Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
རྡོ་རྗེ་འཕྲེང་བའི་དབང་གི་ཆོ་ག་བྱིན་རླབས་ཀྱི་ཆབ་རྒྱུན།
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་འཕྲེང་བའི་དབང་གི་ཆོ་ག་བྱིན་རླབས་ཀྱི་ཆབ་རྒྱུན།next

རྡོ་རྗེ་འཕྲེང་བའི་དབང་གི་ཆོ་ག་བྱིན་རླབས་ཀྱི་ཆབ་རྒྱུན།

རྡོ་རྗེ་འཕྲེང་བའི་དབང་གི་ཆོ་ག་བྱིན་རླབས་ཀྱི་ཆབ་རྒྱུན་ཅེས་བྱ་བ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྡུལ་ཚོན་སོགས་བྲི་འཕྲེང་བ་བཞིན། །རས་བྲིས་ཡིད་ཀྱི་དཀྱིལ་འཁོར་ཚེ། །བུམ་པ་སློབ་མའི་སྟ་གོན་དང་། །དཀྱིལ་འཁོར་བསྒྲུབ་དང་སློབ་དཔོན་འཇུག །སློབ་མ་དབང་བསྐུར་རྗེས་ཀྱི་ལས། །དང་པོ་ནི། འཕྲེང་བ་ཉིད་དུ། རྡུལ་ཚོན་གྱི་དཀྱིལ་འཁོར་རམ་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་རམ་མངོན་སུམ་དུ་བྱས་པའི་ཡིད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་དུ་ཇི་ལྟར་གསུངས་པའི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་རབ་ཏུ་གནས་པ་དང་། སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པ་ཡང་བྱའོ། །དེ་ལ་དཀྱིལ་འཁོར་གཞན་དུ་སྔར་གསུངས་པའི་ཆོ་གས་དང་། བུམ་པ་ལྷག་པར་གནས་པར་བྱས་ནས་ཞེས་པ་ལ་སོགས་པས་རྡུལ་ཚོན་ལས་གཞན་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་ལ་ས་དང་ལྷའི་ལྷག་གནས་མི་དགོས་པར་བུམ་པ་དང་སློབ་མ་སྐུ་གཟུགས་སྟ་གོན་ཙམ་གསུངས་པ་བཞིན། ཞི་རྒྱས་ལ་བསྔགས་པའི་བུམ་པ་གཉིས་ཆུས་བཀྲུས་ཁ་དོག་བསྒྱུར། མགུལ་ཆིངས་དང་ཁ་བརྒྱན། རྣམ་རྒྱལ་དུ་དཀྱིལ་འཁོར་གྱི་ལྷ་རྣམས་གཙོ་བོ་དང་། ལས་ཐམས་ཅད་པར་ལས་ཐམས་ཅད་པའི་མཚན་མ་དྲི་བཟང་གིས་བྲི། བུམ་རྫས་ཉེར་ལྔ་བཏབ་པའི་ཆུ་སྲོག་ཆགས་མེད་པ་གཙང་མས་བཀང་། ཨོཾ་བཛྭ་ཨ་མྲྀ་ཏོ་ད་ཀ་ཋ་ཧཱུྃ་དང་། ཨོཾ་ཨཱཿཧཱུྃ་ལན་བདུན་བཟླས་པ་ཡེ་ཤེས་ཀྱི་བདུད་རྩི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དང་ལྡན་པར་མོས་པའི་དྲི་དང་བདུད་རྩི་ལྔས་གང་བའི་དུང་ཆོས་སམ། པདྨའི་སྣོད་མེ་ཏོག་གི་འཕྲེང་བ་དང་བཅས་པའི་རྡོ་རྗེ་ནང་དུ་བཞག་པ་རྣམ་རྒྱལ་གྱི་སྟེང་དུ་བཀོད། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་ལྷའི་ཆུ་བོ་སྤྱན་དྲངས་བ་ལ་དང་། མཚན་མ་རྣམས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཇམ་པའི་རྡོ་རྗེ་ནས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པའི་བར་ཞེས་དཀྱིལ་འཁོར་སོ་སོ་ལ་འདོན་པ་བསྒྱུར་བར་བྱའོ། །རང་གི་སྙིང་གའི་འོད་ཟེར་གྱིས་བསྒོམས་པ་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་སྤྱན་དྲངས་པ་ལ། ཕྱག་རྒྱར་བཅས་པས། ཨོཾ་ཨཱཿསྲི་པྲ་ཝ་ར་སཏྐྲ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨརྒྷཾ་གྱི་ཚབ་ཏུ་པཱ་དྱཾ་དང་། པྲོཀྵ་ཎཱཾ་དང་། ཨཉྩྨ་མཱ་ནཱཾ་བརྗོད་པས་ཞབས་བསིལ་དང་བསང་གཏོར་དང་། ཞལ་བསིལ་ཕུལ་ནས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་ཐིམ་ཞིང་ལྷ་ཚོགས་དེ་དག་ཆགས་པ་ཆེན་པོས་ཁུ་བར་ཞུ་བར་གྱུར་པ་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར་པའི་ཆུ་དང་རོ་གཅིག་ཏུ་གྱུར། དེ་ནས་རྡོ་རྗེ་དང་འབྲེལ་བའི་མེ་ཏོག་གི་འཕྲེང་བ་གཡོན་པའི་ཁུ་ཚུར་གྱིས་ཧཱུྃ་བརྗོད་དེ་བཟུང་ནས་འཁོར་ལོའི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་བཟླའོ། །ཨོཾ་བཛྭ་ཨུ་ད་ཀ་ཧཱུྃ་བསྔགས་པའི་ཆུ། །ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄་བཟླས་པའི་མེ་ཏོག་གསུམ་གཞུག་པར་བྱའོ། །དེ་བཞིན་ལས་ཐམས་ཅད་པ་ལ་ཡང་གཞན་འགྲེ་ལ། ལྷ་མི་བཞུ་བར་སྐུ་ལས་བདུད་རྩི་བབས་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་བསམ། དེ་ཉིད་ཀྱི་ཁ་རྒྱན་གྱིས་བསང་གཏོར་བྱས་ལ། ལྷ་དེ་འདིར་ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་པ་དེ་སྲིད་དུ་བགེགས་རྣམས་ཟློག་པར་མཛོད་ཅིག་ཅེས་བརྗོད་ཅིང་། ཨ་ཀཱ་རོས་གཏོར་མ་ཕུལ་ནས་ཉེ་རེག་བྱས་ཏེ། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད་དོ། སློབ་མ་སྟ་གོན་ནི། བསམ་པ་དབང་དང་གསོལ་གདབ་དང་། སྤྲོ་བསྐྱེད་སྡོམ་གཉིས་སྲུང་བ་དང་། །བྱིན་བརླབ་མཆོད་དང་སོ་ཤིང་ཆུ། །ཀུ་ཤ་བསྲུང་སྐུད་ཆོས་བཤད་པ། །བསྲུང་དང་རྨི་ལམ་བརྟག་རྣམས་སོ། །སློབ་མ་གཅིག་གམ་གཉིས་སམ་མང་པོ་རྣམས་ཁྲུས་བྱས་མཎྜྻལ་ཕུལ་ཏེ་འདུག་པ་ལ། གསང་སྔགས་དངོས་གྲུབ་དོན་གཉེར་གང་། །བསོད་ནམས་འདོད་པ་དེ་ལས་གཞན། །འཇིག་རྟེན་ཕ་རོལ་ལ་གཞོལ་བ། །ཁ་ཅིག་དཀྱིལ་འཁོར་འདིར་འཇུག་བྱེད། །འཇིག་རྟེན་གཞན་དོན་འདོད་པ་ཡི། །བློ་བཟང་དད་པ་ཆེར་བྱས་འཇུག །འཇིག་རྟེན་འདི་ཡི་འབྲས་སྤངས་ནས། །འཇིག་རྟེན་གཞན་དོན་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །འདི་ལས་འཇིག་རྟེན་གཞན་གྱི་མིན། །དེ་ཕྱིར་འཇིག་རྟེན་གཞན་དག་གི །དངོས་གྲུབ་དོན་དུ་ཡིད་བརྟན་གྱིས། །ཞེས་གདམས། རང་འཇམ་པའི་རྡོ་རྗེ་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་སློབ་མ་རྣམས་བཀུག ཞལ་ནས་ཞུགས། ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན། གཙོ་བོའི་གཟུགས་སུ་གྱུར་པ་ལ་སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་སྤྱན་དྲངས། ཁ་ནས་ཞུགས། འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་ནས་ཕྱིར་འཐོན་ཏེ་ཤར་སྒོར་གནས་པར་གྱུར་པས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། སྐྱེ་རྒ་ན་འཆི་ན་བཀྲ་བའི། ཆུ་སྲིན་ལ་སོགས་འཇིགས་རུང་བ། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ། །སློབ་མ་གཅིག་གཙོ་བོར་བྱས་ནས། །བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བཞུགས་པའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་བཅས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་སྤྲོ་བ་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་བྱིན། །སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར། མི་ལྡོག་འཁོར་ལོའི་དབང་བསྐུར་མཆོག །སྩལ་ནས་མགོན་པོ་བདག་ཅག་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །སངས་རྒྱས་མཆོག་གི་དམ་ཚིག་གི །སྡོམ་པ་གསང་བ་བླ་ན་མེད། །རྟག་ཏུ་སེམས་ཅན་ཀུན་དོན་ཕྱིར། །སློབ་དཔོན་དུ་འགྱུར་བདག་ལ་གསུངས། །ཞེས་ལན་གསུམ་གྱིས་གསོལ་བ་འདེབས་སོ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་གཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ་གྱིས་ཁས་བླངས། །ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄་ཀྱིས་བསྲུངས། །རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་སྙིང་མགྲིན་དཔྲལ་བར་རེག་ཅིང་ཧཱུྃ་ཨཿཨོཾ། ཞེས་བརྗོད་པས། སྙིང་གར་ཉི་མ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་ནག་པོ་ཧཱུྃ། མགྲིན་པར་ཉི་མ་དང་ཟླ་བ་ལ་གནས་པའི་པདྨ་དམར་པོ་ཨཱཿསྤྱི་བོར་ཉི་མ་དང་ཟླ་བ་ལ་གནས་པའི་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་དེ་དག་ཏུ་རིམ་པ་བཞིན་ཐིམ་པར་མོས་པས་ཨོཾ་ཨཱཿཧཱུྃ། །ཞེས་བརྗོད་པས་བྱིན་གྱིས་བརླབ། ཨོཾ་བཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་མགོར། དྷཱུ་པེ། ཨཱ་ལོ་ཀེ་གཉིས་མདུན་དུ། གནྡྷེ། སྙིང་གར་ཕུལ་ཏེ། སོ་ཤིང་རྒྱུ་རུང་བ་སོར་བཅུ་གཉིས་པ་དྲང་ཞིང་སྲོག་ཆགས་མེད་པ་མ་གས་པ། རྨ་མེད་པ། དྲི་བཟང་གི་ཆུས་བཀྲུས་པ་རྩེ་མོར་མེ་ཏོག་བཅིངས་པ་བྱང་དུ་ཕྱོགས་ཏེ་སྦྱིན། དེ་རྣམས་ཀྱིས་ཁྲུ་བཞི་པའི་གྲུ་བཞི་པ་བ་བྱུང་གིས་བྱུགས་པའི་དཀྱིལ་འཁོར་ལ་ཤར་རམ་བྱང་དུ་ཕྱོགས་པས། ཨོཾ་བཛྭ་ཧཱ་ས་ཧཾ། རྩེ་མོ་སྟེང་དུ་ལྟ་བ་བལྟོས་པ་མེད་པར་དོར་བས། ཤར་བྱང་ནུབ་ལྷོར་སོ་ཤིང་གི་རྩེ་བསྟན་ན་ཞི་རྒྱས་དབང་དྲག སྟེང་འོག་མཁའ་སྤྱོད་དང་ས་འོག་གི་རིག་འཛིན། ཕྱིར་ལྷུང་ན་དངོས་གྲུབ་མེད། བཾ་ཡིག་ལས་བདུད་རྩིའི་ཆུ། །བདུད་རྩི་འཁྱིལ་པ་ལན་བདུན་བཟླས་ལ་འདིས་སྦྱིན་པར་བྱའོ། །ཨོཾ་སྲཱིཿབི་ཤུདྡྷ་སརྦ་དྷརྨཱཿསརྦ་པཱ་པཱ་ནི་ཙ་ཀྵྼ་ཡ་སརྦཱ་བི་ཀལྤཱན་ཨ་བ་ནཱ་ཡ་ཧཱུྃ་ཞེས་ཁྱོར་བར་ལན་གསུམ་འཐུང་ཞིང་ལྷག་མ་རྒྱབ་ཏུ་དོར་རོ། །དེ་ནས་ཧཱུྃ་ལས་བྱུང་བའི་ཀུ་ཤ་ལ་འཁྱིལ་པ་བཟླས་ནས་རྩེ་མོ་མ་ཉམས་པ་སྟན་ཕྱིར་དང་དྷཱིཿཡི་གེ་ལས་བྱུང་བ་ལ་འཁྱིལ་པ་བཟླས་པ་སྔས་ཀྱི་དོན་དུ། །ཨོཾ་བཛྭ་ཏིཀྵཱ་བཾ་གྱིས་བྱིན་ནོ། །དེ་ནས་སྐུད་དམར་ལུས་ཀྱི་ཚད་གསུམ་དུ་བསྡེབས་པ་ཧཱུྃ་ལས་བསྐྱེད་པ། འཁྱིལ་པ་བཟླས། མདུད་པ་གསུམ་མམ་དྲུག་བྱས་ཏེ་དཔུང་བ་གཡས་གཡོན་ལ་བཅིངས། ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦ་ན་སྭཱ་ཧཱ། རྡོ་རྗེ་རྒྱ་གྲམ་གྱི་རྣམ་པས་བསྲུང་བར་བྱའོ། །དེ་ནས་ཆོས་བཤད་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ཡང་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་བརྗོད་པའི། །ཚུལ་ལ་གནས་ནི་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །དེ་དག་ཀུན་གྱི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པ། །དེ་ལྟར་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བ་ན། །རང་བྱུང་སྐལ་བ་ཆེན་པོ་པ། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །དེ་ནས་འཁྱིལ་བའི་སྔགས་ཀྱིས་བསྲུང་། །ནང་པར་བདག་ལ་རྨི་ལམ་རྗོད་ཅིག་ཅེས་སྨྲས་ཏེ། །དཀྱིལ་འཁོར་གྱི་ཕྱོགས་དང་ཉེ་བར་སེང་གེའི་ཉལ་སྟབས་ཀྱིས་ཉལ། །རང་ཉིད་དེ་དག་བསྲུང་བའི་དོན་དུ་འཁྱིལ་པ་བཟླའོ། །སློབ་མ་སྟ་གོན་ནོ། །དེ་ནས་ཕྱི་ཉིན་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་ལེགས་པར་བཀོད། །མཐའ་མ་མཆོད་པས་བརྒྱན། དབང་རྫས་བཤམས། བཀོད་པས་ཁྱད་པར་དུ་འཕགས་པ་བྱས་ཏེ་རྣལ་འབྱོར་གྱི་ཡོ་བྱད་ཚང་བས། ཤར་གྱི་སྒོ་ནས་ནུབ་ཏུ་གདོང་ཕྱོགས་པས་བདེ་བའི་སྟན་ལ་འདུག་ནས། འཁྱིལ་པ་བཟླས་པའི་ཆུས་དཀྱིལ་འཁོར་བསངས། ཡི་གེ་གསུམ་དང་འཁྱིལ་པའི་སྔགས་བརྗོད་པས་ཡང་དག་པར་བསྲུངས་ནས་མངོན་རྟོགས་ཇི་ལྟ་བར། མདུན་ཀྱི་དཀྱིལ་འཁོར་དང་བདག་ཉིད་གཉིས་ཀ་སྐད་ཅིག་གིས་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་གཅིག་ཏུ་སྲ་ཞིང་མཁྲེགས་པ་ནས་བསམ་གྱིས་མི་ཁྱབ་པའི་སྐུར་གྱུར་ཞེས་པའི་བར་གྱིས་དཀྱིལ་འཁོར་སོ་སོ་བསྒོམ། དེ་ནས་ལས་རྒྱ་ཡོད་ནའམ་མེད་ན་བདག་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྙོམས་པར་འཇུག་པ་དང་ཡང་དག་པར་བསྐྱོད་པ་ཤིན་ཏུ་དགའ་བའི་སྒྲས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། བུམ་བསྐྱེད་བཞིན་ཆུ་བཞི་ཕུལ་ནས་རང་གི་ཞལ་དུ་ཞུགས་འདོད་ཆགས་ཆེན་པོར་ཞུ་བ་སླར་ཡང་རྡོ་རྗེའི་ལམ་ནས་པདྨར་ཕྱུང་བ་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་ཅན་དུ་གྱུར་པ་མདུན་གྱི་ནམ་མཁར་སྤྲོས་པ་མདུན་བསྐྱེད་ཀྱི་དམ་ཚིག་པ་སོ་སོ་ལ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ལྷ་མོ་རྐྱང་པ་རྣམས་ལ། བདག་ཉིད་ལྷ་མོར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་བསྒོམས་པ་ཇི་ལྟ་བའི་ནས་ཞུ་བ་གསང་བའི་ཁར་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་ཅན་དུ་གྱུར་པ་མན་འདྲའོ། །དཀྱིལ་འཁོར་དེ་དག་གི་ལུས་ངག་ཡིད་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་སྐྱེ་མཆེད་རྣམས་སེམས་དཔའི་རང་བཞིན། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་སྤྱན་དྲངས། དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་དག་པས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་པས་དབང་བསྐུར། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། རིགས་མ་ངེས་པ་རྣམས་ལ་མི་བསྐྱོད་པའམ་རྡོར་སེམས་ཀྱིས་རྒྱས་བཏབ་བོ། །སྙིང་གའི་ས་བོན་ལས་སྤྲོས་པ་དང་འདོད་སྣམ་གྱི་ལྷ་མོ་རྣམས་ཀྱིས་ཡིད་ཀྱི་རང་བཞིན་ལས་བྱུང་བའི་མཆོད་པས་མཆོད་པར་མོས་ཏེ། དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་སྤྲིན་རྒྱ་མཚོའི་ཚོགས་རྣམས་ཀུན། །རྣམ་པ་ཀུན་ཏུ་མཆོད་པར་འབུལ། །ཞེས་བསྡུས་པའམ། རྒྱས་པར་སྤྲོ་ན། ལྷ་ཡི་གོས་ནི་སྣ་ཚོགས་དང་། །བླ་རེ་ཡོལ་བ་དར་དཔྱངས་མདའ། །གསེར་སོགས་རིན་ཆེན་གཏེར་གྱི་བུམ། །གླང་པོ་རྟ་སོགས་བཞོན་པ་དང་། །ན་ཆུང་ཡིད་འོང་ཐམས་ཅད་དང་། །བདག་ཉིད་དངོས་པོ་ཀུན་གྱིས་ནི། །དཀྱིལ་འཁོར་ལྷ་ལ་འབུལ་བར་བགྱི། །བཟའ་དང་བཅའ་བ་ཡང་དག་ཉིད། །ཁ་དོག་དྲི་དང་རོ་ལྡན་དང་། །ལྷན་སྐྱེས་སྦྱར་དང་ཡོངས་གྱུར་པའི། །རྣམ་པ་མང་པོའི་བཏུང་བས་མཆོད། །ལྷ་མོ་ཟླ་བ་ལྟར་དཀར་གཟུགས། །མཚར་སྡུག་ལང་ཚོས་སྙེམས་པའི་གར། །མེ་ཏོག་འཕྲེང་བས་སྒྲིབ་ཟོལ་གྱིས། །མཐོ་རིས་འདུན་ས་བཞིན་དུ་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། ལྷ་མོ་གནམ་ཁ་ལྟར་མཐིང་གཟུགས། །དྲི་ཞིམ་ངད་པ་འཐུལ་བའི་གར། །བདུག་སྤོས་འཕྲེང་བསྎ དྷཱུ་པེ། ལྷ་མོ་མཚམས་སྤྲིན་ལྟར་དམར་གཟུགས། ཉིན་བྱེད་འབུམ་གྱི་འོད་འཕྲོའི་གར། མར་མེའི་འཕྲེང་བསྎ ཨཱ་ལོ་ཀེ ལྷ་མོ་མརྒཏ་ལྟར་ལྗང་གཟུགས། རེག་པས་སིམ་བྱེད་བྱུག་པའི་གར། དྲི་ཆབ་འཕྲེང་བསྎ གནྡྷེ། ལྷ་མོ་གསེར་ལྟར་སེར་བའི་གཟུགས། མ་མཆུའི་རོ་བརྒྱ་དངར་བའི་གར། ཞལ་ཟས་འཕྲེང་བསྎ ནཻ་ཝིདྱཱ། ལྷ་མོ་བཻཌཱུར་ལྟར་སྔོའི་གཟུགས། སྙན་འགྱུར་གླུ་སྒྲ་སྒྲོག་པའི་གར། རོལ་མོའི་འཕྲེང་བསྎ ཤབྡ། ཉེར་མཆོད། པི་ཝང་མ་དང་གླིང་བུ་མ། རྫ་རྔ་མ་དང་རྔ་ཆེན་མ། །བཞད་མ་སྒེག་མོ་གླུ་གར་མ། །མེ་ཏོག་མ་དང་སྤོས་ཆགས་མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་རྣམས་ཀྱིས། །དཀྱིལ་འཁོར་ལྷ་ལ་མཆོད་པར་བགྱི། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ཁྱོད་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་མཛད་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་ཤིན་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེའི་སྐུ་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །རྡོ་རྗེ་ནམ་མཁའ་རྡོ་རྗེ་འཛིན། །ས་དང་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ཁྱོད་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་ཅན། །དག་པའི་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཞེས་པས་བསྟོད། རང་ཤེས་རབ་དང་སྦྱར་བའི་མེ་ཏོག་དང་བཅས་པའི་བྱང་ཆུབ་སེམས་པདྨའི་སྣོད་དུ་བཅུག་པ་ཨོཾ་ཨཱཿཧཱུྃ་ཧོཿབདུད་རྩིར་བྱས་པ། ཨོཾ་བཛྭ་ཨམྲྀ་ཏ་པཱུ་ཛ་ཁཱ་ཧི། བདེ་བ་ཆེན་པོའི་དམ་ཚིག་ཏུ་ལྷག་པར་མོས་པས་འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་བརྒྱད་བཟླའོ། །སྔར་བཞིན་བུམ་པ་བསྒྲུབ། དེ་ནས་ཐབས་དང་ཤེས་རབ་སེམས་མ་གཡོས་པས་བསམས་པ་ཙམ་གྱིས་དཀྱིལ་འཁོར་དབང་པོ་ལ་སོགས་པ་གཏོར་མགྲོན་རྣམས་སྤྱན་དྲངས། ཐབས་དང་ཤེས་རབ་ཚུལ་དེ་ཉིད་ཀྱིས། ཨོཾ་ཡིག་གིས་སྦྱངས། ཨཱཿཡིག་གིས་མང་པོར་སྤེལ། ཧཱུྃ་ཡིག་གིས་ཁ་དོག་དྲི་རོ་བཅུད་ཕུན་སུམ་ཚོགས་པར་སྤར། ཧོཿཡིག་གིས་ཡེ་ཤེས་ཀྱི་བདུད་རྩིར་བཞུ་བའི་གཏོར་མ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། རང་གི་འདོད་པའི་ལྷ་ནས་འབྱུང་པོའི་བར་ཐམས་ཅད་ལ་གཏོར་མ་ཕུལ་ཅི་འདོད་པའི་འཕྲིན་ལས་བཅོལ་ཏེ། རྒྱས་པའི་སྦྱིན་སྲེག་གྲུབ་ན་བྱ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པའི་ང་རྒྱལ་གྱིས་མེ་ཏོག་གི་འཕྲེང་བ་བླངས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀ་གྲྀ་་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀུ་པ་ཡ་གྲྀ་ཤྞུ་པ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ྄། རྡོ་རྗེའི་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། རྡོ་རྗེའི་རྐང་སྟབས་ཀྱིས་བསྐོར་བ་བྱེད་ངག་ཏུ་ཨོཾ་ཧཱུྃ་ཕཊ྄། ཨོཾ་ཧཱུྃ་ཨཱཿཕཊ྄། ཨོཾ་ཨཱཿཨཱ་ཿཨཱཿཕཊ྄་ཨོཾ་ཧཱུྃ་ཧ་ན་མཱ་ར་ཡ་སརྦ་དུཥྜུན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨཿཨཿཧཱུཾ་སྲཱིཿཕཊ྄། ཅེས་པས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ། ཨོཾ་བཛྭ་ཨུདྒྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་པའི་སྔགས་ཀྱིས་སྒོ་ཕྱེ་བར་བསམ། དེ་བཞིན་བྱང་དུ་གནས་པ་ནས་ལྷོ་ལ་སོགས་པའི་སྒོ་དབྱེའོ། །ལྷག་པ་དང་ཆད་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་འཁོར་ལོ་ལ་བལྟས་ནས་མེ་ཏོག་གི་འཕྲེང་བ། ཨོཾ་པར་མ་སུ་ཁཱ་ཤ་ཡ། སུ་ལ་ལཱི་ཏ། །བི་ལཱ་སི་ན་མི་ཏཻར་ན་མཱ་མི་བྷ་ག་ཝཱནྟཾ་ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་སྲཱིཿ པྲ་ཏཱིཙྪ་ཀུ་སུ་མཱཉྫྱ་ལིཾ་ནཱ་ཐ་ཧོས། བཅོམ་ལྡན་འདས་མ་ལ་ཕུལ་ཏེ་སླར་མགོ་བོར་བཅིང་། གཡས་སྐོར་དུ་ནུབ་ཏུ་གནས་པས་དཀྱིལ་འཁོར་བསྒྲུབ་པའོ། །དེ་ནས་འཁོར་ལོའི་དབང་ཕྱུག་བླ་མར་མོས་པ་ལ་འཆད་པར་འགྱུར་པ་བཞིན་གྱི་དབང་རྫོགས་པར་བླངས་ནས། སློབ་དཔོན་གྱི་ལས་ཐམས་ཅད་ལ་རྗེས་སུ་གནང་བ་ཐོས་ནས་སློབ་མ་གཞུག་པའི་དོན་དུ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་མཐའ་མ་མེད་པའི་མཆོག །སེམས་དཔའི་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་སྟེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོང་ནས་དག་པ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་མཆོག་གི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བས་རྒྱལ། །གྲུབ་པའི་རྡོ་རྗེ་ཆེར་གསལ་བ། །རྡོ་རྗེ་སྙེམས་པར་བདག་སྒྲུབས་ཤིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། སེམས་ཅན་ཀུན་གྱི་སྙིང་ལ་གནས། སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །དེ་ནས་བདེན་པ་བསྒྲག་པར་བྱ་སྟེ། །ཤེས་རབ་ཐབས་དག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །མགོན་པོ་ཁྱོད་ཀྱི་བདེན་པ་དེས། །བདག་གི་འདོད་པ་སྐོང་གྱུར་ཅིག །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་བྱུང་། །དེ་བཞིན་ཁོ་ན་ཉིད་ལས་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །སློབ་དཔོན་འཇུག་པའོ། །དབང་བསྐུར་བ་ལ་རྣམ་པ་གཉིས། །འཇུག་དང་དབང་བསྐུར་རྣམ་གཉིས་སོ། །སློབ་མ་ལྷག་པར་གནས་པར་བྱས་པ་རྣམས་ཁྲུས་བྱས། དྲི་བཟང་དང་ལྡན་ཞིང་འཁྱིལ་པའི་སྔགས་བརྗོད་པ། ཡོལ་བའི་ཕྱིར་སློབ་མ་རང་རང་གི་འཁོར་ལོའི་དབང་ཕྱུག་གམ་རྣམ་སྣང་དུ་དམིགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལཾ་ཀཱ་ར་ཝ་ཧླ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་སྨད་གཡོགས་བསྐོན། ཨོཾ་བཛྭ་རཀྵ་ཧཾ་ཞེས་པས་སྟོད་གཡོགས། ཨོཾ་བཛྭ་ཨུཥྞིུ་ཥ་ཧཱུྃ་ཕཊ྄། ཅེས་པས་གཙུག་ཏོར་བྱ། འཁྱིལ་པ་བསྔགས་པའི་གོས་དམར་པོའམ་སེར་པོ། ཨོཾ་ཙཀྵུརྦནྡྷ་ཝ་ར་མ་ཎ་ཡ་ཧཱུྃ་ཕཊ྄་ཀྱིས་མིག་བཅིངས། ཨཱཿཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་འཕྲེང་བ་གཏད། ལས་ཐམས་ཅད་པའི་ཆུས་བསངས། རྡོ་རྗེ་དང་བཅས་པའི་དྲིའི་ཆུས་སྙིང་མགྲིན་དཔྲལ་བར་རེག་ཅིང་ཧཱུྃ་ཨཱཿཨོཾ་བརྗོད་པས་སྙིང་གར་ཉི་མ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ་དང་། མགྲིན་པར་ཉི་མ་དང་ཟླ་བ་ལ་གནས་པའི་པདྨ་དམར་པོ་ཨཱཿམཚན་པ་དང་། སྤྱི་བོར་ཉི་མ་དང་ཟླ་བ་ལ་གནས་པའི་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། དེ་དག་གི་འོད་ཟེར་གྱིས་ལུས་འོད་ཤིན་ཏུ་དྭངས་ཤིང་གསལ་བར་བསམས་ལ་ཧཱུྃ་ཞེས་བརྗོད་པས་ཤར་སྒོར་བཀོད། ལས་ཀྱི་རྡོ་རྗེས་བཟུང་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་དྲི་བ་བྱའོ། །ཀྱེ་ཁྱོད་ཅི་ལ་དགའ། སྐལ་བཟང་བདག་ནི་བདེ་བ་ཆེན་པོ་ལའོ། །དེ་ནས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཏ་ཡཱ་མི། ཞེས་ལན་གསུམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་འཇུག ཨོཾ་སུ་ར་ཏེ་ས་མ་ཡ་ཧྶཾ་ཧོཿ སིད་དྷྱ་བཛྭ་ཡ་ཐཱ་སུ་ཁཾ། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་གོ །དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་མི་སྨྲ་ཞིང་མ་དད་པར་ཡང་མི་བྱའོ། །ཨོཾ་ཡ་མཱནྟ་ཀྲྀ་ཏ་ཧཱུྃ། ཞེས་པས་འཁྲིད་ཨཱ་ཁཾ་བཱིར་ཧཱུྃ་གིས་ཡོལ་བའི་ནང་དུ་གཞུག