Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་དངོས་གྲུབ་ཀྱི་འདོད་འཇོ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་དངོས་གྲུབ་ཀྱི་འདོད་འཇོ།next

རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་དངོས་གྲུབ་ཀྱི་འདོད་འཇོ།

རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་དངོས་གྲུབ་ཀྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །ན་མ་ཨཱརྻ་ཏཱ་རཱ་ཡཻ། བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་རྗེ་ཡིས། །བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་བྱེད་པ། །འཆི་བདག་ལས་རྒྱལ་གནས་སྐབས་མཐར་ཐུག་གི །དངོས་གྲུབ་མཆོག་སྩོལ་རྗེ་བཙུན་མ་ལ་འདུད།། འདིར་དུས་མ་ཡིན་པར་འཆི་བའི་འཇིགས་པ་བསལ་ཏེ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་འདོད་པ་རྣམས་ཀྱིས། ཡིད་བཞིན་འཁོར་ལོ་འདི་ཉིད་བསྒྲུབ་ཅིང་བསྙེན་པར་བྱེད་པ་ལ། ཡིད་ཆེས་པར་བྱེད་པ་བླ་མ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ཉིད་ལས་བྱུང་བའི་སྒྲུབ་ཐབས་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་མ་ཉིད་ཀྱིས་རྗེས་སུ་བཟུང་བ་པཎ་ཆེན་ངག་གི་དབང་ཕྱུག་གྲགས། དེས་བླ་མ་གསེར་གླིང་པ། དེས་པཎྛི་ཏ་དཱི་པཾ་ཀ་ར། དེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། དེས་སྤྱན་སྔ་ཚུལ་ཁྲིམས་འབར། དེས་སྒྲེས་པ་རིན་པོ་ཆེ། དེས་རྗེ་སྒམ་པོ་པ། དེས་དཔལ་ཕག་མོ་གྲུ་པ། དེས་སྟག་ལུང་ཐང་པ། དེས་བླ་མ་བ་ལམ་པ། དེས་སློབ་དཔོན་ཚལ་པ། དེས་ཤཀ་གཞོན་པ། དེས་དོན་ཞགས་པ་སངས་རྒྱས་རིན་ཆེན། དེས་བླ་མ་བསོད་ནམས་རྡོ་རྗེ། དེས་འཁྲུལ་ཞིག་བློ་བཟང་གྲགས་པ། དེ་ལ་སྐྱེས་མཆོག་སྨོན་ལམ་པ་དང་། གྲུབ་ཆེན་རྡོ་རྗེ་དཔལ་ལྡན་གཉིས་ཀྱིས་གསན། དེ་གཉིས་ལ་གྲུབ་ཆེན་བློ་གྲོས་ཆོས་རྒྱལ་གྱིས་གསན། དེ་ལ་ཡོངས་འཛིན་དམ་པ་ངག་དབང་ཆོས་ཀྱི་རྒྱལ་པོ་གསན། དེས་དཔལ་ལྡན་བླ་མ་དམ་པ་ངག་གི་དང་ཕྱུག་གྲགས་པ་རྒྱལ་མཚན་ལའོ། །གཉིས་པ་བརྒྱུད་པ་དེ་ཉིད་ལས་བྱུང་བའི་སྒྲུབ་ཐབས་ལ། བདག་བསྐྱེད། མདུན་བསྐྱེད། བུམ་སྒྲུབ། རྗེས་སུ་གནང་བ་དང་གསུམ་ལས། དང་པོ་ནི། ཡིད་དུ་འོང་བའི་གནས་སུ་མཐུན་རྐྱེན་འཛོམ་པར་བྱས་ལ། ར་བ་བཞིའམ་རྟག་པར་ཡང་རུང་སྟེ། ས་བྱི་དོར་བྱས། །གནས་བརྒྱན། བཅོམ་ལྡན་འདས་མའི་སྐུ་བཞུགས་སུ་གསོལ་བའི་སྤྱན་སྔར། མཆོད་རྫས་བཟང་པོ་ཁ་ན་མ་ཐོ་བའི་སྐྱོན་དང་བྲལ་བ་དང་། གཏོར་མ་དཀར་གསུམ་རིན་པོ་ཆེའི་སྣོད་དུ་བཤམས། ཁྲུས་བྱས་གཙང་སྦྲ་དང་ལྡན་པས་སྟན་བདེ་བ་ལ་སེམས་སྐྱིལ་གྱིས་འདུག་ལ། མདུན་དུ་ཉེར་སྤྱོད་རྡོ་རྗེ་དྲིལ་བུ་དང་བཅས་པ་བཞག