Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
བཅོམ་ལྡན་རྣམ་པར་རྒྱལ་མ་བསྙེན་ཅིང་སྟོང་མཆོད་འབུལ་བའི་ཆོ་གའི་ལག་ལེན་གསལ་བར་ཁྲིགས་སྡེབས་འདོད་པའི་དངོས་གྲུབ་འདྲེན་པའི་ཤིང་རྟ།
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་རྣམ་པར་རྒྱལ་མ་བསྙེན་ཅིང་སྟོང་མཆོད་འབུལ་བའི་ཆོ་གའི་ལག་ལེན་གསལ་བར་ཁྲིགས་སྡེབས་འདོད་པའི་དངོས་གྲུབ་འདྲེན་པའི་ཤིང་རྟ།next

བཅོམ་ལྡན་རྣམ་པར་རྒྱལ་མ་བསྙེན་ཅིང་སྟོང་མཆོད་འབུལ་བའི་ཆོ་གའི་ལག་ལེན་གསལ་བར་ཁྲིགས་སྡེབས་འདོད་པའི་དངོས་གྲུབ་འདྲེན་པའི་ཤིང་རྟ།

བཅོམ་ལྡན་རྣམ་པར་རྒྱལ་མ་བསྙེན་ཅིང་སྟོང་མཆོད་འབུལ་བའི་ཆོ་གའི་ལག་ལེན་གསལ་བར་ཁྲིགས་སྡེབས་འདོད་པའི་དངོས་གྲུབ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཞུགས། །ཚེ་དཔག་མེད་དངོས་སྐྱབས་ཀྱི་མཆོག །རྣམ་པར་རྒྱལ་མར་རྟག་བཏུད་ནས། །རང་གཞན་འཆི་མེད་འཐོབ་བྱའི་ཕྱིར། །གང་དེ་མཆོད་པའི་ཐབས་ཚུལ་བྲི།། འདིར་བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མ་བསྙེན་ཅིང་སྟོང་མཆོད་འབུལ་བའི་ཆོ་ག་ཁྲིགས་བསྡེབས་ལག་ཏུ་བླང་བའི་ཚུལ་ལ། སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་བུམ་པ་སྤྱི་མཐུན་བཤམས་བུམ་པའི་སྟེང་དུ་གཟུངས་འདིའི་སྙིང་པོ་ཅན་གྱི་རྣམ་རྒྱལ་མཆོད་རྟེན་བཞུགས་སུ་གསོལ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག དེ་ནས་རིམ་བཞིན་མཆོད་ཡོན་ཞབས་བསིལ་ནས་ཞལ་ཟས་ཀྱི་བར་གཡས་སྐོར་དུ་བཤམས། མདུན་དུ་ཡི་དམ་གྱི་གཏོར་མ་དཀར་ཟླུམ་འདབ་བརྒྱད། རྒྱན་གསུམ་བརྩེགས་རྩེ་མོ་བྱིའུ་མཆུ་ཅུང་ཟད་དོད་པ། སྟོང་མཆོད་བྱེད་ན། ལྷ་བཤོས། མར་མེ། བདུག་སྤོས་རྣམས་རེ་རེ་བཞིན་སྟོང་དུ་ཚང་བ་དགོས་པས། དེ་དག་སྟེགས་བུར་བཤམས་ནས་བུམ་པའི་ཕྱོགས་བཞི་ནས་བསྐོར། གདུགས་དང་བ་དན་ཡང་འགྲུབ་ན་སྟོང་དང་མ་འགྲུབ་ན་ཇི་ལྟར་རིགས་པ་དང་། དེ་ཡང་རས་སམ་དར་གྱི་ཚལ་པ་ཕྲ་མོས་ཀྱང་རུང་བར་བཤད། དེ་དག་གི་ཉེ་སྐོར་སྟེགས་དམའ་བར་ཆ་གསུམ་གཏོར་མ། སྐབས་སུ་གང་བབས་ཞིག་ཏུ་གཏོར་ཆུང་རིལ་བུ་སྟོང་དང་། དེ་བཤམས་པའི་སྣོད་བཅས་འདུ་བར་བྱས། ཆོ་ག་དངོས་ལ་སྔོན་འགྲོ། དངོས་གཞི་རྗེས་གསུམ་ལས། དང་པོ་མཆོད་པ་བྱིན་རླབས་ནི། ཨོཾ་བཛྭ་ཨམྲྀཏ་ཀུཎྜྻལི་ཧན་ཧན་ཧཱུྃ་ཕཊ྄། ཨོཾ་སྭབྷཱཝ་ཤུདྡྷཱཿསརྦ་དྷརྨཱཿསྭབྷཱཝ་ཤུདྡྷཱོཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག་བདུག་སྤོས། མར་མེ་དྲི་ཆབ། ཞལ་ཟས་རྣམས་དང་། གཞན་ཡང་རོལ་མོ་དང་། འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ། དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ཨོཾ་བཛྭ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྭ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྭ་པུཥྤཾ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པཾ་སྭཱ་ཧཱ། ཨོཾ་བཛྭ་དཱི་པཾ་སྭཱ་ཧཱ། ཨོཾ་བཛྭ་གནྡྷྱཾ་སྭཱ་ཧཱ། ཨོཾ་བཛྭ་ནཻ་ཝི་དྱཾ་སྭཱ་ཧཱ། ཨོཾ་བཛྭ་ཤཔྟ་སྭཱ་ཧཱ། ཨོཾ་བཛྭ་དྷརྨ་ར་ཎི་ཏ། པྲ་ར་ནི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏི། པྲཛྙྱ་པ་ར་མི་ཏཱ་ནཱ་ད་སཾ་བྷ་ཝི་ཏེ་བཛྭ་དྷརྨ་སྲྀད྄་ཡ་ནི། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱཿཁཾ་སྭཱ་ཧཱ། རོལ་ཆེན་གྱིས་བྱིན་དབབ། མཆོད་པ་བྱིན་རླབས་འོག་མ་རྣམས་ལ་དྷརྨ་ར་ཎི་དང་རོལ་ཆེན་མི་དགོས་སོ། །གཉིས་པ་དངོས་གཞི། བདག་མདུན་གྱི་ཆོ་གའི་རིམ་པ་ནི། བདག་དང་འགྲོ་བ་ནམ་མཁའི་མཐར་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།། ལན་གསུམ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱི་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོམ་བཟླས་ལ་འཇུག་པར་བགྱིའོ།། ལན་གསུམ། རང་སྐད་ཅིག་གིས་བཅོམ་ལྡན་འདས་མར་གསལ་བའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་དཀར་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་རྣམ་རྒྱལ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་བཛྭ་ས་མཱ་ཛཿ ཐལ་མོ་སྦྱར་ཏེ། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཤ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན། པཱ་དྱཾ་ ནས། ཤཔྟའི་བར་ཐོག་མཐའ་འགྲོ་བས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་རྒྱུན་བཤགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་སྤྱི་མཐུན། ཨོཾ་ཤུ་ནྱ་ཏཱ་ཛཱ་ན་བཛྭ་སྭཱ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་ས་འཛིན་གྱི་སྟེང་དུ་ཐེམ་སྐས་དང་བཅས་པའི་ཁྲི་ལ། སྣ་ཚོགས་པདྨ། དེའི་སྟེང་དུ་རིན་པོ་ཆེའི་རང་བཞིན་མཆོད་རྟེན་བང་རིམ་ཟླུམ་པོ་གསུམ་པ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། དེའི་སྟེང་དུ་བྲེ། གདུགས་བཅུ་གསུམ་ཆར་ཁེགས་ཏོག་རྣམས་བརྩེགས་ཤིང་། མེ་ཏོག་གི་འཕྲེང་བ་དང་། དར་གྱི་ལྡ་ལྡིས་མཛེས་པར་བྱས་པ། དེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་བྷྲཱུཾ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུཾ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ་རྩ་ཞལ་དཀར་བ། གཡས་སེར་བ། གཡོན་སྔོ་ཞིང་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པདྨའི་སྟེང་དུ་འོད་དཔག་ཏུ་མེད་པ་བཞུགས་པ་བསྣམས་པ། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོ་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིའི་བུམ་པ་དང་བཅས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། གཡས་རྔ་ཡབ་དང་། གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྔ་ཡབ་དང་། གཡོན་རྡོ་རྗེ་སྔོན་པོ་འཛིན་པ། གཙོ་འཁོར་གསུམ་གྱི་ཕྱོགས་བཞིར་ཁྲོ་བོ་བཞི་གནས་པ་ནི། ཤར་དུ་མི་གཡོ་བ་གཡས་རལ་གྲི་འཕྱར་བ། ལྷོར་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ་འཕྱར་བ། ནུབ་ཏུ་དབྱུག་སྔོན་ཅན་གཡས་དབྱུག་པ་འཕྱར་བ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ་རྩེ་གསུམ་འཕྱར་བ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ག་རབ་ཏུ་ཁྲོས་པ། ཕྱག་གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་ཅིང་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་ནག་པོ་ཐོར་ཚུགས་སུ་བྱས་པ། སྟག་ལྤགས་དང་སྦྲུལ་གྱི་རྒྱན་ཅན། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གིས་བཞུགས་པའོ། །གཙོ་མོའི་སྟེང་གི་ནམ་མཁའ་ལ་གནས་གཙང་མའི་རིགས་ཀྱི་ལྷའི་བུ་གཉིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། གཙོ་མོ་ལ་སྐུ་ཁྲུས་གསོལ་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། དཔྲལ་བར་ཏྲཱཾ་སེར་པོ། ལྟེ་བར་སྲཱིཿདམར་པོ། བརླ་གཉིས་ལ་ཨཾ་ཨཿལྗང་ཁུ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྭ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾ་ ནས། ཤཔྟའི་བར་སྦྱར་བས་མཆོད། ཡང་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་བཛྭ་ས་མཱ་ཛཿཨོཾ་བཛྭ་ཨརྒྷཾ་པྲ་ཏཱིཙྪསྭཱ་ཧཱ། ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ནས། ཤྲི་ཡེ་ཧཱུྃ་ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས། གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤཔྟའི་བར་སྦྱར་ཏེ་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག། སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུཾ་ཡིག་བསྲུང་བྱ་སྔགས་འཕྲེང་དང་བཅས་པ་འཁོད་པར་གྱུར། ཨོཾ་ཧཱུྃ་ཏྲཱཾ་སྲཱི་ཿཨཾ་ཨ། བདག་དང་བསྲུང་བྱ་ལ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས་ནས། ལག་པ་གཉིས་ཐལ་མོ་མཉམ་པར་སྦྱར་བའི་མཛུབ་མོའི་ཚིགས་གིས་བར་པ་བཅག་ནས་མཐེབ་མཛུབ་རྩེ་སྤྲད་དེ། གཟུངས་རིང་།། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚུ་ཡ། བུདྡྷ་ཡ་ཏེ་ན་མཿ ཏདྱ་ཐཱ། ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤོདྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ། བི་ཤོ་དྷ་ཡ། ཨསམ་ས་མནྟ། ཨ་ཝ་བྷཱ་ས་ཀྵྨྱ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་བ་བི་ཤུ་དྡྷེ། །ཨབྷི་ཥིཉྩྨནྟུ་མཾ། སརྦྦ་ཏ་ཐཱ་ག་ཏཱ་སུ་ག་ཏཱཿ སུགཏ་པྲ་བ་ཙ་ན། ཨ་མྲྀ་ཏ་ཨ་བྷི་ཥི་ཀཻ་ར྄། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿ ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བྷི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭབྷཱ་ཝ་བི་ཤུདྡྷེ། ཨུཥྞིུ་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩྨོ་དི་ཏེ། སརྦྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ནི། ཥཊྨཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦྦ་ཏ་ཐཱ་ག་ཏ་སྲྀ་ད་ཡ། ཨ་དྷིཥྛུ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྭ་ཀཱ་ཡ་སཾ་ཧ་ཏན་པ་རི་ཤུདྡྷེ། སརྦྦ་ཀརྨྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝརྟྟ་ཡ་མ་མ་ཨཱ་ཡུར྄། བི་ཤུདྡྷེ་སརྦྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏེ། མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏཱ། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་ཀྵྨྱཀྵྭ་ཊ། བུདྡྷེ་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། ཀྵྨྱ་ར་ཀྵྨྱ་ར། ཀྵྨྱུ་ར་ཡ་ཀྵྨྱུ་ར་ཡ། སརྦྦ་བུདྡྷ་ཨ་དྷིཥྛུ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྭེ་བཛྭེ། མ་ཧཱ་བཛྭེ། སུ་བཛྭེ། བཛྭ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྭ་ཛྷཱ་ལཱ་གརྦྷེ། བཛྭོདྦྷ་ཝེ། བཛྭ་སཾ་བྷ་ཝེ། བཛྭེ་བཛྭི་ཎི། བཛྭམྦྷ་ཝནྟུ་མམ་ཤ་རཱི་རཾ། སརྦྦ་སཏྭཱ་ནཱཉྩྨ། ཀཱ་ཡ་པ་རི་ཤུདྡྷིརྦྷ་ཝནྟུ། མེ་ས་དཱ་སརྦྦ་ག་ཏི་པ་རི་ཤུདྡྷིཤྩ། སརྦྦ་ཏ་ཐཱ་ག་ཏཱཤྩ། མཱཾ་ས་མཱ་ཤྭ་ས་ཡནྟུ། བུདྷྱ་བུདྷྱ། སིདྷྱ་སིདྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ། བི་ཤོ་དྷ་ཡ། ས་མནྟཱན་྄མོཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦྦ་ཏ་ཐཱ་ག་ཏ་སྲྀ་ད་ཡ། ཨ་དྷིཥྛུ་ན་ཨ་དྷེཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿསྭཱ་ཧཱ། ཨོཾ་བྷྲཱུཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་སྲཱཾ་སྲཱིཿཨཾ་ཨཿརཀྵ་རཀྵ་མཱཾ་སརྦྦ་སཏྭཱཾ་ཤྩ་སྭཱ་ཧཱ། བར་ཚང་བར་ལན་གཅིག་རིང་ཕྱག་རྒྱ་བཅས་བཞིན་བརྗོད། དེ་ནས་གཟུངས་རིང་ཉིད་ཅི་ནུས་བཟླས་ཤིང་སྔགས་ཐུང་ཀྱང་བཟླ། གཞན་ཡང་ཚེ་སྤེལ་བའི་གཟུངས་འདི་ཡང་བཟླ་སྟེ། ཨོཾ་ཨ་མྲྀ་ཏེ། ཨམྲྀ་ཏོད་བྷ་ཝེ། ཨམྲྀ་ཏ་བི་ཀྲན་ཏེ། ཨ་མྲྀ་ཏ་ག་ཏྲེ། ཨ་མྲྀ་ཏ་གཱ་མི་ནི། ཨ་མྲྀ་ཏ་ཨཱ་ཡུ་རྡད་དེ། ག་ག་ན་ཀིརྟི་ཁ་རེ་སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རཱི་ཡེ་སྭཱ་ཧཱ། དེ་ནས་མདུན་བསྐྱེད་ལ་དམིགས་ཏེ་ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། མདུན་རྟེན་མི་དམིགས་པ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་སྟེང་དུ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་ས་འཛིན་གྱི་སྟེང་དུ་ཐེམ་སྐས་དང་བཅས་པའི་ཁྲི་ལ་སྣ་ཚོགས་པདྨ་དེའི་སྟེང་དུ་རིན་པོ་ཆེའི་རང་བཞིན་མཆོད་རྟེན་བང་རིམ་ཟླུམ་པོ་གསུམ་པ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། དེའི་སྟེང་དུ་བྲེ། གདུགས་བཅུ་གསུམ་ཆར་ཁེབས་ཏོག་རྣམས་བརྩེགས་ཤིང་། མེ་ཏོག་གི་འཕྲེང་བ་དང་། དར་གྱིས་ལྡ་ལྡིས་མཛེས་པར་བྱས་པ། དེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་བྷྲཱུཾ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུཾ་གྱིས་མཚན་པ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་གཙུག་ཏོར་རྒྱལ་མ་ཞེས་པ་ནས། འཁོར་དང་བཅས་པ་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྟེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱོད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྭ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤཔྟའི་བར་གྱིས་མཆོད། ཡང་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྭ་ས་མཱ་ཛཿཨོཾ་བཛྭ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མདུན་བསྐྱེད་ཀྱི་ལྷ་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ནས། ཤྲི་ཡེ་ཧཱུྃ་ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག ཆུ་ལྷག་མ་སྤྱི་བོར་ལུད་པ་ལས། གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱུན་པར་གྱུར། དེ་ནས་མཆོད་རྫས་རྣམས་ལ་གོང་བཞིན་བྱིན་གྱིས་རླབས་ཏེ། ཨོཾ་བཛྭ་ཨ་མྲྀ་ཏ་བསངས། ཨོཾ་སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རྣམས་དང་། གཞན་ཡང་རོལ་མོ་དང་། འཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ། དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐར་ཀླས་པར་གྱུར། ཨོཾ་བཛྭ་ཨརྒྷཾ་སྭཱ་ཧཱ་སོགས་རིགས་འགྲེ་བས་ཤཔྟ་སྭཱ་ཧཱ། ཞེས་བྱིན་གྱིས་རླབས། འཇིག་རྟེན་འདི་འམ་འཇིག་རྟེན་གཞན་དག་ཏུ། །མཆོད་ཡོན་རྣམ་པ་ཇི་སྙེད་ཡོད་པ་ཀུན། །མོས་བློས་བཅོམ་ལྡན་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་ཚེ་དབང་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཐོག་མཐའ་རིགས་འགྲེ་བས། ཞབས་བསིལ་རྣམ་པ་ཇི་སྙེད། མེ་ཏོག་རྣམ་པ། བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་ཚིག་གི་བསྒྱུར་ཁ་བྱེད། དེ་རྗེས་སླར་ཡང་སྟོང་མཆོད་ཀྱི་ཞལ་ཟས། བདུག་སྤོས། མར་མེ། གདུགས། བ་དན་རྣམས་ལ་སྒེར་གྱིས་དམིགས་ཏེ། ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨཱུུ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། མཆོད་རྫས་རྣམས་ཕྱོགས་བཅུའི་ཞིང་ཐམས་ཅད་ཁྱབ་པར་གང་བའི་རང་བཞིན་དུ་གྱུར། འཇིག་རྟེན་འདི་འམ་འཇིག་རྟེན་གཞན་དག་ན། །ལྷ་བཤོས་རྣམ་པ་ཇི་སྙེད་ཡོད་པ་ཀུན། །མོས་བློསྎ བཞེས་ཤིགྎ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྭ་ནཻ་ཝི་དྱ་པྲ་ཏཱིཙྪ་སྭཱ་ཧཱ། འཇིག་རྟེནྎ བདུག་སྤོས་རྣམ་པྎ མོསྎ བཞེསྎ ཨོཾྎ བཛྭ་དྷཱུ་པེྎ འཇིག་རྟེནྎ སྣང་གསལ་རྣམ་པྎ མོསྎ བཞེསྎ བཛྭ་ཨཱ་ལོ་ཀེྎ འཇིག་རྟེན་འདི་འམྎ གདུགས་མཆོག་རྣམ་པ་ཇི་སྙེདྎ མོས་བློསྎ བཞེས་ཤིགྎ ཨོཾ་སརྦྎ ས་པ་རི་ཝཱ་ར་ཚཱ་ཏྲཾ་ཀ་པྲྎ འཇིག་རྟེན་འདིའམྎ བ་དན་རྣམ་པྎ མོས་བློསྎ བཞེས་ཤིགྎ ཨོཾྎ པ་ཏཾ་ཀ་པྲ་ཏཱིཙྪྎ དེ་ནས་བསྟོད་པ་༧ཀུན་མཁྱེན་པདྨ་དཀར་པོས་མཛད་པ་འདིས་བསྟོད་དེ། རབ་འབྱམས་རྒྱལ་བའི་བྱིན་རླབས་པད་ཚལ་གྱིས། །རབ་དཀར་པདྨའི་འདབ་མ་རྒྱས་པའི་སྤྱན། །རབ་དགའ་དྲི་བཟང་ཕྱོགས་དུས་ཀུན་འགྱེད་པ། །རབ་མཛེས་བཅོམ་ལྡན་མ་དེར་ཕྱག་འཚལ་ལོ། །རྩ་ཞལ་ཟླ་བཞིན་ཞི་བ་གཡས་སེར་བཞད། །གཡོན་སྔོན་མཆེ་བས་མ་མཆུ་མནོན་པའི་ཞལ། །རེ་རེའང་ཨུ་ཏྤལ་སྔོན་འདྲའི་སྤྱན་གསུམ་པ། །ཀུན་གཟིགས་མ་ལུས་སྐྱོང་དེར་ཕྱག་འཚལ་ལོ། །ཕྱག་བརྒྱད་གཡས་བཞི་སྣ་ཚོགས་རྡོ་རྗེ་དང་། །འོད་དཔག་མེད་མགོན་མདའ་དང་མཆོག་སྦྱིན་ཏེ། །གཡོན་པས་སྡིགས་མཛུབ་ཞགས་པར་བཅས་པ་དང་། །ཚེ་བུམ་གཞུ་འཛིན་སྐྱབས་སྦྱིན་མཛད་ལ་འདུད། །འཆི་མེད་ན་ཆུང་མཆོག་གི་གི་ལང་ཚོ་ཅན། །འཆི་མེད་གོས་དང་རྒྱན་གྱིས་རྣམ་བརྒྱན་མ། །འཆི་མེད་དབང་པོ་ཀུན་གྱི་ཕྱག་བྱས་པ། །འཆི་མེད་ཚེ་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟེང་གི་ཕྱོགས་ན་གནས་པའི་ལྷ་བུ་གཉིས། །གང་ལ་ཁྲུས་གསོལ་སྣམ་ལོགས་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་རྔ་ཡབ་འཛིན་པ་དང་། །པད་དཀར་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །ཕྱོགས་བཞིར་མི་གཡོ་འདོད་རྒྱལ་དབྱུག་སྔོན་ཅན། །སྟོབས་ཆེན་ཕྱག་གཡས་རལ་གྲི་ལྕགས་ཀྱུ་དབྱུག །རྡོ་རྗེ་གཡོན་ཀུན་སྡིགས་མཛུབ་ཕྱག་རྒྱ་ཅན། །མ་ལུས་འདུལ་བར་མཛད་ལ་ཕྱག་འཚལ་ལོ། །ཇི་ལྟར་བདག་གི་མོས་པས་ཁྱེད་བསྐུལ་བ། །དེ་ལྟར་ཁྱོད་ཀྱི་དམ་བཅས་དགོངས་མཛད་ནས། །ཚེ་དབང་ལོངས་སྤྱོད་བསམ་པའི་དོན་ཐམས་ཅད། །མྱུར་དུ་འགྲུབ་པའི་བཀའ་དྲིན་སྩལ་དུ་གསོལ། །སྟོང་མཆོད་དངོས་ནི། ཐུགས་དམ་བསྐུལ་བའི་ཕྱག་རྒྱ་སྔར་བཤད་དེས་མེ་ཏོག་བཟུང་སྟེ། གཟུངས་རིང་ཚར་གཅིག་བརྗོད་རྗེས་མདུན་བསྐྱེད་ལ་མེ་ཏོག་འཐོར། སླར་ཡང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཏཱ། དེ་བཞིན་རིགས་འགྲེས་ཞབས་བསིལ་ནས། ཤཔྟའི་བར་དང་། གདུགས་བ་དན་རྣམས་ཀྱིས་ཀྱང་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར་ཞེས་བརྗོད་ཅིང་། ལག་གཉིས་ཐལ་མོ་སྦྱར་ཏེ་མགོ་བོ་འདུད་པ་དང་བཅས། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚུ་ཡསོགས་ནས་ས་ཏྟྭཱཾཤྩ་སྭཱ་ཧཱ། དེ་ལྟར་གཟུངས་རིང་ཚར་བཅུ་རེ་བཏོན་པའི་རྗེས་སུ། མཆོད་པ་ཁ་གསོས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་གོང་ལྟར་མཆོད་ཅིང་། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བ་སོགས། ཤླཽ་ཀའི་རྗེས། རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་རྒྱལ་དབྱུག་སྔོན་སྟོབས་པོ་ཆེ། །གནས་གཙང་ལྷ་ཡི་བུ་དང་བཅས་པ་ཡི། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད། ཡང་གོང་བཞིན་གཟུངས་རིང་བཟླ་བ་སྟེ་བཅུ་ཚན་རེ་སོང་ནས་མཆོད་བསྟོད་རེ་བྱ། གཟུངས་བཟླ་མཁན་མི་བཅུ་ཡོད་པའི་དབང་དུ་བྱས་ན། གཟུངས་རིང་བཅུ་ཚན་ལན་བཅུས་གཟུངས་སྟོང་ཕྲག་གཅིག་འགྲོ་བ་ཡིན་པ་ལས། གཟུངས་རིང་ལྔ་བརྒྱ་སོང་ནས་བསྐོར་བ་བྱ་སྟེ། གཟུངས་ཚར་རེ་ལ་དལ་བུས་བསྐོར་བ་ལན་གཉིས་གཉིས་འགྲོ་བར་བྱས་པས་བསྐོར་བ་ཡང་སྟོང་འགྲོ། འདིས་རིགས་བསྒྲེས་ཏེ། གཟུངས་ཟླ་མཁན་མི་ལྔ་ལས་མེད་ན། གཟུངས་རིང་བཅུ་ཚན་ལན་གྲངས་ཉི་ཤུ་འགྲོ་དགོས་པ་སྐབས་ཐོབ་མི་གྲངས་བསྟུན་ནས་ཤེས་དགོས་སོ། །གཏོར་མ་སྟོང་བསྔོ་བ་ནི། སྟེགས་ཀྱི་སྟེང་དུ་གཏོར་ཐེབ་བཅུ་ཚར་བཤམས། གཏོར་ཐེབ་རེ་རེའི་ནང་དུ་ཟན་རིལ་བཅུ་བཅུ་བཞག་ཆུ་དང་སྦྱར། བཛྭ་ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་ཐམས་ཅད་ལ་དམིགས་ནས། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་བསྔོ། སྔགས་བརྒྱ་རེའི་མཚམས་སུ། མཆོད་སྤྱིན་གཏོར་མ་དམ་པ་འདིས། །འཕགས་པའི་ཚོགས་རྣམས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་གཏོར་མས་ཚིམ་གྱུར་ནས། །ལན་ཆགས་བུ་ལོན་ཁྱེར་བ་དང