ཨོཾ་མ་ཧཱ་ར་ཏ་སུ་དྲྀ་ཌྷྜྷཱ་སུ་ཏྭ་ཥྱ་སུ་སུ་ཁོ་བཛྭ་ས་ཏྭ་ཨཱ་དྱ་སིད་དྷྱ་མཱཾ། ཞེས་བརྗོད་དུ་བཅུག་ལ་གཡས་སྐོར་བྱེད་ཅིང་ཐལ་མོ་སྦྱར་ནས་ཤར་སྒོར། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྭ་སཏྭ་ཨ་དྷི་ཏིཥྛ་མཱཾ། ཨོཾ་སརྦ་བུད་དྷ་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཱཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྭ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཱཾ། ལྷོ་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨཱ་ནཱཾ་ནཱིརྻ་ཏཡཱ་མི། སརྦ་ཏ་ག་ཏ་བཛྭ་རཏྣ་ཨ་བྷི་ཥིཉྩྨ་མཱཾ། ནུབ་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝ་ནཱ་ཡ་ཨཱ་ཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྭ་དྷརྨ་པྲ་ཝརྟ་ཡ་མཱཾ། བྱང་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱ་ཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྭ་ཀརྨ་ཀུ་རུ་ཏ་མཱཾ། ཞེས་མི་བསྐྱོད་པ་སོགས་སངས་རྒྱས་རྣམས་ལ་ཕྱག་བྱེད་དུ་བཅུག་ནས་ཤར་གྱི་སྒོར། ཨོཾ་གུ་རུ་ཙ་ར་ཎོ་པ་ཧྶྭུ་ནཱ་ཡ་ཨཱཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི། ཨོཾ་སརྦ་ས་ཏྭ་པ་རི་དྲ་ཎ་རྠཾ་ཨཱཏྨཱ་ནཱཾ་ནཱིརྻ་ཏ་ཡཱ་མི། དེ་ནས་རྡོ་རྗེ་སྤྱི་བོར་བཀོད། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱི། ངས་ཁྱོད་ལ་རྡོ་རྗེ་སེམས་དཔའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག འདི་སྨྲས་ན་མགོ་བོ་འགས་པར་འགྱུར་རོ། །ཞེས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག །སྙིང་གར་རྡོ་རྗེ་བཟུང་ནས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་ཉེས་དམིགས་ཀྱི་སྒོ་ནས། རྣམ་རྒྱལ་གྱི་སྟེང་གི་དུང་ཆོས་ཀྱི་ཆུ་མིང་མེད་དང་། མཐེ་བོང་སྦྱར་བས་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་པཉྩྨ་ཨ་མྲྀ་ཏ་ཨུ་དཀ་ཋ། ཕན་ཡོན་ཉེས་པ་གཉིས་ཀའི་སྒོ་ནས། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པར་བྱའོ། །དེ་ནས་སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་ངང་ལས་ཨཱཿལས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་རྒྱན་གྱིས་བརྒྱན་པར་གྱུར་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག ཅེས་བརྗོད་དུ་བཅུག དེའི་ལྟེ་བར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ་ལ་ཉི་མར་ཧཱུྃ་སྔོན་པོ། མགོ་བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། ཟླ་བ་ལ་ཡི་གེ་ཧཿདཀར་པོ་དང་། མགྲིན་པར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿཡིག་དམར་པོ། སློབ་དཔོན་གྱི་སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་དང་ཐུགས་གསུང་སྐུའི་རྡོ་རྗེ་རྣམ་སྤྱན་དྲངས་ནས་གོ་རིམ་བཞིན་དུ་ཧཱུྃ་དང་ཨཱཿལ་ཐིམ། སློབ་མའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གིས་སྦར་བའི་རཾ་ལས་མེའི་དཀྱིལ་འཁོར་རམ་གྱིས་མཚན་པ་སྟེང་དུ་ཛྷྱཻཿདེའི་འོད་ཟེར་རྐང་པའི་བུ་ག་ནས་ཞུགས་པ་དང་། ཧཱུཾ་དང་ཨཱཿཡི་འོད་ཟེར་གྱིས་ལུས་ཀུན་ཡོངས་སུ་གང་བར་གྱུར། སྤོས་བདུག་རོལ་མོར་བཅས། ཨཱ་བེ་ཤ་ཡ་སྟམྦྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙ་ལ་ཡ་ཧཱུཾ་ཨཿཛྷྱཻཿ ཕེབས་ནས། ཨོཾ་ཏིཥྛ་བཛྭ་ཞེས་བརྗོད་དོ། །དེ་ནས་སློབ་མ་དཀྱིལ་འཁོར་བལྟར་བཅུག་ལ་མིག་སྔར་ཅི་སྣང་དྲི། ཁ་དོག་གི་དབྱེ་བས་འཕྲིན་ལས་འགྲུབ་པ་གོ་བར་བྱ། རྡོ་རྗེ་བཟུང་རྡོ་རྗེའི་སྟང་སྟབས་ཀྱིས་གར་དང་བཅས་པས་འཁྱིལ་བ་ཟློས་ཤིང་། དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱེད་དུ་བཅུག སློབ་དཔོན་གྱིས་བདེན་པའི་བྱིན་རླབས་བརྗོད། ཡང་དག་པ་ཡི་དཀྱིལ་འཁོར་འདིར། བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །འདི་ཡིས་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡི་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །འཕྲེང་བ་ཆུ་དང་ཅོད་པན་དང་། །རྡོ་རྗེ་དྲིལ་བུ་མིང་གི་དབང་། །དམ་ཚིག་སློབ་དཔོན་སྔགས་གཏད་པ། །མིག་སྨན་མེ་ལོང་མདའ་གཞུ་དང་། །གསང་བ་ཤེས་རབ་བཞི་པ་དང་། །རིག་མ་རྡོ་རྗེའི་བརཏལ་ཞུགས་ཏེ། །ལུང་བསྟན་རྗེས་གནང་དབུགས་དབྱུང་བའོ། །ཏྲཾ་ཡིག་གིས་མཚན་ཞིང་བསྔགས་པའི་མེ་ཏོག་གི་འཕྲེང་བ་ལས་གཅིག ཨོཾ་ཏིཥྛ་བཛྭ་དྲྀ་ཌྷྜྷོ་མེ་བྷ་བ། ཤཱ་ཤྲ་ཏོ་མེ་བྷ་བ། སྲྀ་ད་ཡམྨེ་ཨ་དྷི་ཏིཥྛ་སརྦ་སིད་དྷིམྨེ་པྲ་ཡཙྪ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ ཨཱ་ཁཾ་བཱི་ར་ཧཱུྃ། པྲ་ཏཱིཙྪ་ཀུ་སུ་མཱཉྫྱ་ལི་ནཱཾ་ཐ་ཧོཿ མཎྜྻལ་གྱི་ཚོམ་བུའམ་རྣམ་པར་རྒྱལ་བའི་བུམ་པ་ལ་གནས་པ་ལ་དོར་བར་བྱའོ། །གཙུག་ཏོར་ལ་མཆོག །སྤྱན་ནམ་ཞལ་ལ་སྔགས་ཀྱི། ཡན་ལག་ལ་མཆོག་དམན་བར་མ་ལ་དེ་ཇི་ལྟ་བའི་ཐུན་མོང་གི་ནང་ཚན་ཐག་ཉེ་བ་དེ་ཀ ལྷ་གཉིས་ཀྱི་བར་དུ་འཕོག་ན་གང་ཉེ་བ་དེའི་རིགས། མཉམ་ན་གཉིས་ཀས་བྱིན་གྱིས་རློབ། །རེ་ཁཱི་ནང་ཙམ་དུ་ཕྲ་མོ། །ཕྱི་རོལ་ཏུ་ལྷུང་ངན་སྐྱོར། དེ་ནས་འཕྲེང་བ་དེ་ལྷ་དང་བླ་མས་དེའི་མགོ་བོར། ཨོཾ་པྲ་ཏི་གྲྀ་ཏྭ་མི་མཾ་ས་ཏྭ་མ་ཧཱ་བ་ལ་ཞེས་པས་བཅིང་ངོ་། །སྙིང་གར་ཧཱུྃ། དཔྲལ་བར་རཾ། མིག་གཉིས་བར་དང་བཅས་པར་ཨོཾ་བསྒོམས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། ཨོཾ་ཛྙྱཱ་ན་ཙཀྵུ་ཧཱུྃ་ཨཱཿ སྭཱ་ཧཱ། ཀྱེ་རྡོ་རྗེ་ལྟོས་ཤིག ཅེས་བརྗོད་པས་དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ་བྱང་གི་སྒོ་སྐྱོང་བསྲུང་འཁོར་གྱི་གནོད་མཛེས་རྒྱལ་པོའི་བར་མིང་བརྗོད་པས་བསྟན་ནས། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། ད་ནི་དད་པ་རབ་ཏུ་བསྐྱེད། ཁྱེད་རྣམས་སངས་རྒྱས་རིགས་སུ་སྐྱེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབ། །འགྲོ་བའི་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཀུན་གྱི་སྣོད་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད། དེ་ནས་དེས། རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་གྱི་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་ངོ་། །གསང་བའི་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར་དུ་གསོལ། ཞེས་དམ་ཚིག་བརྗོད་པར་བྱ། །ཧོཿཧོཿཧོཿ ཆུ་དབང་གི་དོན་དུ་ཇི་ལྟར་འབྱོར་བའི་ཡོན་ཕུལ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །སེང་གེའི་ཁྲི་པད་ཟླའི་གདན་ལ་དེ་ཉིད་རྡོ་རྗེ་འཛིན་པར་མོས་པས་དཀྱིལ་འཁོར་ལ་ཕྱོགས་པས་འདུག་སྟེ། ཨོཾ་ཨ་བི་གྷྣཱནྟ་ཀྲྀ་ཏ་ཧཱུྃ། ཞེས་པའམ་འཁྱིལ་པའི་སྔགས། ཡི་གེ་ཧཱུྃ་ལན་བདུན་བཟླས་པའི་ཡུངས་ཀར། གཡས་གཡོན་གྱི་ཁུ་ཚུར་གྱིས་བཟུང་ནས་སློབ་མ་ལ་སོ་སོར་ལན་གཉིས་གཡོན་དུ་བསྐོར་ནས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཡ་བཛྭ་སཏྭ་ཀྵྼ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱ་ཧཱ། ཞེས་བཟླས་པས་སྦྱང་བ་བྱ་ཞིང་ཡུངས་ཀར་མེར་དོར། དེ་བཞིན་གཡས་སུ་བསྐོར་བས་ཀྱང་བྱ། དེ་ལྟ་བུ་ཆུས་དང་། ཁམ་ཕོར་དཀར་པོ། ངུར་བའི་མྱུ་གུ་དང་བཅས་པའི་ལྕི་བའི་ཆང་བུ་ཟན་ཆངས་སེང་རས་རྣམས་སོ་སོས་ཀྱང་བྱ་ལ། ཁམ་ཕོར་སོགས་མེར་མི་འདོར། སྙིང་གར་དྲི་བྱུགས། མེ་ཏོག་གི་འཕྲེང་བ་མགོ་ལ་བཅིང་། མདུན་དུ་མཆོད་ཡོན་དབུལ། མར་མེས་ཡོངས་སུ་བསྐོར་ནས་འཁྱིལ་པ་དང་ཡི་གེ་ཧཱུྃ་བཟླས་པའི་མར་དང་བཅས་པའི་སྤོས་དཀར་ལ་བདུག་པར་བྱའོ། །དེ་ལྟར་སྦྱང་བ་བྱས་ནས། སློབ་དཔོན་གྱི་སྙིང་གའི་འོད་ཟེར་གྱིས་མཐའ་ཡས་པའི་ཕྱོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་ཡང་དག་པར་མཆོད། སློབ་མ་ལ་རིགས་ལྔའི་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཕྱིར་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་དབང་བསྐུར་སྩོལ། །ཞེས་བརྗོད་ནས། སློབ་དཔོན་དཀྱིལ་འཁོར་གང་བསྐུར་བའི་གཙོ་བོ་ཡབ་ཡུམ་དུ་མོས་ནས་སྙིང་གའི་འོད་ཀྱིས་སློབ་མ་རྣམས་བཀུག་ཞལ་ནས་ཞུགས། ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན་པ་ཧཱུྃ་ལས་རྡོ་རྗེ་ཤེས་རབ་དང་བཅས་པའི་མི་བསྐྱོད་པའི་ཡེ་ཤེས་སེམས་དཔའི་བདག་ཉིད་དུ་གྱུར་པ་ལ། སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས། ཁ་ནས་ཞུགས། འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་བས། དེ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པས་རང་འདྲ་བའི་མཱ་མ་ཀཱི་ལ་འཁྱུད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་པདྨ་ནས་ཕྱིར་བྱུང་བ་ལ། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པ་རིག་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གི་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བའི་བུམ་པ་དཀར་པོས་དབང་བསྐུར་ཞིང་གཟུགས་རྡོ་རྗེ་མ་ལ་སོགས་པས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེང་འདིར་དབང་བསྐུར་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་མཆོག་གསུམ་གྱི་ཤིས་པ་བཀྲ་ཤིས་ཀྱི་གླུ་རྣམས་ལེན་བཞིན་པར་མོས་པས། རྣམ་པར་རྒྱལ་བའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་གྱིས་དངོས་སུ། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿབཛྭ་ཨུ་ད་ཀ་ཨ་བྷི་ཥིཉྩྨ་ཧཱུྃ། ཞེས་བརྗོད་ཅིང་དབང་བསྐུར་ཁྲུས་བྱས། བདེ་བ་ཆེན་པོ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་བསམ་མོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་སོགས་ཀྱིས་གསོལ་བ་བཏབ། སྙིང་གའི་འོད་ཀྱིས་སློབ་མ་རྣམས་བཀུག་ཞལ་ནས་ཞུགས་ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན་པ་ཨཾ་ལས་རིན་པོ་ཆེ་ཤེས་རབ་དང་བཅས་པའི་རིན་ཆེན་འབྱུང་ལྡན་གྱི་ཡེ་ཤེས་སེམས་དཔའི་བདག་ཉིད་དུ་གྱུར་པ་ལ། སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ཁ་ནས་ཞུགས་འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་བས། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པས་རང་འདྲ་བའི་རིན་ཆེན་རྡོ་རྗེ་མ་ལ་འཁྱུད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་པདྨ་ནས་ཕྱིར་བྱུང་བ་ལ། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གི་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཅོད་པན་གྱིས་དབང་བསྐུར་ཞིང་། གཟུགས་རྡོ་རྗེ་མ་ལ་སོགས་པས། བཀྲ་ཤིས་གང་ཞིག་སོགས་བཀྲ་ཤིས་ཀྱི་གླུ་རྣམས་ལེན་བཞིན་པས། ཨོཾ་བཛྭ་དྷཱ་ཏྭཱི་ཤྭ་རི་ཨ་བྷི་ཥིཉྩྨ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་ཏྭ་བཛྭཱི་ཨ་བྷི་ཥིཉྩྨ་བྷྲཱུྃ། ཨོཾ་རཏྣ་བཛྭཱི་ཨ་བྷི་ཥིཉྩྨ་ཨཾ། ཨོཾ་དྷརྨྨ་བཛྭཱི་ཨ་བྷི་ཥིཉྩྨ་སྲཱིཿ ཨོཾ་ཀརྨྨ་བཛྭཱི་ཨ་བྷི་ཥིཉྩྨ་ཁཾ། མགོ་བོར་བཞག དབང་བསྐུར་བ་ནི་རྡོ་རྗེ། ཞེས་བརྗོད། ཨོཾ་ཨཱཿབཛྭ་མུ་ཀུ་ཊ་ཨ་བྷི་ཥིཉྩྨ་ཧཱུྃ་སུ་ར་ཏ་ེཧྶཾ། ཨ་ཧཾ། ཨོཾ་བཛྭ་ཏུ་ཥྱ་ཧོཿ དེའི་རྗེས་སུ། ཨོཾ་ཧཱུྃ་ཏྲཱཾ་སྲཱིཿཨཿ ཞེས་པས་དར་དཔྱངས་སྦྱིན། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་སོགས་ཀྱིས་གསོལ་བ་གདབ། སྙིང་གའི་འོད་ཀྱིས་སློབ་མ་རྣམས་བཀུག་ཞལ་ནས་ཞུགས་ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན་པ་སྲཱིཿ ལས་པདྨ་ཤེས་རབ་དང་བཅས་པའི་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་ཀྱི་སེམས་དཔའི་བདག་ཉིད་དུ་གྱུར་པ་ལ། སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ཁ་ནས་ཞུགས་འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་བས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པས་རང་འདྲ་བའི་གོས་དཀར་མོ་ལ་འཁྱུད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་པདྨ་ནས་ཕྱིར་བྱུང་བ་ལ། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གི་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེའི་དབང་བསྐུར་ཞིང་གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་གང་ཞིག་སོགས་བཀྲ་ཤིས་ཀྱི་གླུ་ལེན་བཞིན་པས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །རྡོ་རྗེ་སློབ་མའི་སྙིང་མགྲིན་མགོ་བོར་རེག་ཅིང་ལག་པར་སྦྱིན། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་།དེ་རིང་ཁྱོད་ལ་བསྐུར་བར་བྱ། སངས་རྒྱས་ཀུན་ནས་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱི་ལོང་། །བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། སྙིང་གའི་འོད་ཀྱིས་སློབ་མ་རྣམས་བཀུག་ཞལ་ནས་ཞུགས་ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན་པ་ཁཾ་ལས་རལ་གྲི་ཤེས་རབ་དང་བཅས་པའི་དོན་ཡོད་གྲུབ་པའི་སེམས་དཔའི་བདག་ཉིད་དུ་གྱུར་པ་ལ། སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ཁ་ནས་ཞུགས་འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་བས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་རལ་གྲི་དང་རལ་གྲིའི་དྲིལ་བུ་འཛིན་པས་རང་འདྲ་བའི་སྒྲོལ་མ་ལ་འཁྱུད་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་པདྨ་ནས་ཕྱིར་བྱུང་བ་ལ། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གི་དོན་གྲུབ་ཀྱི་རང་བཞིན་དྲིལ་བུས་དབང་བསྐུར་ཞིང་། གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་གང་ཞིག་སོགས་བཀྲ་ཤིས་ཀྱི་གླུ་རྣམས་ལེན་བཞིན་པས་དྲིལ་བུ་ལག་པ་གཡོན་པར་སྦྱིན་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པས་མངོན་པར་འཁྱུད་པའི་ཚུལ་བྱེད་དུ་བཅུག དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཨོཾ་བཛྭ་ཨ་དྷི་པ་ཏི་ཧྶཾ་ཨ་བྷི་ཥིཉྩྨ་མཱཾ་ཏིཥྛ་བཛྭ་ས་མ་ཡ་ཧྶཾ། ཨོཾ་བཛྭ་གྷཎྜྻེ་ཨཱཿ ཨཱཿབཅོམ་ལྡན་བདག་གིས་གཟུངས་ལགས་ཀྱི། །བདག་ལ་ཉེ་བར་གནས་པར་མཛོད། །ཅེས་བརྗོད། བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། །སྙིང་གའི་འོད་ཀྱིས་སློབ་མ་རྣམས་བཀུག་ཞལ་ནས་ཞུགས་ཞུ་བར་གྱུར་པའི་ཁུ་བ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨར་འཐོན་པ་ཨོཾ་ལས་འཁོར་ལོ་ཤེས་རབ་དང་བཅས་པའི་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་སེམས་དཔའི་བདག་ཉིད་དུ་གྱུར་པ་ལ། སླར་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ཁ་ནས་ཞུགས་འོད་དུ་ཞུ་བའི་རྒྱུན་གྱིས་དེ་དག་ལ་མངོན་པར་དབང་བསྐུར་བས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པས་རང་འདྲ་བའི་སྤྱན་མ་ལ་འཁྱུད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་པདྨ་ནས་ཕྱིར་བྱུང་བ་ལ་ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གིས་མགོ་བོར་རྡོ་རྗེ་དྲིལ་བུ་གཟུང་ཞིང་རྣམ་པར་སྣང་མཛད་ཀྱི་རང་བཞིན་མིང་གི་དབང་བསྐུར་ཞིང་གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་གང་ཞིག་སོགས་བཀྲ་ཤིས་ཀྱི་གླུ་རྣམས་ལེན་བཞིན་པས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །སོགས་དང་། ཨོཾ་བཛྭ་སཏྭ་ཧྶཾ། ཨ་བྷི་ཥིཉྩྨ་བཛྭ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཁྱོད་ཞེ་སྡང་རྡོ་རྗེ་སོགས་མེ་ཏོག་ལྷུང་བའི་རིགས་ཀྱི་མིང་གདགས་པར་བྱའོ། །དེ་ལྟར་དབང་དྲུག་པོ་རྣམས་ཀྱིས་མ་རིག་པའི་མི་མཐུན་ཕྱོགས་སུ་གནས་པ་རིག་པ་ཉིད་དུ་སྒྲུབ་པར་བྱེད་པས་རིག་པའི་དབང་ཞེས་བྱའོ། །དབང་འདི་རྣམས་ཀྱིས་དབང་བསྐུར་བའི་སློབ་མ་བྱ་བ་དང་སྤྱོད་པའི་རྒྱུད་གང་ཡིན་པ་དག་ཉན་པ་དང་འཆད་པ་དང་སྔགས་སྒྲུབ་པ་ལ་དབང་བྱེད་པར་འགྱུར་རོ། །འདི་དག་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བ་ལ་ཐུན་མོང་གི་སྡོམ་པ་ཙམ་བྱིན་ལ་བསྐུར། གཉེར་ན་གཉིས་ཀ་བྱིན་ནོ། །ཡོན་ཕུལ་ནས། གང་ཞིག་བདག་གིས་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ། རྡོ་རྗེ་ཧཱུྃ་ལས་བྱུང་བ་རྡོ་རྗེ་སེམས་དཔའི་ངོ་བོར་མོས་པས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙམ་ཚུལ་བདག་པོའི་བདག །ཅེས་བརྗོད་ཅིང་ལག་གཡས་སུ་གཏད་པས་རྡོ་རྗེའི་དེ་ཉིད་གཟུང་དེ་ནས་དྲིལ་བུ་ཨཱཿལས་བྱུང་བ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བརྗོད་ནས་གཡོན་དུ་གཏད། །དྲིལ་བུའི་དེ་ཁོ་ན་ཉིད་གཟུང་། སློབ་མས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་ནས་དཀྲོལ། ཡིད་ཀྱི་ལུས་ནི་བརྟན་བྱེད་པ། །དེས་ན་ཕྱག་རྒྱར་རབ་ཏུ་གྲགས། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །དངོས་གྲུབ་དམ་པ་སྦྱིན་པར་བྱ། །རྡོ་རྗེ་སེམས་དཔའི་སྐུ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བའི་རིམ་པས་བྱིན་གྱིས་བརླབས་པ་འཁྱུད་པའི་ཚུལ་དུ་བྱའོ། །དེ་ནས་སློབ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྡོ་རྗེ་སྙེམས་མ་དམར་པོ་གྲི་ཐོད་འཛིན་པ་ལ་འཁྱུད་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ་ནམ་མཁའ་གང་བར་གནས་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་། ན་བཟའ་དང་རོལ་མོའི་སྒྲ་དང་གླུ་དང་གར་དང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་རྣམས་ཀྱི་བཀོད་པའི་ཁྱད་པར་ཆེན་པོས་ཕྱག་གི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བའི་བུམ་པ་དཀར་པོས་དབང་བསྐུར་ཞིང་གཟུགས་རྡོ་རྗེ་མ་ལ་སོགས་པས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །སོགས་བཀྲ་ཤིས་ཀྱི་གླུ་རྣམས་ལེན་བཞིན་པས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་དབང་བསྐུར། །ཁྲུས་བྱས། མི་བསྐྱོད་པས་དབུ་བརྒྱན་དང་། གཞན་དེ་བཞིན་གཤེགས་པ་རྣམས་དང་ལྷ་མོ་རྣམས་ཡེ་ཤེས་སེམས་དཔའི་ཚུལ་དུ་དེ་ཉིད་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྭེ་སྭཱ་ཧཱ། མེ་ཏོག་སོགས་ཀྱིས་དབུ་བརྒྱན། དེ་ནས་རྣམ་པར་སྣང་མཛད་ཀྱི་རང་བཞིན་གཞལ་ཡས་ཁང་ངོ་། །ཞེས་པས་དཀྱིལ་འཁོར་དང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་དང་། །ཡན་ལག་དག་གི་ཁྲོ་བོ་བཅུ། །ཞེས་པས་ལྷའི་དག་པ། དོན་དམ་པར་ནི། སྣ་ཚོགས་དེ་བཞིན་ཉིད་བདག་མེད། ཐབས་ནི་སྙིང་རྗེའི་སྟོབས་ཡིན་ཏེ། །ཟུང་དུ་འཇུག་པ་རྣམ་རྟོག་བྲལ། །དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། །ཞེས་དེ་བཞིན་ཉིད་ཀྱི་རྣམ་དག་བཤད་པར་སྤྲོ་ན་མན་ངག་སྙེ་མ་བཞིན་བསྟན་ནོ། །དེ་ནས་སློབ་དཔོན་གྱི་ལས་བསྟན་པ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟང་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་སྡུད་པ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་དང་། ཕྱིར་བཟློག །གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་བསྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་དང་། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱེད་ཀྱི་ནམ་ཡང་མ་བྱེད་ཅིག །རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་བསྐྱང་བར་བྱའོ། །ཞེས་སྟོན་ནོ། །དེ་དག་ནི་ཕྱིར་མི་ལྡོག་པའི་དབང་ངམ། །མིང་གཞན་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དེ་ནས་དཀྱིལ་འཁོར་གྱི་བདག་པོའི་སྔགས་ལན་གསུམ་བཟླས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །སློབ་མས་ཀྱང་། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་པས་སྔགས་གཏད་དོ། །གསེར་དངུལ་གྱི་སྣོད་དུ་སྦྲང་རྩིའི་མིག་སྨན་གསེར་གྱི་ཐུར་མས་བླངས་སློབ་མའི་མིག་ལ་པྲཾ་བསམས་ནས། ཨོཾ་བཛྭ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་སྲཱིཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མེ་ལོང་ལ་ཨ་བརྗོད་པ་སློབ་མར་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །གསལ་ཅིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །སངས་རྒྱས་ཀུན་བདག་རང་བཞིན་ནོ། །ངོ་བོ་མེད་ཅིང་གནས་པ་མེད། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །དེ་ནས་ཧོཿཡིག་ལས་བྱུང་བའི་མདའ་གཞུ་ཧོཿ བརྗོད་པས་སྦྱིན། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭ། ཞེས་བརྗོད་ནས་མདའ་འཕང་པའི་ཚུལ་གྱིས་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་མི། ཞེས་བརྗོད་ནས་བགེགས་ལ་འབིགས་པའི་བློས་ཕྱོགས་བཞི་སྟེང་དང་འོག་ཏུ་འཕང་བར་བྱའོ། །བུམ་དབང་མཐར་བརྟེན་དང་བཅས་པའོ། །བླ་མ་ལ་གསང་བའི་དབང་གི་དོན་དུ་མཎྜྻལ་ཕུལ་ནས། རྡོ་རྗེ་སེམས་དཔར་མོས་པས་ཐལ་མོ་སྦྱར་ཏེ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོ་རྗེས་སུ་གཟུང་བར་མཛོད། །ལན་གསུམ་བརྗོད། མིག་དར་བཅིངས། བླ་མ་འཁོར་ལོའི་དབང་ཕྱུག་གང་ཡིན་པ་དེའི་ང་རྒྱལ་དང་ལྡན་པས་ཕྱག་རྒྱ་སྟོང་པ་ཉིད་ལས་རིགས་ཀྱི་ཡུམ་དུ་བསྐྱེད་པ་དང་རྡོ་རྗེ་པདྨ་འདུས་བྱས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས། ཁ་ནས་ཞུགས་འོད་དུ་ཞུ་བར་གྱུར་པ་ཨ་བ་དྷཱུ་ཏཱི་ནས་བརྒྱུད་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་བརྟན་པར་བྱས་པ་རང་གི་བྱང་ཆུབ་སེམས་དང་གཉིས་སུ་མེད་པ་སྟེ་གསུང་རྡོ་རྗེའི་ངོ་བོར། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །རྡོ་རྗེ་འཛིན་སོགས་དབང་བསྐུར་ལྟར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་རིང་བུ་ཁྱོད་དབང་བསྐུར་རོ། །ཨོཾ་བཛྭ་དྷྲྀཀ་ཧཱུྃ། ཨ་ཧོ་མ་ཧཱ་སུ་ཁཾ། སློབ་མས་རྡོ་རྗེ་དང་ཤེས་རབ་ཀྱི་ཆུ་སྐྱེས་ནས་དེ་བཞིན་གཤེགས་པ་ཀུན་འདུས་པའི་བློས་བཏུང་བར་བྱའོ། །ཐབས་དང་ཤེས་རབ་དག་གི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དག་གིས་གསང་བའི་དབང་བསྐུར་བས་གསང་དབང་ཞེས་བྱའོ། །ཤེར་དབང་གི་དོན་དུ་མཎྜྻལ་ཕུལ། བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། །ཕྱག་རྒྱ་དམ་ཚིག་དང་སྡོམ་པ་ལ་གནས་པ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་དང་ལྡན་པ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པར་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཚུད་པར་བལྟ། །ཞེས་གོ་བར་བྱས་ནས་གཏད། །དེས་ཀྱང་སྐྱེ་གནས་གུར་ཀུམ་ལ་སོགས་པའི་ཆུས་དྲི་ཞིམ་པར་བྱས་གོས་དང་བྲལ་བ་ལག་པས་བགྲད་དེ་སློབ་མ་ལ་སྟོན་ཅིང་། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ཞིག་ཆོ་ག་བཞིན་བརྟེན་ན། །བདག་ནི་དེ་ཡི་མདུན་ན་གནས། །བདེ་བའི་ཆོ་ག་ལ་ནི་སོགས་པ་ནི། །ཇི་ལྟར་བྱ་བ་པདྨར་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ལ་ནི་རྟག་ཏུ་གནས། བྷཱཉྫྱ་མོཀྵ་ཧོཿ དེ་ནས་སློབ་མ་རང་དཀྱིལ་འཁོར་གྱི་བདག་པོ་དང་ཤེས་རབ་ལྷ་མོར་བསྐྱེད་ནས་ཨ་ལས་པདྨ་ཟེའུ་འབྲུ་ཨས་མཚན་པ་དང་། ཧཱུྃ་ལས་རྡོ་རྗེ་ནོར་བུ་ཨོཾ་གྱིས་མཚན་པ་གཉིས་ཀའི་བུ་ག་ཕཊ྄་སེར་པོས་བཀག་པ་བྷ་གའི་གཡོན་པའི་རྩ་རྩེར་སྲཱིཿདམར་པོ། འཛུབ་མོའམ་ལྕེས། ཨོཾ་ཤཱི་ཤཱི་ཧཱི་ཧ་ཧ་ཧ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་བརྗོད་ཅིང་སྙོམས་པར་འཇུག་དུས་བླ་མས་བསྟན་པ་འདི་དགའ་བའི་དབྱེ་བ་རིག་པས་སྙིང་གའི་འོད་ཟེར་གྱིས་རིགས་ལྔ་ཡུམ་དང་བཅས་པ་སྤྱན་དྲངས་ནས་རང་གི་ལུས་ལ་བཅུག་པར་བསམ་ཞིང་བླ་མས་ཀྱང་དམིགས་པར་བྱའོ། །དགའ་བ་བརྩམས་པའི་མཐར་ཤེས་རབ་དང་སྦྱོར་དཔལ་གྱིས་ནི། །དེ་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཚུད་པར་བལྟ། །ཇི་ལྟར་ནུས་པ་བཏུང་དེ་དལ་བུས་ཕྱུང་ནས་ཆུ་སྐྱེས་ལས་ལྕེས་བླངས་ཏེ་དེ་ཁོ་ན་ཉིད་ཀྱི་ལྟ་བས་དམ་ཚིག་གི་ངོ་བོ་བྱང་ཆུབ་ཀྱི་སེམས་བཏུང་བར་བྱའོ། །དེ་ནས་ཚིག་ཁོ་ནས་དབང་བཞི་པ་སྟེར་ཏེ། དེ་ཉིད་ནི་ཤེས་རབ་ཡེ་ཤེས་ཀྱིས་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་འཕེལ་བ་དང་འགྲིབ་པ་མེད་པ་དང་ལྡན་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཏེ་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དབང་བཞི་པའི་ངོ་བོར་བརྗོད་པར་བྱའོ། །ཞེས་པས་སོ། །དེ་ནས་གཡོན་པས་ཤེས་རབ་ཀྱི་ལག་པ་སློབ་མའི་ལག་པར་གཏད། རྡོ་རྗེ་དང་བཅས་པའི་ལག་པ་སྤྱི་བོར་བཞག་ནས། འདིར་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །དེ་བཞིན་གཤེགས་པ་རྣམས་དཔང་པོར་བྱས་ནས། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརཏལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །རིག་མའི་བརཏལ་ཞུགས་སོ། །དེ་ནས་སློབ་མ་རྡོ་རྗེ་སེམས་དཔར་མོས་པས། འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརཏལ་ཞུགས་བསྟན། །ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིད་དྷི་བཛྭ་ས་མ་ཡ་ཏིཥྛ་ཨེ་ཥ་ཡ་ཧྶཾ་དྷ་ར་ཡཱ་མི་བཛྭ་ས་ཏྭ་ཧཱི། ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་པས་གཟུང་། རྡོ་རྗེའི་བརཏལ་ཞུགས་སོ། །དེ་ནས་སྤྱོད་པའི་བརཏལ་ཞུགས་ལ་གསུམ། །བདེ་ཐོད་དགྱེས་གསུམ་གང་ཡང་རུང་བའི་སྔགས་ལན་གསུམ་བཟླས་པའི་ཁ་ཊྶཱཾ་ག ཌཱ་མ་རུ་དཔའ་བོའི་སྣོད་གསུམ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །དེས་ན་ཁཊྶཱཾ་ཅང་ཏེའུ་སྣོད། །སྦྱིན་པ་དཔའ་བོས་གཟུང་བར་གྱིས། །ཞེས་པས། ནང་གི་ཕྱག་རྒྱ་གསུམ་ལ་སྦྱོར་བ་ལྷུར་ལེན་པའི་ཕྱིར་ཏེ། ཁ་ཊྶཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་རུ་བརྟག །ཅེས་དང་། སྔགས་ནི་བཏུང་བ་ཐོད་པའོ། །ཞེས་སོ། །གཉིས་པ་བུད་མེད་དམ་སྐྱེས་པ་སྤྱོད་པའི་བརཏལ་ཞུགས་ལ་ཞུགས་པ་ན། བདག་མེད་མ་ཕག་མོའམ་མེ་ཏོག་ལྷུང་བའི་རིགས་ཀྱི་ལྷ་མོ་དང་། སྐྱེས་པ་བདེ་དགྱེས་ལ་སོགས་པའི་ཧེ་རུ་ཀར་བསམས་ནས། སྙིང་གའི་འོད་ཟེར་གྱིས་བསྒོམས་པ་ལྟ་བུའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར་པ་ལས། ཕྱག་རྒྱ་ལྔ་སངས་རྒྱས་ལྔར་བསྒོམ། སོ་སོའི་སྙིང་གའི་འོད་ཟེར་གྱིས་བསྒོམས་པ་ལྟ་བུའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བྱས་ནས། ཨོཾ་དྷ་ར་དྷ་ར་དྷཱ་ར་ཡ་མ་རྡྷ་མ་རྡྷ་བཛྭ་དྷྲྀ་ག་ཕཊ྄་སྭཱ་ཧཱ། ལན་གསུམ་བཟླས་པའི་འཁོར་ལོ། །མི་བསྐྱོད་པ་ཡི་ཕྱག་རྒྱ་ཉིད། །ཕྱི་དང་ནང་དུ་ཡང་དག་གནས། །འཁོར་ལོ་མི་བསྐྱོད་པ་ཡི་གཟུགས། །སྦྱིན་པ་དཔའ་བོས་བླང་བར་གྱིས། །བུད་མེད་ཡིན་ན། །ལྷ་མོས་བླང་བར་གྱིས། །སྤྱི་བོར། ཨོཾ་བཛྭ་དྷརྨ་ས་མ་ཡ་ཧྶཾ་ཧུ་ལུ་ཧུ་ལུ་ཨ་རོ་ལྀག་ཕཊ྄་སྭཱ་ཧཱ། ལན་གསུམ་བཟླས་པའི་རྣ་རྒྱན། འོད་དཔག་མེད་པའི་ཕྱག་རྒྱ་ནི། །ཕྱི་དང་ནང་དུ་ཡང་དག་གནས། །རྣ་རྒྱན་འོད་དཔག་མེད་པ་ཉིད། །སྦྱིན་པ་དཔའ་བོས་བླང་བར་གྱིས། །རྣ་བར། ཨོཾ་བཛྭ་སཱུརྻ་ཏ་མོ་བིད་མ་ཧཱ་ས་མ་ཡ་ཧྶཾ་ཧཾ་རཏྣ་དྷཱྀ་ག་ཕཊ྄་སྭཱ་ཧཱ། ལན་གསུམ་བཟླས་པའི་མགུལ་རྒྱན། རིན་ཆེན་འབྱུང་ལྡན་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །མགུལ་རྒྱན་རིན་ཆེན་འབྱུང་ལྡན་ཉིད། །སྦྱིན་པ་དཔའ་བོར་བླང་བར་གྱིས། །མགུལ། ཨོཾ་ཤ་ཤྭ་ཏཾ་པ་རཾ་ཏེ་ཤ་ཤྭ་ཏ་ཨེ་ེ་ཧི་ཛིན་ཛྭྀག་ཕཊ྄་སྭཱ་ཧཱ། ལན་གསུམ་བཟླས་པའི་ལག་གདུབ། རྣམ་པར་སྣང་མཛད་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ལག་གདུབ་རྟག་པའི་བདག་ཉིད་ཅན། །སྦྱིན་པ་དཔའ་བོས་བླང་བར་གྱིས། །ལག་པར། ཨོཾ་ཕུཿཕུཿཧི་ཧི་ཧི་པྲ་ཛྙྱཱ་དྷྲྀག་ཕཊ྄་སྭཱ་ཧཱ། ལན་གསུམ་བཟླས་པའི་སྐ་རགས། དོན་ཡོད་གྲུབ་པའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །དོན་ཡོན་གྲུབ་པ་སྐ་རགས