Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
གདུགས་དཀར་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཆོ་ག
   
   
   
   
   
   
   
   
   
   
   
   
   
   
   


 
previousགདུགས་དཀར་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཆོ་གnext

གདུགས་དཀར་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཆོ་ག

གདུགས་དཀར་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཆོ་ག་བཞུགས་སོ། །དེ་བཞིན་གཤེགས་པའི་རིགས་དགེ་རྣམས། །དེ་བཞིན་གཤེགས་པར་མཛད་པའི་ཕྱིར། །དེ་བཞིན་གཤེགས་པའི་གཙུག་ཏོར་ནས། །དེ་བཞིན་གཤེགས་མ་བྱོན་དེར་འདུད། །གང་གི་རིག་རྒྱལ་ཆོ་ག་ཡིས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །མི་མཐུན་ཕྱོགས་རྣམས་ཕྱིར་བཟློག་པས། །དད་ལྡན་ཆེད་དུ་དེ་རྩོམ་བྱ།། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱི་མི་ཐུབ་མ་བསྒྲུབ་པར་འདོད་པས། བསྙེན་པ་དང་། སྒྲུབ་པ་དང་། ལས་ལར་སྦྱོར་བའི་ཚུལ་ཤེས་པར་བྱའོ། །དེ་ལ་དང་པོ་ནི། འདི་ཉིད་ཀྱི་དབང་ངམ་རྗེས་སུ་གནང་བ་ཐོབ་དམ་ཚིག་དང་ལྡན་པས། གནས་དབེན་ཞིང་ཡིད་མཐུན་པར་བྲིས་སམ་འབུར་དུ་དོད་པའི་སྐུ་མཆོད་པ་བཟང་པོས་མདུན་བདར་བ། དེའི་མདུན་ན་རང་ཉིད་ཁྲུས་བྱས། གོས་གཙང་མ་གྱོན། སྨྱུང་བར་གནས་པས་སམ། གཞན་དུ་མངར་གསུམ་དང་དཀར་གསུམ་གྱི་ཁ་ཟས་ལས་གཞན་སྤངས། སྟན་བདེ་བ་ལ་གནས་པར་བྱའོ།། དུས་འདི་ནས་གཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཕྱོག་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་ཁུངས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས། ཆོས། དགེ་འདུན། བཅོམ་ལྡན་འདས་གདུགས་དཀར་མོ་ཅན་གྱི་ལྷ་ཚོགས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག། ཅེས་ལན་གསུམ་བྱ། དེ་ནས། རང་ཉིད་བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན་ཕྱག་གཉིས་པར་གསལ་བའི་སྐུ་ལས་འོད་འཕྲོས་པས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་ཟླུམ་པོ་ལ་རྡོ་རྗེ་མདའི་དྲ་བས་བརྒྱན་པ། བར་མཚམས་མེད་པ་ཅིས་ཀྱང་མི་ཚུགས་ཅིས་ཀྱང་མི་ཤིགས་ཅིས་ཀྱང་མི་འཇིག་པའི་རྡོ་རྗེའི་མཁར་མེའི་ཕུང་པོར་འབར་བ་ནམ་མཁའི་ཁམས་ཁྱབ་པ་དེ་ལས་ཕྱག་རྒྱའི་ཚོགས་བཅུ་འཕྲོས་ཏེ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀྱི་བགེགས་བསྲུང་བའི་ཕྱིར་བཞུགས་པར་གྱུར། ཨོཾ་རྀ་ཥི་ག་ཎ་ཞེས་ནས་རཀྵ་རཀྵ་མཾ་བསྲུང་དུ་གསོལ་ལོ།། ཞེས་པའི་བར་གྱི་སྔགས་བཟླ། དེ་ནས། རང་གི་སྙིང་གར་ཟླ་བའི་སྟེང་ཨོཾ་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཆེན་མོ་ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྭ་ཨངྐུ་ཤ་ཛཿ སྤྱན་དྲངས། ཨོཾ་པྲ་ཝ་ར་སཏྐྲཱ་རཱ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ཞབས་བསིལ། པུཥྤེ་མ་ལེ་སྭཱ་ཧཱས་མེ་ཏོག་གི་གདན་ཕུལ། བཅོམ་ལྡན་ཤཱཀྱ་སེང་གེ་ཡི། །དབུ་ཡི་གཙུག་ཏོར་ནས་བྱུང་བ། །མཐུ་སྟོབས་རྫུ་འཕྲུལ་མཆོག་མངའ་བའི། །གདུགས་དཀར་འཁོར་དང་བཅས་ལ་བསྟོད། །ཨོཾ་བཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཱ། ཤཔྟ། དངོས་དང་སྔགས་རྒྱ་ཡིད་ཀྱིས་སྤྲུལ་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སོགས་གསུམ། བཛྭ་མུཿ ཚོགས་ཞིང་རང་གནས་སུ་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷཱོ་ཧཾ་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་འགྲོ་བའི་དོན་བྱས་ཏེ། ཚུར་འདུས་པ་ལས་གདུགས་དཀར་པོ་ཨོཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་འོད་ཟེར་ལྷ་མོའི་སྐུ་དང་བཅས་པ་སྤྲོས་པས་འཇིག་རྟེན་ཐམས་ཅད་དུ་ནད་དང་སྡུག་བསྔལ་ཐམས་ཅད་བཀྲོལ་ཏེ། ཚུར་འདུས་པས། འཕགས་མ་གདུགས་དཀར་མོ་ཅན། སྐུ་མདོག་དཀར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱི་གདུགས་དཀར་པོ་འཛིན་པ། སྤྲུལ་པའི་དབུ་སྟོང་ཕྱག་སྟོང་མངའ་བ་ལ། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེན་མོ། དབུ་ལ་མི་ཕྱེད་རྡོ་རྗེ་འབར་བའི་མཚན་རྟགས་ཅན། ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ། བདག་དང་གཞན་རྣམས་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། ཕྱག་རྒྱའི་ཚོགས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་བར་གྱུར། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཕྱག་གཉིས་མ། དེའི་ཐུགས་ཀར་ཟླ་བ་ལ་ཨོཾ་དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ལྷ་མོ་འཁོར་བཅས་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿ བདག་བསྐྱེད་གཙོ་འཁོར་དང་གཉིས་སུ་མེད་པར་གྱུར། དེ་ནས་སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་རྣམ་པར་སྣང་མཛད་གཙོ་བོར་གྱུར་པའི་དབང་ལྷ་རིགས་ལྔ་སྤྱན་དྲངས་ཇི་ལྟར་བལྟམས་པ་སོགས་ཀྱིས་དབང་བསྐུར། རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པའི་ཚོགས་རྣམས་བྱིན་གྱིས་བརླབས་པའི་ཕྱིར། ལག་པ་སྙིམ་པ་སྦྱར་བསྐྱོད་ཅིང་། ན་མཿ སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་སརྦ་ཐཱ་ཁཾ་ཨཱུུ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། བདག་གི་སྨོན་ལམ་དང་བསོད་ནམས་ཀྱི་སྟོབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས། འཕགས་མ་གདུགས་དཀར་མོ་ཅན་ཀྱི་དཀྱིལ་འཁོར་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་མཆོད་པའི་སྤྲིན་ཆེན་པོས་ཐམས་ཅད་གང་བར་གྱུར་ཅིག དེ་ནས་མདུན་གྱི་སྐུ་གཟུགས་སམ་དཀྱིལ་འཁོར་རམ་རྟེན་ཅི་ཡོད། ཨོཾ་སྭ་བྷཱ་ཝས་སྦྱངས། བྷྲཱུཾ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་རྡོ་རྗེ་རིན་པོ་ཆེའི་རྒྱལ་པོ་དཀར་སེར་དམར་ལྗང་སྔོ་བ་ལས་གྲུབ་པ་གྲུ་བཞི་པ་རྨང་གི་ཕྱིར་འདོད་པའི་ལྷ་མོ་གནས་པའི་པདྨ་རཱ་གའི་སྣམ་བུ་དང་། བ་གཾ་འཛམ་བུ་ན་དཱི་ཧ་རཱ་ནག་པོའི་སྟེང་གི་གསེར་གདུང་ལས་མུ་ཏིག་དཀར་དམར་གྱི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། རྒྱ་ཕུབས་ཀྱི་ལྕམ་སྣ་ལས་ཐུར་དུ་ཨིནྡྲ་ནཱི་ལའི་ཤར་བུ་དང་། པད་ཀྱི་ཐད་དང་མཉམ་པའི་སྟེང་དུ་ཀརྐེ་ཏའི་མདའ་ཡབ་པདྨ་ཕྱེད་པའི་དབྱིབས་ཅན། རྣམ་པར་རྒྱལ་བའི་རྒྱལ་མཚན་དང་གདུགས་བ་དན་རྣམ་པ་མང་པོས་མཛེས་པ། ཐོག་འཕར་མ་གསུམ་བརྩེགས་ཀྱི་དབུས་འཕྱུར་བུ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་ཅིང་། སྒོ་བཞིའི་སྒོ་ཁྱུད་ཏྭ་ར་ཎ་བཞིས་སྤྲས་པའི་རྩེར། གདུགས་ཀྱིས་ཕུབ་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། པདྨ་ལ་གནས་པ་ལ་རི་དྭགས་ཟུང་མིག་མི་འཛུམ་པར་བལྟ་བ། འབར་བ། བཀྲ་བ་བལྟ་ན་སྡུག་པ། རྣམ་པར་ཕྱེ་བ། ཕྱི་ནས་བལྟས་ན་ནང་གསལ་ཞིང་ནང་ནས་བལྟས་ན་ཕྱི་གསལ་བ་རྒྱ་དང་ཁྱོན་བློས་མི་འཁྱུད་པའི་ནང་དུ་པདྨ་འདབ་མ་བཞི་པ། །དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་པ་ལྟེ་བར་སེང་གེའི་གདན་དེའི་སྟེང་དུ་ཉི་ཟླ། ལྷ་གནས་རྣམས་སུ་ཉི་ཟླའི་གདན་རེ་འཁོད་པར་གྱུར། དེ་ནས་དྲི་ཞིམ་པོའི་སྤོས་དང་། རོལ་མོ་དབྱངས་སྙན་པོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །རྫོགས་སངས་རྒྱས་ཀྱི་གཙུག་ཏོར་གྱི། །ཞིང་ཁམས་བསམ་མི་ཁྱབ་པ་ནས། །བཅོམ་ལྡན་འདས་མ་གདུགས་དཀར་མོ། །གཞན་གྱིས་མི་ཐུབ་ལྷ་མོ་ཆེ། །ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བ་དང་། །སྤྲུལ་པ་བཀའ་ཉན་ཐམས་ཅད་ཀྱིས། །མདུན་བདར་མཆོད་པའི་གནས་འདིར་བྱོན། །བཛྭ་ཨངྐུ་ཤ་ཛཿ ཨོཾ་པྲ་ཝ་ར་སཏྐྲཱ་ར་མཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བཞུགས་པའི་མཆོད་ཡོན་ཕུལ་བས་གཞལ་ཡས་ཁང་ནང་དུ་བྱོན་ཏེ། དབུས་ཀྱི་གདན་བཅོམ་ལྡན་འདས་མ་གདུགས་དཀར་མོ་ནས་སྐྱོབ་པ་ཞེས་པའི་བར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དབུའི་ཐད་ཀྱི་སྟེང་གི་ནམ་མཁའ་ལ་བཞུགས་པ། པད་འདབ་ལ་གཡས་སྐོར་གྱིས་ལྷ་མོ་དྲག་ཤུལ་ཆེན་མོ་དང་། རབ་གཏུམ་མ་དང་། འབར་མ་ཆེན་མོ་དང་། སྟོབས་ཆེན་མ་དང་། ཕྱོགས་ཀྱི་མདོག་ཅན། རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ཅིང་བུམ་པ་ཐུགས་ཀར་བཟུང་བས་འགྱིང་བ་ཕྱེད་སྐྱིལ་གྱིས་བཞུགས་པ། ཤར་གྱི་རྩིབས་བཞི་ལ། འབར་བའི་འཕྲེང་བ་གོས་དཀར་མོ་སེར་མོ། འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན་སྔོ་བསངས། རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས་པ་ལྗང་ཁུ། གཡས་འཕྲེང་བ། གཡོན་ཨུཏྤལ་འཛིན་པ། ལྷོའི་རྩིབས་ལ། གཞན་གྱིས་མི་ཐུབ་མ་འཕྲེང་བ་ཅན་ད་ཀར་མོ། གཡས་རྡོ་རྗེ། རྡོ་རྗེ་མཁར་རྣམས་འཇོམས་པ་མོ་སེར་མོ། གཡས་དབྱུག་པ། ཞི་བའི་ལྷ་རྣམས་ཀྱིས་མཆོད་མ་ནག་མོ། གཡས་སྤོས་ཕོར། གཟུགས་ཞི་གཟི་བརྗིད་ཅན་སེར་མོ། གཡས་རྡོ་རྗེ་ལུ་གུ་རྒྱུད། གཡོན་ཐམས་ཅད་རིན་པོ་ཆེ་བསྣམས་པ། ནུབ་ཀྱི་རྩིབས་ལ། འཕགས་མ་སྒྲོལ་མ་སྟོབས་ཆེན་མ་དམར་མོ། རྡོ་རྗེ་ལུ་གུ་རྒྱུད་གཞན་མ་སེར་མོ། རྡོ་རྗེ་གཞོན་ནུ་རིག་འཛིན་མ་དཀར་མོ། ལག་ན་རྡོ་རྗེ་རིག་འཛིན་མ་ལྗང་ཁུ། བཞི་ཀ་གཡས་རྡོ་རྗེ། གཡོན་བགྲང་འཕྲེང་འཛིན་པ། བྱང་གི་རྩིབས་བཞི་ལ་ལེ་བརྒན་རྩི་རིན་ཆེན་མ་དམར་མོ། སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས་དཀར་མོ། རྣམ་པར་འགྱིང་བའི་རྡོ་རྗེ་མ་ལྗང་ཁུ། གསེར་འོད་ལྟ་བུའི་སྤྱན་མངའ་མ་སེར་མོ། བཞི་ཀ་གཡས་སྣ་ཚོགས་རྡོ་རྗེ། གཡོན་འཕྲེང་བ་འཛིན་པ། སྟེང་དུ་རྡོ་རྗེ་སྒྲོལ་དཀར་མོ། འོག་ཏུ་པདྨའི་སྤྱན་ཟླ་འོད་གཉིས་གཡས་སྐྱབས་སྦྱིན། གཡོན་པདྨ་འཛིན་པ། ལྷ་མོ་དེ་ཐམས་ཅད་ཅུང་ཟད་ཁྲོས་པ། ལྷ་རྫས་ཀྱི་རྒྱན་དང་ན་བཟའ་ཅན་སེམས་དཔའི་སྐྱིལ་ཀྲུང་གི་བཞུགས་པའོ། །གྲྭ་བཞིར། མེ་ཏོག་མ་དང་བདུག་སྤོས་མ། །མར་མེ་མ་དང་དྲི་ཆབ་མ། །དཀར་སྔོ་དམར་ལྗང་བ་རང་མིང་གི་མཆོད་རྫས་འཛིན་པ། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ། ལྷོར་ཞགས་པ་མ་སེར་མོ། ནུབ་ཏུ་ལྕགས་སྒྲོགས་མ་དམར་མོ། བྱང་དུ་དྲིལ་བུ་མ་ལྗང་ཁུ་འཇིག་རྟེན་པའི་ཚོགས་ཐམས་ཅད་ཕྱི་རོལ་ཀྱི་ཁོར་ཡུག་ལ་ཀུན་ནས་བསྐོར་ཏེ་བཞུགས་པར་གྱུར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ནས། གསུང་གི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོའི་བར་ཕྱག་བྱ། ན་མཿ སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། སརྦ་ཏྲཱ་སམ་ཀུ་སུ་མ་ཏི། ཨ་དྷི་ཛྙྱཱ་ར་ཤི་ར་ནཱི། ན་མོ་སྟུ་ཏེ་སྭཱ་ཧཱ། གདུགས་དཀར་མོ་ཅན་གྱི་ལྷ་ཚོགས་རྣམས་ལ། ཡོན་ཏན་བསྔགས་པ་རྒྱ་མཚོ་སྒྲོགས་པའི་དབྱངས་རབ་འབྱམས་སེམས་ཅན་གྱི་ཁམས་ཐམས་ཅད་དང་། ཆོས་ཀྱི་དབྱིངས་སུ་གྲགས་པ་འཇུག་པ་གྱུར་ཅིག སྲིད་གསུམ་སྟོན་པ་མི་དང་ལྷ་ཡི་ལྷ། །མཚུངས་མེད་བདེ་གཤེགས་ཤཱཀྱ་སེང་གེ་ཡི། །མཐོན་མཐིང་གཡས་སུ་འཁྱིལ་བའི་སྤྱི་གཙུག་ནས། །ཡ་མཚན་རྨད་བྱུང་ལྷ་མོ་ཁྲོ་རྒྱལ་གཙོ། །ཁམས་གསུམ་དག་ན་ཁྱེད་འདྲའི་མགོན་མེད་དེ། །ཐུགས་རྗེའི་དབང་ཕྱུག་བཀྲ་ཤིས་མཆོག་གི་ལྷ། །སྐུ་མདོག་གངས་རིའི་རྩེ་ལ་ཉི་ཤར་འདྲ། །ཞལ་མང་སྟོང་ལ་སྤྱན་མང་བྱེ་བ་བརྒྱ། །སྲིད་པའི་བཙོན་རར་སེམས་ཅན་ཉམས་ཐག་པ། །དུས་གསུམ་གཟིགས་ནས་སེམས་ཅན་གྲོལ་མཛད་དེ། །ཞལ་སྟོང་ཕྱག་སྟོང་སྤྱན་སྟོང་རྣམས་ཀྱིས་ནི། །ཀུན་ལ་ཁྱབ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །མ་རིག་ནོངས་པས་བསླུས་པའི་སེམས་ཅན་རྣམས། །རང་གི་ལས་ཉིད་རྣམ་པར་སྨིན་པ་ཡི། །འདུ་བ་རྣམ་བཞིའི་རིམས་ནད་མི་བཟད་པ། །ཞི་མཛད་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཇི་ལྟར་ཁྱོད་ཀྱིས་སེམས་ཅན་མང་པོ་ལ། །ཐུགས་རྗེ་མཆོག་གིས་འགྲོ་དོན་ཉེར་གཟུང་ནས། །སྲིད་གསུམ་འཇིགས་པ་ཆེ་ལས་བསྒྲལ་གྱུར་ཅིང་། །སྡུག་བསྔལ་མང་པོའི་ནད་ལས་ཐར་མཛད་ལྟར། །བདག་ཀྱང་ཁྱོད་བཞིན་འགྲོ་བའི་མགོན་གྱུར་ཏེ། །སེམས་ཅན་ཀླུ་ཡི་ཞགས་པས་ཟིན་པ་དང་། །ནད་ཀྱི་བསྐལ་པས་ཉེན་པའི་སེམས་ཅན་ལ། །སྡུག་བསྔལ་སེལ་བའི་སྐྱབས་སུ་བདག་གྱུར་ཅིག །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །ནས། པདྨའི་སྤྱན་དང་ཟླ་འོད་དང་། །ཕྱག་རྒྱའི་ཚོགས་ལ་ཕྱག་འཚལ་ལོ།། ཞེས་པའི་བར་གྱིས་བསྟོད། །མཆོད་པ་ནི། ལྷ་མོ་ཟླ་བ་ལྟར་དཀར་གཟུགས། །མཚར་སྡུག་ལང་ཚོས་སྙེམས་པའི་གར། །མེ་ཏོག་འཕྲེང་བས་སྒྲིབ་ཟོལ་གྱིས། །མཐོ་རིས་མདུན་ས་བཞིན་དུ་མཆོད། །ཨོཾ་བཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། ལྷ་མོ་གནམ་ཁ་ལྟར་མཐིང་གཟུགས། །དྲི་ཞི་ངད་པ་འཐུལ་བའི་གར། །བདུག་སྤོས་འཕྲེང་བས། མཐོ་རིས། དྷཱུ་པེ། ལྷ་མོ་མཚམས་སྤྲིན་ལྟར་དམར་གཟུགས། །ཉིན་བྱེད་འབུམ་གྱི་འོད་འཕྲོའི་གར། །མར་མེའི་འཕྲེང་བས། མཐོ་རིས། ཨཱ་ལོ་ཀེ ལྷ་མོ་མར་གད་ལྟར་ལྗང་གཟུགས། །རེག་པས་སིམ་བྱེད་བྱུག་པའི་གར། །དྲི་ཆབ་འཕྲེང་བས། མཐོ་རིས། གནྡྷེ། ལྷ་མོ་གསེར་ལྟར་སེར་བའི་གཟུགས། །མ་མཆུའི་རོ་བརྒྱས་མངར་བའི་གར། །ཞལ་ཟས་འཕྲེང་བས། མཐོ་རིས། ནཻ་ཝི་དྱ། ལྷ་མོ་བཻཌཱུརྻ་ལྟར་སྔོ་གཟུགས། །སྙན་འགྱུར་གླུ་སྒྲ་སྒྲོག་པའི་གར། །རོལ་མོའི་འཕྲེང་བས། མཐོ་རིས། ཤཔྟ། རྒྱས་པར། འཛམ་བུའི་གསེར་ལས་རང་བྱུང་ལྟེ་བ་ཟླུམ། །རྩིབས་སྟོང་མུ་ཁྱུད་མཆོག་ཏུ་རྣམ་འཕྲུལ་བ། །མཁའ་ལ་རབ་འཕགས་ཕྱོགས་ལས་རྒྱལ་བྱེད་པའི། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་སིཏཱ་ཏ་པ་ཏྲ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཐལ་དཀར་མཆེ་བ་དྲུག་པ་ཟླ་འོད་ཅན། །ཆུ་ཞེང་ཕུན་ཚོགས་ཡུད་ཀྱིས་མཁའ་ལམ་ནས། །ས་ཆེན་རྒྱ་མཚོའི་སྐ་རགས་ཅན་བསྐོར་བའི། །གླང་པོ་རིན་ཆེན། ཧ་སྟི་རཏྣ། སྤུ་ཁ་རྨ་བྱའི་མགྲིན་འདྲ་ཡིད་འོང་ཞིང་། །གསེར་གྱི་རྒྱན་ལྡན་མགྱོགས་པ་ཡིད་ལྟ་བུས། །ཐོ་རངས་ས་རྣམ་བསྐོར་ཏེ་སླར་ལྡོག་པའི། །རྟ་མཆོག་རིན་ཆེན། ཨ་ཤྭ་རཏྣ། ཀུན་ཏུ་སྔོ་བ་སྣང་བྱེད་བཻཌཱུརྻ། །ཉིན་མོར་བྱེད་པ་འོད་ཀྱིས་རྣམ་གནོན་ཅིང་། །བསམ་པ་རྫོགས་བྱེད་ལེགས་སྦྱངས་ཆ་བརྒྱད་པ། །ནོར་བུ་རིན་ཆེན། མ་ཎི་རཏྣ། འཆི་མེད་བུ་མོ་བཞིན་དུ་གཟུགས་མཛེས་ཤིང་། །རེག་པ་མཆོག་གིས་ལུས་སེམས་བདེ་བྱེད་པ། །སྒྱུ་རྩལ་ཀུན་ཤེས་སྨྲ་མཁས་དྲི་བཟང་གཏེར། །བཙུན་མོ་རིན་ཆེན། ཧླིུ་རཏྣ། ཕུར་བུའི་བློ་ལྡན་མཛངས་ཤིང་ཡིད་གཞུངས་པ། ཁོར་ཡུག་གཏེར་གྱི་འདོད་དགུར་འཛུད་བྱེད་ཅིང་། །དེས་པ་སྙན་པའི་ཚིག་འབྱིན་ལྷ་མིག་ཅན། ཁྱིམ་བདག་རིན་ཆེན། པུ་རུ་ཥ་རཏྣ། སྲེད་མེད་བུ་ཡི་སྟོབས་ལྡན་དཔའ་བ་དང་། །རཏལ་ཕོད་ཡིད་ལ་བརྒྱུས་པའི་དོན་རྣམས་ཀུན། །མོད་ལ་སྒྲུབ་ཅིང་ཕས་རྒོལ་མེད་བྱེད་པ། །བློན་པོ་རིན་ཆེན