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག། ཅེས་འདོད་དོན་གསོལ་ཞིང་རོལ་མོའི་སྒྲ་བྱའོ། །ཡང་གཏོར་རིལ་གསར་པ་གྲངས་གོང་མཚུངས་བཤམས་ནས་བསྔོ་བ་དེ་ལྟར་ལན་བཅུས་གཏོར་མ་སྟོང་འགྲོ། ཡང་ན་གཏོར་རིལ་རྣམས་གཏོར་སྣོད་དུ་སྡེབས་སུ་བཤམས་ནས་སྔགས་ཨ་ཀཱ་རོ་མི་གྲངས་རྩིས་པས་སྟོང་བསགས་ཏེ་བསྔོ་བ་ཡང་ཡིན་ནོ། །མཆོད་གཏོར་འབུལ་བ་ནི། གོང་ལྟར་བཛྭ་ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཞེས་ནས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། གཟུངས་ཀྱི་མཐར། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས། མཆོད་བསྟོད་བསྡུས་པ་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། ཅེས་བརྗོད། དེ་རྗེས་ཆ་གསུམ་གཏོར་མ་གཞན་དུ་འབྱུང་བ་བཞིན་བཏང་། ཨོཾ་ཨཱཿཧཱུྃ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་ཅག་པུས་མོ་ས་ལ་གཙུགས་ནས་ནི། །ཐལ་སྦྱར་ཁྱེད་རྣམས་ལ་ཡང་གསོལ་འདེབས་ན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས། །གསན་ནས་ཕན་འདོགས་སླད་དུ་འདིར་སྤྱོན་ཞིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡུལ་ཀུན་གནས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །གྲོང་ཁྱེར་ཀུན་ན་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །རིན་ཆེན་གླིང་ན་ལྷག་པར་གངས་གནས་དང་། །རྫིང་དང་མཚོ་དང་ལུ་མ་ལྟེང་ཀ་དང་། །ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག་དང་། །གྲོང་དང་ཕྱུག་ལྷས་དང་ནི་ནགས་ཚལ་དང་། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། །གང་དག་གཙུག་ལག་ཁང་དང་མཆོད་རྟེན་གནས། །བསོད་ནམས་ཁྱིམ་དང་གླང་པོའི་ཁང་རྣམས་དང་། །གང་དག་རྒྱལ་པོའི་དཀོར་ཁང་གནས་པ་དང་། །སྲང་དང་ཁྱམས་དང་གྲོང་གི་འདུན་ས་དང་། །གང་དག་ཤིང་གཅིག་དྲུང་དང་ལམ་ཆེན་གནས། །དུར་ཁྲོད་དང་ནི་ནགས་ཚལ་ཆེར་གནས་དང་། །སེང་གེ་གླང་ཆེན་དྲེད་ཀྱི་གནས་རྣམས་དང་། །གང་དག་འཇིགས་རུང་དགོན་པ་ཆེར་གནས་དང་། །ཆུ་གླིང་མཆོག་དག་ཏུ་ནི་གནས་བྱས་དང་། །གང་དག་འབྲོག་དགོན་དུར་ཁྲོད་དག་ན་གནས། །དགའ་ཞིང་མགུ་ནས་དྲི་མ་མེ་ཏོག་འཕྲེང་། །སྤོས་དང་མེ་ཏོག་མར་མེ་གུས་ཕུལ་བ། །འདི་དག་བསྣམས་ཏེ་སོ་སོར་བཞེས་ནས་ཀྱང་། །ལས་འདི་དག་གི་འབྲས་བུ་མཆིས་པར་མཛོད།། གདོན་ལ་མཆོད་པ་བྱ་བའི་ཕྱིར་དེ་ལྟར་བྱས་ཏེ། དེ་ནས་ཆ་གཅིག་ལ་ཕྱོགས་སྐྱོང་རྣམས་མཆོད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་འདི་རྣམས་བརྗོད་པར་བྱའོ།། ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། ལྷ་རྣམས་མ་ལུས་ས་ཡི་ཀླུ་དག་དང་། །རི་ཡི་ལྷ་དང་གསང་བའི་ཚོགས་འདུས་ལ། །སོ་སོར་གཏོར་མ་ཕུལ་བ་འདི་བཞེས་ལ། །རང་རང་གི་ནི་ཕྱོགས་སུ་བཞུགས་ནས་ཀྱང་། །རང་གི་བུ་སྨད་གྲོགས་དང་གཡོག་འཁོར་བཅས། །དཔུང་དང་སྡེ་བཅས་མཉེས་ནས་བཞེས་སུ་གསོལ། །སྤོས་དང་མེ་ཏོག་གཏོར་མ་ཞལ་ཟས་ནི། །འདི་དག་བཞེས་ཤིང་སོ་སོར་བསྣམས་ནས་ཀྱང་། །བྱ་བ་འདི་ནི་འབྲས་བུ་མཆིས་པར་མཛོད།། འདི་ནི་བགེགས་ཉེ་བར་ཞི་བར་བྱེད་པའི་དོན་དུ་འམ། དགོས་པ་གཞན་འདོད་པའི་མཁས་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །གཏོར་མ་འདི་ལ་སྔགས་རྣམས་ནི། །ཀུན་ཏུ་འབྱུང་བ་མེད་མོད་ཀྱི། །འོན་ཀྱང་ཚིགས་བཅད་ཙམ་གྱིས་ནི། །འདི་ནི་གདོན་སོགས་ཚིམ་པར་འགྱུར། །དཀའ་ཐུབ་དང་ནི་བདེན་པ་རྣམས། །ལྷག་པ་ཡང་དག་ཐོབ་འགྱུར་བ། །བཅོམ་ལྡན་འདས་ཀྱི་བཀའ་ལུང་ནི། །འདི་ལྟར་སྔགས་དང་མཚུངས་པར་འདོད། །བསླུ་བ་མེད་པའི་ཚིག་གང་ཡིན། །དེ་ནི་གསང་སྔགས་ཉིད་དུ་འདོད། །མུ་སྟེགས་ཀྱིས་ནི་བགྲངས་པའི་སྔགས། །དེ་ཉིད་ཕྱིར་ནི་ཚད་མ་མིན། །དེ་བས་དངོས་གྲུབ་ཐོབ་རྣམས་ཀྱི། །ཚིག་གང་དེ་སྔགས་ཉིད་ཡིན་ཏེ། །སྤྱོད་ལམ་བཞི་པོ་འདི་དག་ནི། །ཕྱག་རྒྱ་ཉིད་དུ་བཤད་པ་ཡིན། །དེ་བས་གཏོར་མའི་ལས་འདི་ལ། །ཚིག་བཤད་གསང་སྔགས་ཉིད་དུ་འགྲུབ། །དེ་བས་འདི་ནི་སྭཱ་ཧཱ་སོགས། །སྤེལ་བའི་སྔགས་ནི་དགོས་པ་མེད། །དེ་ནི་གདོན་དང་ཕྱོགས་སྐྱོང་གི་གཏོར་མའི་ཆོ་གའོ། །ཆ་གཅིག་བགེགས་ལ་བྱིན་ཏེ། ཧཱུྃ། གང་དག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་དང་། །འབྲས་ཆན་འབྲས་བུ་མང་པོར་བཅས། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས།། ཞེས་བྱ་བས་བསྔོ་བར་བྱའོ། །རྗེས་ཆོག་ནི་མཆོད་པ་ཁ་གསོས། བཛྭ་ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་སོགས་གོང་ལྟར་ནས། ཤཔྟ་སྭཱ་ཧཱ་བར་གྱིས་བྱིན་གྱིས་བརླབ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་རབ་ཏུ་བཀྲམ་བྱས་ཏེ། བདག་ཉིད་ཆེན་མོ་རྣམ་པར་རྒྱལ་མ་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་ཞབས་བསིལ་སོགས་རིགས་འགྲེས་སྦྱར་ཏེ་མཆོད་པའམ། སྔགས་མཆོད་རྐྱང་པ་གང་བདེའི་མཐར། བསྟོད་པ་རྒྱས་བསྡུས་གང་རིགས་ཀྱིས་བསྟོད། ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་མའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་འགལ་རྐྱེན་ཞི་ཞིང་ཚེ་དཔལ་རྒྱས་པ་སོགས་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ།། ཡིག་བརྒྱ་དང་། མ་འབྱོར་བ་སོགས་ཀྱིས་བཟོད་གསོལ། འདིར་ནི་གཟུགས་དང་སོགས་ཀྱིས་མཆོད་རྟེན་དང་རས་བྲིས་ལ་དམིགས་ཏེ། བརྟན་བཞུགས་བྱ། བསྔོ་སྨོན་བཀྲ་ཤིས་བྱའོ། །ཚེ་དབང་མ་ལུས་སྟེར་བའི་བཅོམ་ལྡན་མར། །མཆོད་པའི་ཆོ་ག་འདི་ཉིད་བསྒྲུབས་པ་ལས། །བྱུང་བའི་དགེ་བས་བདག་གཞན་སེམས་ཅན་ཀུན། །འཆི་མེད་བདེ་བ་མཆོག་གི་དཔལ་ཐོབ་ཤོག། ཅེས་བཅོམ་ལྡན་རྣམ་པར་རྒྱལ་མ་བསྙེན་ཅིང་སྟོང་མཆོད་སྒྲུབ་པའི་ལག་ལེན་འདི་ཉིད། སྔར་གྱི་མཁས་པའི་ཡིག་ཆ་ཅུང་ཟད་མི་འདྲ་བ་ཁ་ཤས་ཡོངས་འདུག་ཅིང་། གྲགས་ཆེ་བའི་ལུགས་སྟོང་མཆོད་བྱེད་ཚུལ་བཀླག་ཆོག་ལྟ་བུར་བཀོད་པ་འདི་བཞིན། ཤེས་བྱ་ཡངས་པ་དབོན་མི་ཕམ་བསྟན་འཛིན་ཕྲིན་ལས་རྣམ་རྒྱལ་གྱིས་བསྐུལ་བའི་ངོར། ༧མི་ཕམ་ཀུན་གཟིགས་ཆོས་ཀྱི་སྣང་བའི་མིང་ཅན་གྱིས་འཁྲིགས་སུ་བཀོད་པའོ། །སརྦ་མདྒ་ལཾ།། །།


previousབཅོམ་ལྡན་རྣམ་པར་རྒྱལ་མ་བསྙེན་ཅིང་སྟོང་མཆོད་འབུལ་བའི་ཆོ་གའི་ལག་ལེན་གསལ་བར་ཁྲིགས་སྡེབས་འདོད་པའི་དངོས་གྲུབ་འདྲེན་པའི་ཤིང་རྟ།next