་ཉིད། །སྦྱིན་པ་དཔའ་བོས་བླང་བར་གྱིས། །སྐེད་པར་རོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྔ་སྐྱེ་བ་ལ་སྦྱོར་བ་ལྷུར་ལེན་པའི་ཕྱིར་ཏེ། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་འཕྲེང་བ་རིན་ཆེན་དབང་། །ལག་གདུབ་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་གྲུབ་གནས། །ཞེས་སོ། །གསུམ་པ། སྐྱེས་པའམ་བུད་མེད་གང་ནུས་པ་ཐོབ་ནས་གཞན་དུ་ཡང་རུང་སྤྱོད་པའི་བརཏལ་ཞུགས་ལེན་པར་འདོད་ན། །དེ་ལ་བདེ་མཆོག་གམ་ཕག་མོར་བལྟས་ནས་དེའི་སྙིང་གའི་འོད་ཟེར་གྱིས་བསྒོམ་པ་ལྟ་བུའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར་པ་ལ་ཕྱག་རྒྱ་ལྔ་སངས་རྒྱས་ལྔར་དང་མགོ་བོའི་འཕྲེང་བ་སོགས་རང་རང་གི་སྔགས་ཀྱི་ལྷ་ཉིད་དུ་མོས་པས། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ལན་གསུམ་བཟླས་པའི་འཁོར་ལོ་སྔགས་དེ་ཉིད་ཀྱིས་ཐོད་པ་ལྔ་བསྐོན། ཐོད་པ་དེ་ཉིད་འཁོར་ལོའི་གཟུགས་སུ་ཡང་བཤད་དོ། །ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ལན་གསུམ་བཟླས་པའི་རྣ་རྒྱན་བཏགས། ཨོཾ་སརྦ་བུད་དྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ལན་གསུམ་བཟླས་པའི་མགུལ་རྒྱན། ཨོོོཾ་ཧཿ ན་མཿཧི། སྭ་ཧ་ཧུ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོཿ ཕཊ྄་ཧཾ། ལན་གསུམ་བཟླས་པའི་གདུ་བུ། ཨོཾ་བཾ་ཧཾ་ཡཽཾ། སྲིཾ་མོཾ། སྲེཾ་སྲིཾ། ཧཱུཾ་ཧཱུཾ། ཕཊ྄་ཕཊ྄། ལན་གསུམ་བཟླས་པའི་སྐ་རགས། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ྄་ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ལན་གསུམ་བཟླས་པའི་མགོ་རློན་ལྔ་བཅུ་རྩ་གཅིག་གི་འཕྲེང་བ། ཨོཾ་སརྦ་བུད་དྷ་ཌཱ་ཀི་ཞེས་ཕག་མོའི་རྩ་སྔགས་ཀྱིས་སྟག་ཤམ། ཨོཾ་པྲ་ཙཎྜྻེ་ཧུཾ་ཧཱུཾ་ཕཊ྄། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། སུམ་ཅུ་རྩ་དྲུག་གི་སྔགས་ལན་གསུམ་བཟླས་པའི་ཐོད་པ་ལག་པར། ཁ་ཊྶཱཾ་ག་དང་ཌཱ་མ་རུ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས། དེ་བཞིན་དེས་ཚངས་སྐུད་མགྲིན་པར་དང་། དོ་ཤལ་དང་རྡོ་རྗེའི་རྒྱན་རྐུན་པོའི་སྐྲའི་ཅོད་པན་སྐོར་གཉིས་པའི་སྐ་རགས་ཐལ་བ་དཔུང་རྒྱན་རྐང་གདུབ་སེ་རལ་ཁ་རྣམས་རང་རང་གི་གནས་སུའོ། །འདིར་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་བྱང་ཆུབ་སེམས་ཀྱི་འབྱུང་བ་ལ་སྦྱོར་ཏེ། འབད་དེ་ནུས་པ་བསྐྱེད་པར་བྱ། །ནུས་པ་བསྐྱེད་པའི་རྗེས་ལ་ནི། །བརཏལ་ཞུགས་སྤྱོད་པ་ཡིད་འོང་བ། །རིགས་ལྔ་མཉམ་པར་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་ཡང་དག་བརྟག །ཅེས་སོགས་ཀྱིས་སོ། །ཕྱི་མ་འདི་གཉིས་ནི་ནུས་པ་བརྙེད་ནས་དམིགས་བསལ་དུ་གསུངས་ཀྱིས་གཞན་དུ་སྔ་མ་ཙམ་བྱའོ། །དེ་ནས་སློབ་དཔོན་དེ་བཞིན་གཤེགས་པ་ལུང་སྟོན་པའི་ཚུལ་ལྟར་མཛད་པས། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདིར་ནི་ངས་ཁྱོད་ལུང་བསྟན་ཡིན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །ཀྱེ་ཆེ་གེ་མོ་སརྦ་ཏ་ཐཱ་ག་ཏ་སིད་དྷྱ་ས་མ་ཡ་ཧྶཾ་བྷུརྦུ་བཿསྭཿ གསང་མཚན་གྱིས་སོ། །གང་ཡང་དེ་ལྟར་ལུང་བསྟན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནོ། །ཞེས་དད་པར་བྱའོ། །དེ་ནས། བྱང་ཆུབ་སེམས་ཀྱི་དབང་གིས་ནི། །སློབ་མ་སྡིག་དང་བྲལ་བ་ལ། །དེ་ནས་རྗེས་སུ་གནང་བ་སྦྱིན། ཞེས་པས། སློབ་མའི་གདན་གྱི་མདུན་དུ་བྷྲུཾ་ལས་བྱུང་བའི་ཆོས་ཀྱི་འཁོར་ལོ་བཞག ཨོཾ་བཛྭ་ཧེ་ཏུ་མཱཾ། ཨོཾ་བཛྭ་བྷ་ཥ་རཾ། ལག་པ་གཡས་སུ་ཨ་ལས་སྐྱེས་པའི་དུང་དང་། གཡོན་དུ་ཨ་ལས་སྐྱེས་པའི་པུ་སྟ་ཀ་བྱིན། ཨཱཿལས་བྱུང་བའི་དྲིལ་བུ་དཀྲོལ་དུ་བཅུག་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སློབ་མ་རྣམ་སྣང་སོགས་རིགས་ལྔར་རིམ་པ་བཞིན་གསལ་བཏབ་སྟེ །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་དག །ཡིད་བཞིན་ནོར་བུ་ལྟར་མཐོང་ནས། །སྐྱོན་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །ཆོས་ཀྱི་འཁོར་ལོའི་ཚབ་ཏུ། རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་ཚིག་བཅུག་རིམ་པ་བཞིན་རིགས་ལྔའི་ཕྱག་མཚན་གཏད། དེ་ནས་ཕྱག་བཙལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱིད། ཅེས་ཁས་བླང་ངོ་། །དེ་ནས་སྤྱི་བོར་གདུགས་བཟུང་དཀྱིལ་འཁོར་ལ་བསྐོར་བ་བྱེད་དུ་བཅུག་སྒོར་ཐལ་མོ་སྦྱར། རྒྱུད་ནི་འཛིན་པར་འགྱུར་བ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །དཀྱིལ་འཁོར་བདག་པོར་སློབ་དཔོན་གྱིས་གསོལ་བ་བཏབ། །གདུགས་གཞན་དུ་བཞག་ནས། དེ་ནི་ཁྱོད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་བཞེད་པ་ཡིན། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཁྱེད་རྣམས་འདི་ནི་ཐེ་ཚོམ་མེད། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་མཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་པས། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱེད་ཀྱིས་ནམ་ཡང་མ་བྱེད་ཅིག །འདོད་པ་ཀུན་ལ་སྤྱོད་པས་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་བྱ། །འདི་ལས་གཞན་ཡང་དམ་ཚིག་སྲུངས། །སྲོག་ཆགས་བསད་པར་མི་བྱ་སྟེ། །བུད་མེད་རིགས་གང་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་སྟེན་པར་གྱིས། །འགྲོ་བ་བདེ་བ་ཉུང་ལས་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། །གཞན་ཡང་ཆོས་ཉིད་ཀྱི་དགོངས་པས་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ལ་སྡུག་པའི་བུ་དང་འདྲ་བར་ཡིད་རབ་ཏུ་དང་བ་རྣམས་ཀྱི་དགེ་བའི་ཕྱིར་འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཀྱིས་ཡང་དག་པར་དགོངས་པར་འགྱུར་རོ། །དབུགས་དབྱུང་ངོ་། །སློབ་མས། དེ་ལྟར་དབང་ཐོབ་པ་ལས་མངོན་པར་དགའ་བ་དབུགས་ཕྱིན་པས་དགའ་བ་འདི་བཞིན་དུ་བདག་གིས་བགྱིའོ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་བརྗོད་ཡོན་རིན་ཐང་དཔག་ཏུ་མེད་པ་རྣམས་དབུལ་ལོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་ལ་མཆོད་བསྟོད་བྱས། ཡི་གེ་བརྒྱ་པ་བཏོན་ནས། །དཀྱིལ་འཁོར་དེ་རས་བྲིས་ཀྱི་འཁོར་ལོ་དེ་ཉིད་དུ་རྣམ་པ་བསྒྱུར་ཏེ་བཞག་ཚོམ་བུ་ཡིན་ན། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་བརྗོད་དེ། །རྡོ་རྗེ་བསྡུ་བའི་ཕྱག་རྒྱས་རང་བཞིན་གྱི་གནས་སུ་གཤེགས་པར་བྱས། མཐར་དགེ་བ་བསྔོ་བཀྲ་ཤིས་བརྗོད་དོ། །རྡོ་རྗེ་འཕྲེང་བའི་དབང་གི་ཆོ་ག་འདི་ཡང་དགེ་སློང་པདྨ་དཀར་པོས་གོ་བདེ་བར་བྱར་ཡུལ་གྱི་སའི་ཐིག་ལེ་ཕུན་སུམ་ཚོགས་པ་རབ་ཏུ་བརྟན་པར་སྦྱར་བའོ། །བཀྲ་ཤིས། །མངྒ་ལཾ།། །།


previousརྡོ་རྗེ་འཕྲེང་བའི་དབང་གི་ཆོ་ག་བྱིན་རླབས་ཀྱི་ཆབ་རྒྱུན།next