ཐོག་མར་བར་ཆད་བསྲུང་བའི་ཆེད་དུ། ཆོས་སྐྱོང་དང་གཞི་བདག་ལ་གཏོར་མ་ཕུལ་ལ། ཕྲིན་ལས་བཅོལ་ནས་བསྙེན་བསྒྲུབ་ལ་འཇུག་པ་ནི། སངས་རྒྱས་ཆོས་དང་ཚོགས་མཆོག་དངོས། །བཅོམ་ལྡན་འདས་མའི་ཞབས་པད་ལ། །བདག་དང་མཁའ་མཉམ་འགྲོ་ཚོགས་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་ལན་ཅི་རིགས་ཀྱི་རྗེས་སུ། འགྲོ་ཀུན་སྡུག་བསྔལ་ལས་བསྒྲལ་ཞིང་། །བདེ་བ་མཆོག་ལ་རབ་བཀོད་དེ། །བླ་མེད་བྱང་ཆུབ་ལ་བཞག་ཕྱིར། །སྒོ་གསུམ་དགེ་ལ་བསྐུལ་བར་བྱ། །རང་ཉིད་སྐད་ཅིག་གིས་པད་དཀར་ཟླ་བའི་གདན་ལ་རྗེ་བཙུན་འཕགས་མ་སྒྲོལ་མར་གསལ་པའི་ཐུགས་ཀར་ཟླ་བའི་གདན་གྱི་དབུས་སུ་ཏཾ་ཡིག་དཀར་པོ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨཱརྻ་ཏཱ་རེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས་ཨརྒྷཾ་གྱི་དོད་དུ། པཱ་དྱཾ། པུཥྤེ། དྡྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤཔྟ་ཞེས་བཀོད་པ་རྣམས་ཀྱིས་མཆོད་ནས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཨོཾ་ཤུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་དང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་མཆོག་ཏུ་ཡངས་པའི་སྟེང་དུ། ཨ་ལས་ཟླ་བའི་གདན་གྱི་དབུས་སུ་ཏཱཾ་དཀར་པོ་གནས་པ་དེ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་རྣམས་ཀྱི་དུས་མ་ཡིན་པར་འཆི་བའི་འཇིགས་པ་བསལ་འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས།རང་ཉིད་ཚེ་དཔལ་བསོད་ནམས་མཐའ་དག་རབ་ཏུ་འཕེལ་བར་བྱེད་པའི་རྗེ་བཙུན་སྒྲོལ་མ་སྟོན་ཟླའི་འོད་དང་མཚུངས་པའི་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས། སྤྱན་དཀྱུས་རིང་ཞིང་འཛུམ་པའི་བཞིན་རས་ཡིད་དུ་འོང་བ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་པའི་མཐེབ་སྲིན་སྦྱར་བས་ཨུཏྤ་ལ་དཀར་པོ་ཡལ་འདབ་རྒྱས་པ་ཐུགས་ཀར་བསྣམས་པ། དབུ་སྐྲ་མཐོན་མཐིང་ཐོར་ཚུགས་སུ་བཅིངས་པའི་ལྷག་མ་གཡས་གཡོན་དུ་འཕྱང་བ་ལོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་ནུ་འབུར་ཟུང་གིས་མཛེས་ཤིང་སྒེག་པའི་ཉམས་དང་ལྡན་པ། དར་གྱི་ཤམ་ཐབས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་མངའ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྨད་དུ་ཧཱུཾ། ཐུགས་ཀའི་དབུས་སུ་ཟླ་གདན་ལ་ཏཱཾ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་ཅོད་པཎ་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བརྗོད། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་སྤྱན་དྲངས། པཉྩྨ་ཀུ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སརྦ་ཏ་ག་ཏ་ཨ་བྷི་ཥི་ཉྩྨ་ཏུ་མཾ། ཞེས་གསོལ་བ་བཏབ་པས། རིགས་ལྔས་བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་གྱུར། བཅོམ་ལྡན་འདས་མའི་ཐུགས་ཀའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་འབུམ་གྱི་ནང་མ་ལ། ཨཱ་ལི་བཅུ་དྲུག་གཡོན་བསྐོར བར་པ་ལ། ཀཱ་ལི་སོ་བཞི་གཡས་བསྐོར། ཕྱི་མ་ལ། ཡེ་དྷརྨཱ་གཡས་སུ་འཁོར་བའི་ཡིག་འབྲུ་རབ་ཏུ་དཀར་བ་ལས་འོད་ཟེར་དཀར་སེར་དམར་ལྗང་མཐིང་དང་མཆིན་ཁ་དྲུག་རིམ་གྱིས་སྤྲོས་པས། ལུས་གང་། ཕྱི་རོལ་ཏུ་བར་ཐག་འདོམ་རེ་ཙམ་ནས་འོད་ཀྱི་གུར་ཁྱིམ་གྱི་རྣམ་པ་དྲུག་ཏུ་གྱུར་པའི་བར་མཚམས་ཐམས་ཅད་ཨུཏྤ་ལ་སྔོན་པོ་གསར་དུ་ཁ་བྱེས་གང་བ། འོད་ཀྱི་ཁ་དོག་གི་དབྱེ་བས་ཞི་རྒྱས་དབང་དྲག་ལས་ཐམས་ཅད་བརྟན་བྱེད་ཀྱི་ནུས་ལྡན་དུ་བསྒོམ། དེ་ལྟར་བུའི་དམིགས་པས་ཅུང་ཟད་ངལ་བའི་ཚེ། ཡི་གེ་བཅུ་པའི་སྔགས་ཅི་ནུས་སུ་བཟླ་བ་དང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུ་རྫྙཱ་ན་པུ་ནྱ་པུཥྚི་ཀུ་སུ་རུ་སྭཱ་ཧཱ། ཞེས་པ་ངག་ཐུན་དུ་བཅད་ནས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ་གང་འགྲུབ་བཟླའོ། །དེ་ཡང་བགྲང་ཕྲེང་ནི། པདྨའི་རིགས་ལ་པདྨའི་སྙིང་། ཞེས་པ་དང་མཐུན་པ་གྲངས་བརྒྱ་རྩ་བརྒྱད། གཞོན་ནུ་མས་བཀལ་བའི་སྐུད་པ་གསུམ་བསྒྲིལ་ལ་བརྒྱུས་པ། དྲི་བཟང་གི་ཆུས་བཀྲུས་ཏེ་སྙིམ་པར་བཟུང་ནས། ཨོཾ་བ་སུ་མ་རི་ཤྲཱི་ཡེ་སྭཱ་ཧཱ། ཞེས་ལན་བདུན་གྱི་བྱིན་གྱིས་བརླབས་པ། ཐུན་གྱི་ཐོག་མར་ལན་རེ་བྱ་ཡི། ཐམས་ཅད་དུ་ནི་མི་དགོས་སོ། །ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། བཅོམ་ལྡན་འདས་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། གཏོར་མ། ཨོཾ་ཨཱཿཔདྨཱནཏ་ཀྲྀ་ཏ་ཧཱུཾ་ཕཊ྄་ཀྱིས་བསངས། ཤུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱར་ཨི་དཾ་བ་ལྱ་དི་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་ཕུལ་ལ་འདོད་གསོལ་ནི། །བདག་གི་ཚེ་ཡི་བར་གཅོད་ནི། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཐུན་རྐྱེན་ཚེ་དང་བསོད་ནམས་དང་། མཆོག་རྣམས་སྦྱིན་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །ཚུལ་དེས་ཞག་ཉེར་གཅིག་གམ་བདུན་ལ་སོགས་པར་བསྙེན་པར་བྱས་ན། རྨི་ལམ་དུ་མཆོད་རྟེན་གྲངས་ངེས་ཅན་ནམ། ངེས་མེད་གང་བྱུང་ཡང་འཆི་བདག་བཟློག་པར་འགྱུར་རོ། །གཉིས་པ་མདུན་སྐྱེད་བུམ་བསྒྲུབ་ནི། ཡིད་དང་མཐུན་པར་གནས་སུ་བླ་བྲེ་ཡོལ་བ་སོགས་བཀོད་པའི་ཁྱད་པར་དང་ལྡན་པས། བདག་བསྐྱེད་བཟླས་པའི་བར་བྱ། བསངས་སྦྱངས་སྟོང་པའི་ངང་ལས་མདུན་དུ་ཞིང་ཁམས་ཕོ་བྲང་བཀོད་པ་ཚད་མེད་པའི་དབུས་སུ། ཚེ་དཔལ་བསོད་ནམས་རབ་ཏུ་འཕེལ་ཞེས་པ་ནས་རྒྱས་གདབ་ཀྱི་བར་བདག་བསྐྱེད་བཞིན་ལ། མཆོད་རྫས་བྱིན་གྱིས་བརླབ་པ་ནི་བསངས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་རྣམས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་རབ་འབྱམས་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྭ་ཀྵྨྱ་ར་ཎ་ཁཾ། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་པའི་ཤློཀ་བརྗོད་པས་ཕྱག་འཚལ། མཆོད་ཡོན་མེ་ཏོག་མཁའ་ཁྱབ་དྲི་ཞིམ་སྤོས། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །རབ་འབྱམས་ནམ་མཁའི་ཁྱོན་རྣམས་བཀང་བྱས་ཏེ། །བླ་མ་བཅོམ་ལྡན་མ་ལ་འབུལ་བར་བགྱི། ཨོཾ་གུ་རུ་ཨཱརྻ་ཏཱ་རེ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས་ཨརྒྷཾ་གྱི་གནས་སུ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ། མཛེས་པའི་གཟུགས་མཆོག་སྒྲ་སྙན་དྲི་ཞིམ་དང་། རོ་བརྒྱ་ལྡན་དང་སྲབ་འཇམ་རེག་མཆོག་སོགས། །ཀུན་བཟང་མཆོད་སྤྲིན་དང་མཚུངས་སྣ་ཚོགས་ཀྱིས། །ཆོས་དབྱིངས་ཀུན་བཀང་བཅོམ་ལྡན་མ་ལ་འབུལ། སྔགས་ཀྱི་ཐོག་མཐའ་སྔར་བཞིན་ལས་ཨརྒྷཾ་གྱི་གནས་སུ། རཱུ་པ། ཤཔྟ། གནྡྷེ། རཱ་སེ། སྤརྴེ། བི་ཤྭ། ཞེས་བརྗོད། རི་རབ་གླིང་བཞི་གླིང་ཕྲན་ནི། །མཆོད་རྫས་དུ་མས་ཡོངས་བཀང་སྟེ། །བླ་མ་བཅོམ་ལྡན་འདས་མ་ནི། །དུས་རྣམ་རྟག་ཏུ་མཆོད་པར་བགྱི། །ཨོཾ་གུ་རུ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་མཎྜྻལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། ཞེས་པ་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་པའི་བར་གྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བདུན་རྣམ་དག་བྱ། གཏོར་མ་བསངས་བྱིན་གྱིས་བརླབས་ནས་དབུལ། གསོལ་གདབ་སྔར་བཞིན་བྱ། སྐུ་གསུམ་རྒྱལ་བ་མ་ལུས་ཀུན་གྱི་ཡུམ། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་མ། །དུས་གསུམ་བླ་མ་མཆོག་གི་ངོ་བོ་ཉིད། །རིགས་གསུམ་འཕགས་མའི་ཚོགས་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་ཤློ་ཀ་བརྗོད་པས་ཕྱག་འཚལ། བསྟོད་པ་ནི། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ནད་རྣམས་ཀུན་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་ལྡན་ཞིང་། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡེ་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་གཅོད་དང་། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་མཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀའི་སྔགས་འཕྲེང་ལས་འོད་འཕྲོས། སྣོད་བཅུད་ལ་ཕོག་པས་ཚེ་དང་དཔལ་འབྱོར་ཐམས་ཅད་རྒྱས་པར་གྱུར། དམིགས་པ་དང་ལྷན་ཅིག་ཏུ་བཟླས་པ་བྱ། རིན་པོ་ཆེའི་བུམ་པ་བཀྲུས། སྤོས་ཀྱིས་བདུགས། སྲོག་ཆགས་མེད་པའི་ཆུས་བཀང་། བུམ་རྫས་བཅུག་པའི་སྟེང་དུ་མཆོད་ཡོན་གཟུངས་ཐག་སོགས་བཤམས། བསངས་སྦྱངས་སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བའི་གདན་ལ། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཚེ་དཔལ་བསོད་ནམས་ཐམས་ཅད་རབ་ཏུ་འཕེལ་ཞེས་པ་ནས་རྒྱས་གདབ་ཀྱི་བར་བདག་བསྐྱེད་བཞིན་ལ་སྔགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མའི་ཐུགས་ཀར་ཡིད་བཞིན་གྱི་འཁོར་ལོའི་འོད་ཀྱིས། བརྟན་གཡོ་མ་ལུས་པའི་ཚེ་དཔལ་བསོད་ནམས་ཐམས་ཅད་བསྡུས་ཏེ་ཐིམ་པར་གྱུར། བཟླས་པ་ཅི་རིགས་གྲུབ་ནས་མཆོད་པ་འབུལ། བཅོམ་ལྡན་འདས་མ་བདུད་རྩིའི་རང་བཞིན་དུ་ཞུ་བ་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར། གསུམ་པ་རྗེས་སུ་གནང་བ་ནི། དུས་དགེ་བ་གཟའ་སྐར་བཟང་པོ་དང་དང་ལྡན་པའི་ཚེ། སྐུ་གཟུགས་བཤམས། མཆོད་པའི་བཀོད་པས་གནས་བརྒྱན། དྲི་བཟང་གི་བྱུགས་པའི་མཎྜྻལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་དཀར་པོ་ལྟེ་བ་ལྗང་སེར། མུ་ཁྱུད་གོང་རས་ཇི་ལྟར་མཛེས་པའི་དབུས་སུ་ཏཱཾ་ཡིག་གེ་མེ་ཏོག་དཀར་པོའི་ཚོམ་བུ་བཀོད། མཆོད་གཏོར་གྱིས་བསྐོར། དུང་ཆོས་སུ་དྲི་ཆབ་ལ་སྔགས་བཟླས་པ་དང་། བདག་སྐྱེད་མདུན་བསྐྱེད། བུམ་བསྒྲུབ་རྣམས་སྔོན་དུ་འགྲོ་བས་སློབ་མ་རྣམས་ལ་དུང་ཆོས་ཀྱི་ཆབ་ཀྱིས་ཁྲུས་བྱ་མཎྜྻལ་ཕུལ་ནས། སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་ཚེའི་དངོས་གྲུབ་ཀྱི་ཆེད་དུ་བཅོམ་ལྡན་འདས་མའི་རྗེས་སུ་གནང་བ་ཞུ་སྙམ་པའི་མོས་པས་རྗེས་ཟློས་ཀྱི། འཁོར་བ་ལས་སྒྲོལ་ཞེས་པ་ནས། མ་ལུས་བདག་ལ་གནང་བར་མཛོད་ཅེས་པའི་བར་ལན་གསུམ་གྱིས་གསོལ་བ་གདབ། བླ་མ་འཕགས་མ་ཡིད་བཞིན་འཁོར་ལོར་གསལ་བ་ལ། སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བའི་སྤྱན་སྔར་ཡན་ལག་བདུན་པ་འབུལ་སྙམ་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་བརྗོད། སློབ་མ་བསངས་སྦྱངས་སྟོང་པའི་ངང་ལས་ཁྱེད་རང་རྣམས་ཚེ་དཔལ་བསོད་ནམས་ཞེས་པ་ནས་ཐུགས་ཀའི་འཁོར་ལོ་དང་བཅས་པ་བསྒོ། སློབ་དཔོན་བཅོམ་ལྡན་འདས་མ་དང་ཐ་མི་དད་པར་མོས་ཏེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ བླ་མ་རིན་པོ་ཆེས་བདག་གི་དུས་མ་ཡིན་པར་འཆི་བ་ཐམས་ཅད་བསལ་ནས། རྗེ་བཙུན་མའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ། སློབ་དཔོན་གྱི་ཐུགས་ཀའི་ཡིག་འབྲུ་ལས་འོད་འཕྲོས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་ཡིག་འབྲུའི་རྣམ་པར་བྱོན། སློབ་དཔོན་གྱི་ཐུགས་ཀར་ཐིམ། སློབ་དཔོན་གྱི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་ལས། འཁོར་ལོ་ཡིག་འབྲུ་དང་བཅས་པ་དེ་འདྲ་བ་དཔག་མེད་བྱུང་དེ་ཁྱེད་རང་རྣམ་པའི་སྙིང་ཀའི་འཁོར་ལོ་ལ་ཐིམ། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་བར་ཆད་ཐམས་ཅད་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་གྱིས། སྤོས་ཀྱིས་བདུག རོལ་མོ་བྱ། དེ་ནས་ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་བཛྭ་ས་མཱ་ཛཿ འཕགས་མ་ཡིད་བཞིན་འཁོར་ལོ་ལ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། སྔགས་ཀྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། །དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་མ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏས་མ་ཡེ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། ལུས་གང་དྲི་མ་དག འཆི་མེད་ཚེའི་དངོས་གྲུབ་ཐོབ། ཆུའི་ལྷ་ག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱི་དབུ་བརྒྱན་པར་གྱུར། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱི་མཆོད། ཡང་དཔོན་སློབ་གཉིས་ཀ་རྗེ་བཙུན་མར་གསལ་བའི་བླ་མའི་ཞལ་ནས་སྔགས་མུ་ཏིག་གི་འཕྲེང་བ་ལྟ་བུ་འཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཐིམ། རྗེ་བཙུན་མའི་གསུང་གི་བྱིན་རླབས་དངོས་གྲུབ་ཐོབ། ངག་སྔགས་ཀྱི་མཐུ་ལྡན་དུ་བསྒོམ། ཡི་གེ་བཅུ་པ་བརྒྱ་བཟླས། སློབ་མས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། ལན་གསུམ་དང་། སློབ་དཔོན་གྱིས་བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། ཞེས་བརྗོད་ཅིང་པདྨའི་སྟེང་གི་མེ་ཏོག་སློབ་མའི་སྤྱི་བོར་བཞག