ཏུ་ལག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྡོ་རྗེ་རྣམ་པར་འཇོམས་པ་བསྙེན་ཅིང་བསྒྲུབ་པ་ལས་ཕྱི་ཞིག་ན་བཅོམ་ལྡན་འདས་དེ་ཉིད་མངོན་སུམ་དུ་བྱོན་ཏེ། ལས་ཀྱི་རྡོ་རྗེ་གསུམ་པ་ཁྱོད་ཀྱིས་སྤྱོད་པར་འོས་པ་མཆོག་ཏུ་གསང་བ་འདི་སྟེ། ཞེས་མན་ངག་སྙིང་ཏིག་ཏུ་སྩལ་བ་དེས་སོ། །གཉིས་པ་གདམས་ངག་ལ། རྒྱུའི་རྒྱུད། ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་གསུམ་ལས། དང་པོ་ནི། འཁོར་བ་དང་ནི་མྱ་ངན་ཞེས། །རྒྱུད་དོ་ཅོག་གི་རྩ་བ་ནི། །རྡོ་རྗེ་ཁྲོ་བོ་ལས་བྱུང་བའི། །རྡོ་རྗེ་སྙིང་པོ་འདི་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་རྒྱུད་དོ་ཅོག་སྟེ། དེ་དག་གི་རྩ་བ་རང་གི་སེམས་ཞེས་བྱ་བར་རྣམ་པར་བཞག་གོ །ཅིའི་ཕྱིར་སེམས་རྒྱུད་དོ་ཅོག་གི་རྩ་བ་ཡིན་སྙམ་ན། སེམས་ཀྱི་རང་བཞིན་ལེགས་པར་མ་རྟོགས་པས་འཁོར་བའི་རྒྱ་མཚོ་ཡང་བྱུང་ལ། རྟོགས་ཤིང་གོམས་པས་མྱ་ངན་ལས་འདས་པའི་བདེ་བ་ཡང་འབྱུང་བའི་ཕྱིར། སེམས་ནི་རྒྱུད་དོ་ཅོག་གི་རྩ་བ་ཡིན་ནོ། །མ་རྟོགས་པ་ལས་འཁོར་བ་ཇི་ལྟར་འབྱུང་ཞེ་ན། ཉོན་མོངས་པའི་སེམས་ཀྱིས་མི་དགེ་བ་ལ་འཇུག་ཅིང་། དེའི་བག་ཆགས་ཀྱིས་མ་རིག་པ་རྙེད་ལ། མ་རིག་པའི་དབང་གི་ཀུན་ནས་ཉོན་མོངས་པ་དང་ལས་སུ་འགྱུར་ལ། དེས་སླར་བག་ཆགས་སྐྱེད་དེ། བག་ཆགས་དང་བཅས་པའི་སེམས་ཀྱི་རྒྱལ་པོ། ཉོན་མོངས་པའི་ཡིད་ཀྱི་བློན་པོས་ཁ་བསྒྱུར་ཏེ་ཚོགས་དྲུག་གི་འབངས་ལ་དབང་བསྒྱུར་བས་ཡང་སྲིད་པར་འཕྱན་པས་ན་མ་རིག་པའི་རྐྱེན་གྱིས་འཁོར་བ་ཞེས་བྱ་བ་སྟེ། དེའི་རྒྱུ་དང་། རྐྱེན་དང་། རང་བཞིན་དང་། དབྱེ་བས་སོ། །སེམས་ལེགས་པར་རྟོགས་ཤིང་བསྒྲུབས་པ་ལས་མྱ་ངན་ལས་འདས་པའི་བདེ་བ་ཇི་ལྟར་འབྱུང་ཞེ་ན། དེ་ཡང་དཔེ་ལ་སོགས་པའི་ཐ་སྙད་ཀྱི་སྒོ་ནས་བླ་མས་མཚོན་པ་ལས་རིམ་གྱིས་སྐྱེ་བར་འགྱུར་གྱི། ཅིག་ཅར་དུ་རང་གིས་ཐོབ་པའམ་རྟོགས་པ་མ་ཡིན་ནོ། །གང་གིས་དེ་ལྟར་རྟོགས་པའི་དོན་དེ་ལ་ནི་གྲུབ་པའི་མཐའ་ཞེས་སམ་ལྟ་བ། དེ་ལྟར་རྟོགས་པའི་དོན་དེ་ལ་གནས་ཏེ་འདྲིས་ཤིང་གོམས་པར་བྱེད་པ་ནི་སྒོམ་པ་ཞེས་བྱ་བའམ་རྣལ་འབྱོར། དེ་ལྟ་བུའི་བརྟན་པ་དང་གོང་ནས་གོང་དུ་བོགས་དབྱུང་བའི་གནས་སྐབས་ལ་ནི་ས་དང་ལམ་གྱི་རིམ་པ། དེ་རབ་ཏུ་གསལ་ཞིང་ཁྱད་པར་དུ་གྱུར་པའི་གནས་སྐབས་ན་སྒྲུབ་པ་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་ཟེར་རོ། །དེ་ཡང་ཉོན་མོངས་པའི་སེམས་ཀྱིས་མི་དགེ་བ་ལ་མི་འཇུག་ཅིང་། རང་བཞིན་ཉམས་སུ་མྱོང་བ་ལ་གནོད་པའི་ལས་མི་བྱེད་པ་ནི་སྤྱོད་པ། ལྟ་བ་དང་། དེ་ལ་གནས་པའི་སྒོམ་པ་དང་དེ་དང་མི་འགལ་བའི་ལས་སྤྱོད་པ་སྟེ། དེ་དག་དང་ལྡན་པ་ནི་བརྩོན་འགྲུས་ཀྱི་ཁྱད་པར་གྱིས་ཚེ་གཅིག་གམ་གཉིས་ལ་སོགས་པ་ཅི་རིགས་པར་རང་འདོད་པའི་འབྲས་བུ་ཐོབ་པར་འགྱུར་བས་འབྲས་བུ་བསྟན་པ་ནི་མྱ་ངན་ལས་འདས་པར་གསུངས་ཏེ། དེ་ནི་ཐོབ་པར་འདོད་པའི་འབྲས་བུའོ། །དེའི་ཕྱིར་རང་བྱུང་ཡེ་ཤེས་ཆེན་པོའི་རྐྱེན་གྱིས་མྱ་ངན་ལས་འདས་པ་སྟེ། རྒྱུ་དང་། རྐྱེན་དང་། རང་བཞིན་དང་། དབྱེ་བའོ། །སེམས་དེ་ཡང་ཤིན་ཏུ་རྟོགས་པར་དཀའ་བས་སོ་སོ་སྐྱེ་བོ་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་བར་དུ་རྟོགས་པའི་བྱེ་བྲག་ཐ་དད་པ་སྣ་ཚོགས་འབྱུང་ངོ་། །དེ་ཡང་དམུས་ལོང་གིས་རྟ་དང་གླང་པོ་ལ་དཔྱད་པ་བཞིན་དུ་དེ་དག་གིས་ཀྱང་ཆ་ཤས་རེ་རེ་ཙམ་རྟོགས་པ་དེ་ལ་རང་རང་གི་གྲུབ་མཐའ་དང་ལྟ་བར་འདོགས་པར་ཟད་དེ། གྲུབ་མཐའ་ཐ་དད་ཀྱང་སེམས་ཉིད་དེ་བཞིན་ཉིད་ལ་ནི་ཐ་དད་པའམ་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་བཞིན་ཉིད་དེ་ཉིད་མི་ཕྱེད་ཅིང་མི་ཤིགས་པས་རྡོ་རྗེ་ཞེས་བརྗོད་དེ། ངོ་བོ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །དེ་ཉིད་ལ་ལྷ་དང་གཟུངས་སུ་ཡང་གདགས་ཏེ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་དང་། ལྷ་དང་སྔགས་ནི་རྡོ་རྗེར་འདུས། །ཞེས་པས་སོ། །དེ་ལ་ལྷའི་རང་བཞིན་རྣམ་པ་གསུམ་སྟེ། དེ་ལྟར་གཟུགས་ཀྱི་སྐུའི་བདག་ཉིད་ཀྱི་ལྷའི་རང་བཞིན་དང་། སྒྲའི་བདག་ཉིད་ཀྱི་ལྷའི་རང་བཞིན་དང་། དོན་དམ་པའི་ལྷའི་རང་བཞིན་ནོ། །དེའི་གཟུགས་ཀྱི་བདག་ཉིད་ཀྱི་ལྷའི་རང་བཞིན་ཡང་རྣམ་པ་གཉིས་ཏེ། གཅིག་ནི་མིག་ལ་སོགས་པའི་ཡན་ལག་གི་དབྱིབས་ཀྱི་བཞིན་ནོ། །གཉིས་པ་ནི་ཕྱག་རྒྱའི་རང་བཞིན་ནོ། །སྒྲའི་བདག་ཉིད་ཀྱི་ལྷའི་རང་བཞིན་ལ་ཡང་རྣམ་པ་གཉིས་ཏེ། གཅིག་ནི་ཡི་གེའི་མཚན་ཉིད་དོ། །གཉིས་པ་ནི་སྒྲ་བརྗོད་པའི་རང་བཞིན་ནོ། །སྒྲར་བརྗོད་པའི་རང་བཞིན་དེ་ཡང་རྣམ་པ་གསུམ་སྟེ། གཅིག་ནི་རྐན་དང་མཆུ་ལ་སོགས་པའི་རྩོལ་བས་བསྐྱེད་པ་ཤུབ་བུ་ལ་སོགས་པར་བཟླས་བརྗོད་བྱེད་པའི་རང་བཞིན་ནོ། །གཉིས་པ་ཡིད་ཀྱི་སྤྱིར་གསང་སྔགས་འདོན་པའི་རང་བཞིན་ནོ། །གསུམ་པ་ཡང་གསང་སྔགས་ཀྱི་ཡི་གེ་རེ་རེའི་ནས་སེམས་དཔའི་བདག་ཉིད་རྣམ་པར་རྟོག་པའི་རང་བཞིན་ནོ། དོན་དམ་པའི་ལྷའི་རང་བཞིན་ཡང་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ལ་གཞན་པ་ནི་དེ་ལ་དམིགས་པ་སྣང་བ་མེད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། སྟོང་པ་ཉིད་དེས་ནི། དངོས་པོར་སྣང་བའི་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཇོམས་པར་བྱེད་པས་དངོས་པོར་སྣང་བ་དེ་དག་ལ་ཁྲོ་བོའོ། །དེ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་སྙིང་རྗེ་ཆེན་པོ་སྟེ། ངོ་བོ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོའོ། །སྟོང་པ་ཉིད་སྙིང་རྗེ་ཆེན་པོའི་སྙིང་པོ་དེ་དང་གདོད་མ་ནས་བྲལ་མ་མྱོང་ཞིང་། ནམ་གཞར་ཡང་འབྲལ་མི་ཤེས་པས་ན་རྡོ་རྗེ་སྙིང་པོ་ཞེས་བྱའོ། །གཉིས་པ་ཐབས་རྒྱུད་ལ། གཟུངས་སྔགས་སུ་ཟློས་པ་ཕྱིའི་ཁྲུས་ལུས་དག་པར་བྱེད་པ། རིག་སྔགས་སུ་ཟློས་པ་ནང་གི་ཁྲུས་ངག་དག་པར་བྱེད་པ། གསང་སྔགས་སུ་ཟློས་པ་གསང་བའི་ཁྲུས་སེམས་དག་པར་བྱེད་པ། སྙིང་པོར་ཟློས་པ་དེ་ཁོ་ན་ཉིད་ཀྱི་ཁྲུས་སྒོ་གསུམ་དབྱེར་མེད་དུ་དག་པར་བྱེད་པ་བཞི་ལས། དང་པོ་ནི། གཟུངས་སྔགས་རིག་སྔགས་གསང་སྔགས་དང་། །སྙིང་པོར་ཟློས་པའི་ཁྲུས་བཞིས་ལུས། །ཐམས་ཅད་རྡོ་རྗེར་བྱིན་བརླབས་ནས། །རྡོ་རྗེའི་ཏིང་འཛིན་སྙོམས་ཞུགས་པས། །ཉམས་པ་ལས་འཛིན་ཅིང་མི་བརྗེད་ལ་དོན་ཐམས་ཅད་འགྲུབ་པས་ན་གསང་སྔགས་ཏེ། དོན་དང་ཚིག་དང་གཉིས་ཀའི་གཟུངས། །ལེགས་པ་ལས་ནི་ཉམས་པ་ལས། །འཛིན་པར་བྱེད་པ་དེ་ཕྱིར་གཟུངས། །ཞེས་གསུངས་སོ། །དབྱེ་བ་ནི་གསུམ་སྟེ། དོན་དང་། ཚིག་དང་། གཉིས་ཀའི་གཟུངས་སོ། །དོན་གྱི་གཟུངས་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནས་བདུད་རྩི་འཁྱིལ་བས་སྡུས་ཤིག་པའི་བར་དུའོ། །ཚིག་གི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ྄་བྱ་བའི་བར་དུའོ། །གཉིས་ཀའི་གཟུངས་ནི། མིང་དོན་གཅིག་ཏུ་བསྲེས་ནས་སྒྲ་དང་དོན་དུ་སྦྲེལ་ནས་འཛིན་པའོ། །དང་པོར་སྔགས་པ་སྙིང་རྗེ་ཆེ་ཞིང་བྱ་བ་མཁས་པས་བདེ་བའི་སྟན་དང་། མདུན་དུ་བུམ་པ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ་སྲོག་ཆགས་མེད་ཅིང་གཙང་མའི་ཆུ་བླུགས་ནས། སྐུའི་རྟགས་སུ་སྨན་ལྔ་དང་། གསུང་གི་རྟགས་སུ་སྤོས་ལྔ་དང་། ཐུགས་ཀྱི་རྟགས་སུ་སྙིང་པོ་ལྔ་དང་། འཕྲིན་ལས་ཀྱི་རྟགས་སུ་འབྲུ་ལྔ་དང་། ཡོན་ཏན་གྱི་རྟགས་སུ་རིན་པོ་ཆེ་ལྔ་རྣམས་གཞུག་གོ །དེ་བཞིན་ཉིད་ལ་ཉེས་པའི་དྲི་མས་མ་གོས་པའི་རྟགས་སུ་མགུལ་གོས་གཙང་མས་དགབ་ཅིང་བཞག་གོ །སྔགས་པ་བདག་ཉིད་ཀྱང་ཡོན་ཏན་དེ་དག་ཐོབ་པར་བྱ་བའི་ཕྱིར་རྟག་ཏུ་ཡིད་ལ་དྲན་པའི་གཟུངས་ཐག་གདགས་པར་བྱ་སྟེ། སྲད་བུ་གཙང་མ་དཀར་པོ་སུམ་སྒྲིལ་སྐུ་གསུང་ཐུགས་ཀྱི་མཚོན་བྱེད་དུ་བྱས་པའོ། །རྣལ་འབྱོར་གྱི་ཚུལ་རྒྱས་པ་གཞན་དུ་བཤད་ལ། འབྲིང་དུ་བསྒོམ་པར་འདོད་པས། ཨོཾ་ཤོ་དན་ཏེ་ཤོ་དན་ཡེ་སྭཱ་ཧཱ། ཞེས་དབང་པོའི་སྒོ་དག་པའི་ཁྲུས་བྱས། ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ྄། ཅེས་ཆུ་སྙིམ་པ་གསུམ་སྤྱི་བོར་བླུགས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡུད་ཙམ་བསྒོམས་པའི་ཁྲུས་ཀྱི་མཐར། བདག་ཉིད་ཁྲོ་བོ་གནོད་མཛེས་སུ་ཡུད་ཀྱིས་བསྒོམས་ཏེ། ཨོཾ་སུཾ་བྷ་ནིའི་སྔགས་ཀྱིས་བགེགས་བསྐྲད། ཨོཾ་ཙཀཀྲ་ཧཱུྃ་བྷྲཱུཾ་ཏྲཱཾ་བྷྲཱུཾ་སྲཾ་བྷྲཱུཾ་ཨཾ་བྷྲཱུཾ། ཞེས་བརྗོད་པས་མཚོན་ཆ་སྣ་ལྔའི་ས་གཞི་གུར་བླ་རེ་བསམས་ནས། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། རང་ཉིད་རྣམ་པར་འཇོམས་པར་གསལ་བའི་ཐུགས་ཀའི་འོད་ཀྱི་བླ་མ་དང་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལྷ་ཚོགས་ཀྱིས་བསྐོར་བ་བཛྭ་ས་མཱ་ཛཿ ན་མོ་བཛྭ་བི་རཱ་ར་ཎ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་ནས། རོལ་མོའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་སྡོམ་པ་བླངས། བཛྭ་མུཿ ཚོགས་ཞིང་རང་གནས་སུ་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ཚད་མེད་པ་བཞི་དང་། མུ་སྟེགས་བྱེད་ལ་སོགས་པས་བཏགས་པའི་བདག་ནི་ཀུན་རྫོབ་ཀྱི་བདེན་པའི་ཐ་སྙད་དུ་ཡང་མི་བཟོད་ལ། ཉེར་ལེན་གྱི་ཕུང་པོ་ལྔ་ལ་གདགས་པ་འདི་ཡང་རྣམ་པ་བདུན་ནམ་ལྔ་ལ་སོགས་པའི་རིགས་པས་བརྟགས་པའི་བློ་ངོ་ན་ཅི་ཡང་མི་དམིགས་པ་དེ་ཙམ་ཞིག་འདིར་བདག་གི་དེ་ཁོ་ན་ཉིད་དེ། །ལྷ་དྲུག་གི་སྔགས་ལ་དམིགས་པའི་རྣམ་པར་ཤེས་པ་ནི་ལྷའི་དེ་ཁོ་ན་ཉིད་དེ། བདག་གི་དེ་ཁོ་ན་ཉིད་མངོན་དུ་བྱས་པའི་སྣང་བ་ལས་ལངས་ནས་ལྷའི་དེ་ཁོ་ན་ཉིད་ལ་འཇུག་པར་བྱའོ། །དེ་ཡང་མདུན་གྱི་ནམ་མཁར། རྒྱལ་བའི་དབང་པོ་ཤཱཀྱ་ཐུབ་པ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པས་ཇི་ལྟར་བདུད་འདུལ་བར་མཛད་པར་བསོད་ནམས་དང་ཡེ་ཤེས་ཀྱིས་བསྒྲུབས་པའི་སྐུར་བལྟས་ཏེ། བཅོམ་ལྡན་འདས་ཀྱིས་བདག་གི་ལུས་རྡོ་རྗེར་བྱིན་གྱིས་རླབས་ཏུ་གསོལ། ཞེས་བརྗོད་པས། དེས་ཀྱང་བདག་གི་ལུས་སྟོང་པར་བྱིན་གྱིས་བརླབས་པར་བསམས་ཏེ། དངོས་པོ་ཐམས་ཅད་གཟུང་བ་མེད་པ། འཛིན་པ་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་བསམ་མོ། །དེ་ནས་སྟོང་པ་ཉིད་ཞི་བ་ཕྱོགས་གཅིག་པ་འབའ་ཞིག་གིས་འགྲོ་བའི་དོན་བྱ་བར་མི་ནུས་པ་དང་། ཉན་ཐོས་དང་རང་རྒྱལ་གྱི་བྱང་ཆུབ་དང་ཁྱད་པར་མེད་པར་དོགས་ནས། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའི་འོད་ཟེར་གྱིས་རེག་ནས་སྟོང་པ་ཉིད་ལས་བསླང་ངོ་། །གལ་ཏེ་སྐུར་བསླང་ངམ་ཞེ་ན་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་སེམས་དཔྱོད་པ་དང་བཅས་པ་ཞིག་ཏུ་བསླང་ངོ་། །ཇི་ལྟར་དཔྱོད་ན་བདག་གི་དེ་ཁོ་ན་ཉིད་ནི་གཟུང་བ་མེད་པ། འཛིན་པ་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བར་འདུག་ན། ལྷའི་དེ་ཁོ་ན་ཉིད་ཇི་ལྟར་འདུག་དཔྱད་པས། ལྷའི་དེ་ཁོ་ན་ཉིད་དེ་ཡང་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བར་འདུག་པར་ཤེས་སོ། །དེ་ལྟར་ཤེས་པས་སྟོང་པ་ཉིད་ཀྱི་རྣམ་པ་ལ་དབྱེ་བ་མེད་པས་གཅིག་ཅིང་ཐ་དད་པ་མེད་པ་ཡིན། དེ་མེད་ཙ་ན་བདག་དང་ལྷའི་དེ་ཁོ་ན་ཉིད་དེ་ཡང་གཅིག་ཅིང་ཐ་མི་དད་པར་འདུག དེ་ལྟར་འདུག་ཙ་ན་བདག་གི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ལྷའི་དེ་ཁོ་ན་ཉིད་ཡིན་ལ། ལྷའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་བདག་གི་དེ་ཁོ་ན་ཉིད་ཡིན་པར་ཤེས་སོ། །དེ་ཤེས་པས་བདག་དང་ལྷའི་དེ་ཁོ་ན་ཉིད་ཐ་དད་པ་མ་ཡིན་པར་གཅིག་གོ །ཞེས་ཡོངས་སུ་བརྟགས་ཏེ། ཡང་རྣམ་པར་མི་རྟོག་པའི་སྣང་བའི་སྒོ་དེ་ཉིད་དུ་བདག་དང་ལྷ་གཉིས་གཅིག་པར་ང་རྒྱལ་མངོན་དུ་བྱས་ཏེ། སྣང་བ་མེད་པར་གང་གི་རིག་པ་ཤིན་ཏུ་མངོན་སུམ་དུ་གྱུར་པར་བསམ་གཏན་བྱའོ། །དེ་ནི་སྟོང་པ་ཉིད་དམ་རྣམ་པར་མི་རྟོག་པའི་ལྷའོ། །ཨོཾ་སྭ་བྷཱ་ཝ་ཞེས་བྱིན་གྱིས་བརླབ་བའི་སྔགས་བརྗོད། སྐད་ཅིག་གཉིས་པ་ལ། དཔེར་ན་ནམ་མཁའ་སྟོང་པ་ལ་གློ་བུར་དུ་འབྲུག་གི་སྒྲ་རྣམ་པ་དག་པར་གྲགས་པ་ལྟར། རང་གི་སེམས་ཉིད་ན་མོ་རཏྣ་ཡཱ་ཡ། བྱ་བ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ྄་བྱ་བའི་བར་དུ་སྒྲའི་རྣམ་པར་གྲགས་པར་བསམ་མོ། །སྒྲའི་ལྷའོ། །དེ་ནས་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་དེའི་འོད་ཀྱིས་སྟེང་དང་འོག་ཏུ་རྡོ་རྗེའི་གུར་དང་ས་གཞི་ཡེ་ཤེས་ཀྱི་མེ་ལྕེས་དཀྲིས་པ། ཧཱུྃ་ལས་རྡོ་རྗེ་མཐིང་ནག་རྩེ་ལྔ་པ། ལྟེ་བ་ལ་བདག་གི་དེ་ཁོ་ན་ཉིད་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པའི་དབུས་སུ་ཧཱུྃ་གི་མཐར་གཟུངས་གྱི་འཕྲེང་བས་བསྐོར་བ་དངུལ་ཆུ་ལ་གསེར་གྱི་བྱེ་མ་ལྟར་སིམ་པ་ཡི་གེའི་ལྷའོ། །དེ་ནས་སྔགས་ལས་འོད་ཟེར་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ནམ་མཁའ་ཁྱབ་པར་འཕྲོས་པས་འཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད། འཕགས་པ་མཆོད་པས་མཉེས་པར་བྱས་ཏེ་རྒྱུད་བསྐུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནུས་པའི་མཐུ་དང་བཅས་ཏེ་སླར་ལོག ཟླ་བའི་སྔགས་ལ་ཐིམ་པས། དེ་དག་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་རྣམ་པར་འཇོམས་པའི་སྐུ་འཇིགས་སུ་རུང་བ། ཨིནྡྲ་ནཱི་ལ་ལྟར་མཐིང་བ། ཁྲོས་ཤིང་འཁྲུགས་པའི་ཞལ། སྡང་མིག་ཏུ་གཟིར་བའི་སྤྱན་གསུམ། སྨིན་མ་དང་སྨ་ར་མེར་འབར་བ། རྡོ་རྗེའི་ཅོད་པན་ཅན། ཕྱག་གཡས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་གདེངས་ཤིང་། གཡོན་འགྱིང་བག་དང་བཅས་པའི་དྲིལ་བུ་དཀུར་བརྟེན་པ། སྦྲུལ་ཆེན་ལྔའི་རྒྱན་དང་སྟག་ཤམ་ཅན། གཡོན་བརྐྱང་བས་ཉིན་མོར་བྱེད་པ་བརྫིས་ཏེ་འབར་བའི་འཕྲེང་བ་འཁྲིགས་པའི་དཀྱིལ་དུ་བཞུགས་པ་གཟུགས་ཀྱི་ལྷའོ། །དེ་ནས་སྤྱི་མགྲིན་སྙིང་གར་པད་ཉི་ཟླ་བ་ལ་ཨོཾ་ཨཱཿཧཱུྃ། དཀར་དམར་མཐིང་གསུམ་རིམ་པ་ལྟར་གནས་པའི་ཧཱུྃ་ལས་བཀྱེ་བའི་འོད་ཟེར་ཀྱི་ལྕགས་ཀྱུས་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་སྙིང་གར་བཏབ་ནས་མདུན་གྱི་ནམ་མཁར་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་སྤྱན་དྲངས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད། རྡོ་རྗེ་ཡེ་ཤེས་ཉོན་མོངས་འཇོམས་པའི་སྐུ། །ཐུགས་རྗེ་ཆེན་པོས་མ་རིག་སེལ་བའི་གསུང་། །བདེ་ཆེན་མི་གཡོ་མཆོག་ཏུ་གསལ་བའི་ཐུགས། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཛཿཧཱུྃ་བཾ་ཧོཿ བདག་དང་གཉིས་སུ་མེད་པར་བསྲེས། སླར་ཡང་དེ་བཞིན་གཤེགས་པ་ལྔ་སྤྱན་དྲངས། །ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་ལྔས་བུམ་པའི་ཆུས་དབང་བསྐུར། སྤྱི་བོར་སྣ་ཚོགས་རྡོ་རྗེས་རྒྱས་བཏབ་པར་བསྒོམ་མོ། །སྔར་ཀུན་བརྟགས་ཀྱི་ལྷ་ཡིན་པ་ལ། དེས་གཞན་དབང་རྒྱུ་རྐྱེན་ལས་གྲུབ་པའི་ལྷའི་དངོས་པོ་གཅིག་ཏུ་བྱས་པས་ཕྱག་རྒྱའི་ལྷའོ། །བསམ་གཏན་གྱིས་རྣམ་པར་བརྟགས་པའི་ལྷའི་རྣམ་པ་དེ་ཉིད་ཡང་དང་ཡང་དུ་དམིགས་པ་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ནམ་མཚན་མའི་ལྷའོ། །དེ་ནས་མདུན་དུ་བུམ་པ་ཁམས་གསུམ་རྣམ་པར་དག་པའི་ནང་དུ་ལྷ་དྲུག་བསྐྱེད་པ་ནས་རྒྱས་བཏབ་པའི་བར་འདོན་པ་ཅུང་ཟད་བསྒྱུར་བས་སྔར་བཞིན་བྱའོ། །དེ་ནས་རུས་སྦལ་གྱི་ཡན་ལག་བསྐུམ་པ་དང་ལྕེས་ཆུ་འཐུང་བ་ལྟར། ལུས་ཐམས་ཅད་ཀྱི་དབུགས་རྒྱུ་བ་དང་། དབང་པོའི་གྲོང་ནང་དུ་ཕྱོགས་པས་མིག་ཟིམ་བུས་གདོང་ཅུང་ཟད་གཏོད་དེ་སྒྲ་སྔགས་ཀྱི་ཡི་གེ སེམས་ཟླ་བ། གཞི་བུམ་པའི་ལྷ། གཞི་གཉིས་པ་རང་ལྷའི་གཟུགས་ཏེ། དེ་ལ་དམིགས་ནས་བཟླས་བརྗོད་བྱེད་པའི་ཚུལ་གསུམ་ལས་དང་པོ། བུམ་པའི་ལྷའི་ཐུགས་ཀར་གཟུངས་ཐག་གི་སྣ་ཟུག་པར་བསམས་ཏེ། སྒྲ་དང་སེམས་དང་གཞི་ལ་ཅིག་ཅར་དམིགས་ལ་ཁྲོ་བོའི་བཟླས་པས་སྔགས་འཕྲེང་གཟུངས་ཐག་ལ་འཁྲིལ་ཏེ། བུམ་པའི་ལྷའི་ཟླ་བའི་སྔགས་ལ་བསྟིམ་བསྟིམ་ཐིམ་པར་མོས་ལ་སྐྱོན་དང་བྲལ་བར་བཟླའོ། །དབུགས་མི་ཐུབ་པར་བྱུང་བ་ན་བདག་བསྐྱེད་ཀྱི་ལྷ་ལ་བལྟའོ། །མདུན་བསྐྱེད་ཀྱི་ཐུགས་ཀའི་ཡི་གེ་ལ་དམིགས་པའོ། །གཉིས་པ་རླུང་ནང་དུ་སྡུད་པའི་ཚེ་ལྷའི་ཐུགས་ཀའི་ཟླ་བ་སྔགས་འཕྲེང་རང་གི་སྙིང་གར་བསྡུ། ཕྱིར་འགྲོ་བའི་ཚེ་དེ་ཉིད་ཀྱི་ཐུགས་ཀར་བཀོད་ལ་བཟླའོ། །གཏོང་དུས་བཞི་ཆར་དུས་གཅིག་ལ་དམིགས་པར་བྱའོ། །རང་གི་སྙིང་ག་ལ་དམིགས་པའོ། །ཤུབ་བུར་བཟླའོ། །གསུམ་པ་བདག་བསྐྱེད་ལ་བལྟས་ནས། རླུང་ནང་དུ་སྡུད་པའི་ཚེ་རང་ཉིད་ལྷ་དང་གཉིས་སུ་མེད་པར་བསམས་ནས་དྲན་པ་དང་རླུང་བཀག བརྗོད་པའི་སྒྲ་ཙམ་ལ་དམིགས་ལ་བཟླ། ཕྱིར་འགྲོ་བའི་ཚེ་མདུན་གྱི་སྒྲ་སེམས་གཞི་དང་དབྱེར་མེད་པས་སྒྲ་ཙམ་ལ་དམིགས་ནས་ཡིད་ཀྱིས་བཟླས་བརྗོད་བྱའོ། །དེ་དག་ནི་ཀུན་རྫོབ་རྣམ་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱ་ལ། བཟླ་ཚུལ་གསུམ་པོ་དེ་ནི་འདམ་ཀ་ཡིན་ནོ། །མཐར་བུམ་པའི་ལྷ་ལ་མཆོད་བསྟོད་བྱས་ཏེ་འོད་དུ་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ། བདག་དང་གཞན་ལ་ཁྲུས་བྱའོ། །དེ་ནི་ཕྱིའི་ཁྲུས་ཏེ་ལུས་དག་པ་ཕུང་པོ་ལྷག་མ་མེད་པ་ཉན་ཐོས་ཀྱི་རྟོགས་རིས་ཐོབ་པར་འགྱུར་རོ། །ཐུན་བཤོལ་བའི་ཚེ་རང་ལྷའི་སྐུ་འབའ་ཞིག་ཏུ་སེམས། དེ་ནས་ཡིག་འབྲུ། དེ་ནས་སྒྲ། དེ་ནས་ལྷའི་ཡེ་ཤེས་ཀྱི་སྐུ་ལ། དེ་ནས་ཆོས་ཀྱི་སྐུ་ལ། དེ་ནས་བདག་གི་དེ་ཁོ་ན་ཉིད་ལ། དེ་ནས་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པར་སྣང་བ་དང་མཚུངས་པ་རྣམ་པར་སྨིན་པའི་ལུས་སུ་སེམས་ཏེ། དགེ་བའི་རྩ་བ་རྣམ་པར་འཇོམས་པ་ཐོབ་པའི་ཆེད་དུ་བསྔོའོ། །གཉིས་པ་རིག་སྔགས་སུ་ཟློས་པ་ནང་གི་ཁྲུས་ངག་དག་པར་བྱེད་པ་ནི། འདིས་ཉོན་མོངས་པ་རྣམས་འཇོམས་པ་དང་། དོན་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པས་རིག་སྔགས་ཏེ། རང་གི་ལུས་བུམ་པ། རྫས་ནི་དོན་སྙིང་རྣམ་པ་ལྔ་དང་། སྣོད་རྣམ་དྲུག་དང་། ཕུང་པོ་ལྔ་དང་། དབང་པོ་ལྔ་དང་། འབྱུང་བ་བཞི་ལ་རིམ་པ་བཞིན་དུ། སྨན་དང་། སྤོས་དང་། འབྲུ་དང་། སྙིང་པོ་དང་། རིན་པོ་ཆེ་རྣམས་སུ་མོས་པར་བྱས་ལ། རང་ཉིད་ཟས་དཀར་གསུམ་མངར་གསུམ་ལ་སོགས་པ་གཙང་མ་ཟོས་པ་ནི་ཆུའོ། གོས་གཙང་མ་གྱོན་པ་མགུལ་ཆིངས་སོ། །དྲན་པ་མ་ཡེངས་པ་ནི་གཟུངས་ཐག་གོ །དེ་ནས་བུམ་པ་དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གཅིག་བསམ། དེའི་སྟེང་དུ་ཧཱུྃ་མཐིང་ནག དེ་ལས་འོད་ཟེར་འཕྲོས་འདུས་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་རྭ་གདེངས་པ་ནག་པོ། དེའི་ལྟེ་བར་ཟླ་བ་ལ་ས་བོན་གྱི་ཡི་གེ་བཀོད་ནས། ཁྲོ་བོའི་རྡོ་རྗེ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དེ་མཉམ་པར་བཞག་པ་དེ་ནི་རྡོ་རྗེའི་ཏིང་ངེ་འཛིན་ནོ། །རྡོ་རྗེའི་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་རྗེས་སུ་དེ་དག་ཡོངས་སུ་གྱུར་པ་ལ་བདག་གི་སེམས་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱའོ། ལྷ་བསྐྱེད་པ་ནས་རྒྱས་བཏབ་པའི་བར་སྔར་བཞིན་ལ། སྙིང་གའི་ཟླ་བ་ལ་འཁོད་པའི་སྔགས་ལས་འོད་ཟེར་འཕྲོས་པས་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་རྣམ་པར་འཇོམས་པའི་རྣམ་པར་བུམ་པའི་ནང་དུ་བྱོན། ཐམས་ཅད་ཀྱི་དབུས་ན་བདག་ཉིད་ཁྲོ་བོ་ཆེན་པོར་གནས་པས་སྔགས་ཀྱི་སྒྲ་ཤུབ་བུར་བཟླ་ཞིང་འོད་ཟེར་གྱི་སྤྲོ་བསྡུས་དོན་གཉིས་བྱས་པར་ཡང་བསམ་ལ། ཟིན་པ་དང་སྙིང་གའི་ལྷ་ཚོགས་ཞུ་བའི་རྒྱུན་རྡོ་རྗེ་ནོར་བུ་ནས་བྱུང་བའི་རང་བྱུང་གི་བདུད་རྩིས་བཀྲུ་བར་བྱའོ། །དེ་ནི་ནང་གི་ཁྲུས་ཏེ། དེས་ནི་ཕྱི་ཡུལ་ལ་རྒྱུ་བ་བཀག་པས་ཆོས་ཀྱི་བདག་གཟུང་བའི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་པས་ངག་དག་པ་སྔགས་ཀྱི་ནུས་པ་ཐོབ་ནས་རང་རྒྱལ་གྱི་རྟོགས་རིས་ཐོབ་པར་འགྱུར་རོ། །གསུམ་པ་གསང་སྔགས་སུ་ཟློས་པ་གསང་བའི་ཁྲུས་སེམས་དག་པར་བྱེད་པ་ནི། དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དང་། སྐྱོབ་པ་དང་ལྡན་པའམ། གསངས་ཏེ་བརྗོད་པའི་ཕྱིར་གསང་སྔགས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་སྟེ། ལུས་རྡོ་རྗེར་བྱིན་གྱིས་བརླབས་པའི་མཐར། ཆོས་ཐམས་ཅད་ནི་སེམས་ཀྱི་རང་བཞིན་ཡིན་ལ། སེམས་དེའི་རང་བཞིན་འོད་གསལ་བ་ཡིན་མོད་ཀྱི། གནས་སྐབས་ཉོན་མོངས་པས་བསྒྲིབས་པ་དེ་བསལ་བའི་ཕྱིར་དུ་རང་གི་ལུས་ངག་ཡིད་གསུམ་ཨོཾ་ཨཱཿཧཱུྃ་ཟླ་ཤེལ་དང་། པདྨ་རཱ་ག་དང་། བཻ་ཌཱུརྻ་སྔོན་པོ་ལྟ་བུ་བརྩེགས་མར་གསལ་བཏབ་ནས། ཡི་གེ་གསུམ་ལ་མེ་ལྕེའི་རང་བཞིན་དུ་འབར་བའི་ཁོང་ན་གསང་སྔགས་དྲིལ་བུའི་སྒྲ་བཞིན་རྒྱུན་མ་ཆད་པར་འབྲེལ་བའི་སྒྲ་གཅིག་ནས་གཅིག་ཏུ་ལྷང་ལྷང་གྲགས་པའི་འཕྲེང་བ་རླུང་དབྱུང་བའི་ཚེ་ཨོཾ་ཡིག་ལས་བྱེ། འཇུག་པའི་ཚེ་ཨཱཿཡིག་ཏུ་ཞུགས་ཏེ། གནས་པའི་ཚེ་ཧཱུྃ་ཡིག་ལ་འཁོར་བའི་ཚུལ་དུ་བསམས་ལ་བརྒྱ་རྩ་བརྒྱད་ལ་སོགས་པ་ཡིད་ཀྱིས་བཟླའོ། །མཐར་གཟུངས་སྔགས་རྣམས་ཨོཾ་ལ་ཐིམ། དེ་ཨཱ་ལ། དེ་ཧཱུྃ་ལ། ཧཱུྃ་གི་ཨུ་ཧ་ལ། དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། ནཱ་ད་དེ་ཞུན་མར་གསར་པ་ལ་སྦར་བའི་སྒྲོན་མའི་མེ་ལྕེ་ལྟར་རབ་ཏུ་གསལ་བར་གྱུར་པ་ལ་དམིགས་ཏེ་མཉམ་པར་བཞག