Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
སྒྲོལ་མ་དཀར་མོའི་སྦྱིན་སྲེག།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་དཀར་མོའི་སྦྱིན་སྲེག།next

སྒྲོལ་མ་དཀར་མོའི་སྦྱིན་སྲེག།

སྒྲོལ་མ་དཀར་མོའི་སྦྱིན་སྲེག་བཞུགས་སོ། །འཇིགས་པ་མ་ལུས་པ་བསྐྱབ་ཅིང་འཆི་བ་མེད་པ་དང་བསོད་ནམས་བློ་གྲོས་ཀྱི་དཔལ་སྩོལ་བར་མཛད་པའི་འཕགས་མ་སྒྲོལ་མ་དཀར་པོ་ལ་ཕྱག་འཚལ་ལོ། །རིག་པ་མཆོག་གི་རྒྱུད་ལས། གསང་སྔགས་མ་བཟླས་མི་འགྲུབ་ཅིང་། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །བཟླས་བརྗོད་འབུམ་ཕྲག་གཅིག་ལ་ནི། །སྦྱིན་སྲེག་ཁྲི་ཕྲག་བྱེད་པར་བཤད། །ཅེས་བཤད་པ་ལྟར། བཟླས་པ་ཇི་ཙམ་སོང་བའི་བཅུའི་ཆའི་སྦྱིན་སྲེག་བྱ་དགོས་ཤིང་། དེ་བས་ན་སྒྲོལ་མ་དཀར་མོའི་སྦྱིན་སྲེག་བྱ་བར་འདོད་པས། རྒྱལ་བའི་དུས་ཆེན་བཞི་དང་། ཉི་ཟླ་གཟས་གཟུང་བའི་དུས་སམ། གཟའ་ཚེས་སྐར་སྦྱོར་བྱེད་པ་བཟང་པོ་ལ་འཕགས་མའི་བསྙེན་པ་སྔོན་དུ་སོང་བས། བདག་བསྐྱེད་མཆོད་བསྟོད་སྒྲུབ་ཐབས་བཞིན་ཚར་ནས། འཆི་བླུ་ལས། ཞོ་དང་སྦྲང་རྩི་ལ་མར་བསྐུས། །དཱུར་བའི་མྱུ་གུ་ཤར་དང་ནི། །བྱང་དུ་རྩེ་བསྟན་སྦྱིན་སྲེག་བྱ། །སྔོན་གྱི་ལས་མཐུ་ལས་བྱུང་བའི། །འཆི་བ་ངེས་པར་བཟློག་པར་བྱེད། །ཅེས་པས། སྲོག་ཆགས་མེད་པའི་ས་དཀར་པོ་ལ་རྐྱང་ནུལ་ལེགས་པར་བྱས། ཚངས་ཟུར་གྱི་ཐིག་བཏབ་ནས། དེའི་དབུས་ནས་སོར་བཅུ་གཉིས་བཅལ་བའི་མཐའ་ནས་ཟླུམ་པོར་བསྐོར། དེའི་ཕྱི་ནས་ཡང་ཟླུམ་སྐོར་སོར་བཞི་པ་གསུམ་གྱིས་བསྐོར། དབུས་སུ་པདྨ་འདབ་བརྒྱད་དཀར་པོ་མུ་ཁྱུད་དང་བཅས་པ་བྲི། ཕྱིའི་སོར་བཞི་པ་གསུམ་ལ་མུ་རན་ཁ་ཁྱེར་ཁོར་ཡུག་རྣམས་ཀྱང་དཀར་པོར་བྱ། དེ་དག་གི་བཅད་ཀྱི་རེ་ཁཱ་དམར་པོ། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རྣམས་བྲི། པདྨའི་ལྟེ་བར་ཟླ་བ་ལ་ལྷ་མཚན་འགོད། ཞོ་ཅན་གྱི་བུད་ཤིང་སོར་བཅུ་གཉིས་པའམ། དགོན་པའི་བ་ལང་གི་ལྕི་བ་སྐམ་པོ་སྲོག་ཆགས་མེད་པ་ལ་དྲི་བཟང་གི་ཆུས་སྦགས་ཏེ། མུ་རན་གྱི་ནང་ནས་ཚགས་དམ་པར་སོར་བཅུ་གཉིས་ཀྱི་ཚད་དུ་བརྩིག མཐའ་མཆོད་པས་བསྐོར། སྒྲུབ་པ་པོ་ཁ་ཤར་དུ་བལྟས་ཏེ་སྐྱིལ་ཀྲུང་ངམ་ཙོག་པུར་འདུག རང་གི་གཡས་སུ་སྲེག་རྫས། གཡོན་དུ་མཆོད་རྫས། མདུན་དུ་རྡོར་དྲིལ་དང་། དགང་གཟར་དགང་བླུགས་ཁ་སྦྱར་ལ་བཞག འདས་གཏོར་དང་མེ་ལྷའི་དཀར་གཏོར་ཡང་བཤམ། ལྷའི་ང་རྒྱལ་དང་ལྡན་པས་ཏལ་འབར་ལ་མེ་སྦར་བ་བཟུང་སྟེ། ཨོཾ་ཏཱ་རེའི་སྔགས་ལན་གསུམ་གྱིས་གཡས་སུ་གསུམ་བསྐོར། རྩྭ་སྐམ་དང་བཅས་པས་མེ་ཐབ་ཏུ་བཅུག་ལ། ཨོཾ་བཛྭ་ཛྙྱཱ་ན་ཧཱུཾ་ཞེས་པ་དང་། སྙིང་པོ་བཟླ་ཞིང་དགང་བླུགས་ཀྱིས་མར་ལན་བདུན་ཕུལ་ལ་མེ་གསོ། ཨོཾ་ཨ་མྲྀ་ཏ་ཨུད་བྷ་ཝ་ཨུད་བྷ་ཝ་ཧཱུཾ་ཕཊ྄། ཅེས་ལས་སྔགས་བཟླས་པའི་ཆུས་ཡོ་བྱད་བསང་ཞིང་། ཨོཾ་སྭ་སྭཱ་ཧཱ། ཨོཾ་ཨཱཿསྭཱ་ཧཱ། ཨོཾ་ཤྲཱིཾ་སྭཱ་ཧཱ། ཨོཾ་ཛྭིཾསྭཱ་ཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཐབ་བསངས། སྭ་བྷཱ་ཝས་སྟོང་པའི་ངང་ལས། ཐབ་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་ཐབ་ཁུང་དཀར་པོ་དྭངས་ཤིང་ཐོགས་པ་མེད་པ། རྒྱར་ཁྲུ་གང་བ། དཔངས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་ལ་རྡོ་རྗེ་འཕྲེང་བས་བསྐོར་བ། ཕྱིའི་གྲྭ་བཞིར་རྡོ་རྗེ་ཕྱེད་པས་མཚན་པ། དབྱིབས་ཟླུམ་པོ་མཚན་ཉིད་ཡོངས་སུ་རྫོགས་པར་གྱུར། ཡང་མཆོད་རྫས་སྲེག་རྫས་རྣམས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དང་སྲེག་རྫས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་བར་སྣང་ཐམས་ཅད་ཁྱབ་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨརྒྷཾ་སྭཱ་ཧཱ་ནས་ཤཔྟའི་བར་དང་། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ་སོགས་སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་ནས་ཐབ་ཀྱི་ནང་དུ་པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ་རཾ་ལས་བགྲང་འཕྲེང་རཾ་གྱིས་མཚན་པ་ལས་འོད་འཕྲོས། ཚུར་འདུས་གཅིག་ཏུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བ། ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་གཡས་བགྲང་འཕྲེང་དང་གཡོན་སྤྱི་བླུགས་འཛིན་པ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་དང་ཨག་ཚོམ་ཅན། དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་བསམ། རང་གི་ས་བོན་ལས་འོད་འཕྲོས། ཤར་ལྷོ་ནས་མེ་ལྷ་སྤྱན་དྲངས་པར་མོས་ཏེ། དབྱུག་གུ་གསུམ་པའི་ཕྱག་རྒྱ་རྣ་དྲུང་དུ་བཅས་ལ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨགྣེཿཏེ་ཛཿ སརྦ་ཀརྨ་པྲ་སཱ་དྷ་ཀ་ཀཱ་རུ་ཎཱ་ཀྲྀ་ཏེ་ཛ་ས་ཏྭ་ཀཾ་ཨཥྨིན་སནྣི་ཧེ་ཏུ་བྷ་ཝ། ཞེས་པས་སྤྱན་དྲངས་ལ། པདྨ་ཀ་མ་ལ་ཡ་ཧྶཾ་ཞེས་མེ་ཏོག་དོར་ལ་གདན་ལ་བཞུགས་པར་བསམ། ཨོཾ་ཨགྣེ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། པཱ་དྱཾ་གྱིས་ཞབས་བསིལ་ཕུལ་ནས། ཨོཾ་རཏྣ་ཨ་བྷི་ཥིཉྩྨ་མཱཾ་ཞེས་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྭ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྷ་ལཱ་ཡ་སརྦ་བྷིསྨིཾ་ཀུ་རུ་སརྦ་དུཥྚུཾ་ཧཱུཾ་ཕཊ྄། དྲཱྀ་ཥྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཧྶཾ། ཨ་ཧཾ་གིས་དམ་ལ་བཞག ཨོཾ་བཛྭ་ཨངྐུ་ཤ་ཛཿལ་སོགས་པས་དགུག་གཞུག་བཅིངས་དབང་དུ་བྱས་སྔར་ལྟར་དབང་བསྐུར། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདི་ཡིས་བདག་གི་བགེགས་ཞི་ཞིང་། །མི་མཐུན་ཕྱོགས་རྣམས་ཞི་གྱུར་ཅིག །ཨོཾ་བཛྭ་ས་ཏྭ་ཨཱཿཞེས་པས་ཀུ་ཤའི་རྩེ་མོ་གཡས་སུ་བསྟན་ཏེ་ཐབས་ཀྱི་ཕྱོགས་བརྒྱད་དུ་བསྐོར་ཞིང་། སྔར་གྱི་ལས་སྔགས་ཀྱི་ཆུས་བསངས་ནས། མེ་ལྷའི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་ཁ་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་གྱིས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་བཀང་སྟེ་ཁ་སྦྱར་ལ། ཨོཾ་ཨགྣེ་ཡེ་ཨ་དྷི་བྱ་ཨ་ཏི་བྱ། ཨ་བི་ཤ ཨ་བི་ཤ མ་ཧཱ་ཤྲཱི་བྱ། ཧ་བྱ། ཀ་བྱ། མ་ཧཱ་ན་ཡེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་དགང་བླུགས་གསུམ་གྱིས་བྱོན་ཟས་ཕུལ་ལ། མེ་ལྷ་ལ་ཨརྒྷཾ་སོགས་ཀྱིས་མཆོད་ནས། འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཱཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད།། ཅེས་པས་བསྟོད། སྲེག་རྫས་འབུལ་བ་ནི། ཨོཾ་ཨགྣ་ཡེ་སྭཱ་ཧཱ། འབའ་ཞིག་གིས་ཕུལ་ནས། རེ་རེའི་མཇུག་ཏུ་སྤེལ་ཚིག་བརྗོད་དེ། ཡཾ་ཤིང་ལ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མར་ལ། འབྱོར་པ། ཏིལ་ལ། དགེ་བ། ཟས་མཆོག་ལ། བདེ་བ། འབྲས་ལ། བསོད་ནམས་རྒྱས་པ། སོ་བ་ལ། ནོར་དང་འབྲུ། ནས་ལ། ཤུགས། སྲན་མ་ལ། སྟོབས། གྲོ་ལ། ནད་མེད་པ། དཱུར་བ་ལ། ཚེ། ཀུ་ཤ་ལ། བསྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྲེག་རྫས་སོ་སོའི་སྔགས་ཀྱིས་འབུལ་ན། རིམ་བཞིན། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཡེ་སྭཱ་ཧཱ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཨོཾ་བཛྭ་པུཥྚ་ཡ་སྭཱ་ཧཱ། ཨོཾ་བཛྭ་བི་ཛ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། ཨོཾ་བཛྭ་གྷསྨ་རི་སྭཱ་ཧཱ། ཨོཾ་བཛྭ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྭ་ཡེས་འབུལ་ལོ། །དེ་ནས་སྔར་བཞིན་མཆོད་བསྟོད་བསངས་གཏོར་ཞབས་བསིལ་ཕུལ་ནས། ཨོཾ་བཛྭ་ཛྷ་ལ་རཾ་གྱིས་མེ་ལྷ་འབར་བའི་རྣམ་པར་གྱུར། ཐབ་ཀྱི་དབུས་སུ། ལྷ་མཚན་པཾ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་དཀར་པོ་ནས་ཧཱུཾ་ལས་འོད་འཕྲོས། པོ་ཊ་ལ་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་འདྲེན་པར་མོས་པས། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང་། །ཐབས་དང་ཤེས་རབ་གཟུགས་ཅན་སྐུར་སྟོན་པ། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ།། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་པ་ནས། རྒྱས་བཏབ་པའི་བར་སྒྲུབ་ཐབས་བཞིན་བྱས་ནས་ལྷའི་ཞལ་ཅུང་ཟད་གདངས་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མར་ལ་སྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་བདུན་གྱིས་བཀང་ལ། ཨོཾ་ཨགྣེ་ཡ་ཨ་དྷི་བྱའི་སྔགས་ཀྱི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ཀྱི་ཉེ་བར་འཚེ་བ་དང་། དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མེར་བླུགས་པ་ལན་གསུམ་བྱ། སྒྲུབ་ཐབས་བཞིན་མཆོད་ཅིང་བསྟོད་ལ། དེ་ནས་རྫས་ཐམས་ཅད་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱས་ཕུལ་ལ། སྤེལ་ཚིག་མེ་ལྷའི་སྐབས་བཞིན་ལ་ཏིལ་སུམ་བརྒྱ་ལ་སོགས་པ་མང་དུ་ཕུལ། གཞན་རྣམས་བརྒྱ་རྩ་རེ་རེ་འབུལ། སྒྲུབ་ཐབས་བཞིན་མཆོད་བསྟོད། གཏོར་མ། འདོད་དོན་གསོལ་བ་འདེབས་པ། ཡིག་བརྒྱ་བཟླ་བ། བཟོད་གསོལ་གཤེགས་སྐྱེམས་མར་ཁུ་ལན་བདུན་འབུལ་བ་གོང་བཞིན་བྱས་ལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། སླར་ཡང་བཛྭ་ཛྷ་ལའི་སྔགས་ཀྱིས་མར་དགང་བླུགས་ལན་གསུམ་གྱིས་མར་ཐབ་ཏུ་བླུགས་ལ། མེ་ལྷའི་སྐུར་བཞེངས་པར་བསམས་ནས། སྔར་གྱི་མེ་ལྷའི་སྐབས་བཞིན་སྲེག་རྫས་ལྷག་མ་རྣམས་ཉི་ཤུ་རྩ་རེ་དང་། གཤེགས་སྐྱེམས་བདུན་དང་། མཆོད་པ་ཕུལ། གཏོར་མ་ཨགྣེ་ཡ་ས་པ་རི་ཝཱ་ར་ཨ་ཀཱ་རོ་ཞེས་སོགས་ཀྱིས་གཏོར་མ་ཕུལ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པ་དང་། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་འཕྲེང་འཛིན། །བདུད་རྩི་བཅུད་ལྡན་གྷནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ།། ཞེས་པས་བསྟོད། འདོད་དོན་ལ་གསོལ་བ་གདབ། བསང་གཏོར་སྔར་བཞིན་དང་། འཐོར་འཐུང་པྲོཀྵཱ་ཎཱཾ་པྲ་ཏཱིཙྪ་སྭཱ་ཧཱས་ཕུལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་ལྟར་གནས་སུ་སླར་གཤེགས་ཏེ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣེ་ཡ་ཡ་ཧི། ཞེས་པས་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ཁ་བསྐང་བའི་ཕྱིར་ཡིག་བརྒྱ་བཟླ། བཀྲ་ཤིས་བརྗོད། མེ་མ་ཤི་བར་མི་བརྡལ། མི་འགོང་། གལ་ཏེ་མེ་གསོད་ན་འོ་མས་བྲན་ལ་ཐལ་བ་རི་མཐོན་པོའི་རྩེའམ་རྒྱ་མཚོར་འབབ་པའི་ཆུར་གདན་དྲངས་ན་བསོད་ནམས་ཆེའོ། །དེ་ལྟར་རྗེ་བཙུན་མའི་སྦྱིན་སྲེག་འདི་ནི། རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྐུ་གཅིག་ཏུ་བསྡུས་པ་དཔལ་ལྡན་བླ་མ་དམ་པ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་བཀས་གྱིས་ཤིག་གསུང་བ་ལ་བརྟེན་ནས། ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོས། སྒྲུབ་པའི་སྐྱེད་ཚལ་ཕུན་ཚོགས་ནོར་བུའི་གླིང་དུ་སྦྱར་བ། གོང་མའི་ཡིག་ཆ་གཞིར་བཞག་བྱ་རྒྱུད་ཀྱི་སྦྱིན་སྲེག་གཞན་མས་ཁ་བསྐང་སྟེ་དག་པར་བྱས་པའོ།། སརྦ་མངྒ་ལཾ།། །།


previousསྒྲོལ་མ་དཀར་མོའི་སྦྱིན་སྲེག།next