Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
གསང་བ་མཛོད་ཀྱི་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ།
   
   
   
   
   
   
   
   
   


 
previousགསང་བ་མཛོད་ཀྱི་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ།next

གསང་བ་མཛོད་ཀྱི་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ།

གསང་བ་མཛོད་ཀྱི་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ་ཞེས་བྱ་བ་བཞུགས་སོ། །ལྷན་ཅིག་སྐྱེས་པ་གསང་བ་མཛོད་ཀྱི་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ་ཞེས་བྱ་བ། མགོན་པོ་ཐམས་ཅད་མཁྱེན་པ་དཔལ་ངག་དབང་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱིས་བགྲོད་མིན་རྣམ་པ་ཐམས་ཅད་པ། གསུང་གི་རྡོ་རྗེ་འགྲོ་བ་རྣམས་ལ་རང་རང་སྐད་དུ་ཆོས་ནི་གོ་བར་སྟོན་བྱེད་ཉིད། རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས་པ་སྟེ། དྲི་མེད་ནོར་ལྟར་དངོས་རྣམ་འཛིན་བྱེད་གང་ཡིན་ཡེ་ཤེས་རྡོ་རྗེ་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ཀྱི་མི་བཟད་སྡུག་བསྔལ་རྣམས་བསལ་ཏེ། བདེ་ཆེན་སངས་རྒྱས་ཉིད་ཐོབ་བྱ་ཕྱིར་བདག་གིས་འདིར། གསུང་རབ་དག་ལས་སྦས་པའི་སྒྲ་ཡིས་བཤད་པ་གང་། གསལ་བར་སྟོན་པ་ཀུན་ལས་བཏུས་པ་འདི་བརྩམ་མོ། །འདིར་སྡེ་སྣོད་རྣམས་ཀྱི་སྦས་པའི་དེ་ཁོ་ན་ཉིད། བྱིས་པའི་སྐྱེ་བོ་དག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་མན་ངག་གི་ཡན་གལ་སྒྲོན་མ་ལྟ་བུ་འདི་བཤད་པར་བྱ་སྟེ། དེ་ལ། ལམ་ངེས་པའི་མདོར་བསྡུས། རྒྱས་པར་བཤད་པའི་ངེས་པ། མཐར་ཕྱིན་པའི་དོན་བསྡུ་བ་དང་གསུམ་མོ། །དེ་ལས་དང་པོ་ནི། དེ་བཞིན་གཤེགས་པ་ཆོས་ཀྱི་འཕོང་གི་སློབ་དཔོན་མཁས་པ་དེ་ཉིད་ཀྱིས་ཆོས་ཀྱི་ཚུལ་སྣ་ཚོགས་ལ་འཇུག་པ་ཁམས་དང་། བསམ་པ་དང་། མོས་པ་ཐ་དད་པའི་སེམས་ཅན་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཅིག་ལས་ཐེག་པ་གསུམ་སྟོན་པར་མཛད་དོ། །དེ་ལ། །ཁ་ཅིག་འདི་སྐད་དུ། བདེ་བར་གཤེགས་པ་སེམས་ཅན་ལ་ལ་ལ་ཐེག་པ་ཆེན་པོ་སྟོན། །ལ་ལ་ལ་ནེ་རང་སངས་རྒྱས་ཀྱི་ཐེག་པ་སྟོན། ལ་ལ་ནི་ཉན་ཐོས་ཀྱི་ཐེག་པ་གསུམ་སྟོན་པར་མཛད་དོ། །དེ་ལྟ་ན། དེ་བཞིན་གཤེགས་པ་ནི། སེམས་ཅན་ཡོངས་སུ་མ་དག་༼༢ན༣༽པ་དང་། སེམས་མི་སྙོམས་པ་དང་། མངོན་པར་ཆགས་པ་དང་