ཁཌྒྱ་རཏྣ། འོད་ཟེར་གྱི་སྔོ་རལ་གྲི་པགས་པ་འཇམ། །དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། མཐུ་ལྡན་མཆིལ་ལྷམ་ཁང་ཁྱིམ་གཞལ་དུ་མེད། །རེག་འཇམ་གཟིམས་ཆ། ཨུ་པ་རཏྣ། པད་ཅན་དུང་ལྟར་རབ་དཀར་ཟླ་བཞིན་མ། །དཔལ་གྱི་བེའུ་ཐོགས་ནས་སྙེམས་པ་ཡིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཤྲཱི་བཏྶྱ། འཇིགས་བྱེད་ཀུན་དའི་འོད་ལྡན་ལུས་ཕྲ་མ། །གསེར་གྱི་འཁོར་ལོ་འཆང་བའི་རྣམ་འགྱུར་གྱིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །སུ་ཝརྣ་ཙཀྲ། འོད་ཅན་མཐོན་མཐིང་བཅུ་དྲུག་ལང་ཚོ་མ། །རིན་ཆེན་འདབ་བརྒྱ་བཟུང་ནས་རོལ་རྩེད་ཀྱིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །པདྨ་ཀུཉྩྨ་ར། རྣམ་རྒྱལ་སྔོ་སྐྱ་འདོད་པའི་དབྱངས་མཁན་མ། །རྒྱལ་མཚན་བསྒྲེང་ཞིང་ག་མ་ཀས་བཅིངས་གླུས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཀུནྡ་དྷྭ་ཛ། མདངས་ལྡན་ལི་ཁྲིའི་རྡུལ་འཆང་མིག་ཡངས་མ། །མུ་ཏིག་གདུགས་དཀར་བསྐོར་ཞིང་ཟུར་མིག་མདས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །སི་ཏཱ་ཏ་པ་ཏྲ། དཀར་ཤམ་མཚམས་སྤྲིན་མདོག་ཅན་གཟུགས་མཛེས་མ། །གཏེར་གྱི་བུམ་པས་ལག་བྲེལ་རྩེད་འཇོ་ཡིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ནིདྷི་གྷ་ཊ། དྲི་མེད་མར་གད་མདངས་ཅན་དཔལ་ལྡན་མ། །གཡས་སུ་འཁྱིལ་བའི་དུང་བསྣམས་འཇོ་སྒེག་གིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཤངྑ་ཝརྟ། ཡིད་གཞུངས་རྨ་བྱའི་མགྲིན་འདྲ་དགའ་བསྐྱེད་མ། །གསེར་གྱི་ཉ་འཛིན་འཛིན་འགྱིང་གཟུགས་གློག་འདྲ་བས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཀ་ན་ཀ་མཏྶྱ། ཞེས་མཆོད་ནས། ཐུགས་ཀ་གཉིས་སུ་ཨོཾ་ལ་སྔགས་ཀྱི་འཕྲེང་བ་མུ་ཏིག་གི་འཕྲེང་བ་ལྟ་བུས་བསྐོར་བར་དམིགས་ནས་ཞལ་དང་ལྟེ་བར་མགལ་མེ་ལྟར་འཁོར་བས་རང་གཞན་ཐམས་ཅད་ཀྱི་ནད་གདོན་ལ་སོགས་པ་བསྲེགས་པར་བསམས་ནས། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། བི་ཤད་དེ་བི་ཤད་དེ། བཻ་རེ་བཻ་རེ། བཛྭ་དྷ་རི། བན་དྷ་བན་དྷ་ཎི། བཛྭ་པཱ་ཎི་ཕཊ྄། ཧཱུྃ་པཱ་ཎི་ཕཊ྄། ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཧཱུྃ་དྲཱུྃ་བན་དྷ་ཕཊ྄་སྭཱ་ཧཱ། འབུམ་ལ་སོགས་པ་བཟླས་པར་བྱའོ། །དེ་ནས་ངལ་ལམ། གཏོང་བར་འདོད་ན། བཟླས་པ་ཡིད་ཀྱིས་འཕགས་པ་གདུགས་དཀར་མོ་ལ་ཕུལ་ཏེ། བདག་ལས་ཀྱི་ལྷ་མོས་འཕགས་པ་རྣམས་ལ་མཆོད་པ་དང་། བསྟོད་པ་བྱ་སྟེ། བཟོད་པར་གསོལ་ཞིང་དགེ་བའི་རྩ་བ་བསྔོས་ནས་གཤེགས་སུ་གསོལ། །དེ་ནས་ལུས་བསྲུང་བར་བྱ་སྟེ་ལྡང་བར་བྱའོ། །ལངས་ནས་ཀྱང་མདོ་སྡེ་ཟབ་མོ་བཀླག་པ་ལ་སོགས་པ་བྱའོ། །རྟག་ཏུ་འཕགས་མ་གདུགས་དཀར་མོ་དྲན་པར་བྱའོ། །ཕྱག་འཚལ་བར་དམིགས་ཤིང་འབྱུང་པོའི་ཁ་ཟས་སྤངས་ཏེ་བསྒྲུབ་པར་བྱའོ། །གཉིས་པ་སྒྲུབ་པ་ལ། རྣམ་དཔྱད་དང་པོ་ས་གཞི་གཟུང་། །གཉིས་པ་ལ་ནི་སྟ་གོན་བྱ། །ནུབ་གསུམ་པ་ལ་འཇུག་པ་ཤིས། །ཞེས་པའི་དང་པོ་ནི། དཔོན་སློབ་ཀྱི་འབྲེལ་ལེགས་པར་ཤེས་ནས། རྡུལ་མཚོན་གྱི་དཀྱིལ་འཁོར་བྱ་བའི་ཕྱིར་སའི་དབུས་སུ་དྲིའི་ཐིག་ལེ་བྱ། མེ་ཏོག་གི་ཚོམ་བུ་དགྲམ། མཆོད་གཏོར་བཤམས་ལ། གཙང་སྦྲ་བྱ་བ་ནས་བཟླས་པའི་བར་དུ་བྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི།། ཞེས་མི་བསྐྱོད་པའི་ཕྱག་རྒྱས་རྡོ་རྗེ་བརྡབས་པས། སའི་དབུས་སུ་སའི་ལྷ་མོ་བསྟན་མ་མཛེས་སྡུག་མཚུངས་པ་མེད་པ་རྒྱན་གྱིས་བརྒྱན་ཏེ་འཁོར་འབུམ་ཕྲག་དང་བཅས་པ་ལུས་ཕྱེད་སྣང་བར་འཐོན་པ་ལ། པྲ་ཏི་བྷྱཿ ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཾ། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། པྲ་ཏི་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨཱུུ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་བ་ལི་ཏ་སྭཱ་ཧཱ། གང་ཡང་ས་ལ་གནས་པ་དང་། །ས་ལ་རྒྱུ་བའི་ལྷ་ཀླུ་རྣམས། །མཆོད་དང་གཏོར་མ་འདི་ལོང་ལ། །སེམས་ཅན་ཀུན་དགེ་དོན་དུ་ཡང་། །བྱམས་པའི་སེམས་ཀྱིས་གནང་བར་མཛོད། །ཅེས་བསླངས་པས་ཕྱོགས་འདིར་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་སྦྱིན་ཏེ་གཞིའི་བདག་པོ་དང་བཅས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར། ཡིད་ཆེས་པའི་ས་མིན་ན་རོ་ལྔ་བསལ། རིན་པོ་ཆེ་ལྔ་ལ་སོགས་པ་བཅུག་ནས་འཐས་པར་བཅགས་ནས་སྟེགས་བུ་གྲུ་བཞི་པ་སྟེང་མེ་ལོང་གི་ངོས་འདྲ་བ་བྱའོ། །དེར་བ་བྱུང་ངཾ་དྲིའི་བྱུག་པ་བྱུགས་མེ་ཏོག་གསིལ་མ་བཀྲམ། བདུད་རྩི་འཁྱིལ་བ་དང་ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་སྦྱངས། སྐུ་གཟུགས་བཞག་པ་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་ཀྱིས་གཟུང་བ་ཡིན་ནོ། །གཉིས་པ་ནི། དེ་ནས་གཟུང་ས་དེར། སྐྱབས་སུ་འགྲོ་བ་ནས་རྣམ་སྣང་གིས་རྒྱས་གདབ་པའི་བར་བྱས་སྟ་གོན་གྱི་བགེགས་ཉེ་བར་ཞི་བའི་ཆོ་ག་བྱ་སྟེ། མ་དང་ཊ་ལས་མིག་གཉིས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུྃ་ལས་རྡོ་རྗེ། རྐང་མཐིལ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེས་མཚན་པའི་ཁྲོ་བོའི་སྐུར་གྱུར། སློབ་མས་འཕགས་མ་གདུགས་དཀར་ལྷ་མོ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་དཀྱིལ་འཁོར་ཆེ། །བདག་ལ་ལེགས་པར་བཤད་དུ་གསོལ། །དབང་ལྡན་ནས་དཀྱིལ་འཁོར་གྱི་དབུས་སུ་ཁ་བལྟས་ནས། ཧཱུྃ་ཧཱུྃ་འགྲོ་བ་འཛིན་པ་ཡིས་ནི་བྱས་ཟིན་གྱིས། །ཧཱུྃ་ཧཱུྃ་གདུག་པའི་ཡིད་ཅན་གང་ཡིན་ཕ་ཚད་སོང་། །ཧཱུྃ་ཧཱུྃ་ཁྲོ་བོའི་རྒྱལ་པོ་སྡང་མིག་འབར་བ་ཡིས། །ཧཱུྃ་ཧཱུྃ་ཐལ་བ་བཞིན་དུ་བྱས་ཏ་རེ། །ཤར་ཕྱོགས་ནས་ནི་ཆར་ཆེན་འབེབས། །མེ་ཕྱོགས་གློ་བུར་སྣང་བ་བྱུང་། །གཤིན་རྗེ་འཆི་བདག་གཟུགས་སུ་བྱུང་། །བདེན་བྲལ་སེམས་ཅན་ལ་འཇིགས་བྱེད། །ཆུ་ཕྱོགས་གཤིན་རྗེ་འབྲུག་སྒྲ་སྒྲོགས། །རླུང་གི་ཕྱོགས་ནས་འཚུབ་མ་འབྱུང་། །གནོད་སྦྱིན་ཕོ་མོ་བྱང་ཕྱོགས་ནས། །དབང་ལྡན་ཕྱོགས་ནས་སྣ་ཚོགས་གཟུགས། །སྟེང་ནས་མཐུ་ཆེན་ལྷ་རྣམས་དང་། །འོག་ནས་ས་འགས་གཡོ་བྱེད་པ། །གང་དག་མཚན་མོ་རྒྱུ་བ་ཡི། །བགེགས་རྣམས་ཐམས་ཅད་འགྲོ་བར་གྱིས།། ཞེས་ཐམས་ཅད་འཇོམས་པའི་སྔགས་རིང་བརྗོད། །རྡོ་རྗེ་འགྲོས་ཀྱིས་སྐོར་བ་ལན་གསུམ་བྱ། །དེ་ནས་དབུས་སུ་འདུག་སྟེ། སྐུ་ལས་འོད་འཕྲོས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི་ནས་ནམ་མཁའི་ཁམས་ཁྱབ་པ་དེ་ལས་ཕྱག་རྒྱའི་ཚོགས་བཅུ་སྟོད་ཁྲོ་མོ་སྨད་ཕུར་བུ་ཕྱོགས་ཀྱི་གདོན་ལ་བཏབ་སྟེ་བཞུགས་པ། ཨོཾ་རྀ་ཥི་སོགས་ཀྱི་བསྲུང་སྔགས་བཟླ། དེ་ནས་ལྷ་གནས་མ་འཆོལ་བར། གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི། འཁོར་གནས་སུ་ཟླུམ་པོ་ལ་མེ་ཏོག་གི་ཚོམ་བུ་བཀོད་མཐའ་མཆོད་པས་བསྐོར། བདེ་བའི་སྟན་ལ་འདུག་སྟེ། མཆོད་པ་བྱིན་གྱིས་བརླབ། དཀྱིལ་འཁོར་ཨོཾ་སྭ་བྷཱ་ཝས་སྦྱངས་པ་ནས་ལྷ་གནས་རྣམས་སུ་ཉི་ཟླའི་གདན་རེ་འཁོད་པར་གྱུར་གྱི་བར་བརྗོད། དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་དཀར་པོ་དེ་ལས་འོད་ཟེར་འཕྲོས་འགྲོ་བའི་དོན་བྱས་ཏེ་ཚུར་འདུས་པ་ལས། གདུགས་དཀར་མོ་ཞེས་པ་ནས། འཇིགས་པ་ཐམས་ཅད་ལས་སྐྱོབ་པ། པད་འདབ་ལ་གཡས་སྐོར་གྱིས། ལྷ་མོ་དྲག་ཤུལ་ཆེན་མོ་ནས། འཇིག་རྟེན་པའི་ཚོགས་ཐམས་ཅད་ཕྱི་རོལ་གྱི་ཁོར་ཡུག་ལ་ཀུན་ནས་བསྐོར་ཏེ་བཞུགས་པར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྨད་ལ་ཧཱུྃ། ཐུགས་ཀར་ཟླ་བ་ལ་ཨོཾ། དེ་ལས་འོད་ཟེར་འཕྲོས་པས། བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམས་ལ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་ནས་ཨངྐུ་ཤ་ཛཿཧཱུྃ་བཾ་ཧོཿ དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས་སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། ནས། རྣམ་སྣང་གིས་དབུ་བརྒྱན་པར་གྱུར། མེ་ཏོག་ལ་སོགས་པའི་མཆོད་པ་དང་བསྟོད་པ་བྱ་བ་ལྷ་སྟ་གོན་ནོ། །དེ་ནས་བུམ་པ་མཚན་ཉིད་དང་ལྡན་པ་ལྔའམ་གཅིག མགུལ་དཀྲིས། ཁ་རྒྱན། ནང་རྫས་དང་བཅས་པ་དཀྱིལ་འཁོར་གྱི་སྟེང་དུ་བཀོད། སྭ་བྷཱ་ཝས་སྦྱངས། བྷྲུཾ་ལས་ཕྱི་བུམ་པ་བཟང་པོ། ནང་གཞལ་ཡས་ཀྱི་ཁང་དེའི་དབུས་སུ་ནས། ལྷ་ཐམས་ཅད་གསལ་བཏབ་པ་རྣམ་སྣང་གིས་དབུ་བརྒྱན་པར་གྱུར། དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་དང་བསྟོད་པ་བྱས། སྔགས་བཟླ་བའི་དུས། ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས། ཕྱོགས་བཅུ་རྒྱལ་བ་སྲས་བཅས་མཆོད། །ཚུར་འདུས་བདག་གི་སྡིག་པ་སྦྱངས་ནས་བུམ་པར་ཞུགས་ཏེ་ངོ་བོ་ཆུ་ལ་རྣམ་པ་ལྷ་ཤིན་ཏུ་གསལ་བར་བལྟའོ། །དེ་ནས་འོད་དུ་ཞུ་བས་ངོ་བོ་ལྷ་རྣམ་པ་ཆུར་བལྟའོ།། བུམ་པ་སྟ་གོན་ནོ། །དེ་ནས་སློབ་མ་ཁྲུས་བྱས་མེ་ཏོག་ཐོགས་སློབ་དཔོན་དང་ལྷ་ལ་ཕྱག་འཚལ་དུ་བཅུག་ནས། མཎྜྻལ་ཕུལ་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ་སོགས་ཀྱིས་གསོལ་བ་བཏབ། སློབ་དཔོན་གྱིས། རྫོགས་པའི་སངས་རྒྱས་འདས་པ་དང་སོགས་ཀྱིས་སྤྲོ་བ་བསྐྱེད། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི་སོགས་ཀྱིས་ཉན་པར་གདམས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱི་སྐྱབས་སེམས་སྡོམ་པ་ཕོག སློབ་མ་གདུགས་དཀར་དུ་བསྐྱེད། ཨོཾ་ཨཱཿཧཱུྃ་གིས་གནས་གསུམ་བྱིན་གྱིས་བརླབ། མཆོད། སོ་ཤིང་གཏད། བཛྭ་ཧཱ་ས་ཨ། ཞེས་པས་དོར་དུ་བཅུག སྲཱིཿབི་ཤུདྡྷཿ སོགས་ཀྱིས་ཁྱོར་ཆུ་སྦྱིན། ཨོཾ་བཛྭ་ཏི་བཾ་གྱིས་བཟླས་པས་ཀུ་ཤ་སྔས་དང་སྟན་དུ་བྱས། རྩ་བའི་སྔགས་བཟླས་པའི་སྲུང་སྐུད་སྐྱེད་པའི་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིང་། བཛྭ་རཀྵ་ཞེས་བསྲུང་། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས་སོགས་ཀྱིས་ཆོས་བཤད། བཞིན་བཟང་དག དོ་ནུབ་ཉོལ་ལ་རྨི་ལམ་རྟོག་ཤིག་དང་། སང་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ་ཞེས་བརྗོད། སློབ་མ་སྟ་གོན་ནོ། །དེ་ནས་སྟ་གོན་གྱི་ལྷ་ལ། བཅོམ་ལྡན་འདས་མ་གདུགས་དཀར་མོ། །རིགས་པའི་རྒྱལ་མོར་ཕྱག་འཚལ་བསྟོད། །ཁྱེད་རྣམས་ལ་ཡང་མཆོད་པ་དང་། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །སང་ནི་དཀྱིལ་འཁོར་བྲི་བར་བྱ། །ཡོ་བྱད་ཅི་འབྱོར་གྱིས་བྲི་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཞེས་སྙན་གསན་ཕབ་བོ། །གསུམ་པ་ནི། དེ་ནས་སྟ་གོན་གྱི་ལྷ་ལ་མཆོད་པ་བྱས་ཏེ། བཛྭ་དྲིཥྚི་མ་ཊ། ཅེས་ནམ་མཁའ་ལ་བཏེག་ལ་ཚོན་སྣ་ལྔའི་སྲད་བུ་གསར་པ་གཙང་མ་མཛེས་པ། ཤིན་ཏུ་རན་པ། དྲི་ཞིམ་པ། རེག་པ་བདེ་བ། ལེགས་པར་བཀལ་བ་སྦོམ་ཕྲ་རན་པ། འཇུར་མདུད་མེད་པ། དཀར་པོ་ལ་རཾ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན། དམར་པོ་ལ་ཀཾ་ཐུགས་ཀྱི་རང་བཞིན། སེར་པོ་ལ་ཨཾ་ཐུབ་པ་བྱང་ཆུབ་སྙིང་པོའི་རང་བཞིན། ལྗང་ཁུ་ལ་སཾ་ཕྱག་ན་རྡོ་རྗེའི་རང་བཞིན། སྔོན་པོ་ལ་ཧཱུྃ་ཁམས་གསུམ་རྣམ་པར་རྒྱལ་བའི་རང་བཞིན་དུ་བསྐྱེད་ནས། ཨོཾ་བཛྭ་ས་མ་ཡ་སུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་བཟླས་ལ་ཉེར་མཆོད་ལྔས་མཆོད་ལ་ཐིག་བཏབ་དེ་ནས་རིན་པོ་ཆེའམ། སཱ་ལུའམ། སའི་ཕྱེ་མ་རྣམ་ལྔ་ལ་སྔར་བཞིན་བསྐྱེད་ནས། ཨོཾ་བཛྭ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་བཟླས་མཆོད་ནས་བྲིའོ། །ཚར་ནས་ཚོན་སྐུད་ཀྱི་དྲ་བ་དང་། དཀྱིལ་འཁོར་གྱི་སྟེང་དུ་བླ་བྲེ་ལོགས་ལ་ལྡ་ལྡི་རལ་གྲི་མདའ་བོ་མེ་ལོང་བརྒྱད་དར་དཔྱངས་ལྷབ་ལྷུབ་ལ་སོགས་པ། འོག་ཏུ་མཆོད་པའི་ཚོགས་ཀྱིས་བསྟར་བས་ལྷ་ཡི་རྒྱལ་པོའི་མདུན་ས་ལྟ་བུར་བྱའོ། །དེ་ནས་དཀྱིལ་འཁོར་བསྒྲུབ་པ་ནི། བདག་བསྐྱེད་བྱས། མདུན་བསྐྱེད་དང་བུམ་པ་སྟ་གོན་བཞིན་དུ་བྱས་ནས། འཇུག་པ་དངོས་ནི། ལེགས་ལྡན་མཆེད་གསུམ་ལ་གཏོར་མ་ཕུལ། བར་ཆད་བསྲུང་བར་གསོལ་བ་གདབ། སློབ་མ་ཁྲུས་བྱས། མཎྜྻལ་ཕུལ། གསོལ་བ་གདབ། སྤྲོ་བ་བསྐྱེད། ཉན་པར་གདམས། སེམས་བསྐྱེད། གནས་གསུམ་བྱིན་གྱིས་བརླབ་པའི་བར་སློབ་མ་སྟ་གོན་བཞིན་བྱས་ལ་མིག་དར་བཅིང་ངོ་། །ཕྱི་འཇུག བླ་མ་རྡོ་རྗེ་འཛིན་པ་ཀྱེ། །གཙོ་བོ་འཁོར་བཅས་དགོངས་སུ་གསོལ། །མི་ཤེས་མུན་གྱིས་བསྒྲིབས་པ་ལ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། ཞེས་གསོལ་བ་བཏབ། བླ་མས། ལམ་ཆེན་འདི་ནི་བསྟན་པར་བྱ། །ཁྱོད་ཀྱིས་ལམ་འདི་སྒྲུབ་པར་གྱིས། །ལམ་མཆོག་བསྒྲུབ་ལ་རབ་ཏུ་དགའ། །ཉེས་པ་དག་གིས་མ་གོས་པར། །འབྲས་བུ་མྱུར་དུ་འབྱིན་པར་བྱེད། །དམ་ཚིག་འདས་ན་དམྱལ་བར་ལྟུང་།། སློབ་མས། འཕགས་མ་གདུགས་དཀར་ལྷ་མོ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་དཀྱིལ་འཁོར་ཆེ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་བླ་མ་དང་དཀྱིལ་འཁོར་ལ་གསོལ་བ་བཏབ་པས། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས། བདག་གི་ལུས་ངག་ཡིད་གསུམ་ལ་ཞུགས་པས་བྱིན་གྱིས་བརླབ་པར་བསམ་མོ།། བསྙེན་སྔགས་ཀྱི་མཐར་ཨཱ་བེ་ཤ་ཡ་ཨ་ཨ་ཞེས་བཏགས་པ་བཟླའོ།། ཡང་དག་པ་ཡི་དཀྱིལ་འཁོར་འདིར་སོགས་ཀྱིས་མེ་ཏོག་དོར། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས་སོགས་ཀྱིས་མིག་དར་དབྱེ། དཀྱིལ་འཁོར་རྟེན་དང་བཅས་པ་ཁྲ་ལམ་གྱི་མཐོང་བར་མོས་པ་བྱས་ལ་འཇུག་པའོ། །དབང་བསྐུར་བ་ནི། འཕགས་མ་གདུགས་དཀར་ལྷ་མོ་མཆོག། ནས། བདག་ལ་དབང་བསྐུར་སྩལ་དུ་གསོལ།། དེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་མ་སྟན་གཙང་མའི་ཁར་བཞག ཆོ་ག་གསུམ་གྱིས་གདུགས་དཀར་མོ་ཅན་བསྐྱེད། གནས་གསུམ་བྱིན་གྱིས་བརླབ་པ་བྱས། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་རྣམ་སྣང་གཙོ་བོར་གྱུར་པའི་དབང་ལྷ་སྤྱན་དྲངས། དེ་རྣམས་ཀྱིས་དབང་བསྐུར་བར་བསམས་ལ་བུམ་པ་སྤྱི་བོར་བཞག་སྟེ། བུམ་པ་བཟང་པོ་དག་བྱེད་ཆུས་གང་བ། །གླུ་སྒྲ་རོལ་མོར་ལྡན་པས་དབང་བསྐུར་བས། །ལུས་ཀྱི་སྒྲིབ་སྦྱངས་ཞེ་སྡང་རྣམ་སྦྱངས་པས། །མེ་ལོང་ལྟ་བུའི་ཡེ་ཤེས་རྟོགས་པར་ཤོག །བཛྭ་ཨ་བྷི་ཥིཉྩྨ་ཨོཾ། ནུབ་ཀྱི་བུམ་པ་མགྲིན་པར་བཞག་ནས། གཞན་འདྲ་བ་ལ། ངག་གི་སྒྲིབ་སྦྱངས་འདོད་ཆགས་རྣམ་དག་པས། །སོ་སོར་རྟོག་པའི་ཡེ་ཤེས་རྟོགས་པར་ཤོག། ཥིཉྩྨ་སྲཱིཿ དབུས་ཀྱི་བུམ་པ་སྙིང་གར་བཞག་ནས། ཡིད་ཀྱིས་སྒྲིབ་སྦྱངས་གཏི་མུག་རྣམ་དག་པས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྟོགས་པར་ཤོག། ཥིཉྩྨ་ཧཱུྃ། ལྷོའི་བུམ་པ་ལྟེ་བར་བཞག་ནས། ཉོན་མོངས་སྒྲིབ་སྦྱངས་ང་རྒྱལ་རྣམ་དག་པས། །མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པར་ཤོག ཥིཉྩྨ་ཏྲཾ། བྱང་གི་བུམ་པ་གསང་གནས་སུ་བཞག་ནས། སྒོ་ལྔའི་སྒྲིབ་སྦྱངས་ཕྲག་དོག་རྣམ་དག་པས། །བྱ་བ་གྲུབ་པའི་ཡེ་ཤེས་རྟོགས་པར་ཤོག། ཥིཉྩྨ་ཨ། སློབ་དཔོན་གདུགས་དཀར་མོ་ཅན་དུ་གསལ་བའི་ཐུགས་ཀའི་ཨོཾ་ཡིག་གི་མཐའི་སྔགས་འཕྲེང་ལས་སྔགས་འཕྲེང་ཆད་དེ་ཞལ་་ནས་ཐོན། ཁྱེད་རང་རྣམས་གདུགས་དཀར་མོ་ཅན་དུ་གསལ་བའི་ཞལ་དུ་ཞུགས་ཐུགས་ཀའི་ཨོཾ་ཡིག་གི་མཐར་འཁོད་པའི་མོས་པ་གྱིས་བྱས། བསྙེན་སྔགས་ལན་གསུམ་རྗེས་ཟློས་བྱས། །མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སོགས་སྤྱི་མཐུན་བྱའོ། །དེ་ནས་སྤྱིའི་རྒྱུད་ལས་གསུངས་པའི་དམ་ཚིག་བསྒྲག་པར་བྱ་སྟེ། དེ་ནི་སྒྲུབ་པོར་བྱ་བའི་དབང་ངོ་། །བགེགས་ཞི་བར་འདོད་ན། བྱབ་པ་དང་། བཀྲུ་བ་དང་བསྲུང་འཁོར་གདགས་པར་བྱའོ། །འབྱོར་པ་རྒྱས་པར་འདོད་ན། བཀྲ་ཤིས་པའི་རྫས་བརྒྱད་མདུན་དུ་བསྟར་ཏེ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས་སོགས་ཀྱིས་དབང་བསྐུར་བར་བྱའོ། །སློབ་དཔོན་དུ་འོས་པ་ཞིག་ན་དེ་སེང་གེའི་ཁྲི་པདྨའི་སྙིང་པོ་ཅན་ལ་བཞག སྟེང་དུ་གདུགས་ཀྱིས་ཕུབ། ཉེར་སྤྱོད་ལྔས་མཆོད་ནས། ལག་པ་གཡས་སུ་རྡོ་རྗེ་དང་། གཡོན་དུ་གསེར་གྱི་འཁོར་ལོ་བཞག་ནས། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་དག་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས།། དགང་གཟར་བླུགས་གཏད་དེ། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོད་སོགས་དང་། །བསད་དང་བསྐྲད་པ་དེ་དག་གི །ལས་དེ་རྣམས་ནི་བསྒྲུབ་པར་གྱིས།། གཏང་རག་གི་ཡོན་ཕུལ། བསྒྲུབ་པ་ཆེན་པོ་ནི། རལ་གྲི་ལ་སོགས་པའི་རིག་འཛིན་བསྒྲུབ་པའི་ཆོ་ག་འདིར་མ་བཤད་དོ། །གསུམ་པ་ལས་ལ་སྦྱོར་བ་ལ། བསྲུང་བ་དང་། བཟློག་པ་དང་། བསད་པ་དང་། བསྲེག་པ་དང་། འཕང་བ་དང་། མནན་པ་དང་དྲུག་ལས། དང་པོ་ནི། རྒྱས་པ་ཟུར་དུ་བཤད་པ་བཞིན་ནམ། མདོར་བསྡུ་ན། དེ་ལ་རང་ངམ་གཞན་བསྲུང་བར་འདོད་པས། དང་པོར་གྲོ་གའམ་རས་སམ་ཤིང་ཤུན་ལ། གུར་ཀུམ་གྱིས་རིམ་པ་བཞིར་གནས་པར་བསྐོར་ཏེ། དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བཀོད་པའི་ལྟེ་བ་ལ་བསྲུང་བར་བྱ་བའི་མིང་སྲུང་ཚིག་དང་བཅས་པ་བྲིས་ཏེ། རྩིབས་བརྒྱད་པོ་དག་ལ་ནི། ཨོཾ་རྀ་ག་ཎ། ནས། ཨ་སྟཱ་ནཱཾ་མ་ཧཱའི་བར་དུ་སོ་སོར་བྲིས། གཉིས་པ་ལ་ནི་ཏདྱ་ཐཱ། ཨོཾ། ནས་ཧཱུྃ་དྲུཾ་བན་དྷའི་བར་དུ་སྡེ་ཚན་བརྒྱད་དུ་དགོད་པར་བྱའོ། །རིམ་པ་གསུམ་པར་ནི། ཞི་བར་བྱེད་པའི་རིག་སྔགས། ཏདྱ་ཐཱ། ཧཱུྃ། ནས་མ་མའི་བར་དུ་དགོད་པར་བྱའོ། །རིམ་པ་བཞི་པར་ནི། ཐམས་ཅད་འཇོམས་པའི་རིགས་སྔགས། ཨོཾ་ཨ་སི་ཏཱ། ནས། ལཱརྐ་ཞེས། ནས། ཝ་བི་ནཱི་ཡེའི་བར་དུ་བསྲུང་བའི་ཚིག་དང་བཅས་པ་དགོད་པར་བྱའོ། །དེ་ལྟར་བྲིས་པ་དེ་བུམ་པའི་མཎྜྻལ་སྟེང་དུ་བཞག་ནས། བདག་ཉིད་ལྷའི་རྣལ་འབྱོར་རྫོགས་པར་བྱ་སྟེ་འཁོར་ལོའི་དབུས་ཀྱི་ཡི་གེ་ལས་འཕགས་མ་གདུགས་དཀར་མོ་ཅན་འཁོར་བཅས་བསྐྱེད་པར་བྱེད་དོ། །དེ་ནས་མདུན་དུ་གཞལ་ཡས་ཁང་བསམས་ཏེ། ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་དྲངས་མཆོད་པར་བྱ་སྟེ་གཟུངས་ནས་འབྱུང་བས་གསོལ་བ་བཏབ་ལ། བཟླས་པ་བརྒྱའམ་སྟོང་ངམ་ཅི་ཙམ་འཚམ་པར་བྱའོ། །དེ་ནས་འཁོར་ལ་ཡང་མཆོད་ཅིང་ཚངས་པ་དང་དབང་པོ་དང་ཉེ་དབང་དང་ལེགས་ལྡན་ལ་སོགས་པ་ལ་གཏོར་མ་ཕུལ་ཏེ། གསོལ་བ་བཏབ་ནས་རང་ངམ་གཞན་སྐྱེས་པའམ་བུད་མེད་དེ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་བྱས་ནས། ཡུངས་ཀར་དང་བཅས་པས་ལུས་སམ་མགུལ་དུ་བཏགས་ན། མེས་མི་ཚུགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ནོ། །བཟློག་པ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། འཇིག་རྟེན་པའི་དཀྱིལ་འཁོར་གཉིས། དང་པོ་ནི། སྔར་བཤད་པ་ཉིད་དོ། །གཉིས་པ་ནི། མདུན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་གཡོན་དུ། དཀྱིལ་འཁོར་གྲུ་བཞི་སྒོ་བཞི། ནང་དུ་ཕོ་བྲང་ཟླུམ་པོ་སྒོ་གཅིག་པ་ཕྱི་མའི་ཕྱོགས་བཞིར། སྣ་ཚོགས་རྡོ་རྗེ་རྒྱ་གྲཾ་རྭ་བཞི། དེའི་ཕྱི་པདྨ་འདབ་བརྒྱད། དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་པ་བྱས། མཆོད་པས་བསྐོར། མདུན་དུ་འབྲུབ་ཁུང་། དེའི་ནང་དུ། གྲོག་མཁར་གྱི་ས། བ་ལང་གི་ལྕི་བ་དང་རྐང་རྗེས་ཀྱི་ས་ལ། ཕ་རོལ་གྱི་བྱད་མ་མཁན་གྱི་གཟུགས་བྱས། དེའི་སྙིང་གར་འཁོར་ལོ་ནི། དུར་ཁྲོད་ཀྱི་རས་ལ་ཁྲག་དང་དུག་དང་། ལན་ཚྭ་དང་། ཀེ་ཚེ་ལ་སོགས་པའི་ཁུ་བས་འཁོར་ལོ་མུ་ཁྱུད་གཉིས་བསྐོར་བ་བྲིས་ཏེ། ནང་མའི་ལྟེ་བ་ལ་བསྒྲུབ་བྱའི་མིང་བྲིས་པའི་མཐར་ཆེ་གེ་མོ་མཱ་ར་ཡ་བྷན་དྷ་ཡ་ནན། མུ་ཁྱུད་དང་པོར། ཏདྱ་ཐཱ། ཨོཾ། ནས། ཧཱུྃ་དྲུྃ་བནྡྷའི་བར་དུ་བྲིས་པའི་མཐར་ཆེ་གེ་མོ་མཱ་ར་ཡ་བྷནྡྷ་ཡ་ནན། ཞེས་བྲིའོ། །གཉིས་པ་ལ་ཐམས་ཅད་འཇོམས་པའི་སྔགས་མིང་མཱ་ར་ཡ་བྷནྡྷ་ཡ་ནན་བཅས་པ་དགོད་དོ། །དེ་ལྟར་ལིངྒ་འབྲུབ་ཁུང་གི་ནང་དུ་བཅུག ཡུངས་དཀར། ཀེ་ཚེ། རྡོ་ཕྱེ། ལྕགས་ཕྱེ། ཟི་ར། བྲ་བོ་ནག་པོ། སྲན་མ་ནག་པོ་སྐམ་ཐུན། དུག་ཆུ་དང་ཁྲག་རློན་ཐུན། མཆོད་པའི་གཏོར་མ་དང་བཅས་བཤམས་ནས། དང་པོར་བདག་བསྐྱེད་ཡེ་ཤེས་ཀྱི་མདུན་བསྐྱེད་བཟླས་པའི་བར་བྱས། དེ་ནས་ལས་དཀྱིལ་བྷྲུཾ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ནས། དེ་ནས་དེའི་ནང་གི་དབུས་སུ་རིན་པོ་ཆེའི་ཕོ་བྲང་ཟླུམ་པོ་སྒོ་གཅིག་པ། དེའི་ལྟེ་བར་གྲུ་གསུམ་གྱི་དབུས་སུ་སེང་གེའི་གདན། དེའི་ཕྱིར་པདྨ་འདབ་མ་བཞི་པ། ཕྱིར་སྣ་ཚོགས་རྡོ་རྗེ་རྭ་བཞི། དེའི་ཕྱིར་པདྨ་འདབ་མ་བརྒྱད། དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་པ། དབུས་ཀྱི་སེང་གེའི་གདན་ལ་འཕགས་མ་གདུགས་དཀར་མོ་ཅན། དབུ་སྟོང་། ཕྱག་སྟོང་། ཞབས་སྟོང་། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། ཤར་གྱི་ཞལ་དཀར་པོ་སྒེག་པ་དང་། དཔའ་བ་ཉིས་བརྒྱ། ལྷོ་ཞལ་སེར་པོ། འཇིག་སུ་རུང་བ་དང་རྒོད་པ་ཉིས་བརྒྱ། ནུབ་ཀྱི་ཞལ་དམར་པོ་གཤེ་བ་དང་། རྔམ་པ་ཉིས་བརྒྱ། བྱང་གི་ཞལ་ལྗང་ཁུ། སྙིང་རྗེ་བ་དང་། ཞི་བ་ཉིས་བརྒྱ། སྟེང་གི་ཞལ་སྔོན་པོ། ངོ་མཚར་བ་དང་། དྲག་པོའི་ཉམས་ཅན་ཉིས་བརྒྱ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ་ཕྱག་གཡས་ཀྱི་དང་པོ་འཁོར་ལོ་དང་བཅས་པའི་སྐྱབས་སྦྱིན། དེ་འོག་དགུ་བཅུ་རྩ་དགུས་འཁོར་ལོ་འཛིན་པ། དེ་འོག་བརྒྱ་རྡོ་རྗེ། དེ་འོག་བརྒྱ་རིན་པོ་ཆེ། དེ་འོག་བརྒྱ་པདྨ། དེ་འོག་བརྒྱ་སྣ་ཚོགས་རྡོ་རྗེ་འབར་བ་འཛིན་པ། གཡོན་དང་པོ་མདའ་དང་བཅས་པའི་གདུགས་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་པ། དེའི་འོག་དགུ་བཅུ་རྩ་དགུས་མདའ་འཛིན་པ། དེའི་འོག་བརྒྱ་གཞུ། དེ་འོག་བརྒྱ་རལ་གྲི། དེ་འོག་བརྒྱ་ཞབས་པ། དེ་འོག་བརྒྱ་ལྕགས་ཀྱུ་འབར་བ་བསྣམས་པ། ཞབས་གཡས་པ་ལྔ་བརྒྱ་བརྐྱང་བས་རྒྱལ་པོའི་འཇིགས་པ་ལ་སོགས་པ་འཇིགས་པ་ཆེན་པོ་ཐམས་ཅད་གནོན་པར་མཛད་པ། གཡོན་ལྔ་བརྒྱ་བསྐུམ་པས་མདངས་འཕྲོག་པ་ལ་སོགས་པའི་གདོན་ཐམས་ཅད་འཇོམས་པར་མཛད་པ། དབུ་རེ་རེ་ལ་ཁྲོ་བོའི་རྡོ་རྗེ་འབར་བས་མཚན་པ། དབུའི་སྟེང་དུ་གདུག་བདུན་དང་། སངས་རྒྱས་བཅུ་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་བྱེ་བ་ཕྲག་བདུན་གྱི་ཅོད་པན་འཆང་བ། ཟུར་གྱིས་བལྟ་བ་དང་། བགྲོད་པ་དང་། གློག་ལྟར་འགྱུ་བ་དང་། དྲག་ཏུ་གཟིར་བ་ལ་སོགས་པའི་སྤྱན་དང་ལྡན་པར། བ་སྤུའི་ཁུང་ཐམས་ཅད་ནས་བསྐལ་པའི་མེ་འོད་འབར་བ། ཐུགས་ཆོས་ཀྱི་དབྱིངས་ལ་དབང་བསྒྱུར་བས་རྡོ་རྗེ་ཡངས་མ་ཆེན་མོ། སྲིད་པ་གསུམ་ལ་མངའ་བརྙེས་པས་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ། སེམས་ཅན་ཐམས་ཅད་འཇིགས་པ་མ་ལུས་པ་ལས་སྐྱབས་པའི་བདག་ཉིད་ཅན། ཞི་ཁྲོའི་རྒྱན་དང་ན་བཟས་སྤྲས་པ། དེའི་གཡས་གཡོན་རྒྱབ་གསུམ་དུ་པདྨ་དང་། ཉི་མའི་གདན་ལ། ཧཱུྃ་ལས་ལེགས་ལྡན་ནག་པོ་མཆེད་གསུམ། སྐུ་མདོག་མཐིང་ནག