Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ན་ལནྡ་མཁན་པོའི་དྲིལ་ན།
   
   
   
   
   
   
   


 
previousན་ལནྡ་མཁན་པོའི་དྲིལ་ན།next

ན་ལནྡ་མཁན་པོའི་དྲིལ་ན།

ན་ལནྡ་མཁན་པོའི་དྲིལ་ན་བཞུགས་སོ། །བྱིན་རླབས་ཛམྦུའི་གསེར་ཐུར་དཔྱད་བཟང་གིས། །རབ་རིབ་བསལ་ནས་ཆོས་ཀྱི་སྤྱན་དབྱེ་བའི། །གཟིགས་པ་མཁའ་མཉམ་མཐོང་གིན་འཇམ་དབྱངས་ལ། །པད་དཀར་སྙིང་ལ་རོལ་བར་མཛོད་ཅེས་གསོལ། །བོད་ཁམས་མ་ལ་ཆེར་རྒྱང་གཏམ་ལ་གཙི། །ཕྱོགས་ཞེན་གྱིས་སྦྱར་ཇི་བཞིན་བརྗོད་པས་འཕོངས། །རང་དང་མི་མཐུན་ཁུངས་ལ་བཟོ་བགྱིད་ན། །ཀུན་གྱི་ཡིད་རྟོན་བྱེད་པར་སུ་ཡིས་ནུས། །འོན་ཀྱང་རྒྱལ་བ་ཉིད་མཁས་སྙམ་ནས་ལུང་། །གནས་གསུམ་གཞལ་བའི་གཏན་ཚིགས་ཡིན་མཐོང་ནས། །བདག་ནི་དད་པས་ལུགས་ལས་མི་འགོང་བས། །དེ་ལས་ཅི་གསུངས་ཙམ་ཞིག་བཤད་པ་ཡིན། །ན་ལནྡ་ནས་ཆོས་རྗེ་ལུམ་པ་ནས་ཀྱི་དོགས་གཅོད་བརྒྱད་ཚན་ཞིག་གནང་། །དྲི་བའི་སྙིང་པོ་དྲིལ་ཏེ་ལན་ཕུལ་བ་ནི། །སྟོན་པ་འཁྲུངས་སོ། །གཞན་མིག་དམར་ལ་བྱེད་པ། དུས་ཀྱི་འཁོར་ལོའི་རྗེས་སུ་འབྲངས་པ་བུ་སྟོན་གྱིས་གསུངས་པ་བཞིན་ཁས་ལེན། ལྷུམས་སུ་ཞུགས་པར་ཀུན་མཐུན་པས་ཞུ་མ་དགོས། །བལྟམས་དུས་ས་གའི་ཉལ་བྱེད་པ། །འདུལ་བ་གཞུང་དམ་པ་སོ་བདུན་པ་ལས། །བཅོམ་ལྡན་འདས་ལ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། །བཅོམ་ལྡན་འདས་ཟླ་བ་གང་ལ་བཙས། །ཞེས་ཞུས་པ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱིམ་བདག་དཔྱིད་ཟླ་ཆུང་ལ་བཙས་སོ། །ཞེས་གསུངས་པ་ལུང་ཡིན། །འདི་ལ་ཇོ་ནང་ཀུན་མཁྱེན་ཆེན་པོས་ལུང་མ་དག་ཅེས་གསུངས་པ་རང་གི་བཞེད་པ་དང་མ་མཐུན་པ་ཁོ་ན་ཡིན། །ཤེས་བྱེད་འགོད་རྒྱུ་ཅི་ཡང་མེད། །རྗེ་ཡེ་བཟང་རྩེ་པ་གཞན་མའི་སྨིན་དྲུག་ཟླ་མགོའི་ཟླ་བར་བཞེད་པ་སོགས་ལུགས་མི་མཐུན་པ་མང་ཆེས་པས་རྗེས་སུ་འབྲང་མི་ཐུབ། འདི་ལ་པད་དཀར་ཞལ་ལུང་ལས། དེ་ལྟར་ཟླ་བ་བཅུ་གཉིས་མངལ་དུ་བཞུགས་དགོས་པར་ཐལ་བ་འཕངས་པ་ནི་འདོད་ལན། དེ་ལའང་༼༢ན༣༽ལུང་ནང་ལེའི་འགྲེལ་ཆེན་དུ། དེ་ནས་བུག་པ་ཞེས་པ་ཟླ་བ་དགུ་རྫོགས་པར་གྱུར་པའང་། ཁ་ཅིག་བཅུ་པ་དང་བཅུ་གཅིག་པ་དང་བཅུ་གཉིས་པ་ལ་འཕགས་པའི་དངོས་པོའི་ཞེས་འབྱུང་བས་དེ་ནི་ཧ་མི་ཆེ། རྒྱ་རོལ་དུ་ཟླ་བ་རྫོགས་པ་ཞེས་པ་བཅུ་ཁོ་ན་ལ་མི་འཛིན་པར། བརྟག་གཉིས་ལས། འདི་རྣམས་ས་ནི་བཅུ་གཉིས་ཏེ། ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །ཅེས་པ་ལྟ་བུར་འགྲེལ་དགོས། །སྟོན་པ་ལོ་གཅིག་མངལ་དུ་བཞུགས་པ་གདུལ་བྱའི་དོན་ཁོ་ན་སྟེ། དེའི་རིང་སྔར་སློབ་པ་ལམ་གྱི་གནས་སྐབས་ལས་བཏུལ་བ་ཆེས་མང་བར་བཤད་པ་ཡིན། །རྒྱལ་ལ་སྐྱེས་ཞེས་པ་ལྟ་བུ་ལ་རྒྱ་རོལ་རང་དུ་སྐར་མ་ས་ག་ལ་བབ་པ་ཞེས་དང་། རྒྱལ་དང་ལྡན་པ། ཞེས་གཉིས་ཀ་ཅིག་ཅར་དུ་གསུངས་བྱུང་བས། རྒྱལ་དེ་ཟླ་སྐར་རམ་ཉི་སྐར་གང་དང་འགྲིག་བསྒྲིག་པ་བླུན་པོ་ཡིན། དོན་ལ་དུས་སྦྱོར་གང་འཆར་བའི་སྐྱེས་སྐར་ཡིན་པས། གདན་བཞི་ལ་སོགས་པར་ཡང་། རོ་ཧི་ཏིའི་དུས་སྦྱོར་ལ་སྐྱེས་པའི་ཚེ་ལོ་དྲུག་ཅུ་ཐུབ་པར་ལུང་སྟོན་པ་སོགས་མཛད་པ་ཡིན་གྱིས་ཉི་སྐར་སོགས་ལ་དེ་ལྟར་མ་བཤད་པས་སོ། །དྲི་བ་གཉིས་པ། བཀའ་བསྡུའི་ཐད་དུ། འདི་སྐད་བདག་གི་ཐོས་ལ་སོགས་པར་སྟོན་པ་ལ་དངོས་སུ་ཐོས་ནས་རྗེས་སུ་བཟླས་པ་དགོས་ཀྱི། བརྒྱུད་ནས་ཐོས་པ་སོགས་ཀྱི་བཤད་པ་ནི་མི་སྣང་ལ། བདེན་བཞིའི་ཆོས་འཁོར་གྱི་ཚེ། འཕགས་པ་ཀུན་དགའ་བོ་ནི་འཁྲུངས་ནས་ཟླ་བ་གཅིག་ལྟག་ཙམ་ལས་མ་ལོན་པས་རབ་ཏུ་བྱུང་ཡང་མཚན་ན་འཁོར་དུ་འདུས་པ་ལྟ་ཅི། དེས་ན་སངས་རྒྱས་ཀྱི་རྣམ་པར་རོལ་པ་དེ་ལྟ་བུའི་དུས་མཚུངས་མི་དགོས་པའམ། བརྒྱུད་ནས་ཐོས་པ་ལ་ཡང་འདི་སྐད་བདག་ཐོས་ཀྱི་སྒྲ་སྦྱར་རུང་བ་ཇི་ལྟར་ལགས། སྔ་རབས་པ་སུས་ཀྱང་འདི་འདྲའི་དོགས་སྤོང་མཛད་པ་མི་སྣང་བས་ཐེ་ཚོམ་ལེགས་པ་རབ་བསལ་བ་ཞིག་མཁྱེན། ཅེས་པའི་ལན་དུ། དེའི་དོགས་གཅོད་བརྒྱད་སྟོང་འགྲེལ་ཆེན་ལས། འདི་ལ་ཉེས་པ་མེད་དེ། གང་གི་ཕྱིར་