། ཉེ་ཚེ་བའི་སྙིང་རྗེ་དང་ལྡན་པ་དང་། སྣ་ཚོགས་ཀྱི་འདུ་ཤེས་ཀྱིས་སྐྱོན་དུ་ལྟུང་བ་དང་། ཆོས་ཀྱི་དཔེ་མཁྱུད་བྱེད་པ་རྣམས་སུ་འགྱུར་རོ། །དེ་ལྟ་བས་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་གང་སྟོན་ཀྱང་རུང་། ཆོས་དེ་ཉིད་ཐེག་པ་ཆེན་པོ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པ། ཐེག་པ་ཆེན་པོ་ལ་བབས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབ་པ། ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་སྟེ། ཐེག་པ་ཐ་དད་པ་རྣམ་པར་བཤད་པ་མེད་དོ། །དེ་ལྟ་བས་ན་ཆོས་དེ་ཉིད་ངེས་པར་རྟོགས་པ་རྡོ་རྗེའི་ཚིག་གིས་བཤད་པ་ལ་འཇུག་པར་བྱ་སྟེ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །འགྲོ་བ་དང་ནི་འཆག་པ་དང་། །ཉལ་དང་འདུག་པ་ཐམས་ཅད་དུ། །མཚན་མའི་རྣམ་པས་མི་གཡེང་བར། །ལྷན་ཅིག་སྐྱེས་པ་བལྟ་བར་གྱིས། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པའི་ངེས་པ་ལ་གསུམ་སྟེ། ཁོ་ན་ཉིད་བསྟན་པ་གཞིའི་ངེས་པ། སྒྲོ་འདོགས་གཅོད་པ་ལམ་གྱི་ངེས་པ། མངོན་དུ་བྱས་པ་འབྲས་བུའི་ངེས་པའོ། །དང་པོ་ནི། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཞེས་བྱ་བས་ཡོན་ཏན་ཇི་ལྟ་བ་བཞིན་བརྗོད་པ་སྔོན་དུ་འགྲོ་བས་ཕྱག་འཚལ་བ་བརྩམས་སོ། །དེ་ནས་བཅོམ་ལྡན་འདས་གྱིས། །བསྐལ་བ་བྱེ་བ་རྣམས་སུ་ཡང་། དེ་ཉིད་བྲལ་བས་འགྲུབ་མི་འགྱུར། །ཞེས་དང་། ལྷ་མོ་བཞིས་ཞུས་པའི་རྒྱུད་ལས། ཐུབ་པ་ཆེན་པོའི་ཆོས་རྣམས་ཀྱི། །ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་། གང་གི་དེ་ཉིད་མི་ཤེས་པ། །དེ་ཡི་ཐམས་ཅད་འབྲས་བུ་མེད། །ཅེས་པས། དེ་ཁོ་ན་ཉིད་མི་ཤེས་པར་འཚང་རྒྱ་བར་མི་འགྱུར་བར་གསུངས་པ། དེ་བས་ན་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ན། ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་གྱི་ངེས་པས་སོ། །དེ་ཡང་ཇི་ལྟར་ཞེ་ན། སྨྲས་པ། དངོས་པོ་དང་དངོས་པོ་མེད་པ་དང་། ཡིན་པ་དང་མ་ཡིན་པ་དང་། གཅིག་པ་དང་གཅིག་པ་མ་ཡིན་པ་དང་། རྟག་པ་དང་ཆད་པ་དང་། སྲིད་པ་དང་༼༢བ༤༽མྱ་ངན་ལས་འདས་པ་དང་། གཟུགས་དང་གཟུགས་མ་ཡིན་པ་དང་། སྒྲ་དང་སྒྲ་མ་ཡིན་པ་དང་། སྐད་ཅིག་དང་སྐད་ཅིག་མ་ཡིན་པ་དང་། ཆགས་པ་དང་ཆགས་པ་མ་ཡིན་པ་དང་། ཞེ་སྡང་དང་ཞེ་སྡང་མ་ཡིན་པ་དང་། གཏི་མུག་དང་གཏི་མུག་མ་ཡིན་པ་སྟེ། དེ་དག་ལ་སོགས་པའི་ཕྱོགས་དང་བྲལ་བ་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ། རང་བཞིན་མེད་པའི་ཡེ་ཤེས་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ཡང་གང་གི་ཡིན་ཞེ་ན། །ཡང་དག་པ་གང་ཡིན་པའོ། །ཅིའི་ཕྱིར། ཡང་དག་པ་ཞེ་ན། མི་བསླུ་བས་སོ། །མི་བསླུ་བ་གང་ཞེ་ན། ཤིན་ཏུ་ཡང་དག་པའི་ཚུལ་གྱིས་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ནོ། །དེ་ཡང་བདེན་པ་གཉིས་གཉིས་སུ་མེད་པའི་རྣམ་པའི་མཚན་ཉིད་ཅན་ཏེ། ཆོས་ཐམས་ཅད་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དང་། འགྲོ་བ་དང་། རྒྱུ་བ་དང་། མཉམ་པ། དྲི་མ་མེད་པའི་ངོ་བོ་ཉིད། ལུས་དང་ངག་དང་ཡིད་དང་བྲལ་བ། མེད་པ་མ་ཡིན་པ། རྒྱུ་བ་མ་ཡིན་པ། མི་རྒྱུ་བ་མ་ཡིན་པ། ཐག་རིང་བ་མ་ཡིན། ཉེ་བ་མ་ཡིན། སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། དབུ་མ་མ་ཡིན་པ། འདི་ནི་དོན་དམ་པའི་བདེན་པའོ། །དེ་བས་ན། དེ་ནི་མཆོག་ཏུ་ཟབ་པ་དང་། འཇུག་པར་དཀའ་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་སྟེ། ཀུན་རྫོབ་ཀྱི་བདེན་པའི་རྐྱེན་ཅན་ནོ། །རྒྱུ་རྐྱེན་གྱིས་འབྱུང་བ་ནི། ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ནི་ཇི་སྲིད་དུ་རྨི་ལམ་དང་། མིག་འཁྲུལ་དང་། གཟུགས་བརྙན་ལྟར་སྣང་བ་དང་ལྡན་པ་སྒྱུ་མའི་ཏིང་ངེ་འཛིན་ཏེ། རང་གི་མཚན་ཉིད་ཀྱིས་ཚངས་པའི་གནས་བཞིའི་རྒྱུར་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་གཉིས་ཟུང་ངུ་འབྲེལ་བར་འཇུག་པའི་རིམ་པ་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་གང་ཡིན་༼༣ན༥༽པ་དེ་ནི་ཡང་དག་པའི་ཚུལ་གྱིས་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ནོ། །གཉིས་པ་སྒྲོ་འདོགས་གཅོད་པ་ལ་མ་གྱི་ངེས་པ་ལ། ཐོས་བསམ་གྱིས་གཏན་ལ་འབེབས་པ་སྒྲོ་འདོགས་ཕྱི་ནས་གཅོད་པ་ཐུན་མོང་གི་ལམ། མན་ངག་གིས་གཏན་ལ་འབེབས་པ་སྒྲོ་འདོགས་ནང་ནས་གཅོད་པ་ཐུན་མོང་མ་ཡིན་པའི་ལམ་དང་གཉིས་སོ། །དེ་ལས། དང་པོ་ནི། བལྟ་བར་བྱ། ཞེས་པ་ཐོས་པ་དང་བསམ་པའི་སྒོ་ནས་སོ། །དེ་ཡང་། ཐོས་པ་གང་ཞེ་ན། འདི་ལྟ་སྟེ། ལྷན་ཅིག་སྐྱེས་པ་དེ་ཁོ་ན་ཉིད་འདི་ཉིད་ཀྱི་དཔེར། དངོས་པོ་དང་དངོས་པོ་མེད་པ་གཅིག་པ་ཉིད་འགྱུར་ཏེ། ཆོས་མི་མཐུན་པའི་ཕྱིར་རོ། །དཔེར་ན་འཇིག་རྟེན