Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
ངོ་སྤྲོད་ཀེའུ་ཚང་མའི་འགྲེལ་པ་ཐེག་པ་ཆེན་པོའི་དོན་རབ་ཏུ་གསལ་བ།
   
   
   
   
   
   
   
   


 
previousངོ་སྤྲོད་ཀེའུ་ཚང་མའི་འགྲེལ་པ་ཐེག་པ་ཆེན་པོའི་དོན་རབ་ཏུ་གསལ་བ།next

ངོ་སྤྲོད་ཀེའུ་ཚང་མའི་འགྲེལ་པ་ཐེག་པ་ཆེན་པོའི་དོན་རབ་ཏུ་གསལ་བ།

ངོ་སྤྲོད་ཀེའུ་ཚང་མའི་འགྲེལ་པ་ཐེག་པ་ཆེན་པོའི་དོན་རབ་ཏུ་གསལ་བ་ཞེས་བྱ་བ་བཞུགས་སོ། །ངོ་སྤྲོད་ཞལ་གདམས་ཀེའུ་ཚང་མ་ཞེས་བྱ་བའི་འགྲེལ་པ་ཐེག་པ་ཆེན་པོའི་དོན་རབ་ཏུ་གསལ་བ། རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་དང་རྡོ་རྗེ་རྣལ་འབྱོར་མ་དབྱེར་མེད་པ་ལ་དང་བས་ཕྱག་བགྱིའོ། །གང་ཞིག་སྒྲིབ་པ་མ་ལུས་སྤངས་ཤིང་མཁའ་ལྟར་རོ་མཉམ་རྟོགས་དཀའ་བ། ཡོད་དང་མེད་པ་ཀུན་ལས་རྣམ་གྲོལ་མཁའ་ཁྱབ་ལྷན་ཅིག་སྐྱེས་པ་ཉིད། གཅིག་དང་དུ་མིན་ཕུན་ཚོགས་ཕན་བདེའི་འབྱུང་གནས་མཁའ་ཡི་རྡོ་རྗེ་ཅན། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་དེ་རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག །རྒྱལ་བའི་དབང་པོ་གང་གི་གསུང་རབ་རིན་ཆེན་འབྱུང་བའི་གནས་དེ་ཉིད། རྒྱལ་སྲས་ལྷ་མིན་རྗེ་བོས་མཁྱེན་རབ་ལྷུན་པོ་དེ་ཡིས་བསྲུབས་པ་ལས། རྒྱལ་མཆོག་གོ་འཕང་མྱུར་དུ་ཐོབ་བྱེད་གདམས་པའི་བདུད་རྩི་རྙེད་པ་འདི། །རྒྱལ་རྣམས་དགྱེས་ཕྱིར་བདག་གིས་འདིར་ནི་འགྲོ་ལ་རིས་མེད་སྦྱིན་པར་བྱ། དེ་ཡང་འདིར་རྒྱལ་བའི་བདག་པོ་རྣམས་རང་རང་གི་སྐལ་བ་དང་རྗེས་སུ་མཐུན་པར་བསྟན་པའི་སྡེ་སྣོད་རིན་པོ་ཆེ་མཐའ་དག་གི་བརྗོད་བྱ་ཉེ་བར་བསྡུས་ནས་རྡོ་རྗེའི་ཚིག་ཏུ་བཤད་པ་རྣམ་པར་འགྲེལ་པ་ལ། དགོས་འབྲེལ་གྱི་རྣམ་གཞག་གོ་བླ་མས་མི་སྤྲོ་ལ། རྗོད་བྱེད་ཀྱི་དོན་བཤད་པ་ལ་ལུས་རྣམ་པར་དག་པ་རྡོ་རྗེའི་ཚིག་བསྟན། ཡན་ལག་རྒྱས་བཤད་ཀྱིས་དེ་རྣམ་པར་ཕྱེ་སྟེ་སྟོན་པའོ། །དང་པོ་ནི། བུ་འཁྲུལ་པའི་རྩ་བ་ཆོད་ལ་སྐྱེ་མེད་ཀྱི་ངང་ལ་གཞོག །སྣང་ཐོག་ཏུ་རོ་སྙོམས་ལ་འགག་མེད་ལ་རྩལ་སྦྱོངས། ཆགས་སྡང་གི་དབང་དུ་མ་བཏང་བར་གཉིས་མེད་ཀྱི་བཙན་ས་གཟུང་། གཟུང་འཛིན་གྱི་བློ་དང་ཕྲོལ་ལ་ཡེངས་མེད་ཀྱི་དྲན་པ་བསྟེན། བུ་དེ་ལྟར་བྱས་ན་མང་དང་ནམ་དུ་ཡང་འབྲལ་བ་མེད་དོ། །ཞེས་པའོ། །གཉིས་པ་ལུང་རིགས་ལ་བརྟེན་ནས་སྒྲོ་འདོགས་ཕྱི་ནས་གཅོད་པའི་གདམས་ངག་མདོའི་ལུགས། བླ་མའི་༼༢ན༣༽མིན་དག་ལ་བརྟེན་ནས་སྒྲོ་འདོགས་ནང་ནས་གཅོད་པ་སྔགས་ཀྱི་ལུགས་སོ། །དང་པོ་ལ། གང་སྤང་བར་བྱ་བའི་ཡུལ་བཤད། དེ་སྤོང་བྱེད་ཀྱི་གཉེན་པོ་བཤད་པའོ། །དང་པོ་ནི། འཁྲུལ་པའི་རྩ་བ་ཞེས་པ་སྟེ། གནས་ཚུལ་ཡང་དག་པའི་དོན་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་འཁྲུལ་པ་དང་། རྩ་བ་ཞེས་པ། གནས་ལུགས་མ་རྟོགས་པས་མ་རིག་པ་སྟེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་མ་ཤེས་པར་མངོན་རྟགས་སུ་ཞེན་པ་རློམ་པར་སེམས་པའོ། །དེ་ལྟར་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། ཡང་དག་པར་ནི་རྟོགས་པ་གང་། དེ་ལ་སྟོན་པས་མ་རིག་གསུངས། ཞེས་གསུངས་སོ། །དེ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའོ། །དང་པོ་ལ་ཡང་། འཁོར་བ་སྐྱེད་བྱེད་ཀྱི་ཉོན་སྒྲིབ་དང་། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ལས། དང་པོ་མ་རིག་པ་ཙམ་དང་། ཕྱི་མ་ཆགས་སྡང་གཉིས་སོ། །ཤེས་སྒྲིབ་ལའང་བག་ལ་ཉལ་དང་མངོན་གྱུར་གྱི་ཤེས་སྒྲིབ་བོ། །སྔ་མ་རྟོག་མེད་ཀྱི་ཤེས་པ་ཧད་པོ་ལུང་མ་བསྟན་དང་། རྗེས་མ་དེ་མ་ཡིན་ལ་དེ་འཛིན་གྱི་ཤེས་པ་ལ་འཆད་དོ། །རྩ་བའི་དབྱེ་གཞི་གཉིས་ལ། གསུང་རབ་འགའ་ཞིག་ཏུ་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཞེས་དང་། ལ་ལར་ཉོན་མོངས་པ་ཅན་གྱི་མུན་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་ཞེས་དང་། སྤང་བྱ་ལ་མཐོང་སྤང་དང་སྒོམ་སྤང་དུ་འཆད་པ་ཡང་ཡོད་དོ། །མདོར་ན་མ་རིག་པ་དེས་བདག་འཛིན་སྐྱེས། དེ་ལས་བདག་གཞན་གཉིས་འཛིན་པ་སྐྱེས། དེ་ལས་སྤང་བྱའི་ཆོས་མཐའ་དག་སྐྱེས་པའི་ཕྱིར་རྩ་བཞེས་བརྗོད་པ་ཡིན་ནོ། །དེ་ལྟར་ཡང་རིག་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པས། བདག་ཡོད་ན་ནི་གཞན་དུ་ཤེས། བདག་གཞན་ཆ་ལ་འཛིན་དང་སྡང་། །ཞེས་དང་། ཡང་། དེ་མ་རིག་དེ་དེ་ལ་ཆགས། དེ་ལས་ཞེ་སྡང་ལ་སོགས་འབྱུང་། དེ་ཉིད་ཀྱིས་ནི་ཉེས་རྣམས་ཀྱི། རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་གསུངས་པས་སོ། །གཉིས་པ་ལ། བདག་མེད་