དེས་ཡོངས་སུ་དག་པ་སེམས་ཙམ་གྱི་འབྲས་བུར་འཐོབ་ཏེ་གསང་བའི་ཁྲུས་ཞེས་བྱའོ། །ལྡང་བར་འདོད་ན་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་དབྱེར་མེད་དུ་མོས་ནས་སྤྱོད་ལམ་ལ་འཇུག་གོ །བཞི་པ་སྙིང་པོར་ཟློ་བ་དེ་ཁོ་ན་ཉིད་ཀྱི་ཁྲུས་སྒོ་གསུམ་དབྱེར་མེད་དུ་དག་པར་བྱེད་པ་ནི། ལྷ་དང་སྔགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་སྙིང་པོའི་སྔགས་སོ། །ཆོས་ཐམས་ཅད་སེམས་དང་། སེམས་ཡི་གེ་གསུམ་གྱི་རྣམ་པ། དེ་ཡང་སྐུ་གསུམ་དུ་ངེས་པར་བྱ་ཞིང་། ཁམས་གསུམ་པ་རྣམས་ཀྱང་དེ་ལས་བྱུང་ཞིང་། དེ་ལ་སླར་ཐིམ་པའོ་ཞེས་མོས་པར་བྱས་ལ། ཡི་གེ་ཨོཾ་ནི་ཨཱ་ལ་ཐིམ། སྤྲུལ་པའི་སྐུའི་རང་བཞིན་ལུས་ཀྱང་སྒྱུ་མ་ལྟ་བུ་སྟེ་ཡང་དག་པར་མ་གྲུབ་ཅེས་སམ། དེ་མ་ཐག་ཨཱཿ ཡང་ཨོཾ་ལ་ཐིམ། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ངག་ཀྱང་སྒྱུ་མ་ལྟ་བུ་སྟེ་ཡང་དག་པར་མ་གྲུབ། དེ་མ་ཐག་ཏུ་ཨཱཿཡང་ཧཱུྃ་ལ་ཐིམ། ཧཱུྃ་ཡིག་ལ་བརྟགས་པས་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ་རྣམ་པ་ཡལ། ཆོས་ཀྱི་སྐུའི་རང་བཞིན་ཡིད་ཀྱང་སྒྱུ་མ་ལྟ་བུ་སྟེ་ཡང་དག་པར་མ་གྲུབ་ཅེས་བསམ་ཞིང་། ཧཱུྃ་གི་རྣམ་པ་མེད་པ་སྒྲ་ཙམ་ལ་སེམས་གཟུང་ནས་ཧཱུྃ་ཞེས་ཅི་རིགས་པར་བཟླའོ། །དེ་ནས་སྒྲ་ཙམ་དེ་ཡང་ཡལ་ནས་སེམས་ཉིད་རང་བཞིན་གྱིས་མ་སྐྱེས་པ། རྐྱེན་གྱིས་མི་འགག་པའི་ཆོས་ཉིད་བརྗོད་དུ་མེད་པ་རང་དུ་གནས་ཏེ། ནམ་མཁའ་ལྟ་བུ་ཟག་པ་མེད་པའི་བདེ་བ་དང་། སྤྲོས་པ་མེད་པའི་ཆོས་ཉིད་རོ་གཅིག་ཏུ་གྱུར་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་ལ་དུས་རྟག་ཏུ་སྙོམས་པར་འཇུག་པར་བྱའོ། །དེ་ནི་དེ་ཁོ་ན་ཉིད་ཀྱི་ཁྲུས་ཏེ། སྒོ་གསུམ་དག་པ་དབྱེར་མེད་པ་དབུ་མའི་ལམ་མཐར་ཕྱིན་པ་ཆོས་ཀྱི་སྐུ་ཐོབ་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་ལྡང་བར་འདོད་ན། ཧཱུྃ་ལས་ཁམས་གསུམ་གྱི་ངོ་བོར་སྐད་ཅིག་གིས་མོས་པར་བྱས་ལའོ། །གསུམ་པ་འབྲས་བུའི་རྒྱུད་ནི། བཅོམ་ལྡན་རྡོ་རྗེ་ལ་ཞུགས་པ། །ཕུན་སུམ་ཚོགས་གཉིས་གནས་བདུན་དང་། །བཅོ་བརྒྱད་ཀྱིས་དང་ལྔ་དང་གསུམ། །གཅིག་གིས་བརྟན་པ་ཐོབ་པར་འགྱུར། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་ལ་སོགས་པ་ཕྱིན་ཅི་ལོག་མ་ལུས་པ་འཇོམས་པའི་སྐལ་བ་ཅན་ཏེ། དེས་ཆད་པའི་མཐའ་བསལ་ཏེ་རྫོགས་པའི་སངས་རྒྱས་ལ་ཟག་པ་མེད་པའི་རང་བཞིན་ཅན་གྱི་བདེ་བ་ཆེན་པོའི་ཡེ་ཤེས་མངའ་བར་བསྟན་ཏོ། །རྡོ་རྗེ་ལ་ཞུགས་པ་ཞེས་བྱ་བ་ནི་རྟག་པའི་མཐའ་བསལ་ཏེ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་བསྟན་པའོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་བདེ་བ་ཆེན་པོའི་ཡེ་ཤེས་རྟོག་པ་མེད་པར་མར་ལ་མར་ཞུགས་པའམ་ཆུ་ལ་ཆུ་ཐིམ་པ་ལྟ་བུར་གྱུར་པ་སྟེ། དེ་ལ་ཆོས་ཀྱི་སྐུ་ཞེས་ཀྱང་བྱ། སངས་རྒྱས་བཅོམ་ལྡན་འདས་ཞེས་ཀྱང་བྱ། རྡོ་རྗེ་འཆང་ཞེས་ཀྱང་བྱ། བྱང་ཆུབ་ཆེན་པོ་ཞེས་ཀྱང་བྱ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་ཅེས་ཀྱང་བྱའོ། །ཇི་ལྟར་ཕུན་སུམ་ཚོགས་པ་ཞེ་ན། ཉན་ཐོས་ལ་སོགས་པའི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་འདས་པ་ཐོ་རངས་ཀྱི་མར་མེ་ཤི་བ་ལྟ་བུ་མ་ཡིན་པར། འདི་དག་གི་ཕུན་སུམ་ཚོགས་པ་ལས་