་གྱི་དཔེ་བུམ་པ་དང་ཆོས་མི་མཐུན་པ་ནམ་མཁའི་མེ་ཏོག་ནི་མེད་པ་ཐམས་ཅད་ཀྱི་མེད་པ་དང་། དེ་བཞིན་ནམ་མཁའ་མེ་ཏོག་དང་ཆོས་མི་མཐུན་པ་བུམ་པ་དང་དངོས་པོ་ཐམས་ཅད་ཀྱི་ཡོད་པ་གཉིས་ཕན་ཚུན་ཆོས་མི་མཐུན་པའི་དཔེར་འགྱུར་རོ། །དེ་ལྟར་ཆད་པའི་མི་མཐུན་པ་དངོས་པོ་ཐམས་ཅད་ཀྱི་ཡོད་པ་དང་། སྲིད་པའི་མི་མཐུན་པ་ཆད་པ་མེད་པ་ཐམས་ཅད་ཀྱི་མེད་པའོ། །དེ་ལྟ་བས་ན་འཇིག་རྟེན་ལས་འདས་པའི་དཔེར། བུམ་པ་དང་ནམ་མཁའི་མེ་ཏོག་འདི་གཉིས་གཅིག་པ་ཉིད་འགྱུར་ཏེ། ཆོས་ཐམས་ཅད་མི་མཐུན་པའི་ཕྱིར་རོ། །ཀུན་རྫོབ་ཏུ་དེ་གཉིས་གཅིག་པ་མེད་དེ། ཕན་ཚུན་འགལ་བའི་ཕྱིར། གང་གི་གང་ཡོད་པ་དེ་ནི་མེད་པར་མི་འགྱུར་ཞིང་། གང་མེད་པ་དེ་ཡང་ཡོད་པར་མི་འགྱུར་བ་སྟེ། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ལས་སོ། །གང་ཡོད་པའི་མཚན་ཉིད་དང་། མེད་པའི་མཚན་ཉིད་ཀྱིས་སེམས་སུ་གྱུར་པ་སྟེ། མེད་པ་དང་ཡོད་པའི་མཚན་ཉིད་དུ་མི་འགྱུར་ཏེ། འགལ་བའི་ཕྱིར། འདིར། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་པྲ་ཕབ་པ་ལྟ་བུ་ནི། གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ། རྡུལ་ཕྲ་རབ་མེད་པའི་ཕྱིར་གཟུགས་མེད་པའི་མཚན་ཉིད་མ་ཡིན་ཏེ། སྟོང་པ་ལ་གཟུགས་ཡོད་པའི་ཕྱིར། དེས་ན་ཀུན་རྫོབ་སྟོང་པ་ཉིད་ཀྱི་གཟུགས་དང་། སྟོང་༼༣བ༦༽ཉིད་ཀུན་རྫོབ་ཀྱི་གཟུགས་ཅན་དེ། འཇིག་རྟེན་པའི་དཔེ་ལས་འདས་པའི་ཕྱིར། སེམས་གང་ཡོད་པའི་སེམས་དེ་མེད་པ་དང་། རྟག་ཆད་ཀྱིས་ཆོས་ཀྱི་མཚན་ཉིད་དང་བྲལ་བ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའོ། །འདི་ནི། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་རྣམས་ཀྱིས་སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱིས་སོ། །གཉིས་ཀ་ལའང་མི་གནས་ཏེ། ཕན་ཚུན་འགལ་བའི་ཕྱིར། དེ་གཉིས་གཅིག་པ་ཉིད་མ་ཡིན་ཏེ། ཉི་མ་དང་གྲིབ་མ་བཞིན། དེ་ནི་སྐྱེ་བ་མེད་པ། གནས་པ་མེད་པ། འཇིག་པ་མེད་པ་སྟེ། སྐད་ཅིག་གང་ལ་སྐྱེ་བར་འགྱུར་བའི་སྐད་ཅིག་དེ་ལ། གནས་པ་དང་འཇིག་པ་མེད་དོ། །སྐད་ཅིག་ལ་གནས་པའི་སྐད་ཅིག་དེ་ལ་སྐྱེ་བ་དང་འགག་པ་མེད་དོ། །སྐད་ཅིག་གང་ལ་འཇིག་པའི་སྐད་ཅིག་དེ་ལ་སྐྱེ་བ་དང་གནས་པ་མེད་དོ། །དེ་ལྟར་རིམ་པ་ཅི་ལྟ་བ་བཞིན་ཆོས་ཐམས་ཅད་སྐད་ཅིག་སྐྱེ་བ་དང་། སྐད་ཅིག་གནས་པ་དང་། སྐད་ཅིག་འཇིག་པར་མི་འགྱུར་རོ། །ཅིག་ཅར་ཡང་མི་སྲིད་དེ། ཆོས་ཐམས་ཅད་དུས་གཅིག་ཏུ་སྐྱེ་བ་དང་། གནས་པ་དང་། འཇིག་པའི་སྐད་ཅིག་རྣམས་གཅིག་པ་ཉིད་ཡོད་པ་མ་ཡིན་ནོ། །ཅི་སྟེ་རིམ་པ་ཅི་ལྟར་བར་སྐྱེ་བའི་སྐད་ཅིག་ལ་གནས་པའི་སྐད་ཅིག་དང་། དེ་ལས་འཇིག་འི་སྐད་ཅིག་དང་། དེ་ལས་སྐྱེ་བའི་སྐད་ཅིག་འབྱུང་ངོ་། །ཞེ་ན། དོན་དམ་པའི་རིགས་པས་མི་འཐད་དེ། སྐད་ཅིག་སྔ་མ་འགགས་པ་ལས་སྐད་ཅིག་གཞན་མི་འབྱུང་ཞིང་། དེ་བཞིན་དུ་འགགས་པས་ལས་ཀྱང་མི་འབྱུང་ངོ་། །དཔེར་ན། ས་བོན་མ་ཉམས་པ་ལས་མྱུ་གུ་འབྱུང་བ་དང་། ཉམས་པ་ལས་མི་འབྱུང་བ་བཞིན་ནོ། །དེ་ལྟར། དོན་དམ་པར་ནི་དངོས་པོ་མེད་པ་མེད་པའི་ཕྱིར་སྐད་ཅིག་མེད་ལ། གཅིག་དང་དུ་མ་འགལ་བས་སོ། །དེ་ཡང་སྐད་ཅིག་ཐམས་ཅད་མེད་པ། གཅིག་དང་དུ་མ་དང་བྲལ་བ། མཆོག་གི་གཉིས་སུ་མེད་པ་སྟེ། དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས། ཡོད་དང་མེད་ལས་རྣམ་པར་འདས། གཉིས་མེད་༼༤ན༧༽དངོས་དང་དམོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིས་མེད་པ། །ཞེས་གསུངས་པས་སོ། །འོ་ན་བསམ་པ་ཇི་ལྟར་ཞེ་ན། འདིར་སྨྲས་པ། མཚན་མའི་རྣམ་པས་མི་གཡེང་བར། ཞེས་པ་སྟེ། མཚན་མ་ནི། རྟོག་པ་དང་། རྣམ་པར་རྟོག་པ་དང་། ཀུན་ཏུ་རྟོག་པ་དང་། སོ་སོར་རྟོག་པ་དང་། རྗེས་སུ་རྟོག་པའོ། །དེ་དག་ཀྱང་རིམ་པ་བཞིན། འདི་ལྟ་སྟེ། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་འཁྲུལ་བའི་ཤེས་པ་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆགས་སུ་འབྱུང་བ་དང་། ཤེས་པ་ཡུལ་དང་ཡུལ་ཅན། གཟུང་བ་དང་འཛིན་པ་ལ་སོགས་པ་གཉིས་སུ་སྒྲོ་བཏགས་ཤིང་། གཉིས་སུ་མངོན་པར་ཞེན་པ། ཨ་འཐས་པའི་གཉིས་འཛིན་གྱི་རྣམ་པ་ཅན་དང་། གྲངས་དང་རིས་སུ་མ་ཆད་པར་སྣ་ཚོགས་སུ་འཆར་ཞིང་། སྣ་ཚོགས་སུ་འཁྲུལ་པའི་སྒོ་མཐའ་ཡེས་པ་ཁམས་གསུམ་གྱི་སྣང་གྲགས་མཐའ་ཡས་པ་དང་། དེ་ཉིད་ཀྱི་སྟེང་དུ་སྐྱོན་ཡོན་གྱི་ཆ་མ་འདྲེས་པར་བླང་དོར་གྱི་གནད་རྣམས་ཚུལ་བཞིན་དུ་འཇལ་བ་དང་། ཤིན་ཏུ་ཕྲ་བའི་གནས་རྣམ་པར་འབྱེད་པའི་བློ་རྣམས་སོ། །རྣམ་པར་མི་གཡེང་བ་ནི། དེ་དག་འཁོར་བའི་གནས་ཚུལ་དུ་ཤེས་པས་འཇིག་པར་བལྟ་ཞིང་སྐྱོན་གྱི་རང་བཞིན་དུ་མངོན་པར་འདུ་ཤེས་ནས་དེ་དག་ལས་ཐར་པའི་དོན་དུ་གཉེར་བ་སྟེ། འཁོར་བ་དེ་ཉིད་དཔྱད་ན་བདེན་པའི་དངོས་པར་མ་གྲུབ་ཅིང་རང་བཞིན་གྱིས་མ་གྲུབ་པས་སྟོང་ཉིད་དུ་རྟོགས་པས་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། དེ་ལྟར་ཡོངས་སུ་ཤེས་པ་ལས་ནི་སྤངས་པར་བྱ་བའི་དངོས་པོ་རྡུལ་ཙམ་ཡང་མ་དམིགས་ཤིང་མཚན་མར་འཛིན་པའི་རྟོག་པ་ལས་གྲོལ་བས་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། དངོས་པོའི་རྩོལ་བ་ཡོངས་སུ་ཟད་པ་དེ་དག་ལས་མངོན་པར་འདོད་པའི་དོན་༼༤བ༨༽བདག་ཉིད་ཀྱིས་བསྒྲུབ་པར་བྱ་བ་མེད་ཅིང་དེ་ལ་བརྟེན་ནས་ཡོངས་སུ་ཐོབ་པ་མེད་པས་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལ་འཇུག་པ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པའོ། །དེ་ལྟར་ཆོས་ཐམས་ཅད་ལ་མ་དག་པའི་དྲི་མ་རང་བཞིན་གྱིས་མེད་པར་ཤེས་པས་ཡང་དག་པའི་དོན་སྙིང་པོའི་ཚུལ་དུ་རྟོགས་པར་ནུས་ཏེ། རང་བཞིན་དང་སྙིང་པོ་རྙེད་པ་ལས་ཉེ་བར་འགྱུར་བ་ཡིན་ནོ། །དེ་ལྟར་ན། སྡེ་སྣོད་གསུམ་གྱི་ཚུལ་ལས། གཅིག་པུར་འགྲོ་ཞིང་རིང་དུ་རྒྱུ། ལུས་མེད་དབང་པོའི་ཕུག་ན་གནས། གདུལ་བར་དཀའ་བའི་སེམས་འདུལ་བྱེད། ཅེས་གསུངས་སོ། །གཉིས་པ་ནི། འགྲོ་བ་དང་ནི་འཆག་པ་དང་། ཉལ་དང་འདུག་པ་ཐམས་ཅད་དུ། ཞེས་པ་ནི། གང་ཡིད་ལ་བྱེད་པའི་ཆོས་ཐམས་ཅད་མི་དགེ་བའོ། །གང་ཡིད་ལ་མི་བྱེད་པའི་ཆོས་ཐམས་ཅད་ནི་དགེའོ། །ཞེས་བྱ་བའི་དོན་གྱི་དབང་ནི་གསལ་བར་བྱེད་པའོ། །དེ་ཡང་ཇི་ལྟར་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། འདོད་ཆགས་དང་བྲལ་བ་དང་། མྱ་ངན་ལས་འདས་པ་སྟེ། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཕྱག་རྒྱ་ཞེས་བྱ་བའི་མདོ་ལས། དེ་ནས་མཆོག་ཏུ་དགའ་བའི་རྒྱལ་པོ་སོགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས། ཆོས་ཆོས་ཞེས་བགྱི་བའི་ཆོས་དེ་གང་གི་ཚིག་བླ་དགས་ལགས། ཞེས་གསོལ་པ་དང་། བཀའ་སྩལ་པ། རིགས་ཀྱི་བུ་དག །ཆོས་ཆོས་ཞེས་བྱ་བ་དེ་ནི་འགྱུར་བ་མེད་ཀྱང་རྣམ་པར་རྟོག་པ་མེད་པའི་ཚིག་བླ་དགས་སོ། །གསོལ་པ། དེ་ཉིད་གང་གི་ལགས། དམིགས་པ་མེད་པའི་ཚིག་བླ་དགས་སོ། །དེ་གང་ལགས། མི་ཟད་པའི་ཚིག་བླ་དགས་སོ། །དེ་ཡང་མི་སྐྱེ་བའི། དེ་མི་འགོག་པའི། དེ་གདུང་བ་མེད་པའི། དེ་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །ཞེས་སོགས་རྒྱས་པར་གསུངས་སོ། །དེ་ཡང་ལྟ་བའི་རྣམ་པ་ཐམས་ཅད་ངེས་པར་རྟོགས་པར་འགྱུར་བ་དང་། ༼༥ན༩༽རྣམ་པར་རྟོག་པ་ཐམས་ཅད་ལས་འདའ་བར་འགྱུར་བ་དང་། འགྲོ་བ་ཐམས་ཅད་ལས་འདའ་བར་འགྱུར་བ་དང་། སྣ་ཚོགས་ལས་འདའ་བར་འགྱུར་བ་དང་། བདག་མེད་པར་འགྱུར་བ་དང་། འདོད་ཆགས་ཀྱི་རང་བཞིན་མེད་པར་འགྱུར་བ་དང་། ཆོས་ཐམས་ཅད་དེའི་རང་བཞིན་དུ་སྟོན་པ་རྣམས་ཀྱི་རྡོ་རྗེའི་ཚིག་གོ། །དེ་བས་ན། ཆོས་ཐམས་ཅད་ལ་བལྟོས་པ་མེད་པ་བསྒོམ་པར་བྱ་བ་སྟེ། གཟུགས་ལ་གནས་པར་མི་བྱ། ཚོར་བ་ལ་མ་ཡིན། འདུ་ཤེས་ལ་མ་ཡིན། འདུ་བྱེད་རྣམས་ལ་མ་ཡིན། རྣམ་པར་ཤེས་པ་ལ་མ་ཡིན། སའི་ཁམས་ལ་མ་ཡིན། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་དང་། རླུང་གི་ཁམས་དང་། སྟོང་པའི་ཁམས་དང་། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་ཤེས་ཀྱི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་ཤེས་ཀྱི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་ཤེས་ཀྱི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་ཤེས་ཀྱི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་ཤེས་ཀྱི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་རྣམས་ལ་གནས་པར་མི་བྱའོ། །ཅིའི་ཕྱིར་ན། དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པར་བསམ་པ་མེད་པ་ལ་གནས་པར་བྱ་བས་ཏེ། བླ་མ་དམ་པའི་བྱིན་རླབས་ཀྱི་དབང་གིས་སོ། །དེ་ལྟར་ཡང་གསང་བ་འདུས་པ་ལས། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་སོ། །གསུམ་པ་ནི། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པར་རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི། ཐམས་ཅད་མཁྱེན་པ་སྟེ། ཐམས་ཅད་གཟིགས་པ་ཉིད་དོ། །མཚན་མ་མེད་པའི་རྣམ་པར་ཐར་བས་༼༥བ༡༠༽རྣམ་པར་དག་པ་ཐུགས་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་སྐུ་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི་ཡེ་ཤེས་ཀྱི་སྐུ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བས་གནས་པ་ཉིད་ཀྱི་ཕྱིར་རོ། །སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་གསུང་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལམ་མཁྱེན་པ་ཉིད་ཐོབ་པ་ནི་ཉིན་མོར་བྱེད་པའི་སྐུ་སྟེ། མཐའ་ཡས་པས་མཐའ་ཡས་པའི་སེམས་ཅན་གྱི་སྐད་ཀྱིས་ཅིག་ཅར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྐུ་རྡོ་རྗེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྤྲུལ་པའི་སྐུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི། པདྨའི་འདབ་མ་རྒྱས་པའི་སྤྱན་ཏེ། མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་ཅིག་ཅར་རྣམ་པ་ཐམས་ཅད་པའི་སྐུའི་བཀོད་པའི་རྫུ་འཕྲུལ་སྤྲོ་བའི་ཕྱིར་རོ། །ཞེས་བཤད་པ་དག་རྟོག་པའི་སྐད་ཅིག་ཉིད་ལ་མངོན་དུ་ཐོབ་པར་འགྱུར་རོ། །གསུམ་པ་མཐར་ཕྱིན་པའི་དོན་བསྡུ་བ་ནི། བདེན་པ་གཉིས་གཉིས་སུ་མེད་པས་རྒྱུ་དང་། འབྲས་བུ་དག་གཉིས་སུ་མེད་པའོ། །རྒྱུ་འབྲས་གཉིས་སུ་མེད་པས་ན། ཐོབ་པ་དང་ཐོབ་པར་བྱ་བ་ཡང་གཉིས་སུ་མེད་དོ། །ཐོབ་བྱ་ཐོབ་བྱེད་གཉིས་སུ་མེད་པས། སྒོམ་པ་པོ་དང་། སྒོམ་པ་དང་། བསྒོམ་པར་བྱ་བ་གཉིས་སུ་མེད་པ་ཡིན་ནོ། །དེ་དག་གཉིས་སུ་མེད་པས་ན། སློབ་པ་དང་ཡོངས་སུ་རྫོགས་པ་དག་ལ་ཁྱད་པར་མེད་དོ། །འོན་ཀྱང་གནས་སྐབས་སུ་བསླབ་པ་དང་སློབ་པར་བྱེད་པ་དག་སྣང་སྟེ། རྒྱུ་དང་འབྲས་བུ་དག་ཀྱང་འབྱུང་བར་འགྱུར་རོ། །རྒྱལ་བའི་གསུང་མཆོག་མཆོག་ཏུ་ཟབ་པ་ཚུལ་བཞིན་བསྟན་པའི་དོན། །དོན་བཞིན་སྟོན་མཁས་མཁས་པའི་མན་ངག་ཡང་དག་ལམ་སྟེ་སྙིང་པོའི་གཞུང་། གཞུང་གི་རྒྱ་ས་འགྲེལ་འགྲེལ་པ་འདི་ནི་ཕན་དང་བདེ་བའི་དཔལ། དཔལ་ཡོན་མ་ལུས་ལུས་ཅན་ཀུན་གྱིས་ཐོབ་པའི་ཕྱིར་དུ་བཤད། ཐུབ་༼༦ན༡༡༽དབང་བསྟན་ལ་བྱ་བ་བྱེད་པའི་མཁས་གྲུབ་རྣམས་ནི་སྟོན་དུས་བྱ་བཞིན་སོ་སོར་གྱེས། རྣམ་དཔྱོད་གསལ་ལྡན་རབ་བྱུང་རྣམས་ནི་བ་མོས་ཕོག་པའི་མེ་ཏོག་ཇི་བཞིན་བརྙིངས་པར་གྱུར། དགེ་བའི་ལུས་ཅན་རྒྱལ་པོ་རྣམས་ནི་པདྨོའི་གཉེན་དྲུང་ཀུ་མུད་ཉིད་བཞིན་ཟུམ་པ་ཉིད། བསོད་ནམས་མིན་ལས་སྤྱོད་པ་རྣམས་ནི་དབྱར་གྱི་ལྗོན་པའི་འདབ་མ་བཞིན་རྒྱས་བདག་སེམས་སྐྱོ། སྐྱོབ་པ་རྣམས་ཀྱིས་ལེགས་གཟིགས་ནས། གཞན་ལ་སྩལ་བའི་སྙིང་པོའི་ལམ། གང་འདིར་བློ་ཅན་རྣམས་ཞུགས་ཏེ། གོ་འཕང་དམ་པ་དེ་བགྲོད་ཤོག །ཅེས་པ་འདི། ཤཱཀྱའི་དགེ་སློང་ཆོས་ཀྱི་མགོན་པོས་བསྐུལ་བའི་ངོར། ཀློག་པ་དང་སྤོང་བའི་བརཏལ་ཞུགས་འཛིན་པ་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའམ། མིང་གཞན་མིའི་མཆོག་གིས། དཔལ་བཀྲ་ཤིས་མཐོང་སྨོན་གྱི་ཆོས་གྲྭ་ཆེན་པོར་སྦྱར་བ་རྫོགས་སོ།། །།མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousགསང་བ་མཛོད་ཀྱི་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ།next