དར་གྱི་བེར་ཆེན་གསོལ་བ། ཕྱག་གཡས་པ་ཙན་དན་གྱི་བེང་ཆེན་བསྣམས་པ། གཡོན་པ་དགྲ་བགེགས་ཀྱི་སྙིང་ཁྲག་གིས་གང་བའི་ཐོད་པ་བསྣམས་པ། ཁྲོ་ཞིང་གཏུམ་པ། མེ་འབར་བའི་དབུས་ན་བཞུགས་པ། པདྨ་ལ་ཚངས་པ་སོལ་ཀ་བ་ལས་བྱེད་སྲིང་མོ་མིང་པོར་བཅས་པ། རྡོ་རྗེའི་རྭ་ལ་རྒྱལ་པོ་ཆེན་པོ་བཞི། པདྨའི་འདབ་མ་ལ། བརྒྱ་བྱིན། མེ་ལྷ། གཤིན་རྗེ། སྲིན་པོ། ཆུ་བདག རླུང་ལྷ། གནོད་སྦྱིན། བགེགས་ཆེན། འཁོར་ལོའི་རྩིབས་ཕྱོགས་ཀྱི་བཞི་ལ། འབྱུང་པོ་དང་། གཟའ་དང་། ས་བདག་དང་། ལྷ་མ་ཡིན། མཚམས་བཞི་ལ། མིའམ་ཅི་དང་། མཁའ་འགྲོ་མ། མ་མོ་དང་། ནམ་མཁའ་ལྡིང་། སྒོ་བཞིར། ལྟོ་འཕྱེ་དང་། རྣལ་འབྱོར་མ་དང་། ཀླུ་དང་། འབྱུང་པོའི་གདོན་དེ་ཐམས་ཅད་རང་རིགས་ཀྱི་སྡེ་དཔུང་བསམ་གྱིས་མི་ཁྱབ་པས་བསྐོར་བ། དེ་ནས་རང་ལས་ཀྱི་ལྷ་མོའི་ཐུགས་ཀའི་ཨོཾ་གྱི་འོད་ཟེར་གྱིས་གཙོ་འཁོར་རྣམས་སྤྱན་དྲང་བར་བྱ་སྟེ། ཧཱུྃ་བཅོམ་ལྡན་གདུགས་དཀར་འཁོར་བཅས་རྣམས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །མཆོད་ཡོན་ཞལ་བསིལ་བཞེས་ནས་ཀྱང་། །པདྨའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ན་མཿས་མནྟ་བུདྡྷ་ནཱཾ། ག་ག་ན་པྲ་ཝ་སཏྐྲ་ར་པདྨ་ལེ་ས་མ་ཡེ་ཧྶཾ། རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །འབྱུང་པོ་གཟའ་གདོན་ས་བདག་དང་། །ལྷ་མིན་མི་འམ་མཁའ་འགྲོ་མ། །མ་ཚོགས་མཁའ་ལྡིང་འདིར་གཤེགས་ཤིག །ལྟོ་འཕྱེ་ཆེ་དང་རྣལ་འབྱོར་མ། །ཀླུ་ཡི་གདོན་དང་འབྱུང་པོའི་ཚོགས། །སྤྱན་འདྲེན་མཆོད་འབུལ་སྙན་གསན་འབེབས། །ཐུགས་དམ་རྒྱུད་བསྐུལ་གཤེགས་སུ་གསོལ། །ཨོཾ་ཨེ་ེ་ཧི་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ས་མ་ཡེ་ཧྶཾ། ཞེས་པས་དཀྱིལ་འཁོར་གྱི་དམ་ཚིག་པ་ལ་བསྟིམ་པར་བྱའོ། །དེ་ནས་གཙོ་མོ་རི་ཁྲོད་མ་ལེགས་ལྡན་འཇིག་རྟེན་པའི་ཚོགས་དང་བཅས་པ་ལ། རྣམ་པ་ལྔ་དང་། འདོད་ཡོན་ལྔ། ལྷ་མོ་བརྒྱད་ལ་སོགས་པས་ཁྱད་པར་མཆོད་ལ། རྒྱུད་ཀྱི་བསྟོད་པས་བསྟོད་པར་བྱའོ། །དེ་ནས་ཐུན་དང་ཟོར་རྫས་རྣམས་གདུག་པ་ཅན་ཐམས་ཅད་སྒྲོལ་བའི་ནུས་ལྡན་དུ་བསམས། ཐམས་ཅད་འཇོམས་པའི་སྔགས་བཟླ་ཞིང་། འཇིག་རྟེན་གྱི་ཁམས་ན་གཞན་གྱི་སྲོག་ལ་གནོད་པའི་དབལ་མི་བཟད་པར་གྱུར་པ་ཐམས་ཅད་དེ་དག་ལ་བསྟིམ། ཕུར་བུ་སྟོད་ལྷ་མོ་སྨད་རྡོ་རྗེ་རྩེ་གཅིག་པ་འབར་བའི་གཟུགས་ཅན་དུ་དམིགས་ལ་མཆོད་བསྟོད། དེ་ནས་གསེར་སྐྱེམས་དང་། གཟུ་དཔང་བརྗོད། རང་ཉིད་སྒྲོལ་གིང་ནག་པོའི་ཆེས་གཅེར་བུ་ཁྲག་གིས་བྱུགས་པའམ། །ཡང་ན་ཞྭ་དང་གོས་ནག་གྱོན་རྔ་དང་འཆམ་སྟབས་སུ་བསྟུན་ཏེ། ཐོག་མར་འབྲུབ་ཁུང་བསྐྱེད་པ་ནི། འབྲུབ་ཁུང་འདི་ཉིད་བྷྲུཾ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ། ལས་ཀྱི་གཤིན་རྗེའི་བཙོན་ཁང་། རྔམས་ནག་པ། གཏིང་རིང་བ། དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སླེབ་པ། འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། ཞེ་སྡང་གི་མེ་དཔུང་འབར་བ། གཏི་མུག་གི་མུན་པ་གཏིབས་པ། ང་རྒྱལ་གྱི་བྲག་རི་གཏམས་པ། ཕྲག་དོག་གི་རླུང་དམར་འཚུབ་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ། དུག་དང་ནད་ཐམས་ཅད་ཀྱི་ན་བུན་འཐིབས་པ། དེའི་ནང་དུ་ནྲི་ལས་བྱད་མ་ནག་ལ་ཧཾ་པ། སྔོ་ལ་རིད་པ། ཤིན་ཏུ་ཉམ་ཐག་པ་གན་རྐྱལ་དུ་འགྱེལ་བ། མིག་ཤི་མིག་ཏུ་བལྟ་བ། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་གཅིག་ཏུ་གྱུར། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི། དགེ་འདུན་གྱི། ཁྲོ་མོའི་རྒྱལ་མོ་གདུགས་དཀར་མོ་ཅན་གྱི། བདེན་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་བདག་ཅག་ལ། སྔ་དགྲ་ལག་ལ་བདར་ཞིང་། ཕྱིས་དགྲ་ཡིད་ལ་སེམས་པ། ད་དགྲ་དངོས་སུ་བྱེད་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲ། གཟུགས་མེད་གནོད་པར་བྱེད་པའི་བགེགས་ཐམས་ཅད་སྐད་ཅིག་ཡུད་ཅིག་ལ་དམིགས་པའི་ཉའུ་འདི་ལ་ལྕགས་ཀྱུ་ཅན་རྣམས་ཀྱིས་ཁུག་ཅིག ཞགས་པ་ཅན་རྣམས་ཀྱིས་ཆིངས་ཤིག ལྕགས་སྒྲོགས་ཅན་རྣམས་ཀྱིས་སྡོམས་ཤིག དྲིལ་བུ་ཅན་རྣམས་ཀྱིས་མྱོས་ཤིག སརྦ་ཤ་ཏྲུན། བཛྭ་ཨངྒུ་ཤ་ཛཿ ཆོས་ཀྱི་དབྱིངས་ནས་གཙུག་ཏོར་གདུགས་དཀར་ཅན། །ཤིན་ཏུ་ཁྲོས་ནས་དགྲ་བགེགས་དགུག་པའི་ཕྱིར། །དྲེགས་པའི་ལས་བྱེད་ཐམས་ཅད་ཕོ་ཉར་འགྱེད། །ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཕྲོ། །ཞགས་པ་སེར་མོའི་ཚོགས་ནི་སྤྲིན་ལྟར་གཏིབས། །ལྕགས་སྒྲོག་དམར་མོའི་ཚོགས་ནི་གློག་ལྟར་འགྱེད། །དྲིལ་བུ་ལྗང་མོའི་ཚོགས་ནི་ཐོག་ལྟར་འབེབས། །ཐམས་ཅད་ཁྲོས་པའི་ང་རོ་འབྲུག་ལས་ཆེ། །རྒྱུག་པའི་ཤུགས་ནི་བར་སྣང་འཁྱུག་ལས་མྱུར། །གཏུམ་པའི་བརྗིད་ནི་གནམ་ས་འཕར་ཞིང་ལྡེག །ཡིད་ལ་བརྣག་པའི་དགྲ་བགེགས་གར་འདུག་མཁྱེན། །ལྕགས་ཀྱུས་སྙིང་ཕུག་ཞགས་པས་སྐེ་ནས་ཆིངས། །ལྕགས་སྒྲོག་གིས་སྡོམས་དྲིལ་བུས་མཉེད་བཞིན་དུ། །ལས་ཀྱི་རླུང་དམར་འཚུབ་པའི་ཁར་བསྐྱོན་ལ། གཟུགས་བྱང་འདི་ལ་བསྟིམ་པའི་དུས་ལ་བབ།། ཅེས་བསྐུལ། ཕོ་ཉ་རྣམས་ཀྱིས་བྱད་མ་མཁན་པོའི་སྙིང་གར་ལྕགས་ཀྱུས་བཏབ་ཞགས་པས་རྐེ་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུ་དང་མཚོན་ཆ་སྣ་ཚོགས་པས་རྒྱབ་ནས་མཉེ་ཞིང་རྔ་མོང་ལ་བསྐྱོན། དེ་ལས་ཀྱི་རླུང་དམར་གྱིས་བདས་པས་བྱེའུ་ཁྲས་དེད་པ་བཞིན་མདུན་གྱི་ཉའུ་ཐིམ་པར་བསམ། ཁུགས་རྟགས་མ་ཐོན་གྱི་བར་དུ་བྱ། ཁུགས་རྟགས་བསྟན་ནས། བྱ་རོག་དང་འུག་པའི་དང་སྒྲོས་སམ་ཟོར་མདས་འབྱེད་ཅིང་། ཨོཾ་ཀཱ་ཀ་མུ་ཁ་མཐུ་མོ་ཆེ། །མཐིང་ནག་ཆེན་མོ་བྱ་རོག་དབུ། །རྟོག་མེད་ཟས་སུ་ཤ་ལ་དགའ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། ཧཱུྃ་ཨུ་ལུ་མུ་ཁ་མཐུ་མོ་ཆེ། །སེར་ནག་ཆེན་མོ་འུག་པའི་བགོ །ཉིན་མཚན་མེད་པར་འཇིག་རྟེན་རྒྱུ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ལྷ་དང་དགྲ་རུ་ཕྲོལ་ལ་ཤོག །ལུས་དང་སྲུང་མར་ཕྲོལ་ལ་ཤོག །ཁྱོ་དང་ཆུང་མར་ཕྲོལ་ལ་ཤོག །ཕ་དང་བུ་རུ་ཕྲོལ་ལ་ཤོག །གཉེན་དང་ཉེ་བར་ཕྲོལ་ལ་ཤོག །ཕོ་བོ་ནུ་བོར་ཕྲོལ་ལོ་ཤོག །ལྷ་སྲུངས་གནམ་གྱི་མཐའ་ལ་བདོས། །དགྲ་བོ་རྡུལ་དུ་རླག་པར་གྱིས། །ཐམས་ཅད་འཇོམས་པའི་སྔགས་ཀྱི་མཐར། །དགྲ་བོ་ཕོ་ལྷ་དང་ཕྱེ། མོ་ལྷ་དང་ཕྱེ། ཡུལ་ལྷ་དང་ཕྱེ། དགྲ་ལྷ་དང་ཕྱེ། སྲོག་ལྷ་དང་ཕྱེ། ཞེས་ཕུར་བུ་བསྒྲིལ་ཞིང་། འཕྲིན་ལས་ཆེན་པོའི་དུས་ལ་བབ། །རྡོ་རྗེ་ཕུར་བུ་ཀཱི་ལཱ་ཡ། །སྟོད་ནི་ཁྲོ་བོ་འབར་བའི་ཞལ། །འཆང་བཟུང་རྡོ་རྗེ་གློག་སྟོང་འཁྱུག །ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡིར། །སྐུ་སྨད་ཟུར་གསུམ་དབལ་ལྡན་པ། །དགྲ་བགེགས་སྟེང་དུ་ཀཱི་ལཱ་ཡ། །སྐད་ཅིག་ཉིད་ལ་སྲོག་དང་ཕྲོལ།། ཞེས་གཟིར་བས། ཚེ་རྟེན་ཨ་བདག་ཉིད་ཀྱི་ཚེའི་གསོས་སུ་བླངས། སྲོག་རྟེན་ནྲི་ཧཱུྃ་ཡིག་གི་རྣམ་པ་འོག་མིན་ལྷའི་ཞིང་དུ་གཤེགས། དེ་ནས། ལྷའི་གདོན་ནམ། ཀླུའི་གདོན་ནམ། ནས་ནམ་གྲུའི་གདོན་དང་། དེ་དག་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅད་དོ་ཕུར་བུས་གདབ་བོ། །གཟི་བརྗིད་འཕྲོག་པ་དང་། ནས། ཟས་སུ་སྦྱིན་སྲེག་ཟ་བ་དེ་དག་ཐམས་ཅད་དང་གདོན་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་བྱས་བའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་པོའི་བར་བརྗོད། ཨོཾ་ཨ་སི་ཏཱ་ནས་ལཱརྐ་ཞེས་ནས། ཝ་སིནཱི་ཡེའི་བར་གྱིས་ཐམས་ཅད་འཇོམས་པའི་རིག་སྔགས་བཟླས། ཕུར་བུ་བསྐོར་ཞིག་ཉ་འུར་བཏབ། སླར་ལས་ཕུར་སོར་བརྒྱད་པ་རེ་གནས་སོ་སོར་གདབ་ཅིང་འདི་བརྗོད། ཧཱུྃ། དགྲ་བགེགས་འབྱུང་པོ་ལས་ངན་འདི། །དང་པོར་ཞེ་སྡང་ཕ་ལས་བརྒྱུད། །བར་དུ་འདོད་ཆགས་མངལ་སྒོ་འགྲིམས། །ཐ་མར་ཉོན་མོངས་ལྔ་ཡི་གཟུགས། །ཕུང་པོ་བརྩད་ནས་གཅད་པའི་ཕྱིར། །སྲིད་པའི་ཆགས་ས་ལྟེ་བ་ཡིན། །ལྟེ་བའི་དཀྱིལ་དུ་ཀཱི་ལཱ་ཡ། །རྣམ་ཤེས་གནས་ས་སྙིང་ཡིན་པས། །སྙིང་གི་དཀྱིལ་དུ་ཀཱི་ལཱ་ཡ། །ལྟ་བར་བྱེད་པ་མིག་ཡིན་པས། མིག་གིྎ ཉན་པར་བྱེད་པ་རྣ་བ་ཡིན། རྣ་བའིྎ སྣོམ་པར་བྱེད་པ་སྣ་ཡིན་པས། སྣ་ཡིྎ མྱོང་བར་བྱེད་པ་ལྕེ་ཡིན་པས། ལྕེ་ཡིྎ བསྐྱོད་པར་བྱེད་པ་ཡན་ལག་ཡིན། །ཡན་ལག་བཞི་ལ་ཀཱི་ལཱ་ཡ། །ཐུན་རྣམས་རྡེག་ཅིང་། ཡུངས་ཀར་རྒྱལ་པོ་ཤི་རཱ་རཾ། །ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ། རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག །མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ། གདུག་པའི་དུག་རླངས་རླུང་ལྟར་འཚུབ། །དུག་ལྔ་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ། དཔག་མེད་དྲག་པོ་མདའ་ཡི་ཐུན། །བདུད་འཇོམས་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ། སྟོབས་ཆེན་རྩལ་འཆང་རྡོ་ཡི་ཐུན། །ཕྲ་མེན་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ རྡོ་རྗེ་འཁོར་ལོ་དབྱུག་ཐོ་སོགས། །མཚོན་ཆ་ཡོངས་རྫོགས་གྱད་ཀྱི་སྐུ། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཡིན་ཏེ་ཡེ་ཤེས་སྐུ། །མཁྱེན་བརྩེ་ནུས་པའི་རལ་གྲི་ཡིས། །ལོག་རྟོག་འཁོར་བ་རྒྱུན་བཅད་དོ། །དུམ་བུར་བྱས་ནས་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་། ཧཱུྃ། བཀའ་ལས་འདའ་བྱེད་སྡིག་ཅན་འདི། །མཚོན་ཆ་རྣོན་པོས་བསྒྲལ་ཟིན་གྱིས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། ཤ་རུས་དམར་མྱོག་གཏང་། དེ་ནས་བསྟབ་པ། ཧཱུྃ། གདུགས་དཀར་མོ་ཡི་ལྷ་ཚོགས་རྣམས། །ཕྱེ་ཞིག་ཕྱེ་ཞིག་ཞལ་ཕྱེ་ཞིག །དོན་དམ་ཆོས་ཉིད་ཞལ་ཕྱེ་ཞིག །གནམ་ས་ཙམ་གྱི་ཞལ་གདོངས་ཤིག །གངས་རི་ཙམ་གྱི་མཆེ་གཙིགས་ཤིག །བར་སྣང་ཙམ་གྱི་ལྗགས་སྒྲིལ་ལ། །སྟོང་གསུམ་ཙམ་གྱི་མིད་པ་གདོངས། ཁམས་གསུམ་འཁོར་བའི་ཕུང་ཁམས་སྐྱེ། །དགྲ་བགེགས་ཤ་རུས་མ་ལུས་པ། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་དྲིལ་ལོ་ཨ་ར་ལི། །དབྱིངས་སུ་བསྒྲལ་ལོ་ས་མ་ཡ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནམ་མཁའ་ལྷ་ཡི་བྱད་བྱེད་དང་། །ས་གཞི་ཀླུ་ཡི་བྱད་བྱེད་དང་། །བར་སྣང་གཉན་གྱི་བྱད་བྱེད་དང་། །སྟོང་གསུམ་མི་ཡི་བྱད་བྱེད་དང་། །སྣང་སྲིད་ལྷ་འདྲེའི་བྱད་བྱེད་དང་། །གླིང་བཞི་བོན་པོ་མུ་སྟེགས་དང་། །ཡུལ་མི་རྗེ་དང་ཁྱིམ་མཚེས་ཀྱི། །འཚེ་བའི་སེམས་ཀྱིས་བསམས་དང་སྨྲ། །ལུས་ཀྱིས་རྩུབ་པའི་སྦྱོར་བྱེད་སོགས། །དེ་དག་གཞི་རྟེན་ལུས་སེམས་རྣམས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །མགུལ་དུ་དྲིལ་ལོ་ཨ་ར་ལི། །དབྱིངས་སུ་བསྒྲལ་ལོ་ས་མ་ཡ།། དེ་ནས་ཕྱི་ཕུང་མཆོད་རྫས་སུ་བྱས་པའི་སྙིང་གི་འཁོར་ལོ་ཁྱི་ཐོད་ལ་སོགས་པར་བཅུག ཐུན་རྫས་ཀྱི་སྟེང་རེ་བས་གྲིལ། ཚོན་སྐུད་སྣ་ལྔས་ལེགས་པར་བཅིངས་ནས་ཐེམ་པའི་འོག་གམ། ལམ་རྒྱ་གྲམ་མམ་མཆོད་རྟེན་འོག་ཏུ་དོང་གྲུ་གསུམ་པ་བྲུས། །དེའི་ནང་དུ་བདེན་བདར་དང་དགུག་གཞུག་བྱས་ཏེ་བཅུག དེའི་ཁ་གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་རི་རབ་བྲིས་པས་བཅད། དེའི་སྟེང་དུ་མེ་དང་ཆུ་དང་སས་བཅིབས་ཏེ་ལས་ཀྱི་གཤིན་རྗེ་ལ་གཏད་དམོད་བཅོལ་རྒྱས་པ་བྱའོ། །མནན་པའོ། །མངོན་སྤྱོད་ནི། གཞན་འདྲ་བ་ལ་ལྟེ་བའི་མིང་གི་མཐར་མཱ་ར་ཡ་བཏགས་པ་བྲིས། མཐར་གདབ་ལས་བྱས་པའི་ལིང་རོ་སྙིང་ནང་གི་འཁོར་ལོ་དང་བཅས་བརྒྱ་རྩ་བརྒྱད་དུ་གསིལ་ལ་ལིངྒ་བཅོས་དྲག་པོའི་སྦྱིན་སྲེག་གིས་མཐའ་བརཏལ་ལོ། །ཐུན་མོང་དུ་སྟོང་བཟློག་ཞི་བ་དང་འབྲེལ་བ་དང་། མདོས་གཞན་དུ་བཤད། ལྷག་པར་དྲག་པོ་ལ། ཁམས་སའི་མི་མོའི་གཟུགས་བཞི་སྒོང་ཟོར་ཁྲག་གིས་བཀང་བ་དང་། རྡོ་ཟོར་དུར་ཁྲོད་ཀྱི་རྡོ་ནག་བྷྱོ་བྲིས་པ། མདའ་ཟོར་འུག་སྒྲོ་སྐྱེར་པའི་མདེའུ་ཅན་བཞི་དང་། རྭ་དུག་ལ་སོགས་པ་ཟོར་གྱི་རྗེས་སུ་མ་བླུགས་པའི་སྣོད་བཞི། དམར་གཏོར་ཆ་བཞི་འཛོམ་ན་བཅུ་བཅུའམ། བརྒྱད་དམ་མ་འཛོམ་ན་བཞི་བཞི། སྔགས་མཁན་དེ་མཚུངས་སམ་རང་གཅིག་པུ། ལུས་ལ་དུག་དང་ཁྲག་གིས་བྱུགས། ཡེ་ཤེས་དང་ལས་དཀྱིལ་བསྒྲུབ། དེ་ནས་ཁམས་སའི་མི་མོ། །བདུད་གཤིན་རྗེ། གནོད་སྦྱིན་ཀླུའི་བུ་མོ། ཟོར་བཞི་རྣམས་གྱེར་བཞིན་དུ་གསལ་བཏབ་སྟེ་ཐམས་ཅད་འཇོམས་པའི་སྔགས་ལ་བྷྱོ་བཏགས་པས་བྱིན་གྱིས་བརླབ། དེ་ནས་བསྐུལ་བཏང་བ་ནི། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡི། །གཙུག་ཏོར་དབུས་ན་སྤྲུལ་པའི་སྐུ། །གདོན་བཟློག་གཞན་གྱིས་མི་ཐུབ་མ། །ཆོས་བྱེད་རྣམས་ཀྱི་མགོན་བྱེད་ཅིང་། །སྡིག་ལ་དགའ་བ་འདུལ་མཛད་མ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བགེགས་མ་ལུས་ཚར་ཆོད་ཅིག །གྲུ་གསུམ་མཐིང་ནག་འབར་བ་ནས། །ལེགས་ལྡན་ནག་པོ་མཆེད་གསུམ་ནི། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་རྣམས། །སྡང་བར་བྱེད་པའི་དགྲ་ལ་བྷྱོ། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་བསྲུང་། །དྲི་ཟའི་དམག་དཔུང་འཁོར་དང་བཅས། །དགྲ་བགེགས་ཐམས་ཅད་ཚར་གཅོད་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །གཤིན་རྗེའི་དམག་དཔུང་འཁོར་དང་བཅས། །དགྲ་བགེགས་ཐམས་ཅད་ཚར་གཅོད་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །ཀླུ་ཡི་དམག་དཔུང་འཁོར་དང་བཅས། །དགྲ་བགེགས་ཐམས་ཅད་ཚར་གཅོད་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་དམག་དཔུང་འཁོར་དང་བཅས། །དགྲ་བགེགས་ཐམས་ཅད་ཚར་གཅོད་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཕྱོགས་བཅུ་སྐྱོང་བའི་མགོན་པོ་ནི། །རང་སྡེའི་དམག་དཔུང་འཁོར་དང་བཅས། །དགྲ་བགེགས་ཐམས་ཅད་ཚར་གཅོད་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །ལྷ་འདྲེ་དྲེགས་པ་གདུག་པ་ཅན། །གནོད་པ་སྐྱེལ་ཅིང་མི་སྲོག་འཕྲོག །ཕྱོགས་མཚམས་སྟེང་འོག་གནས་པའི་གདོན། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོ། །མི་མོ་བཞི། མཐིང་ནག་འབར་བའི་ཤར་ཕྱོགས་ནས། །བདུད་མོ་གཤིན་རྗེ་མགོ་དགུ་མ། །མགོ་གཅིག་ཕུགས་ཀྱི་ནོར་ལ་རྒྱུག །མགོ་གཅིག་བང་མགོ་ལྷ་ལ་རྒྱུག །མགོ་གཅིག་སྟེང་གི་ཁྱོ་ལ་རྒྱུག །མགོ་གཅིག་མཆན་གྱི་བུ་ལ་རྒྱུག །མགོ་གཅིག་ཆུང་མ་དག་ལ་རྒྱུག །མགོ་གཅིག་ར་བའི་ཕུགས་ལ་རྒྱུག །མགོ་གཅིག་ཐང་གི་ཞིང་ལ་རྒྱུག །མགོ་གཅིག་ཕུགས་ཀྱི་སྲིས་ལ་རྒྱུག །གཤིན་རྗེ་ཁྲོས་པའི་མཐུ་མོ་ཆེ། །ན་བཟའ་དཀར་ནག་སྤེལ་མ་ལ། །ལག་ན་དུང་གི་སྤུ་གྲི་ཐོགས། །དགྲ་བོའི་ཤན་པ་བདུད་ཀྱི་མ། །སྡང་བར་བྱེད་པའི་དགྲ་ལ་བྷྱོ། །ཧཱུྃ། །མཐིང་ནག་འབར་བའི་ལྷོ་ཕྱོགས་ན། །བདུད་མོ་གཤིན་རྗེ་ལག་རིང་མ། །རཱཀྵ་ཁྲོས་པ་སྙིང་སྦྱིན་མ། །ལག་པ་ལྔ་བརྒྱས་བར་སྣང་ཡུག །གཡས་པ་ལྔ་བརྒྱས་དགྲ་བོ་འཛིན། །གཡོན་པ་ལྔ་བརྒྱས་དགྲ་བོ་གསོད། །དྲོངས་ཤིག་དགྲ་བོའི་མགུལ་ནས་དྲོངས། །ཧཱུྃ། མཐིང་ནག་འབར་བའི་ནུབ་ཕྱོགས་ན། །བདུད་མོ་གཤིན་རྗེ་ཕུང་ཁྲོལ་མ། །མི་ཡི་པགས་པ་གོས་སུ་གྱོན། །སྒྱུ་མའི་འཕྲེང་བ་ཐོད་དུ་བཅིངས། །མགོ་ལས་སྤྲུལ་པའི་གཤིན་རྗེ་འགྱེད། །གཡས་པ་ལྕགས་ཀྱི་སེར་བ་ཐོགས། །བསྟན་པ་བསྣུབ་པའི་མགོ་ལུས་འབྲེལ། །ཧཱུྃ། མཐིང་ནག་འབར་བའི་བྱང་ཕྱོགས་ནས། །བདུད་མོ་གཤིན་རྗེ་ལག་བརྒྱ་མ། །གཡས་པ་ལྔ་བཅུ་ཟོར་བ་ཐོགས། །དམ་ཉམས་དགྲ་བོའི་མགོ་ལུས་འབྲེལ། །གཡོན་པ་ལྔ་བཅུ་ཞགས་པ་ཐོགས། །དམ་ཉམས་དགྲ་བོའི་རྐེ་ལ་འདེབས། །ཁྱོད་ནི་ཀླུ་ཡི་ལྕམ་མོ་སྟེ། །དམ་ཉམས་དགྲ་བོ་རྡུལ་དུ་རློག། དེ་ལྟར་བསྐུལ་ནས་སྒོ་དབྱེ་བ་ནི། ཧཱུྃ། ཤར་ཕྱོགས་སྒོ་མ་རྟག་གདོང་དཀར། །བྱམས་པ་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ང་ཡིས་མ་ཉེས་མ་ལན་ནོ། །གཏོར་མའི་ཟོར་ལམ་དགྲ་སྟེང་ཕྱེ། །ལྷོ་ཕྱོགས་སྒོ་མ་ཕག་གདོང་སེར། །སྙིང་རྗེ་ཞགས་པའི་ཕྱག་རྒྱ་ཡིས། །ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ང་ཡིས་མ་ཉེས་མ་ལན་ནོ། །གཏོར་མའི་ཟོར་ལམ་དགྲ་སྟེང་ཕྱེ། །ནུབ་ཕྱོགས་སྒོ་མ་སེང་གདོང་དམར། །དགའ་བ་ལྕགས་སྒྲོག་ཕྱག་རྒྱ་ཡིས། །ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ང་ཡིས་མ་ཉེས་མ་ལན་ནོ། །གཏོར་མའི་ཟོར་ལམ་དགྲ་སྟེང་ཕྱེ། །བྱང་ཕྱོགས་སྒོ་མ་སྤྱང་གདོང་ལྗང་། །བཏང་སྙོམས་དྲིལ་བུའི་ཕྱག་རྒྱ་ཡིས། །བྱང་ཕྱོགས་ལྕགས་སྒོ་ནག་པོ་ཕྱེ། །འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག །ང་ཡིས་མ་ཉེས་མ་ལན་ནོ། །གཏོར་མའི་ཟོར་ལམ་དགྲ་སྟེང་ཕྱེ། །ལམ་བསྟན་པ་ནི། ཧཱུྃ། གཏོར་མའི་ལམ་བསྟན་གང་དུ་བསྟན། །གཏོར་མའི་ལམ་བསྟན་ཤར་དུ་བསྟན། །ཤར་དུ་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟ་ཕོ་མོའི་འཁོར་གྱིས་བསྐོར། །སྐུ་གཟུར་དེ་ནི་སྤྱན་བྱོལ་ཞིག །གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་བསྐྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉི་ལི་ལི། །མདའ་ཟོར་སྐར་ལྟར་བྲེང་སེ་བྲེང་། །ཐོར་ཟོར་རྦབ་ལྟར་སྲིལ་ལི་ལི། །ཆུ་ཟོར་ཤ་ར་ཐིབས་སེ་ཐིབས། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། །གཏོར་མའི་ལམ་བསྟན་ལྷོ་རུ་བསྟན། །ལྷོ་རུ་རྒྱལ་པོ་འཕགས་སྐྱེས་པོ། །གཤིན་རྗེ་ཕོ་མོའི་འཁོར་གྱིས་བསྐོར། །སྐུ་གཟུར། གཏོར་མའི་ལམ་བསྟན་ནུབ་ཏུ་བསྟན། །ནུབ་ཏུ་རྒྱལ་པོ་སྤྱན་མི་བཟང་། །ཀླུ་དབང་མང་པོའི་འཁོར་གྱིས་བསྐོར། །སྐུ་གཟུར། གཏོར་མའི་ལམ་བསྟན་བྱང་དུ་བསྟན། བྱང་དུ་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་མང་པོའི་འཁོར་གྱིས་བསྐོར། །སྐུ་གཟུར་དེ་ནི་སྤྱན་བྱོལ་ཞིག །གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་བསྐྱིལ་ལི་ལི། །ཐུན་ཟོར་སེར་ཕྲན་ཉི་ལི་ལི། །མདའ་ཟོར་སྐར་ལྟར་བྲེང་སེ་བྲེང་། །ཐོར་ཟོར་རྦབ་ལྟར་སྲིལ་ལི་ལི། །ཆུ་ཟོར་ཤ་ར་ཐིབས་སེ་ཐིབས། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། །བཟློག་བྱང་ནི། ཧཱུྃ། བཟློག་བསྒྱུར་བསྒྱུར་བའི་མཐུ་མོ་ཆེ། །དགྲ་དཔུང་འཇོམས་པའི་རྩལ་མོ་ཆེ། །ནད་ཁ་གཅོད་པའི་དབང་མོ་ཆེ། །ལྷ་སྲིན་ཁོལ་བའི་གཤེད་མོ་ཆེ། ཁྱོད་ཀྱི་མཐུ་སྟོབས་གཟི་བྱིན་གྱིས། །ཕས་ཀྱི་བྱད་ཁ་ཐམས་ཅད་བཟློག །མི་མཐུན་གནོད་པའི་རྐྱེན་རྣམས་སྒྱུར། །ལྷ་འདྲེའི་ཟ་ཁ་དགྲ་ལ་གཏོང་། །ཧཱུྃ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །ལྷ་ཡི་གདོན་ཚོགས་བཟློག་ཏུ་གསོལ། །གཏུམ་པོ་ཆེན་མོ་སྟོབས་ཆེན་མོ། །ཀླུ་ཡི་གདོན་ཚོགས་བཟློག་ཏུ་གསོལ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །ལྷ་མིན་གདོན་ཚོགས་བཟློག་ཏུ་གསོལ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །རླུང་ལྷའི་གདོན་ཚོགས་བཟློག་ཏུ་གསོལ། །འབར་བའི་འཕྲེང་བ་གོས་དཀར་མོ། །ནམ་མཁའ་ལྡིང་གི་གདོན་ཚོགས་བཟློག་ཏུ་གསོལ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །དྲི་ཟའི་གདོན་ཚོགས་བཟློག་ཏུ་གསོལ། །རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས། །མིའམ་ཅིའི་གདོན་ཚོགས་བཟློག་ཏུ་གསོལ། །པདྨའི་མངོན་མཚན་རྡོ་རྗེ་མཚན། །ལྟོ་འཕྱེ་ཆེན་པོའི་གདོན་ཚོགས་བཟློག་ཏུ་གསོལ། །གཞན་གྱིས་མི་ཐུབ་འཕྲེང་བ་ཅན། །གནོད་སྦྱིན་གདོན་ཚོགས་བཟློག་ཏུ་གསོལ། །རྡོ་རྗེ་མཁར་རྣམས་འཇོམས་པ་མོ། །སྲིན་པོའི་གདོན་ཚོགས་བཟློག་ཏུ་གསོལ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། །ཡི་དྭགས་གདོན་ཚོགས་བཟློག་ཏུ་གསོལ། །གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། །ཤ་ཟའི་གདོན་ཚོགས་བཟློག་ཏུ་གསོལ། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །འབྱུང་པོའི་གདོན་ཚོགས་བཟློག་ཏུ་གསོལ། །རྡོ་རྗེ་ལུ་གུ་རྒྱུད་གཞན་མ། །གྲུལ་བུམ་གདོན་ཚོགས་བཟློག་ཏུ་གསོལ། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །སྲུལ་པོའི་གདོན་ཚོགས་བཟློག་ཏུ་གསོལ། །ལག་ན་རྡོ་རྗེ་རིགས་གསེར་འཕྲེང་། །ལུས་སྲུལ་གདོན་ཚོགས་བཟློག་ཏུ་གསོལ། །ལེ་བརྒན་རྩི་དང་རིན་ཆེན་མ། །སྐེམ་བྱེད་གདོན་ཚོགས་བཟློག་ཏུ་གསོལ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །རྗེད་བྱེད་གདོན་ཚོགས་བཟློག་ཏུ་གསོལ། །རྣམ་པར་འགྱིང་མའི་རྡོ་རྗེ་ཅན། །སྨྱོ་བྱེད་གདོན་ཚོགས་བཟློག་ཏུ་གསོལ། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །གྲིབ་གནོན་གདོན་ཚོགས་བཟློག་ཏུ་གསོལ། །རྡོ་རྗེ་སྒྲོས་དང་དཀར་མོ་དང་། །གནོན་པོའི་གདོན་ཚོགས་བཟློག་ཏུ་གསོལ། །པདྨའི་སྤྱན་དང་ཟླ་འོད་དང་། །ནམ་གྲུ་གདོན་ཚོགས་བཟློག་ཏུ་གསོལ།། ཟོར་གཞན་སྔར་གྱི་ཐུན་རྫས་བཞིན་ལ། སྒོང་ཟོར། བདུན་བརྒྱུད་གཅོད་པའི་སྒོང་ཟོར་འདི། །དྲག་སྔགས་ཡོངས་རྫོགས་གྱད་ཀྱི་སྐུ།། ཞེས་འཕང་། གཏོར་མ་རྣམས་བརྡེག གདུགས་དཀར་མོ་ཅན་འཁོར་དང་བཅས་པས་ཕ་རོལ་གྱི་ཡུལ་ཁམས་སུ་དམག་བཏེག་དགྲ་བོ་འཁོར་དང་བཅས་པ་བརླག་པར་བྱས་པར་བསམ་མོ། །གཏོར་མ་གཏོང་བར་འདོད་པས་སྣོད་གཙང་ཞིང་ཡིད་དུ་འོང་བའི་ནང་དུ་ཟན་དང་། ཁུ་བ་དང་། ཆན་དང་། འབྲུའི་ཚོགས་དང་། ཤིང་ཐོག་དང་། རིན་པོ་ཆེའི་ཚོགས་དང་། སྨན་དང་ལྡན་པར་བྱས་ཏེ། དེ་ནས་བདག་ཉིད་ལྷའི་སྦྱོར་བས་ཨ་ཀཱ་རོས་སྦྱངས་ཏེ། ནམ་མཁའ་མཛོད་ཀྱིས་སྤེལ་ལ། བདུད་རྩིའི་རྒྱ་མཚོར་བསམས་ཏེ། དེའི་ཕྱོགས་རྣམས་སུ་སྲཱིཿལས་པདྨའི་ཚོགས་བསྐྱོད་པ་ལ་ཕྱོགས་སྐྱོང་བ་བཅུ་ལ་སོགས་པ་ཆོས་ཀྱི་སྲུང་མ་དང་། ཁྱད་པར་དུ་ཚངས་པ་དང་། དབང་པོ་དང་། །ལེགས་ལྡན་ལ་སོགས་འཁོར་དང་བཅས་པ་རྣམས་སྤྱན་དྲང་བར་བྱའོ། །ཁ་འབར་མ་བསྔོའོ། །ཡང་། འབྱུང་པོའི་གཏོར་མ་གཉིས་པ་ལྷའི་གདོན་ལ་སོགས་པ་དང་། ཟས་སུ་མདངས་ཟ་བ་སོགས་ཀུན་ལ་སྦྱིན་པར་བྱའོ། །དེ་ཡང་ལྕེ་རྡོ་རྗེར་བསམ་ཞིང་སྦུ་གུས་བདུད་རྩི་ཐམས་ཅད་ངོམས་ཤིང་ཚིམ་པར་བྱ་བ་དང་། འདོད་པའི་ཡོན་ཏན་ལྔ་ཆར་བཞིན་འབྱུང་བར་བསམ་མོ། །དེ་ནས་ཐ་མར་བཟོད་པར་གསོལ་ཏེ། གསོལ་བ་བཏབ་ནས་ཡི་གེ་བརྒྱ་པ་བརྗོད་དོ། །ཐམས་ཅད་གཤེགས་སོ། །འདི་ལྟར་གདུགས་དཀར་མོ་ཅན་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཆོ་ག་འདི། ཆོས་སྡེ་ཆེན་པོ་དཔལ་འཁོར་བདེ་ཆེན་གྱི་རིན་སྡིངས་པའི་སློབ་དཔོན་སྔགས་འཆང་ཆེན་པོ་ཚེ་དབང་དཔལ་འབྱོར་དང་། ཁྱད་པར་དགེ་སློང་འོད་ཟེར་བས་བསྐུལ་བའི་ངོར། པདྨ་དཀར་པོས་ཙན་དྲ་གོ་མིའི་གཞུང་བཞིན་དུ་བསྐུལ་བ་པོའི་འདོད་པ་ལྟར་ཉང་སྟོད་རི་ནང་ནུ་མ་ཆོས་ལུང་གི་དགོན་པ་རྗེ་མི་ལའི་སྒྲུབ་ཕུག་ཏུ་གྲགས་པར་སྦྱར་བ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །།


previousགདུགས་དཀར་གྱི་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཆོ་གnext