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་བ་སྲིད་ཞི་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ཡིན་པས་སོ། །ཇི་ལྟར་བདག་གི་དོན་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རྡོ་རྗེའི་གནས་བདུན་གྱིས་ཏེ། རྡོ་རྗེ་ཁྲོ་བོ་ལས་བྱུང་བའི་རྡོ་རྗེ་སྙིང་པོ་སེམས་ཀྱི་དེ་བཞིན་ཉིད་དེ་ལས་རྒྱུན་དུ་གནས་ཤིང་བརྟན་པ་ཐོབ་པས་ནི་རྣམ་པར་རྟོག་པས་བར་དུ་མི་ཆོད་པས་ན་མི་ཆོད་པའོ། །འདུས་མ་བྱས་པར་ལྷུན་གྱིས་གྲུབ་པའི་རྡོ་རྗེ་ལྟ་བུའི་སྐུ་ཡིན་པའི་ཕྱིར་རྐྱེན་གྱིས་མི་ཤིགས་པའོ། །ཡང་དག་པའི་དོན་ལ་བསླུ་བ་མེད་པས་ན་བདེན་པའོ། །དོན་རྟོགས་པ་དང་ཐོབ་པར་དཀའ་བས་ན་སྲ་བའོ། །རྡོ་རྗེ་སྙིང་པོ་དེ་ངན་སོང་དུ་གནས་པའི་ཚེ་དམན་པར་མི་འགྱུར་ལ། མྱ་ངན་འདས་པའི་དུས་བཟང་པོར་མི་འགྱུར་བས་ན་བརྟན་པའོ། །གང་གིས་རྡོ་རྗེ་སྙིང་པོ་དེ་རྟོགས་ན་ནམ་མཁའ་ལྟར་ཅིའི་ངོ་བོར་ཡང་མ་གྲུབ་པས་ན་ཐོགས་པ་མེད་པའོ། །སྟོང་པ་ཉིད་ནམ་མཁའ་ལྟ་བུ་དེ་ལ་གང་གིས་ཀྱང་མི་ཚུགས་ཤིང་གླགས་མི་རྙེད་པས་ན་ཐམས་ཅད་དུ་མ་ཕམ་པའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ཞེ་ན། ཡེ་ཤེས་ཀྱི་ཁྱད་པར་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་བཅོ་བརྒྱད་ཀྱིས་གསུངས་པའི་འཕྲིན་ལས་ཀྱིས་སོ། །གཞན་ཡང་། ནོར་བུ་ཡུངས་ཀར་དཱུར་བ་དང་། །རིན་ཆེན་རྨ་མེད་ཙན་དན་བཅས། །ཞེས་པས། ཟག་བཅས་ཀྱི་ཕུང་པོ་ལྔ་དང་། ས་ལ་སོགས་པའི་ཁམས་ལྔ་དང་། རོ་ལ་སོགས་པའི་ཡུལ་ལྔ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལྔ་རྣམས་ཡོངས་སུ་དག་ནས། ཟག་པ་མེད་པའི་ཕུང་པོ་ལྔ་དང་། ཡེ་ཤེས་ལྔ་དང་། ལམ་དུས་སུ་གང་བསྒོམ་པའི་དེ་བཞིན་གཤེགས་པའི་སྐུ་དང་། གསུང་དང་། ཐུགས་དང་། འཕྲིན་ལས་དང་། ཡོན་ཏན་དུ་ཡང་འགྱུར་རོ། །ཤེལ་དང་རྡོ་རྗེ་མེ་ཏོག་གམ། །ཞེས་བྱ་བ་ནི། སྒོ་གསུམ་པོ་དག་པ་ལས་སྐུ་གསུམ་པོ་འབྱུང་བ་མཚོན་ཕྱིར་ཏེ། སེམས་དག་ཅིང་དྲི་མ་མེད་པ་ཤེལ་ལྟ་བུའི་ཆོས་ཀྱི་སྐུ་དང་། རྡོ་རྗེ་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། འགྲོ་བ་ཐམས་ཅད་ལ་ཡིད་དུ་འོང་ཞིང་མཛེས་པའི་མེ་ཏོག་ལྟ་བུ་སྤྲུལ་པའི་སྐུའོ། །གཙང་མའི་གསེར་རམ། ཞེས་པས། དེ་ལ་གསེར་ནི་བསྲེགས་པ་ལ་སོགས་པས་རང་བཞིན་སེར་པོར་བསྒྱུར་བར་མི་ནུས་པ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ཡང་ཆོས་གཞི་ཐོག་ཏུ་ཕེབས་པ་མཚོན་པའི་བརྡའོ།། །། རྒྱལ་བའི་མན་ངག་རྒྱུད་ཆུ་སློབ་མའི་བྱས། །ཕལ་ཆེར་ཡི་གེ་ཙམ་གྱི་ལྦུ་བར་ཕྲལ། །ལ་ལས་དྲང་ངེས་མ་ཕྱེད་རྒྱུན་ཙམ་གཟུང་། །ཆེས་ཟམ་འོ་མར་མྱོང་བ་ཁོ་བོ་ཙམ། །རྒྱུད་གཞུང་པདྨོའི་འབྱུང་གནས་ཅི་དང་ཅིར། །བློ་གྲོས་དཀར་པོའི་གཤོག་བརྐྱང་དེ་དང་དེར། །སིམ་པའི་ལེགས་བཤད་མགྲིན་པའི་རྔ་བསྒྲགས་ལས། །འདི་ནི་བདེ་སྐྱིད་གླིང་གི་འདོད་དགུའི་མཚོར། །དེ་ལྟར་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཁྲིད་རྒྱུད་གསུམ་གྱི་སྙིང་པོ་ཞེས་བྱ་བ་འདི། པདྨ་དཀར་པོས། ཟ་ཧོར་རིགས་ཀྱི་ཐིག་ལེ་ཆོས་ཀྱི་རྒྱལ་པོའི་སྐྱེད་མོས་ཚལ་བདེ་སྐྱིད་གླིང་ཞེས་བྱ་བའི་ཡུལ་དབུས་སུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །ཤུ་བྷམ་སྟུ་སརྦ་ཛ་གཏཱ་མི་ཏི།། །།མངྒལཾ།། །།


previousརྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཁྲིད་རྒྱུད་གསུམ་གྱི་སྙིང་པོ།next