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཀྱིས་བསྟན་པ་ནི་དེས་བསྟན་པ་ཡིན་༼༢བ༤༽པ་དང་། དེའི་མཐུས་གཞལ་ཐོས་པ་ཡང་བཅོམ་ལྡན་འདས་ཀྱི་ཐད་ནས་ཐོས་པ་ཡིན་ནོ། །ཡང་ན་གཞན་དག་ལས་ཐོས་ན་ཡང་ཆོས་འཛིན་པའི་མཆོག་ཡིན་པས་དོན་ངེས་པར་བྱ་བའི་ཕྱིར། དེས་བཅོམ་ལྡན་འདས་ལ་ཞུས་པ་ཡིན་ནོ། །ཞེས་གསུངས་པ་ཉིད་ཀྱིས་དགོངས་མཆི། །དྲི་གསུམ་པ། གྲུབ་ཐོབ་ཁྱུང་པོའི་རྣམ་པར་ཐར་པའི་ཐད་དུ་དངས་དྲགས་ན་ཆུ་ལ་ཉ་མི་འཆགས་པས། གཞན་དག་གིས་ཕྱོགས་འཛིན་དུ་གོ་དོགས་མ་ཕུལ། བཞི་པར། འདོད་པའི་མདའ་ལྔ་ཞེས་པ་ལྟ་བུ་དྲང་དོན་ཁོ་ན་ཡིན་པས། འཆི་མེད་མཛོད་སོགས་ལས་ཇི་ལྟ་བྱུང་བ་བཞིན་ལ་ངོས་འཛིན། དྲི་བ་ལྔ་པར། དུས་འཁོར་རྒྱུད་ཕྱི་མ་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་ཡིན། དེར་ཀླུ་སྒྲུབ་ཀྱི་ལུང་དྲངས་པའང་ལུང་བསྟན་མིན། ཀླུ་སྒྲུབ་ཀྱི་ལུགས་དངོས་སུ་སྐྱོར་བ་ཡིན། དེ་དུས་ཀླུ་སྒྲུབ་དགུང་ལོ་སུམ་བརྒྱ་ཙམ་ཁོ་ན། འཇམ་དབྱངས་གྲགས་པས་བསྡུས་རྒྱུད་བསྡུས་པའི་ལོ་དེ་ཀར་འདི་མཛད་པ་ཡིན། བཀའི་ནང་དུ་བསྟན་བཅོས་ཀྱི་ལུང་དྲང་བའང་མི་འཐད་པ་མ་ཡིན་ཏེ། བྱམས་སྨོན་བཟང་སྤྱོད་སོགས་བཞིན་ནོ། །འདི་དང་། འགྲེལ་ཆེན་གྱི། སངས་རྒྱས་པའི་མཛོད་མཐོང་ནི། ཞེས་པའི་མཛོད་དབྱིག་གཉེན་གྱི་ཡིན་དགོངས་པ་མི་མཚུངས། དབྱིག་གཉེན་དེ་དུས་བྱོན་མཚར་ཏེ། ཐོགས་མེད་སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་འབྱོན་པའི་ལུང་གསལ་པོར་བཞུགས་པ་ཡིན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱང་པད་དཀར་གྱི་དུས་བྱུང་མ་ཚར་ཏེ། ཨཱརྻ་དེ་ཝ། ཀླུ་སྒྲུབ་དགུང་ལོ་དྲུག་བརྒྱའི་ནང་གི་སློབ་མ་ཡིན་ནོ། །དྲི་བ་དྲུག་པ་ལ། སེམས་ཅན་གྱི་རྒྱུད་ལ་བདེར་གཤེགས་སྙིང་པོ་ཡོད་པར་བཤད་པས་གཞན་སྟོང་དུ་འགྲོ་དགོས་པའི་ངེས་པ་མི་སྣང་། བྱམས་མགོན་གྱི་མདོ་རྒྱན་དུ། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་པ་ལྟ་བུར་འདོད་པ་ཡིན། །མར་མི་དྭགས་གསུམ། །ཕག་གྲུ། གླིང་རས། རྒྱ་༼༣ན༥༽རས་ལ་སོགས་པ་ལྟ་བ་རབ་ཏུ་མི་གནས་པ་ཡིན། དེ་ལའང་རྒྱུན་རབ་ཏུ་མི་གནས་པ་དང་། ཟུང་འཇུག་རབ་ཏུ་མི་གནས་པ་གཉིས་འབྱེད་པ་མཻ་ཏྲི་པའི་དགོངས་པ། དྲང་ངེས་གར་ཡང་། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་པ་ལྟར་ཁས་ལེན་པས། སེམས་ཅན་འདུས་བྱས་ཡིན་པའི་རྒྱུ་མཚན་གྱིས། གསར་སྐྱེས་ཁས་ལེན་ན་ནི་བླངས་པས་ཆོག །དྲི་བ་བདུན་པར། དཀར་བརྒྱུད་ཀྱི་སྒྲ་བཤད། རྒྱལ་དབང་རྗེས། རྟོགས་པ་དྲི་མ་མེད་པས་དཀར་བ། ཞེས་གསུངས་ཁོ་བོའི་རྗེ་བླ་མ་དེ་ལ་དགྱེས། དེའི་རྗེས་སུ་འབྲངས་པ་ཡིན། དྲི་བ་བརྒྱད་པ། སྤྲུལ་པ་ལ་སྒྱུ་མ་སྤྲུལ་པ་ལྟ་བུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་དང་། སྣང་ཙམ་དུ་ཡོད་པའི་དཔེར་སྨོས་པ་དང་། ལྷ་ཀླུ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པའང་ཡོད། མཆོག་གི་སྤྲུལ་སྐུ་ལྟ་བུ་ལོངས་སྐུ་ལས་བཞེངས་པའི་གཟུགས་སྐུལ་བཞག་པ་དང་། དགའ་ལྡན་གྱི་བྱམས་པ་ལྟ་བུ་སྐྱེ་བ་སྤྲུལ་སྐུའི་ཚུལ་གཟུང་བ་དང་། ལས་ཉོན་གྱི་སྐྱེ་བ་སྔ་ཕྱི་ལྟ་བུ་ལ་སྤྲུལ་པའི་སྐུ་ཞེས་པ་བླུན་པོའི་ཆེ་བརྗོད་དུ་གྱུར་པ་སོགས་མང་དུ་སྣང་། སངས་རྒྱས་ཀྱི་གཟིགས་ངོར་སེམས་ཅན་གྱི་ལས་སྣང་འདི་དག །འདི་འཆར་འདི་མི་འཆར། ཉིད་ལམ་འབྲས་འཆད་པ་པོ་ཡིན་པས་སྣང་གསུམ་དུ། སངས་རྒྱས་ལ་དར་བ་རབ་འབྱམས། ཞེས་གསུངས་པ་དཀར་རྙིང་གསུམ་འདིར་གྲུབ་མཐའ་གཅིག །ཅེས་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ལས་ཞག་དྲུག་སོང་བའི་ཚེ་བྲག་བར་སྒར་ནས། གང་གི་དགེ་ལེགས་ནོར་འཛིན་གཞིས། །བདེ་བའི་ལོ་ཏོག་རྣམས་བསྐྱེད་པས། །རྣམ་གྲོལ་འདོད་དགུའི་ཚོགས་ཀུན་གྱིས། །མ་ལུས་སེམས་ཅན་ཚིམ་གྱུར་ཅིག། །།སརྦ་མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དཔུང་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousན་ལནྡ་མཁན་པོའི་དྲིལ་ན།next