རྟོགས་པའི་ཤེས་རབ་༼༢བ༤༽ཀྱིས་སྟོང་ཉིད་བྱེ་བྲག་ཏུ་བཤད་པ་ཟབ་མོ་ལྟ་བའི་ཕྱོགས་དང་། སྡུག་བསྔལ་བྱང་སེམས་སུ་བློ་སྦྱོང་བས་སྙིང་རྗེ་བྱེ་བྲག་ཏུ་བཤད་པ་རྒྱ་ཆེན་སྤྱོད་པའི་ཕྱོགས་སོ། །དང་པོ་ནི། ཆོད་ལ་སྐྱེ་མེད་ཀྱི་ངང་ལ། ཞེས་པ་མ་རིག་པ་དང་བདག་འཛིན་དང་སྐྱེ་བའི་དངོས་པོ་ལ་སོགས་པ་སྤང་བྱ་ཐམས་ཅད་གཏན་ཚིགས་ཀྱིས་དགག་བྱར་བྱས་ནས་བདག་མེད་པ་དང་། བདེན་པར་མ་གྲུབ་པ་དང་། སྐྱེ་བ་མེད་པ་དང་། ངོ་བོ་མེད་པ་དང་། མཚན་ཉིད་མེད་པ། རང་བཞིན་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བའི་བདག་ཉིད་ཅན་དུ་གཏན་ལ་འབེབས་པར་བྱེད་པ་སྟེ་བདག་ཉིད་ཆེན་པོའི་ཚད་མའི་བསྟན་བཅོས་རྣམ་འགྲེལ་དུ། འདི་ཡུལ་སུན་དབྱུང་མེད་པར་ནི། དེ་སྤོང་བར་ནི་ནུས་མ་ཡིན། ཞེས་གསུངས་པས་བདག་འཛིན་སྐྱེ་བའི་ཡུལ་སུན་འབྱིན་གྱི་རིགས་པས་ཚར་བཅད་པས། གཟུང་བ་མེད་པས་དེ་འཛིན་མེད། ཅེས་བཤད་པ་བཞིན། ཡུལ་བདེན་མེད་དུ་གཏན་ལ་འབེབས་པའི་ཚེ། ཡུལ་ལ་བདེན་འཛིན་གྱི་སྤྲོས་པ་འཇིག་པར་བྱེད་པའི་ཕྱིར་རོ། །འོ་ན་གཏན་ཚིགས་ཀྱི་རིགས་པས་ཆགས་སྡང་སྐྱེ་བའི་ཡུལ་བདེན་མེད་གཏན་ལ་ཕེབས་པ་རིགས་པ་མ་ཡིན་ནོ་ཞེ་ན། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་བཤད་པ་ལས། ཡིད་ཉེ་བར་རྟོགས་ཤིག །སྐྱེ་མེད་ཅེས་པ་ལྟ་བས་ཐག་གཅོད་པ་ཡིན་ཏེ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་ནས། ས་བོན་ཞིག་དང་མ་ཞིག་ལས། མྱུ་གུ་སྐྱེ་བ་མ་ཡིན་ཏེ། ཁྱོད་ཀྱི་སྐྱེ་བ་ཐམས་ཅད་ནི། སྒྱུ་མ་འབྱུང་བ་བཞིན་དུ་གསུངས། ཞེས་པས་འབྲས་བུ་དོན་དམ་པར་དཔྱད་ན་མ་སྐྱེ་བ་སྟེ་རང་རྒྱུ་ཞིག་པའི་ཚེ་ན་ཡང་མ་སྐྱེས། རང་རྒྱུ་མ་ཞིག་པའི་ཚེའང་མ་སྐྱེས་པའི་ཕྱིར་རོ། །དང་པོ་གྲུབ་སྟེ་དེའི་ཚེ་དེ་འདས་ཟིན་པའི་ཕྱིར་དང་། དེ་རང་རྒྱུར་འགྱུར་བས་ཧ་ཅང་ཐལ་ལོ། །ཕྱི་མ་གྲུབ་སྟེ་དེ་དང་དེ་གཉིས་དུས་མཉམ་དུ་འགྱུར་བའི་ཕྱིར། །རྒྱུ་དུས་སུ་འབྲས་བུ་སྐྱེ་ན་དུས་མཉམ་དང་། འབྲས་དུས་སུ་འབྲས་བུ་སྐྱེ་ན་དེའི་རྒྱུ་མེད་པས་རྒྱུ་མེད་དུ་འགྱུར་རོ། །༼༣ན༥༽དེ་ལྟར་ཡང་། ཡོད་པ་ཡོད་ཕྱིར་མི་སྐྱེ་སྟེ། མེད་པ་ནམ་མཁའི་མེ་ཏོག་གི་བཞིན། ཞེས་གསུངས་སོ། །ཡང་རྒྱུ་ལས་འབྲས་བུ་དངོས་པོ་ཞིག་སྐྱེའམ་དངོས་མེད་ཅིག་སྐྱེ། དང་པོ་ལྟར་ན་དེ་སླར་སྐྱེ་བ་མི་སྲིད་དེ། དངོས་པོ་ཡིན་ན་འདུས་བྱས་པ་ཁྱབ། །འདུས་བྱས་ཐམས་ཅད་ནི་སྐྱེས་པ་ཡིན་པའི་ཕྱིར། ཁྱབ་སྟེ་བཏགས་ཟིན་མི་འཐག་པ་བཞིན་སྐྱེས་ཟིན་སྐྱེ་བར་རིགས་པ་མ་ཡིན་ནོ། །ཕྱི་མ་ལྟར་ན་རྐྱེན་ལ་བལྟོས་པ་དང་འགལ་ལ། དེ་དངོས་མེད་དངོས་པོར་འགྱུར་བ་ཡོད་ན་རྟག་པ་མི་རྟག་པར་འགྱུར་པ་ཡོད་དགོས་པ་སོགས་ཀྱི་སྐྱོན་མཆིས་ཏེ། སྤྱོད་འཇུག་ལས། དངོས་པོ་ཡོད་པར་གྱུར་པ་ལ། རྒྱུ་ཡི་དགོས་པ་ཅི་ཞིག་ཡོད། ཅེས་སོགས་ཚིགས་སུ་བཅད་པ་གཞིས་བསྟན་པས་སོ། །གཞན་ཡང་འཛིན་པ་སྔོ་འཛིན་མིག་གི་རྣམ་ཤེས་ལ་སོགས་པ་རང་གི་གཟུང་དོན་ལས་སྔར་སྐྱེའི་ལྷན་ཅིག་སྐྱེའམ་ཕྱིས་སྐྱེ་བ་མི་འཐད་པ་ལའང་གནོད་བྱེད་རིགས་བསྒྲེའོ། །མདོར་ན་ཆོས་ཐམས་ཅད་ལ་དེ་ལྟར་དཔྱད་པས་སྐྱེ་འགག་གནས་གསུམ་དང་བྲལ་ནས་སྟོང་ཉིད་དུ་རྟོགས་པར་འགྱུར་རོ། །ཇི་སྐད་དུ། དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱིས། སྐྱེ་བ་རྟོགས་པར་འཐུར་མ་ཡིན། ཞེས་དང་། དེ་ལྟར་འགག་པ་ཡོད་མིན་ཞིང་། །དངོས་པོའང་ཡོད་མིན་དེ་ཡི་ཕྱིར། །འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མ་འགགས་ཉིད། །འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །མྱ་ངན་འདས་དང་མ་འདས་ང་། །དེ་ཉིད་དུ་ནི་ཁྱད་པར་མེད། །ཅེས་གསུངས་པས་སོ། །དེ་ལྟར་དཔྱད་ན་ཆོས་ཐམས་ཅད་སྐྱེ་བ་མེད་པ་དོན་དམ་དང་། སྐྱེ་བ་དང་བཅས་པ་ཐམས་ཅད་ནི་ཀུན་རྫོབ་བོ། །ཇི་སྐད་དུ་མདོ་ལས། མི་སྐྱེ་བ་ནི་བདེན་པའོ། །སྐྱེ་བ་ལ་སོགས་པའི་ཆོས་གཞན་ནི་བདེན་པ་བརྫུན་པ་བསླུ་བའི་ཆོས་ཅན་ནོ། །ཞེས་རྒྱ་ཆེར་གསུངས་སོ། །སྐྱེ་བ་མེད་པ་ཞེས་པ་དེ་ཡང་འགྱུར་བ་མེད་ཅིང་རྟག་ཏུ་གནས་པ་ཉིད་དེ་སློབ་དཔོན་གྱིས། མྱ་ངན་འདས་པ་བདེན་གཅིག་པུར། རྒྱལ་བ་རྣམས་ཀྱིས་གང་གསུངས་པ། ༼༣བ༦༽དེ་ཚེ་ལྷག་ས་ལོག་པ་ཞུས། མཁས་པ་སུ་ཞིག་རྟོག་མི་བྱེད། ཅེས་གསུངས་པ་དང་། སྨྲ་བའི་སེང་གེ་ཟླ་བ་གྲགས་པས། དངོས་པོ་རྣམས་ཀྱི་ཆོས་ཉིད་འདི་ཡང་གང་ཞིག་ཡིན་ཞེ་ན། ཆོས་རྣམས་ཀྱི་ངོ་བོ། ངོ་བོ་འདི་ཡང་གང་ཞིག་ཡིན་ཞེ་ན་སྟོང་པ་ཉིད་དོ། །སྟོང་པ་ཉིད་དེ་ཡང་གང་ཞིག་ཡིན་ཞེ་ན་རང་བཞིན་མེད་པའོ། །རང་བཞིན་མེད་པ་འདི་ཡང་གང་ཞིག་ཡིན་ཞེ་ན་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་འདི་ཡང་གང་ཞིག་ཡིན་ཞེ་ན་དེ་བཞིན་ཉིད་ཀྱི་ངོ་བོར་འགྱུར་བ་མེད་པ་ཉིད་དང་རྟག་ཏུ་གནས་པ་ཉིད་དེ་རྣམ་པ་ཐམས་ཅད་དུ་སྐྱེ་བ་མ་ཡིན་པ་ཉིད་བཅོས་མ་མིན་པའི་ཕྱིར་དང་། གཞན་ལ་བལྟོས་པ་མེད་པའི་ཕྱིར་མེ་ལ་སོགས་པའི་རང་བཞིན་ཡིན་ཏེ་ཞེས་གསུངས་སོ། །ངང་ལ་གཞོག །ཅེས་པ་ནི་སྒོམ་པས་ཉམས་སུ་བླངས་པ་སྟེ། དེ་ཡང་ཐོག་མར་ཞི་གས་ནི་ཚུལ་བཞིན་ཡིད་བྱེད་ཀྱིས་རྣམ་པར་རྟོག་པ་ཞི་ནས། དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པས་ལུས་དང་སེམས་ལས་སུ་རུང་བའི་སྒོ་ནས་ཤིན་ཏུ་སྦྱངས་པ་ཐོབ་པ་ལ་བྱེད་པ་ཡིན་ཏེ། དེ་སྐད་དུ་ཡང་། དེས་ན་དེ་ཡི་ལུས་དང་སེམས། ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། ཡིད་ལ་བྱེད་དང་བཅས་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །ལྷག་མཐོང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དེའི་སྟེང་ནས་ཆོས་ཀྱི་སྒོ་ཐམས་ཅད་ལ་ཐོགས་པ་མེད་པར་འཇུག་པ་དང་། མ་འདྲེས་པར་འབྱེད་པ་དང་། རང་དང་སྤྱིའི་མཚན་ཉིད་ཀྱི་སྤྱོད་ཡུལ་ཡོངས་སུ་ངེས་པ་ཐམས་ཅད་ཡང་དག་པའི་རིགས་བས་འཇལ་ཞིང་རྟོག་པ་དང་དཔྱོད་པ་དང་། ཕྱིན་ཅི་མ་ལོག་པའི་དོན་ལ་ཞུགས་པ་ནི་སོ་སོར་རྟོག་པའི་ཤེས་རབ་ཅེས་སམ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་བརྗོད་དོ། །དེ་ལྟར་མགོན་པོ་བྱམས་པས་མདོ་སྡེ་རྒྱན་དུ། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་སྡུག་བསྔལ་བྱང་སེམས་སུ་བློ་སྦྱོང་བས་སྙིང་རྗེ་བྱེ་བྲག་ཏུ་བཤད་པ་རྒྱ་ཆེན་སྤྱོད་པའི་༼༤ན༧༽ཕྱོགས་ནི། ཆགས་སྡང་གི་དབང་དུ་ཞེས་པ་གོང་དུ་བཤད་པ་ལྟར་ཡིན་ལ། མ་བཏང་བར་གཉིས་མེད་ཀྱི་བཙན་ས་གཟུང་ཞེས་པ་གཉེན་པོ་ཡིན་ལ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་ནས་སྙིང་རྗེ་བསྒོམ་པ་ཡིན་ནོ། །དེ་ཡང་བྱང་ཆུབ་ཀྱི་སེམས་གང་ཞེ་ན། གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་མཁྱེན་པའོ། །དེའི་དམིགས་པའང་དངོས་དམིགས་རྫོགས་བྱང་དང་། ཆེད་དུ་བྱ་བའི་དམིགས་པ་གཞན་དོན་ནོ། །དེ་ལྟ་བུའི་སེམས་བསྐྱེད་པ་དེ་ཡང་། ངོ་བོའི་སྒོ་ནས་སྨོན་དང་འཇུག་པ་གཉིས་སོ། །དེའི་ངོ་བོའང་བྱང་སེམས་ཀྱི་སེམས་བསྐྱེད་གང་ཞིག་དེའི་བསླབ་པའི་གྲོགས་ཀྱིས་ཟིན་པ་དང་མ་ཟིན་པ་གཉིས་སོ། །དེ་ཡང་ལམ་ལ་འགྲོ་བར་འདོད་པ་དང་འགྲོ་བཞིན་པའི་ཁྱད་པར་ཏེ། རྒྱལ་སྲས་ཞི་བལྟས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་བྱ་སྟེ། བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་རིམ་བཞིན་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་པ། ཞེས་གསུངས་པས་སོ། །གཞན་ཡང་དེ་ལ་ཕྲ་རགས་སྒོ་ནས་ནི། །དོན་དམ་ཀུན་རྫོབ་རྣམ་པ་གཉིས། །དང་པོ་ཐེག་ཆེན་མཐོང་ལམ་ནས། །སངས་རྒྱས་ས་ཡི་བར་ན་ཡོད། །གཉིས་པ་ཐེག་ཆེན་ཚོགས་ལམ་ནི། །ཆུང་ནས་སངས་རྒྱས་ས་ཡི་བར། །དབྱེ་གྲོགས་སྟོབས་རྒྱུ་རིགས་དང་། །དགེ་རྩ་རྒྱས་དང་མང་ཐོས་དང་། །ཐོས་བསམ་གོམས་སྟོབས་ལས་ཐོབ་ལྔ། །ས་མཚམས་སྒོ་ནས་མོས་སྤྱོད་དང་། །ལྷག་བསམ་དག་དང་རྣམ་པར་སྨིན། །སྒྲིབ་པ་སྤངས་དང་རྣམ་པ་བཞི། །བློ་སྦྱོང་སྒོ་ནས་རྒྱལ་པོ་དང་། །རྫི་བོ་གཉན་པ་ལྟ་བུའི་སེམས། །གྲུབ་མཐའི་སྒོ་ནས་དབུ་སེམས་གཉིས། །བླང་ཡུལ་ལེན་པའི་གང་ཟག་དང་། །ལེན་ཚོག་ཉམས་ན་ཕྱིར་བཅོས་དང་། །ལྟུང་བའི་རྐང་གྲངས་མི་འདྲ་ཁྱད། །དཔེ་ཡི་སྒོ་ནས་ས་ལ་སོགས། ༼༤བ༨༽གཉིས་དག་ཏུ་བཤད། །ཅེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །སེམས་བསྐྱེད་དེའི་མཚམས་ཀྱང་ཉེར་གཉིས་པོ་དེ་དག་ལས། །དང་པོ་གསུམ་ནི་ཐེག་པ་ཆེན་པོའི་ཚོགས་ལམ་ཆུང་འབྲིང་ཆེན་པོ་ཉིད་ཀྱིས་བསྡུས་སོ། །དེའི་འོག་ཏུ་གཅིག་ནི་ས་དང་པོ་ལ་འཇུག་པ་སྦྱོར་ལམ་གྱིས་བསྡུས་སོ། །དེ་ནས་བཅུ་ནི་རབ་ཏུ་དགའ་བལ་སོགས་པ་བཅུས་བསྡུས་ཏེ་མཐོང་ལམ་དང་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ནོ། །དེ་ནས་ལྡན་ནི་ཁྱད་ལམ་གྱིས་བསྡུས་སོ། །དེ་ནས་གསུམ་ནི་སྦྱོར་ལམ་རྡོ་རྗེ་ལྟ་བུ་དང་། དངོས་གཞི་མཉམ་གཞག་དང་། མཇུག་རྗེས་ཐོབ་གསུམ་གྱི་སྒོ་ནས་རྫོགས་པའི་སངས་རྒྱས་ཀྱིས་ས་བསྡུས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱིས་ཀྱང་སྙིང་རྗེ་ལ་ནན་ཏན་དུ་བྱ་དགོས་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོས་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་ན་མཆིས་པ་ལགས་སོ། །ཆོས་གཅིག་པུ་གང་ཞེ་ན་འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །ཞེས་གསུངས་ལ། སྙིང་རྗེ་དེ་ཡང་གང་ཞེ་ན་རྣམ་པ་གསུམ་པོ་འདི་ལྟ་སྟེ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་སེམས་ཅན་གྱི་སྡུག་བསྔལ་ལ་དམིགས་ནས་སྙིང་རྗེ་བསྒོམ་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེའོ། །འཁྲུལ་པ་ཞི་མེད་རྩ་བྲལ་དུ་རྟོགས་ནས་དེ་ལྟར་མ་རྟོགས་པའི་སེམས་ཅན་གྱི་རྒྱུད་འཕྲུལ་པའི་རང་བཞིན་ལ་དམིགས་པའི་སྙིང་རྗེ་ནི་ཆོས་ལ་དམིགས་པའི་སྙིང་རྗེའོ། །བདག་གཞན་གཉིས་སུ་འཛིན་པ་མི་དམིགས་ཤིང་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པ་ན་རྟོགས་པ་འདུ་འབྲལ་མེད་པའི་གདངས་༼༥ན༩༽སྙིང་རྗེར་ཤར་བ་ནི་དམིགས་པ་མེད་པའི་སྙིང་རྗེའོ། །དེ་ཡང་བསྒོམ་ཚུལ་ཇི་ལྟ་བུ་ཞེ་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་བ་ཡིན་པས་སྙིང་རྗེ་བསྒོམ་པ་སྟེ། ཐོག་མ་ཁོ་ནར་རྒྱ་ཆེན་པོ་སྒོམ་མི་ནུས་ན། དང་པོར་རང་གི་ཕ་མ་ཡིད་ལ་བསམས་ཏེ་འདི་རྣམས་ཀྱིས་བདག་ལ་མཁོ་བའི་ཡོ་བྱད་དུ་མས་ཕན་བརྗོད་དུ་མེད་པ་བཏགས་པས་བདག་ལ་དྲིན་ཆེ་བ་ཞིག་ཡིན། ཁྱད་པར་དུ་མ་འདིས་བདག་ལུས་ལ་ཁུར་བའི་དུས་ནས་གཟུང་སྟེ་སྐྱེད་མ་རྫོགས་ཀྱི་བར་དུ་བདག་ལ་ཕན་དཔག་ཏུ་མེད་པ་ཞིག་བཏགས་ཀྱང་འཁོར་བའི་རྒྱ་མཚོར་བྱིང་བ་བདེ་ཆེན་སྐམ་སར་ཕྱིན་པའི་ཐབས་ཤིག་བྱ་དགོས། དེ་ཡང་བླ་མ་དཀོན་མཆོག་མཁྱེན་ཞེས་གསོལ་བ་བཏབ་ནས་ཕ་མས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་ཏེ་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་ངག་ཏུ་བརྗོད། །ངེས་ཤེས་མ་སྐྱེས་ཀྱི་བར་དུ་བསྒོམ། དེ་ནས་རྒྱ་རྡེ་ཆེར་བཏང་སྟེ་གཉེན་དང་དགྲ་དང་སེམས་ཅན་ཐམས་ཅད་ལ་རིམ་བཞིན་བསྒོམ་པར་བྱའོ། །དེ་ནས་ཡང་སེམས་ཅན་འདི་རྣམས་མི་དགའ་བ་དང་ཕྲད་དོགས་པ་དང་། དགའ་བ་དང་བྲལ་དོགས་པ་དང་། རབ་འབྲས་བུ་མེད་པའི་སྡུག་བསྔལ་ཁོ་ནས་མནར་བར་འདུག་པ་ལ་སྙིང་རྗེ་བསྒོམ་པ་སྔར་བཞིན་ནོ། །དེ་ནས་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པ་ལ་ཨ་འཐས་ཀྱིས་དེ་མ་ཡིན་ལ་དེ་འཛིན་གྱི་བློས་ཡོད་དོ་སྙམ་དུ་གཟུང་བས་བདེན་ཞེན་གྱི་དབང་གིས་ཁམས་གསུམ་དུ་འཁོར་བ་ལ་སྙིང་རྗེ་བསྒོམ་པ་སྟེ། མདོ་སྡེ་རྒྱན་ལས། བདེ་དང་སྡུག་བསྔལ་རྒྱུ་ལས་ནི། བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །ཞེས་གསུངས་པས་སོ། །གཉིས་པ་བླ་མའི་མན་ངག་ལ་བརྟེན་ནས་སྒྲོ་འདོགས་ནང་ནས་གཅོད་པ་སྔགས་ཀྱི་ལུགས་ལ། གཞི་སྨིན་པར་བྱེད་པ་དབང་བཤད། གྲོལ་བར་བྱེད་པ་རིམ་གཉིས་བསྟན། དམ་ཚིག་དང་སྤྱོད་པ་བཤད་པའོ། །དང་པོ་ནི། གཟུང་འཛིན་གྱི་བློ་དང་གྲོལ་ལ་༼༥བ༡༠༽ཞེས་པས་སྟོན་ཏེ། དེ་ཡང་གཟུང་འཛིན་གྱི་བློ་ནི་འདིར་ལུས་དང་ངག་དང་སེམས་དང་ཡེ་ཤེས་སོ། །ཕྲོལ་ཞེས་པ་དེ་དག་རྣམ་པར་བྱེད་པའི་དོན་དུ་དབང་བསྐུར་བའོ། །དེ་ཇི་ལྟ་བུ་ཞེ་ན། འདི་ལྟར་དྲི་མ་རྣམ་པ་བཞི་སྦྱངས་ནས་ནུས་པ་བཞི་འཇོག་པར་བྱེད་པའི་བདག་ཉིད་ཅན་ཏེ། མཆོག་གི་དང་པོའི་སངས་རྒྱས་ལས། དབང་བསྐུར་གསུམ་གྱི་རིམ་པ་ལས། ལུས་ངག་སེམས་ནི་ཡང་དག་སྦྱོང་། བཞི་པ་ཡེ་ཤེས་དག་པ་སྟེ། ཞེས་གསུངས་ལ། ཅིའི་ཕྱིར་དེ་ལ་དབང་ཞེས་བྱ་ན། ཉོན་མོངས་པའི་གདུད་བའི་དྲི་མ་དག་པ་དང་འཁྲུད་པའི་ཕྱིར་ནའོ། །ཇི་སྐད་དུ་གྱེས་རྡོར་ལས། གཏོར་དང་བླུགས་པ་ཞེས་བྱ་འདི། དེས་ན་དབང་ཞེས་བརྗོད་པར་བྱ། ཞེས་སོ། །དབང་དེ་ལ་འཇིག་པ་དང་། འགྱུར་བ་དང་། འཛག་པ་དང་། འགྱུར་བ་མེད་པའི་དབྱེ་བས་བུམ་པ་དང་། གསང་བ་དང་། ཤེས་རབ་དང་། ཤེས་རབ་ཆེན་པོའི། དང་པོ་ནི། འཇིག་རྟེན་ཀུན་རྫོབ་ཏུ་བུམ་པས་དབང་བསྐུར་བ་དང་། དེ་བཞིན་དུ་གསང་བ་ལྟ་བར་བདུད་རྩི་མྱང་བ་དང་། ལས་ཀྱི་ཕྱག་རྒྱ་གཏང་པས་དབང་པོ་གཉིས་ནས་སྐྱེས་པར་གྱུར་པའི་རྟོགས་པ་ནི་ཤེས་རབ་དང་། ནོར་བུའི་ནང་དུ་ཚུད་པའི་བྱང་ཆུབ་སེམས་ཀྱི་བདེ་བ་རྟོགས་པ་དེ་བཞིན་གྱི་དབང་ངོ་། །དོན་དམ་པར་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་བུམ་པ་དང་། གསང་བར་རྡོ་རྗེ་སྤྲོས་པ་ལས་འགྱུར་བའི་བདེ་བ་གང་ཡིན་དེ་གསང་བ་དང་། དབང་པོ་གཉིས་སྙོམས་པར་ཞུགས་པ་ན་གང་ཞིག་འཛག་པའི་བདེ་བ་ནི་གསུམ་པ་དང་། ཕྱག་རྒྱ་ཆེན་པོའི་རྗེས་སུ་ཆགས་པས་གང་ཞིག་འགྱུར་བ་མེད་པའི་བདེ་བ་ནི་ཤེས་རབ་ཆེན་པོའོ། །དེ་ལྟར་ཡང་། དང་པོའི་སངས་རྒྱས་ལས་བུམ་པ་གསང་བའི་དབང་བསྐུར་དང་། ཤེས་རབ་ཡེ་ཤེས་ཞེས་བྱ་དང་། སླར་ཡང་ཤེས་རབ་ཆེན་པོ་ཉིད། དེ་ནི་ཡེ་ཤེས་སུ་བརྗོད་དོ། །འཇིག་དང་འགྱུར་དང་དེ་ནས་འཛག །དེ་ནས་འགྱུར་བ་མེད་པ་མཆོག །ཅེས་དང་། འདུས་པ་ཕྱི་མར་ཡང་དབང་བསྐུར་རྣམ་གསུམ་ཐ་དད་པར། རྒྱུད་འདི་རུ་ནི་རབ་ཏུ་བསྟན། །༼༦ན༡༡༽དང་པོ་བུམ་པའི་དབང་ཞེས་ཏེ། གཉིས་པ་གསང་བའི་དབང་དུ་འདོད། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་། མཚན་ཡང་དག་པར་བརྗོད་པ་ལས། རྣམ་པ་ཐམས་ཅད་རྣམ་པ་མེད། བཅུ་དྲུག་ཕྱེད་ཕྱད་ཐིག་ལེ་ཅན། ཆ་མེད་ཆ་ལས་འདས་པ་སྟེ། བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་དང་། དགྱེས་རྡོར་ལས། སློབ་དཔོན་གསང་བཤེས་རབ་དང་། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་། བདེ་མཆོག་ཉུང་ངུ་ལས། རྒོད་དང་བལྟ་དང་ལག་འཛིན་དང་། འཁྱུད་དང་གཉིས་སྤྲོད་ལ་སོགས་པ། དབང་བསྐུར་བར་ནི་འགྱུར་བ་ཡིན། །ཞེས་དང་། དང་པོ་དགའ་བ་རབ་ཏུ་བརྗོད། མཆོག་ཏུ་དགའ་བ་གཉིས་པ་སྟེ། དགའ་བྲལ་དགའ་བ་གསུམ་པའོ། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། ཅེས་གསུངས་སོ། །གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོ་ནས་རྣམ་པ་བཅུ་གཅིག་ཏུ་བཤད་དེ། དབང་མདོར་བསྟན་ལས། དང་པོ་དབང་བསྐུར་བདུན་པོ་གང་། བྱིས་པ་རྣམས་ནི་གཟུང་ཕྱིར་རོ། །རྣམ་གསུམ་འཇིག་རྟེན་ཀུན་རྫོབ་སྟེ། དམ་པའི་དོན་གྱི་བཞི་པའོ། །ཞེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་ལས། ཆུ་ཡི་དབང་ནི་དང་པོ་སྟེ། ཅོན་པན་དབང་བསྐུར་གཉིས་པའོ། །གསུམ་པ་དར་དཔྱངས་དབང་བསྐུར་ཏེ། རྡོ་རྗེ་དྲིལ་བུ་བཞི་པའོ། །ལྔ་པ་རང་གི་བདག་པོ་ཉིད། །མིང་གི་དབང་ནི་དྲུག་པ་སྟེ། སངས་རྒྱས་རྗེས་གནང་བདུན་པར་འདོད། །བརྒྱུད་པ་བུམ་པའི་དབང་ཡིན་ཏེ། གསང་བའི་དབང་ནི་གྲུབ་པ་ཡིན། །ཤེས་རབ་དབང་བསྐུར་བཅུ་པའོ། །དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས། །རྡོ་རྗེ་བརཏལ་ཞུགས་ཀུན་སྦྱིན་ཞིང་། །རང་ཉིད་སྟོན་པར་ལུང་སྟོན་པ། །འདི་ནི་དབང་བསྐུར་ཆོ་ག་ཡིན། །ཞེས་གསུངས་སོ། །གཉིས་པ་གྲོལ་བྱེད་རིམ་གཉིས་བསྟན་པ་ནི། ཡེངས་མེད་ཀྱི་དྲན་པ་བསྟེན། དེ་ལྟར་བྱས་ནམ་ང་དང་ནམ་དུ་ཡང་འབྲལ་བ་མེད་དོ། །ཞེས་བྱ་བ་ལས། ཡེངས་མེད་ཀྱི་དྲན་པ་ནི་དྲང་བའི་དོན་དུ་བསྐྱེད་པའི་རིམ་པ་དང་། ༼༦བ༡༢༽ངེས་པའི་དོན་དུ་རྫོགས་པའི་རིམ་པའོ། །བསྟེན་ཞེས་པ་དེ་གཉིས་ཟུང་འཇུག་ཏུ་བསྒོམ་པ་སྟེ། །དགྱེས་རྡོར་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ན། རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་གསུངས་པ་ལྟར། བསྐྱེད་རིམ་ནི་འཁོར་ལོ་བཞི་ལ་གནད་དུ་བསྣུན་པ་གང་ཞིག་སྦྱངས་འབྲས་གཟུགས་ཀྱི་སྐུ་འགྲུབ་པ་གཙོ་བོར་གྱུར་པ་ཡིན་ལ། ཅིའི་ཕྱིར་དེ་ལ་བསྐྱེད་རིམ་ཞེ་ན། ཐ་མལ་གྱི་ཆ། སྣང་བའི་ཆ། ཞེན་པའི་ཆ་གསུམ་གྱི་འཁོར་ལོ་ལྷན་ཅིག་ཏུ་གཅོད་པར་བྱེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཆེད་དུ་དམིགས་པས་ཡེ་ཤེས་རིམ་གྱིས་སྐྱེད་པར་བྱེད་པའི་ཕྱིར་ནའོ། །དེ་ཡང་ལྷའི་དེ་ཁོ་ན་ཉིད་དྲན་པ་རྩ་བར་གཟུང་ནས་དེའི་ཡན་ལག་ལུས་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག །ངག་རྫོགས་པ་ལས་རྒྱལ་མཆོག །བདེ་བ་རྫོགས་པ་ཐིག་ལེའི་རྣལ་འབྱོར། ཡེ་ཤེས་རྫོགས་པ་ཕྲ་མོའི་རྣལ་འབྱོར་དང་བཞིའོ། །རིགས་ལྔ་རྡོ་རྗེ་སེམས་དཔའི་ཡན་ལག་དང་དྲུག་གིས་རྩལ་སྦྱོང་བར་བྱེད་ལ། དེའི་ཚུལ་ཡང་ང་རྒྱལ་བརྟན་པས་ཐ་མལ་དུ་འཛིན་པ་སྦྱོང་། རྣམ་པ་གསལ་བས་འཁྲུལ་པའི་རྣམ་རྟོག་སྟེ་སྣང་བའི་ཆ་སྦྱོང་ངོ་། །རྣམ་དག་དྲན་པས་དེ་མ་ཡིན་ལ་དེར་འཛིན་གྱི་དམིགས་པ་སྟེ་ཞེན་པའི་ཆ་སྦྱོང་བར་བྱེད་དོ། །དེ་ལྟར་ཡང་དགྱེས་རྡོར་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། ཅེས་སོ། །འོ་ན་རྫོགས་པའི་རིམ་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སྦྱང་གཞི་སྲིད་པར་སྐྱེ་བའི་རིམ་པ་དང་མཐུན་པར་སྦྱོང་བྱེད་རྣལ་འབྱོར་བཞིའི་རིམ་པ་ལ་གནད་དུ་བསྣུན་པས། སྦྱངས་འབྲས་ཆོས་ཀྱི་སྐུ་འགྲུབ་པ་གཙོ་བོར་གྱུར་པ་སྟེ་ཅིའི་ཕྱིར་ན་ཡེ་ཤེས་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ཡང་སོ་སོར་སྡུད་པ་དང་། བསམ་གཏན་དང་། སྲོག་རྩོལ་དང་། འཛིན་པ་དང་། རྗེས་སུ་དྲན་པ་དང་། ཏིང་ངེ་འཛིན་ནོ། །འདིར་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་མིག་སོགས་དབང་པོ་རྣམས་ཀྱི་མིག་གི་རྣམ་ཤེས་སོགས་མི་འཇུག་པར་ནང་གི་ཡུལ་རྣམས་སུ་ལྷའི་མིག་༼༧ན༡༣༽དབང་སོགས་ཀྱི་ལྷ་མིག་གི་རྣམ་ཤེས་སོགས་འཇུག་པ་སྟེ་ནང་དུ་སྟོང་པ་ཉིད་ལ་དམིགས་པས་སྟོང་པ་ལམ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི་པྲ་ཕབ་པས་མེ་ལོང་ལ་གཞོན་ནུ་མས་གཟུགས་བརྙན་མཐོང་བ་ལྟར། ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་ལ་སོགས་པ་ནི་སོ་སོར་སྡུད་པའི་ཡན་ལག་གོ། །བསམ་གཏན་ནི་ཡན་ལག་ལྔ་སྟེ། ཡོད་པའི་དངོས་པོ་ཐམས་ཅད་སྟོང་པར་མཐོང་བ་རྣམས་ལ་ཤེས་རབ་ཅེས་བྱ་བ་དངོས་པོ་རྣམས་ལ་སེམས་འཇུག་པའོ། །རྟོག་པ་ཞེས་བྱ་བ་སེམས་ཀྱི་དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་བྱ་བ་འཛིན་པའི་དངོས་པོ་རྟོགས་པའོ། །དགའ་བ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལ་སེམས་གནས་པའོ། །བདེ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་གཡོ་བ་མེད་པའི་བདེ་བ་ཕུན་སུམ་ཚོགས་པའོ། །སྲོག་རྩོལ་ནི་ལ་ལཱ་ན་ད་ང་ར་སཱ་ན་གཡོན་པ་དང་གཡས་པའི་ལམ་འགགས་པ་ལས་དབུ་མ་ཨ་ཝ་དྷཱུ་ཏཱིའི་ལམ་དུ་སྲོག་གི་རླུང་རྟག་ཏུ་འཇུག་པ་དགང་བ་དང་བུམ་པ་ཅན་དང་དབྱུང་བའི་སྦྱོར་བས་ཨ་ཝ་དྷཱུ་ཏཱིར་ཨོཾ་ཡིག་གིས་དབྱུང་བ་དང་། ཧཱུཾ་ཡིག་གིས་འགོག་པ་དང་། ཨཱཿཡིག་གིས་འཇུག་པ་ཟླ་བ་དང་སྒྲ་གཅན་དང་ཉི་མའི་རང་བཞིན་གྱིས་རྣལ་འབྱོར་པས་གོམས་པར་བྱའོ། །འཛིན་པ་ནི་ལྟ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བར་དབང་ཆེན་དང་། མེ་དང་། རླུང་གི་དཀྱིལ་འཁོར་ལ་སྲོག་ཞུགས་པའི་ཕྱི་རོལ་དུ་འགྲོ་བ་མེད་པར་ཐིག་ལེ་ལ་སྲོག་གནས་པའོ། །རྗེས་དྲན་ནི་རང་གི་འདོད་པའི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ནས་འོད་ཟེར་དུ་མ་འཕྲོ་བའི་རང་བཞིན་འོད་ཀྱི་དཀྱིལ་འཁོར་ཏེ་དེ་ལས་རྣམ་པ་དུ་མ་འཕྲོ་བའི་རང་བཞིན་ཁམས་གསུམ་པར་སྤྲོ་བ་ཞེས་བྱ་བའོ། །འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་གང་ཞིག་འགྱུར་བ་མེད་པའི་བདེ་བ་ཐོབ་པ་ལ་གཅིག་ཏུ་གྱུར་པའི་སེམས་གཟུང་འཛིན་དང་བྲལ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་གོ། །དེ་ལྟར་ཡང་བསྡུས་པའི་རྒྱུད་ལས། སོ་སོར་སྡུད་པ་ལུས་ལ་ཡུལ་༼༧བ༡༤༽དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །སྲོག་གི་རྩོལ་བདག་ཀྱང་ལམ་ནི་གཉིས་པོ་སྐྱེལ་ཞིང་དབུ་མར་སྲོག་ཏུ་ཞུགས་པ་དག་ཏུ་འགྱུར། ཐིག་ལེར་སྲོག་ཏུ་རབ་ཏུ་འུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ། །གཏུམ་མོའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། ཞེས་དང་། བདེ་མཆོག་ཉུང་ངུ་ལས། གསང་སྔགས་ཟློས་དང་བསམ་གཏན་དང་། བདེ་བས་ཀྱང་ནི་འགྲུབ་པར་འགྱུར། ཞེས་དང་། དགྱེས་པ་རྡོ་རྗེ་ལས། དང་པོར་ནག་པོ་རབ་ཏུ་བསྒོམ། གཉིས་པ་དམར་པོ་རྣམ་པར་བསྒོམ། གསུམ་པ་ལ་ནི་སེར་པོ་བསྒོམ། །བཞི་པར་ལྗང་ཁུ་དེ་བཞིན་ནོ། །ལྔ་པར་ཁ་དོག་སྔོན་པོ་དང་། །དྲུག་པར་དཀར་པོའི་ལུས་ཅན་ཏེ། །ཡན་ལག་དྲུག་བསྒོམ་རྣལ་འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་དང་། དཔལ་འདུས་པ་ལས། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་བཤད། །དབང་པོ་རྣམས་ཀྱི་ཡང་། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པས་སོ་སོར་སྡུད་པས་ན། །སོ་སོ་བསྡུད་པ་ཞེས་བཤད་དོ། །འདོད་པ་ལྔ་ནི་མདོར་བསྡུས་ནས། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིན། །རྟག་པར་བསམ་གཏན་ཞེས་བཤད་དོ། །སངས་རྒྱས་ཀུན་དངོས་ཞི་བ་ནི། །འདོད་པ་ཀུན་ལ་རབ་ཏུ་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་བྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་གི་ཐིག་ལེར་གྱུར་པར་བཞག །རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །སེམས་ནི་༼༨ན༡༥༽འགོག་པའི་རྡོ་རྗེར་འགྱུར། །མཚན་མར་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །རྗེས་དྲན་གང་ཞིག་རྣམ་བསྒོམ་པ། །དེ་དང་འདྲ་བ་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་བ་དེ་ལས་སྐྱེས། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པས། །གོང་བུའི་ཚུལ་གྱིས་བསྡུས་ནས་སུ། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བྱ་བར་གནས། །ཞེས་གསུངས་སོ། །དེ་ལྟར་བྱས་ན། ཞེས་པ་དེ་བསྒོམས་ནའོ། །མང་དང་ནམ་དུའང་འབྲལ་བ་མེད། ཅེས་པ་ཕུང་པོ་ལྔ་དང་ཁམས་ལྔ་རྣམ་པར་དིག་ནས་སྐུ་བཞིའི་བདག་ཉིད་ཅན་ཚེ་འདིར་འགྲུབ་པར་འགྱུར་ཏེ་གཟུགས་ཀྱི་ཕུང་པོ་ནི་དམ་ཚིག་རྒྱལ་བ་སྟེ་རྣམ་སྣང་དུ་འགྱུར་རོ། །ཚོར་བ་ནི་སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད་པ་རིན་ཆེན་འབྱུང་ལྡན་དུ་འགྱུར་རོ། །འདུ་ཤེས་ནི་འཕོ་བ་མེད་པའི་བདེ་བ་སྟེར་བར་བྱེད་པ་སྣང་མཐར་འགྱུར་རོ། །འདུ་བྱེད་ནི་སེམས་སྒྲིབ་པ་མེད་པར་བྱེད་པ་སྟེ་བདུད་ལ་སོགས་པ་སྒྲིབ་པ་རྣམ་པར་འཇོམས་པར་བྱེད་པ་དོན་གྲུབ་ཏུ་འགྱུར་རོ། །རྣམ་ཤེས་ནི་འཕོ་བ་མེད་པའི་ཆོས་ཀྱི་གདུང་བ་རྣམས་སྨིན་པར་བྱེད་པ་མི་བསྐྱོད་རྡོ་རྗེའོ། །སའི་ཁམས་དག་པས་གཏི་མུག་ཆེན་མོ་ལས་སྤྱན་མའོ། །ཆུའི་ཁམས་ནི་ང་རྒྱལ་ཆེན་པོའི་རྒྱུ་ལས་བྱུང་བའི་མཱ་མ་ཀཱི་དང་། མེའི་ཁམས་ཆགས་པ་ཆེན་པོ་ལས་གྱུར་པ་གོས་དཀར་དང་། རླུང་གི་ཁམས་ཕྲག་དོག་ཆེན་པོ་ལས་སྒྲོལ་མ་དང་། ནམ་མཁའི་ཁམས་ཞེ་སྡང་ཆེན་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་སྣ་ཚོགས་ཡུམ་གང་ཡིན་པ་དེ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་འགྱུར་རོ། །དེ་བས་རང་དོན་༼༨བ༡༦༽ཕུན་སུམ་ཚོགས་པ་མཐའ་བཞི་ཡོངས་སུ་དག་པས་ཆ་བཅུ་དྲུག་པ་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པའི་སྐུ་དང་། གཞན་དོན་ཕུན་སུམ་ཚོགས་པ་འཛིན་པར་བྱེད་པ་དང་གཟུང་བར་བྱ་བའི་དབྱེ་བས་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཞན་གྱི་དོན་བྱེད་པ་པོ་ནི་ཆོས་སྐུ་དང་། ཤེས་རབ་དང་ཐབས་ཀྱི་རང་བཞིན་འཛིན་པར་བྱེད་པ་ལྷའི་རྣ་བའི་རྣམ་པར་ཤེས་པ་དང་། གཟུང་བར་བྱ་བ་སྒྲ་བརྙན་གྱིས་སེམས་ཅན་དུ་མའི་དོན་བྱེད་པ་པོ་ལོངས་སྐུ་དང་། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གཅིག་གིས་སེམས་ཅན་རྣམས་ལ་སྤྲུལ་པ་སྣ་ཚོགས་སྟོན་པར་བྱེད་པ་སྤྲུལ་པའི་སྐུའི་བདག་ཉིད་ཅན་གྱི་རྡོ་རྗེ་སེམས་དཔའི་རིང་བ་མ་ཡིན་པར་ཚེ་འདི་ཉིད་ལ་གདན་མི་ཟ་བར་འགྲུབ་པར་འགྱུར་ཏེ། དཔལ་འཁོར་ལོ་སྡོམ་པ་ཉུང་ངུ་ལས། ཡེ་ཤེས་ལོངས་སྤྱོད་རྫོགས་དང་སྤྲུལ། །ཡང་དག་ཐོབ་པར་གདོན་མི་ཟ། །བདག་ཉིད་ཤྲཱི་ཧེ་རུ་ཀ་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་། དགྱེས་རྡོར་ལས། ཟླ་དྲུག་བསྒོམས་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །གསུམ་པ་དམ་ཚིག་དང་སྤྱོད་པ་བཤད་པ་ནི། སྣང་ཐོག་ཏུ་རོ་སྙོམས་ལ་འགག་མེད་ལ་རྩལ་སྦྱོངས། ཞེས་པས་སྟོན་ཏེ། དེ་ཡང་སྣང་ཐོག་ཏུ་རོ་སྙོམས་ཞེས་པ་ཀུན་ཏུ་བཟང་པོ་དང་གསང་བའི་སྤྱོད་པ་ཡིན་ལ། འགག་མེད་ལ་རྩལ་སྦྱོངས་ཞེས་པ་ཚོགས་ཀྱི་སྤྱོད་པ་དང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །དེ་ལ་ཐོག་མར། དམ་ཚིག་རྣམས་ནི་བྱེ་བ་ཡི། འདོད་པའི་དངོས་པོ་ཐོབ་མི་འགྱུར། ཞེས་གསུངས་པས། ཕྱི་དང་ནང་གི་དམ་ཚིག་བསྲུང་བར་བྱའོ། །དེ་ཡང་ཕྱིའི་དམ་ཚིག་ངེས་པར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསག་པ་དང་། ཆང་དང་གོ་ཀུ་ལ་སོགས་པ་ལྔ་ཟ་བ་དང་། ཡུལ་དང་རིགས་ཀྱི་ཐ་སྙད་བསྲུང་བ་དང་། རིགས་གཞན་ལས་བྱུང་དང་དམ་ཚིག་དང་མི་ལྡན་པ་ལ་བགྲོད་པར་མི་བྱ་ཞིང་འདོད་ལ་ཆགས་པས་བགྲོད་ན་དེའི་ཚེ་དམ་ཚིག་ཉམས་པས་འཇིག་རྟེན་པའི་དངོས་གྲུབ་ཉམས་པར་འགྱུར་བ་དང་། ཕོ་ཉ་དང་དཔའ་བོ་༼༩ན༡༧༽དུས་གཅིག་ལ་གཉིས་མེད་ཀྱི་བྱང་སེམས་དར་བདེ་བ་མྱོང་བའོ། །གཞན་ཡང་བསྙེན་པ་དང་དམ་ཚིག་རྣམས་ཀྱི་སྤྱོད་པ་དང་། རིགས་ལས་བྱུང་བའི་ཕོ་ཉ་མོའི་སྤྱོད་པ་དང་། བདེ་བ་དེ་བཞིན་དུ་བསྲུབས་པས་རྡོ་རྗེའི་སྒོར་འཕོ་བའི་དུས་དང་། འདྲེན་པ་དང་འཛིན་པར་བྱེད་པ་རྣམས་སོ། །ནང་གི་དམ་ཚིག་ནི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའི་དམ་ཚིག་སྟེ། འདུས་པ་ལས། སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡི། །དམ་ཚིག་བཞི་པ་བསྲུང་བར་བྱ། །ཤ་ཚ་ན་རྟག་ཏུ་བཟའ་བྱ་སྟེ། འདི་ནི་དམ་ཚིག་མཆོག་ཡིན་ནོ། །ཞེས་སོགས་གསུངས་སོ། །དེ་ལྟ་བུའི་དམ་ཚིག་དང་ལྡན་པས་བདག་དང་དེ་ལས་གཞན་པའི་སྐྱེ་བོ་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཐར་འགྲོ་བར་བྱ་བའི་ཕྱིར་སྤྱོད་པ་ལ་འཇུག་པར་བྱ་བ་ཡིན་ཏེ། དགྱེས་རྡོར་རྩ་བའི་རྒྱུད་ལས། ཆོ་ག་ཡང་དག་ཀུན་ལྡན་ཡང་། སྤྱོད་པ་མ་བརྩམས་དངོས་མི་འགྲུབ། དེ་བས་ཕྱག་རྒྱའི་དངོས་གྲུབ་རྒྱུ། ཆགས་མེད་སྤྱོད་པ་འདི་ཡིན་ནོ། །ཞེས་གསུངས་ལ། དེའི་ཐོག་མར་ཀུན་ཏུ་བཟང་པོའི་སྤྱོད་པ་ནི། ཐོག་མཐའ་བར་གསུམ་དུ་དགེ་བའི་བརཏལ་ཞུགས་མི་ཉམས་པར་བྱེད་པའི་ཡན་ལག་སྟེ་ལུས་ངག་ཡིད་གསུམ་མི་མཐུན་ཕྱོགས་ཀྱི་འཇུག་པ་ཐམས་ཅད་ཡང་དག་པར་སྡོམ་པའི་ལུས་ཅན་དགེ་བ་ཐམས་ཅད་ཀྱི་མཐར་ཐུག་པའོ། །ཅིའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེ་ན། ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར་ནའོ། །གསང་སྤྱོད་ནི་ཕན་གནོད་ཀྱི་འཇིགས་སྐྲག་ཏུ་སྒྲོ་བཏགས་པའི་རྣམ་པ་ཐམས་ཅད་རང་སེམས་སུ་ཤེས་ནས་ཕྱི་རོལ་དུ་བདེན་འཛིན་གྱི་དམིགས་གཏད་ཞིག་ཅིང་སྟོང་ཉིད་ཀྱི་རྩལ་གྱིས་དངོས་འཛིན་སྤངས་པའི་གདངས་བདེ་བར་ཤར་ཏེ། ཅིའི་ཕྱིར་ན་དམ་ཚིག་དང་བརཏལ་ཞུགས་མི་ཉམས་པར་བསྲུང་ཞིང་འཕེལ་བའི་སླད་དུ་གསང་བའི་སྒོ་ནས་སྤྱོད་པའི་ཕྱིར་ནའོ། །ཚོགས་སྤྱོད་ནི་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་ཡིན་ཏེ། དེ་ཡང་རང་བཞིན་དང་རྣམ་འགྱུར་བྱེད་ལས་ཐམས་ཅད་རྣམ་པར་དག་པ་ཁོ་ནའི་རྩལ་དུ་འཆར་བའི་རྣལ་འབྱོར་རྐྱེན་བཟང་ངན་ཐམས་ཅད་མི་སྤོང་བར་༼༩བ༡༨༽ལམ་དུ་འཁྱེར་བའོ། །ཅིའི་ཕྱིར་ན། ཚུལ་དེས་སྣང་བ་ཟིལ་གྱིས་གནོན་ཞིང་། །ལམ་དུ་འཁྱེར་ནུས་པས་མང་པོའི་ཡང་ཁྲོད་དུ་སྤྱོད་པའི་ཕྱིར་ནའོ། །ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ནི། །དྲི་མ་དང་བྲལ་བའི་སྤངས་པ་དང་། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་རྟོགས་པ་གཉིས་གང་ལ་གཉིས་སུ་མེད་པར་ལྡན་པས་ཆོས་ཐམས་ཅད་རང་གི་ངང་གིས་རྫོགས་པས་མངོན་པར་བྱང་ཆུབ་པའོ། །ཅིའི་ཕྱིར་ན། ཕྱི་ནང་གི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་ཆོས་ཐམས་ཅད་ལ་རང་དབང་དུ་སྤྱོད་པར་བྱ་བའི་ཕྱིར་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བྱ་བའི་ཕྱིར་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཞེས་བརྗོད་དོ། །དེ་སྐད་དུ། དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་ངེས་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་གྱུར་པ་ཡིན། །ཞེས་གསུངས་སོ། །དེ་ཕྱིར་རྒྱལ་བ་ཀུན་གྱི་གསུང་རབ་རབ་ཏུ་བརླིང་ཞིང་ཕ་མཐའ་མེད་པས་འགྲོ་བ་རྣམས་ལ་ཕན་དང་བདེ་བ་ཉིད་དུ་བྱེད། དེ་ལྟ་མིན་ན་ཤེས་ལྡན་མིན་རྣམས་རྣམ་པ་ཀུན་ཏུ་ངལ་བར་འགྱུར་བར་དེ་ཉིད་དང་ནི་སྐལ་བ་འཚམ་པར་རྗེས་སུ་བསྟན། །དེ་ཡང་མདོ་དང་རྒྱུད་སྡེའི་དོན་ཚུལ་བཞིན་བཤད་ལ་ནོར་བ་མེད་ཅིང་རྒྱལ་བའི་བསྟན་པ་འབའ་ཞིག་གིས་ནི་དབང་བྱས་ནས། དེ་ནི་རྣམ་གཡེང་མེད་ཡིད་ཀྱིས་བཤད་བཤད་དེ་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པས་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། གཉིས་སྐྱེས་རྒྱལ་པོ་མཁའ་ཡི་ཐིག་ལེ་དང་བཅས་མཚན་མོ་རྒྱུ་བ་འདི་དོར་ནས། ཆུ་གཏེར་དངས་པར་གཟུགས་བརྙན་ཤར་བ་དག་ལ་མཆོག་ཏུ་གཟུང་བྱེད་མང་གྱུར་པ་བཞིན། ཚེ་འདིར་སངས་རྒྱས་མངོན་སུམ་སྟེར་བྱེད་ཟབ་དང་རྒྱ་ཆེའི་ལེགས་བཤད་ལྡན་པ་ལས། ཕྱིར་ཕྱོགས་གྱུར་པའི་ཕྲན་བུའི་ཆོས་ལ་བྱིས་པ་རྣམས་ནི་གུས་པར་བྱེད་པ་ཉིད། སྟོན་པའི་གསུང་རབ་ལུང་རྟོགས་གཉིས། འཛིན་བྱེད་རྣམ་དཔྱོད་གསལ་ལྡན་པའི། མཁས་པ་འགས་ཀྱང་གཞུང་ལུགས་དོན། དྲང་པོར་མ་བཤད་འཁྱོག་པོ་ཡིས། །ལམ་བསྟན་པ་ཡང་དེང་འདིར་དོར། ཆོས་དང་ཆོས་མིན་འབྱེད་པ་ལ། །མཚུངས་པ་མེད་པའི་སྤོབས་པ་ཅན། །མཁས་དང་གྲུབ་པའི་དབང་པོ་ཡིས། །བཤད་པ་ཕལ་༼༡༠ན༡༩༽མོ་བརྙིངས་པར་གྱུར། བཤད་དང་གྲུབ་པའི་ཚུལ་འཛིན་པ། །ཕལ་ཆེར་ཀློག་པ་ཐོས་བསམ་དང་། །བསམ་གཏན་དོར་ཏེ་འདོད་པའི་ཆུ། །ཁོ་ན་གཉེར་བས་ཕྱོགས་རྣམས་གང་། །འགའ་ཞིག་བླ་མའི་མཛད་པ་ལ། །བསྒྲོས་པའི་བསྟན་བཅོས་མིང་བཟང་ཅན། །རང་བཟོས་སྐྱེ་བོ་འདྲིད་པའི་ཐབས། །རྩོམ་པར་བྱས་པའང་ཕྱོགས་འདིར་དར། །ལྗོངས་འདིར་ཆོས་སྲིད་དག་དང་ནི། །གཉིས་ཀ་འཛིན་པར་རློམ་པ་ཡང་། །བླུན་མང་བཏེག་དང་འཁྲུལ་ཅན་ལ། །མཁས་དང་བཙུན་ཞེས་སྨྲ་བ་མཚར། །ལུང་དང་རྟོགས་པའི་དཀྱིལ་འཁོར་རབ་རྒྱས་བདེ་གཤེགས་སྟོན་པའི་གསུང་རབ་བདུད་ལས་རྒྱལ། བཤད་དང་སྒྲུབ་པའི་ཤར་རིའི་རྩེར་སོན་ལྟ་བ་ངན་པའི་ཚང་ཚིང་མ་ལུས་སྲེག །ལམ་གོལ་མུ་སྟེགས་ཀུ་མུད་ཚོགས་རྣམས་བྲུམ་བྱས་སྐལ་བཟང་པདྨ་རྒྱས་བྱེད་པ། འཛམ་གླིང་ལྷ་ལམ་ཡངས་པར་ལེགས་འོངས་དེ་ནི་དུས་ཀུན་དག་ཏུ་རྒྱས་གྱུར་ཅིག །ཅེས་པ་འདི་ཉིད་ནང་གི་རྣལ་འབྱོར་ཡིད་ཤེས་ཀྱི་ངེས་པ་ཐོབ་པའི་དགེ་སློང་སངས་རྒྱས་རྒྱ་མཚོས་བསྐུལ་བའི་ངོར། །ཤཱཀྱའི་དགེ་སློང་ཆོས་སྨྲ་བ་ངག་དབང་ནོར་བུའི་སྡེ་ཞེས་བྱ་བས་དཔལ་མཁའ་སྤྱོད་དབང་པོའི་གནས་ཆེན་གྱི་འདབ་མར་སྦྱར་བའོ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousངོ་སྤྲོད་ཀེའུ་ཚང་མའི་འགྲེལ་པ་ཐེག་པ་ཆེན་པོའི་དོན་རབ་ཏུ་གསལ་བ།next