ཡང་སློབ་དཔོན་གྱི་ཐུགས་ཀའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལས་འོད་འཕྲོས། སངས་རྒྱས་ཀུན་གྱི་ཐུགས་ཀ་ནས་སྔགས་འཕྲེང་མང་པོ་སྤྱན་དྲངས་ལ་ཁྱེད་རང་རྣམས་ཀྱི་སྙིང་ཀར་ཐིམ་པས། ཕྲིན་ལས་ཐམས་ཅད་བསྒྲུབ་པའི་ནུས་ལྡན་གྱི་ཡེ་ཤེས་མངོན་དུ་བྱས་སྙམ་པའི་མོས་པ་གྱིས། ཞེས་བརྡ་སྤྲད། དེ་ནས་དེ་ཕྱིན་ཆད་སྙིང་པོ་ཡི་གེ་བཅུ་པ་སྤེལ་ཚིག་དང་བཅས་པ་ཆགས་མེད་དུ་བཟླ་བའི་ཡི་དམ་ལོང་། ཞེས་བསྒོམ། ཇི་ཙམ་ནུས་པའི་དམ་བཅའ་འབུལ་དུ་བཅུག་ལ་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་གཟུང་བ་དང་། ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། ཞེས་ལན་གསུམ་བརྗོད། ཕྱག་གཡོན་འབུལ། དེ་ལྟར་རྗེས་སུ་གནང་བ་གྲུབ་ནས། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། ཨོཾ་བཛྭ་ཏཱ་རེ་ས་མ་ཡ་ཞེས་སོགས་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །མདུན་བསྐྱེད་ཀྱི་ཡེ་ཤེས་པ་འཁོར་བཅས་བཛྭ་མུཿ དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་གྱུར། རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། འཆི་མེད་ངེས་པར་སྟེར་བ་མོ། །རིག་པ་འཛིན་མ་བཅོམ་ལྡན་འདས། །ཡིད་བཞིན་འཁོར་ལོའི་བཀྲ་ཤིས་ཤོག །བདག་དང་སྐྱེ་དགུ་ཐམས་ཅད་ལ། །འཇིགས་པ་ཀུན་ལས་རབ་གྲོལ་ཞིང་། །ཕན་དང་བདེ་བ་རབ་འཕེལ་བས། །འདོད་དོན་ཀུན་འགྲུབ་བཀྲ་ཤིས་ཤོག །འཇིགས་པ་ཀུན་ལས་ཐར་བ་དང་། །ཐུན་མོང་དངོས་གྲུབ་སྣ་ཚོགས་པ། །བདེ་བླག་ཉིད་དུ་འགྲུབ་གྱུར་སྟེ། །རང་གཞན་རྣམས་ལ་ཕན་བྱེད་ཤོག །ཅེས་བཀྲ་ཤིས་སྨོན་ལམ་རྒྱས་བསྡུས་ཅི་རིགས་པར་བྱའོ། །རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་དངོས་གྲུབ་ཀྱི་འདོད་འཇོ་ཞེས་བྱ་བ་འདི་ཉིད་ཆོས་མཆོག་རྒྱལ་པོ་དང་ནོར་བུ་རབ་འཕེལ་གྱིས་བསྐུལ་བའི་ངོར། རང་གཞན་འཇུག་པ་བདེ་བའི་ཕྱིར་དུ། །སྤྱན་སྔ་ཐམས་ཅད་མཁྱེན་པ་བཞི་པ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོ་དང་། ཡོངས་འཛིན་དམ་པ་རྡོ་རྗེ་འཆང་ཆེན་པོ་ངག་གི་དབང་པོས་མཛད་པ་ལས་ཉུང་ངུར་བསྡུས་ཏེ། ངག་དབང་ནོར་བུས་གདན་ས་ཆེན་པོ་ར་ལུང་ཐེལ་གྱི་ཀུན་དགའ་ར་བར་སྦྱར་བའི་ཡི་གེ་པ་ནི་བླ་མ་རྒྱ་མཚོས་བགྱིས་པ་འདིས་ཀྱང་། སེམས་ཅན་ཐམས་ཅད་དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་བྲལ་ནས་རྣམ་མཁྱེན་སངས་རྒྱས་ཐོབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousརྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འཆི་མེད་དངོས་གྲུབ་ཀྱི་འདོད་འཇོ།next