Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
བཤེས་གཉེན་རྣམ་རྒྱལ་གྲགས་པའི་དྲིས་ལན།
   
   
   
   
   
   


 
previousབཤེས་གཉེན་རྣམ་རྒྱལ་གྲགས་པའི་དྲིས་ལན།next

བཤེས་གཉེན་རྣམ་རྒྱལ་གྲགས་པའི་དྲིས་ལན།

བཤེས་གཉེན་རྣམ་རྒྱལ་གྲགས་པའི་དྲིས་ལན་བཞུགས་སོ། །ལུང་དང་རིགས་པ་སྨྲ་བའི་བཤེས་གཉེན་ཆེན་པོ་རྣམ་རྒྱལ་གྲགས་པའི་མཚན་འཛིན་པ་གང་གི་ཕྱག་ཏུ་ཕུལ་བ། རི་མོ་བཀྲ་ཤིས་ཁ་རྟགས་གསེར། རྟེན་ཁེབས་དང་བཅས་པ། ཉེ་གནས་པས་གཙང་ཆུའི་འཇིགས་པ་ཁྱད་དུ་གསད་དེར་མ་སྟོད་དུ་ཡོད་ཐོག་འབྱོར་པས་ཡིད་ཚིམ། ཉིད་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་ལུགས་ལ་ལེགས་པར་སྦྱངས་པ། ཀརྨ་ཀམ་ཚང་གི་ཚོགས་ཀྱི་དབུས་སུ་ལེགས་པར་འདོམས་པའི་འཆད་ཉན་ཐུགས་ཀ་རྫོགས་པར་བགྱིས་ཏེ། ཆོས་གྲྭ་དེ་ཉིད་དུ་ལྷུན་ཆགས་པར་བཞུགས་མཆིས་པ་སྤྲོ། ད་ལམ་ཁོ་བོའི་སྤྱོད་ཚུལ་ལ་བརྟེན་པའི་དྲི་བ་མཛད་འདུག་པ་བདག་ལ་བསྟོད། །གཞན་ལ་སྨོད་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་མ་ཡིན། ང་ཆེའོ་སྙམ་རློམ་སེམས་དང་དེ་སྒྲུབ་པའང་སྔ་མ་དང་མཚུངས་པར་མཐོང་ཀྱང་། ད་ལམ་ཉིད་རྒྱལ་བའི་ཆོས་ལ་སྦྱངས། །རྣམ་སྤྱོད་ཀྱི་སྤྱན་ཡངས་པས་གླེང་བསླང་བ་འདི་ལྟ་བུ་ལ། ལྐུགས་པའི་ཚུལ་གཟུང་ན་འོས་མིན་པར་བསམས་ནས། །གཞན་གླེང་བ་པོ་དང་། །བདག་གི་ཚུལ། ཤཱཀྱ་ཐུབ་པའི་ལུགས་སུ་མཐུན། ཉིད་ཀྱི་དཔྱད་གཞིར་མཛོད་ཅིག་ཅེས་དྲང་པོར་སྨྲས་སོ། །དེ་ལ་ཉིད་ཀྱི་ཚིག་འདིར་མ་བཀོད་ན་བདག་གིས་ཅི་སྨྲས་སམ། དགོངས་སྲིད་པས། དེ་ཡང་བཀོད་དེ་ལན་དུ་བགྱིས་པ། མཁྱེན་པའི་སྣང་བས་ཤེས་བྱའི་གནས་ཀུན་ཁྱབ། །བརྩེ་བའི་ཐུགས་རྗེས་འགྲོ་བ་དབང་དུ་སྡུད། །ནུས་པས་རྒོལ་ངན་སྤོབས་པ་མཐའ་དག་འཇོམས། །རྒྱལ་བའི་སྲས་པོ་རྒྱལ་བའི་མྱུ་གུ་ལ། །བདག་གཡོ་རྒྱུ་དང་ཟོལ་ཟོག་མིན་པར་རང་གི་ཐེ་ཚོམ་དང་ཡིད་གཉིས་ཀྱི་དྲ་བ་གཅོད་པའི་ཕྱིར། ཚིག་འགའ་ཞིག་ཞུ་ན། ཉིད་ཀྱི་སྙན་པ་དང་གྲགས་པ་ཡང་ཐོས། སྐབས་དེ་དང་དེའི་མི་མཐུན་ཕྱོགས་ཀྱང་ཐོས་ཤིང་། །ཉིད་པཎ་ཆེན་ནཱ་རོའི་སྐྱེ་བའོ་ཞེས་རླུང་ལྟར་གྲགས་ཤིང་། ཞལ་གྱིས་ཡང་བཞེས་འདུག་ཟེར་བ་ལ་དཔག་གསན། རྒྱུ་མཚན་གཞན་ཡོད་༼༢ན༣༽པ་ཡང་སྲིད། ལོ་རས་ཀྱི་རྣམ་ཐར་བཀའ་རྒྱ་མ་ན། སློབ་དཔོན་པདྨའི་ཞལ་ནས། མཁན་པོ་བོ་དྷི་ས་ཏྭ་ཁྱོ་ད་མ་འོངས་པ་ན་ནཱ་རོ་པར་འགྱུར་ཞིང་། དེ་ནས་གཙང་པ་རྒྱ་རས། དེ་ནས་རྒྱལ་པོའི་ཚུལ་གྱིས་འགྲོ་དོན་མཛད་གསུང་བ་ཅིག་འདུག་པ་ལ་དགོངས། རྒྱལ་པོ་བྱ་བ་ཆོས་རྒྱལ་དུ་བྱས། དེའི་སྐུའི་སྐྱེ་བར་ཞལ་གྱིས་བཞེས་པ་ཡིན་ན། ཞེས་གསུང་བ་འདིའི་ཐད་དུ། འདི་ན་གཏེར་ནས་ཆོས་ཚད་ལྡན་མ་འཐོན་དེ་ཐམས་ཅད་བརྫུས་མའོ་ཞེས་སྨྲས་པ་དང་། བདག་ཉིད་ཆེན་པོར་བསྒྲུབ་པ་དང་གཞན་སྨོད་པ་ལ་གཏེར་ཡིག་གི་ལུང་བསྟན་འདི་རྣམས་འདི་ཡོད་ཅེས་སྨྲ་བའང་མཐོང་། དེ་ལྟ་བུ་མིན་པར་བདག་ནི་རྙིང་མ་བཀའ་གཏེར་ཚད་ལྡན་ལ་གུས། །གཏེར་རྫུས་ལ་དཔྱད་དེ་བཏང་སྙོམས་སུ་འཇོག་པས། ལུང་དྲངས་ཀྱང་འོས་པ་ཉིད་ཡིན་པས། །ཆོས་རྗེ་རྒྱ་རས་ལ། །ས་རལ་ཞེས་བྱའི་ལུང་གསུམ་མདོར། །ནོར་བུ་འཛིན་པའི་སྤྲུལ་པ་བྱུང་། །ཕ་བོང་ཤོ་འདྲའི་ཁ་ནས་ཆོས་འཆད་རྩོམ། །ཞེས་སྤྱན་རས་གཟིགས་མུ་ལུང་བསྟན་པ། ཆོས་དབང་གི་གཏེར་ཡིག །གཞན་ཡང་ཀོང་གཏེར་ལྷོ་གཏེར་མང་པོར་ནཱ་རོ་པར་ལུང་བསྟན་འདུག །དཀར་བརྒྱུད་རང་གི་ཞང་གཡུ་བྲག་པས། །ནཱ་རོ་པའི་དབུ་སྐྲ་གཅོད་མཁན་ང་མིན་པ་སུ་ཡོད་ཅེས། རྒོད་མ་དཀར་མོ་ལ་ཞོན་ནས་བརྒྱུག་པ་ཀུན་མཐུན་གྲུབ་ཏུ་གླེང་། དེ་བཞིན་གླིང་རས་ཀྱི་གདན་ས་ཐེལ་གྱི་གནས་བསྟོད་དུ། དཔྲལ་བའི་དཀྱིལ་ནས་མདོངས་ཅིག་བྱུང་། མདོངས་དེ་གླིང་ཆེན་རས་པ་ཡིན། །མདོངས་ཀྱི་དཀྱིལ་ནས་འོད་ཅིག་བྱུང་། འོད་དེ་ནཱ་རོ་པཎ་ཆེན་ཡིན། །ཟེར་བ་འདུག །ཐམས་ཅད་བཀོད་ཀྱང་མང་སྣང་། །གཙང་པ་རྒྱ་རས་ཉིད་ཀྱིས། །སྐྱེ་བཞིའི་གོང་རོལ་ཁ་ཆེའི་ཡུལ་གྱི་ལྷོ། །ཀོ་ས་ལ་ཞེས་གྲགས་པའི་གྲོང་ཁྱེར་དེར། །མུ་སྟེགས་མ་ཡིན་བྲམ་ཟེའི་རིགས་སུ་སྐྱེས། །དེ་ཚང་མིང་ཡེ་ཤེས་དངོས་གྲུབ་འབོད། །ཅེས་ནཱ་རོ་པར་ཞལ་གྱིས་བཞེས། །འདིར་ཡང་གདུང་གསོ་བ་བརྒྱད་ཅུ་རྩ་བཞིའི་དགུས། །ཅེས་གདུང་རབས་དེ་ཉིད་དུ་སྤྲུལ་པའི་སྐུ་དགུ་༼༢བ༤༽འབྱུང་བར་ལུང་བསྟན་པའི་ཐོག་མར་རྒྱལ་དབང་རྗེ་ཡིན་པ་གཏན་ཚིགས་མང་དུ་སྣང་། །དེའི་སྤྲུལ་པ་བྱ་རིགས་སུ་བྱོན་པ་སོམ་ཉི་མ་མཆིས། །ཁོ་བོ་དེའི་སྤྲུལ་པར་བྱ་པཎྜྻི་ཏ་བཀྲ་ཤིས་རྣམ་རྒྱལ་ལ་སོགས་པས་བརྟགས་དཔྱད་བྱས་པས་མགུ། །ཁྱད་པར་རྡོ་རྗེ་ཆོས་ཀྱི་སྤྱན་ལྡན་འབྲུག་པ་རིན་པོ་ཆེས་དཀོན་མཆོག་ལ་ཟླ་བ་གཅིག་ཏུ་ཆེད་དུ་བྱ་བ་འདི་ཁོ་ནས་གསོལ་བ་བཏབ་པས་སླུ་བ་མེད་པར་ལུང་བསྟན་ནོ་གསུང་བའི་བཀའ་ཐམ་འབྱོར་པ་དང་། ཆུང་ངུའི་དུས་ཁས་འཆེ་བ་ཡང་བྱས་འདུག །ད་ལྟ་ཡིན་པར་འདོད་པ་ལ་ཡིན། མན་པར་འདོད་པ་ལ་མན་བྱས་པས་ཆོག་པར་མཆིས། སྒྲུབ་བྱེད་དགོས་པའི་དལ་བ་མེད་དོ། །ཡང་ཉིད་ཀྱིས། དེའི་སྐུའི་སྐྱེ་བར་ཞལ་གྱིས་བཞེས་པ་ཡིན་ན། །གཞན་ཕྱོགས་པའི་སྐྱེ་བོ་འགའ་དང་འགའི་བསམ་པ་ལ། །སྐྱེས་བུ་དམ་པ་དེ་རྣམས་ཀྱི་སྐྱེ་བ་དང་སྤྲུལ་པ་གང་ཡིན་རུང་། བསྟན་པ་དང་སེམས་ཅན་གྱི་བསྲུང་སྐྱོབས་མཛད་པ་མ་གཏོགས་བག་མེད་ཀྱི་སྤྱོད་པ་འདི་ལྟ་བུ་ཅི་ལ་མཛད། །འདི་ནི་འཚེ་བ་ཆོས་སུ་སྨྲ་བ་སེམས་ཅན་བསླུ་བར་བྱེད་པ་ཞིག་གོ། །སྙམ་དུ་བྱེད་པ་ཡོད་སྲིད་པས། །སྐྱེས་བུ་དམ་པ་རྣམས་ལ་ལོག་ལྟ་སྐྱེས་ན། །མེད་པར་ལྟ་བས་རྩ་བ་གཅོད། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་ཞེས་གསུངས། །རང་རྒྱུད་ལ་ཡོད་པའི་འདོད་པའི་སས་བསྡུས་ཀྱི་དགེ་བ་ཆད་ན་ངན་སོང་དུ་ལྷུང་བར་འགྱུར་ལ། བདག་ལ་བརྟེན་ནས་ནམ་དུ་ཡང་། །འགའ་ཡང་གནོད་པར་མ་གྱུར་ཅིག །སྐྱེས་བུ་དམ་པ་ལ་བརྟེན་ནས་སེམས་ཅན་རྣམས་གཡང་སར་ལྷུང་ན་མི་རུང་བས། །ཐབས་སྣ་ཚོགས་ཀྱི་སྒྲོ་ནས་སྐྱེ་བོ་ངན་པའི་ལོག་ལྟ་སྲོལ་དགོས་ཅིང་། དེ་ཡང་སོ་སོ་སྐྱེ་བོ་རྣམས་རྫུ་འཕྲུལ་ལ་ཡིད་གཏོད་པར་བྱེད་པ་ཡིན་ལ། རྫུ་འཕྲུལ་སྔགས་དང་སྨན་དང་ལས་ལས་སྐྱེས་པ་དང་། བསྒོམས་པའི་སྟོབས་ཀྱིས་སྐྱེས་པ་ལ་སོགས་པ་ལས། མི་ལ་སྐྱེས་སྟོབས་ཀྱི་རྫུ་འཕྲུལ་དང་མངོན་ཤེས་མོད། འབྱུང་པོས་བརླམས་པ་ནི་མ་ནི་ལ་ཆེ། །རྫུ་འཕྲུལ་གྱི་མངོན་ཤེས་༼༣ན༥༽སམ། ཕ་རོལ་གྱི་སེམས་དྲི་བཅས་དྲི་མེད་གང་རུང་ལ་བརྟེན་ནས། །སྐྱེ་བོ་ངན་པ་རྣམས་ཀྱི་ཐེ་ཚོམ་ལོག་ལྟ་བསལ་ཏེ། ཡང་དག་པའི་ལྟ་བ་ལ་འཇུག་པ་ཅིག་ཅིས་ཀྱང་གནང་བ་མཁྱེན་མཁྱེན། དེ་ལྟར་མ་གནང་བར་སེམས་ཅན་བློ་རིགས་སྣ་ཚོགས་པ་དེ་དག་དགེ་ཡང་རུང་། །སྡིག་ཀྱང་རུང་། །ཅི་དགའ་གྱིས་སྙམ་དུ་བོར་ནས། བྱང་ཆུབ་སེམས་དཔའ་ལ་སེམས་ཅན་བློས་བཏང་བ་དང་། རྫུ་འཕྲུལ་སྡིག་ལ་སོགས་མ་བྱེད་ཅེས་ཉེས་པར་འགྱུར་བ་མ་ལགས་སམ། །ཞེས་གསུང་བ་ལ། བདག་ལོ་དགུ་ནས་དཀར་བརྒྱུད་རིན་པོ་ཆེའི་བསྟན་འཛིན་ལ་གཏུགས་གསུང་གི་བདུད་རྩི་མྱངས། ལོ་བཅུ་བཞི་ནས་དཀར་བརྒྱུད་ཀྱི་གདམས་ངག་ཚིག་ཤེས་ཙམ་བྱུང་ནས་དོན་གཉེར་ལ་བཤད། ལོ་བཅུ་བདུན་ནས་བསྙེན་པར་རྫོགས། དགེ་སློང་གི་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པའི་ཕྱིར་འདུལ་བ་ལུང་སྡེ་བཞིའི་པུསྟ་ཀ་མིག་གིས་ལྟས། དོན་ལ་དཔྱད། ཞར་ལ་ཕར་ཚད་དབུ་མངོན་གྱི་གཞུང་ཐོས་པ་བགྱིད་བསམ། པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཤཱཀྱ་མཆོག་ལྡན་གྱི་གསུང་ངག་རྣམས་ཐོག་མར་ལྟ་བའི་མིག་ཏུ་བྱས། །རྒྱ་བོད་ཚད་ཐུབ་ཀྱི་གཞུང་གླེགས་བམ་དུ་མ་ལ་སྦྱངས་པས་ལུང་དང་རིགས་པ་སྨྲ་བ་ལ་འགྲན་ཟླ་མེད་པར་གྲགས། དེ་གཞན་མའི་ཐུགས་སུ་མ་ཤོང་བས་ཕྱོགས་འཛིན་ཅན་རྣམས་ཀྱིས་བདུད་དུ་གླེང་བས། །སྨྲ་བའི་སེང་གེ་རྩོད་ཁབ་ལ་འདྲེར་སྐྱེས་ཟེར་སྨད་པ་དང་འདྲ། ངེད་ཀྱིས་བདུད་བྱས་དེ་འདུལ་བར་རློམས་ན། གཞན་འཕྲུལ་དབང་བྱེད་ཀྱི་གནས་ནས་ཕེབས་དགོས་པ་འདྲ་ལགས། གཞན་གྱི་དད་པས་ཕུལ་བའི་ནོར་ཆུད་ཟོས་ན་མི་རུང་སྙམ། དཔལ་བཀྲ་ཤིས་མཐོང་སྨོན་གྱི་གཙུག་ལག་ཁང་། རྒྱལ་བྱེད་ཚལ། ཡང་རྩེ། དཔལ་རི། བྱམས་པ་ཆོས་གླིང་། ཙ་རི། གསང་སྔགས་ཆོས་གླིང་སོགས་ནང་བཞུགས་རྟེན་ཆེན་དགེ་འདུན་གྱི་སྡེ། ལོག་འཚོ་མེད་པའི་འཚོག་ཆས། དབུས་གཙང་ནའང་འགྲན་ཟླ་མེད་པ་འགའ་ཞིག་བསྒྲུབས། གོས་སྐུ་གསུམ་དང་། ༼༣བ༦༽རྒྱལ་བའི་གསུང་རབ་བཞེངས། དབུས་གཙང་དུ་སྡོད་དུས། ས་དགེ་ཀར་རྙིང་ཀུན་ལ་སྲིད་ཞུར་བྱས་པས། དིང་སང་ངམ་རིང་། དཔལ་འཁོར་བདེ་ཆེན། རྟ་སེ་སྐྱེད་ཚལ། བྱ་གཤོངས། བསང་ཕུ་སེར་འབྲས་དགེ་གསུམ་ཀུན་ཏུ། ཁོ་བོ་དང་ཆོས་ཀྱི་འབྲེལ་བ་ཅན་མང་། བློ་གསལ་དེ་དག་བདག་ལ་བསྟོད་པའི་གནས་སུ་བྱེད་པ་འདི་ཁོ་བོས་བྱས་པའི་བག་མེད། གཞན་གྱི་བག་ཡོད་ཅིར་འདུག་ལྟས་ན། སྐྱེ་བོ་མགོ་བསྐོར། བརྒྱ་ཤིག་ནས་སྟོང་འགུགས་ཐབས་སོགས་རྒྱུ་ནོར་རང་ཤེད་འཐོན་པར་གཞན་ཕྱོགས་ཀྱི་དགོན་པ་བསྒྱུར། །རང་འོག་ཏུ་འཛུད་ཐབས་ཀྱི་གཡོ་སྒྱུ་ཁྲམ་གསུམ་མ་ལགས་སམ་གཟིགས། སངས་རྒྱས་སུ་ཁས་ལེན་པ་དང་མངོན་ཤེས་རྫུ་འཕྲུལ་ཡོད་རྒྱུད་བྱེད་པ་ནི། མི་ཚེས་བླ་མའི་རྫུན་དུ་སྣང་བས། བླུན་པོའི་ངོ་ན་མཛེས་ཀྱང་སྟོན་པས་སྡོམ་པ་འཇིག་པའི་རྐྱེན་དུ་གསུངས་འདུག་པས་མ་ནུས་སོ། །ནོར་ལོངས་སྤྱོད་སྤྲིན་བཞིན་འདུས་ཙ་ན། ཁོང་ཆེན་པོ་ཕལ་གྱི་གཉིད་ཐབས་བཅག །གསུང་བ་ལྟར་ལགས། དོན་ལ་སྟོན་པ་སངས་རྒྱས་ལ་ལྷས་བྱིན་གྱིས་རྒྱོགས་རྒྱབ། དཀྲོད་རྩེས་བྱས། མ་སྐྱེས་དགྲས་གླང་པོ་ཆེ་འབྲས་ཆང་གི་མྱོས་པ་རྦད། བྲམ་ཟེའི་གྲོང་དུ་དགེ་སྦྱོང་གོའུ་ཏ་མ་འོང་བའི་ཤུལ་ལམ་དུ་སྤུ་གྲིའི་ཆར་འབབ་པ་ལ་སོགས་པ་ཁྲམ་བྱས་པ་བདེན་སྙམ། རྒྱལ་པོས་མཚམས་བཅད་པས་སྟོན་པ་འཁོར་བཅས་ཟླ་བ་གསུམ་དུ་རྟ་ཆག་རུལ་བ་གསོལ་དགོས་པ་བྱུང་འདུག །མ་སྐྱེས་དགྲས་འགྱོད་ཚང་བྱས། ལྷས་བྱིན་ལུས་དེ་ཉིད་ཀྱི་དམྱལ་བར་སོང་བ་མ་གཟིགས་སམ། བདག་མཐོང་ངམ་ཚུལ་ཐོས་ན་དེ་དག་ལ་སྡིག་ཏོག་མི་དགེ་བའི་བསམ་པ་སྐྱེ་བ། སྐྱེས་བུ་གཅིག་ལ་དགྲ་གཉེན་བར་མའི་མཐོང་འདུས་་་་་་་་་་་་་ཉིད་དགོང་མ་དགོས། ་་་་་་་་་་་། །་་་་་་་་་་་་་་། འཕྲལ་བར་རྒྱལ་པོ་ལ་གནོན་ཀྱང་། ཕུགས་་་་་་སྲོང་གི་སྨོན་ལམ་སྟོབས་ལས་སྟོན་པའི་བསྟན་པ་ལ་ཐོག་མར་ཉོན་༼༤ན༧༽མོངས་པའི་དགྲ་རྩད་ནས་བཅད་པར་འདུག་པས། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བར་འགྲོ་བསམ་མོ། །ཡང་། ཉིད་མདོ་རྒྱུད་ཀྱི་གཞུང་རྣམས་འཆད་རྩོང་རྩོམ་མ་ལ་སྤོབས་པ་ཐོགས་པ་མི་འདུག་ཅེས། སྐྱེ་བོ་སུས་ཀྱང་སྐུ་མདུན་ཕྱིན་ཡང་ཡིད་འཕྲོག་ཅིང་རབ་ཏུ་དད་པ་ཅིག་ཡོད་འདུག །དེ་ལྟར་གནང་བ་དེ་རང་གི་ཇི་ལྟར་ཐུགས་ཉམས་སུ་བཞེས་པའི་དོན་དེ་གཞན་ལ་སྟོན་པ་ཡིན་ན་ནི་ཆོས་ངོ་མཚར་རྨད་དུ་བྱུང་བ་ཡིན་ཏེ། རྣམ་པ་ཐམས་ཆད་ཆོས་ཡོངས་སུ་བསྒྲགས་པས་སངས་རྒྱས་མཉེས་པར་བྱེད་པ། ཞེས་དང་། ཆོས་སྦྱིན་ཉོན་མོངས་ཅན་མིན་པའི། །འགྲོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་དང་། ཆོས་སྨྲ་བའི་གང་ཟག་དེ་ཡོན་གནས་མཆོག་ཏུ་འགྱུར་བར་གསུངས་ཤིང་། གཞུང་ལུགས་དེ་དག་གི་དོན་གྱི་རྩ་བ། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་སོགས་དགེ་སྡིག་གི་བླང་དོར་ལ་ཐུག་པ་མ་ལགས་སམ། ཡང་བྱང་ཆུབ་སེམས་ཀྱི་ཀུན་ནས་བླངས་པའི་ཉམས་རྟོགས་གང་ཡང་མེད་པར་ཟང་ཟིང་བསྡུ་བའི་ཕྱིར་ཉན་བཤད་དབང་ཁྲིད་སོགས་བྱེད་པ་དེ་ནི་བུམ་པ་སྟོང་པ་ཕར་ཇེ་ཚུར་ཇོ་བྱེད་པ་དང་འདྲ་བར། ཇོ་བོས་བཀའ་གདམས་འཐོར་བུ་བ་ལས་གསུངས་པ་དེ་ཐུགས་ལ་མངའ་མོད། མདོར་ན་ཉིད་ཡུལ་ཕྱོགས་དང་ཡུལ་ཕྱོགས་སུ་བྱོན་ནས་ལུང་རིག་གི་ཉན་བཤད། དབང་ཁྲིད་མན་ངག་སོགས་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་འགྲོ་བ་མཐའ་ཡས་པའི་དོན་མཛད་པ། སྐབས་ལ་ལར་རབ་ཏུ་བྱུང་བ་རྣམས་ཀྱིས་གོ་གྱོན་མཚོན་ཆ་བསྣམས་ཏེ། ཕ་རོལ་པའི་ལུས་དང་སྲོག་དང་ལོངས་སྤྱོད་འཁོར་དང་གནས་རྟེན་སོགས་དྲག་པོའི་སྒོ་ནས་འཇོམས་པར་བྱེད་པ་འདི་གཉིས་ཚ་གྲང་ལྟར་འགལ་བ་འདུས་པའི་ཕུང་པོར་མཐོང་བྱུང་བས། འགལ་འདུ་སྐྱོན་མེད་ཀྱི་ལན་བདག་ཉིད་དང་བདག་དང་སྐལ་བ་མཉམ་པའི་སྐྱེ་བོ་ཀུན་གྱི་ཡིད་ཡུལ་དུ་འབབ་པ་ཅིག་གནང་བ་མཁྱེན། གསུང་བ་འདི་ལ། ཆོས་བཤད་ཚད་རང་གི་རྟོགས་པ་སངས་༼༤བ༨༽རྒྱས་ཁོ་ནའི་ཁྱད་ཆོས། སྐྱོབས་པ་ཉིད་གཟིགས་ལམ་གསུང་བ་ཞེས་པར་འདུག་པས་ཁས་མི་ལོན། །ཚོགས་ལམ་པས་ཐོས་བསམ་གྱི་ཤེས་རབ་ཀྱིས་གོ། དེ་བཞིན་དུ་ཁོ་བོ་ཅག་གིས་ཀྱང་སོ་སོ་སྐྱེ་བོའི་ས་ནས་སངས་རྒྱས་ཀྱི་སའི་བར། ལུང་ཚད་མར་བྱས་པའི་བསྟན་དོན་གནས་བཤད་པ་བྱས་པ་ཡིན། གསུང་རབ་ལས་སྡིག་པ་སྤངས་དགེ་བསྒྲུབ་པ་ཨ་ཅང་། ལར་ཐེག་ཆེན་ལ་འཇུག་འོས་པ་ཐེག་པ་དམན་པར་ཁྲིད་པ་དང་། ཐེག་དམན་དུ་འཇུག་འོས་པ་ཐེག་ཆེན་དུ་བཙན་ཁྲིད་བྱས་པ་ཡིན་ན་གཉིས་ཀ་རྩ་ལྟུང་དུ་བཤད་པའང་གོ། །ལག་ལེན་ལ་འཆུགས་བསམ་པ་མེད། ཁོ་བོའི་བྱས་ཚུལ་གོང་དུ་བྱས་པ་ལྟར་ཡིན་པས་སྡིག་གམ་དགེ་ཐུགས་བསམ་ཐོང་། དམག་བྱས་གསུང་བ་དེ། ཀོང་ཕྱོགས་སུ་ངེད་ཀྱི་གཞན་ལ་གནོད་པ་སྦྱོང་དགོངས་པ་འདྲ་བས་ཅུང་ཟད་བརྗོད་པར་འོས་འདུག །དེ་ཡང་ཁོ་བོས་ཀོང་པོར་ཀར་སྲིད་པའི་ཕྱོགས་ཅི་བྱེད་ཀྱི་འདུག་ཀྱང་། མི་ཆུང་གཅིག་དང་ས་གདན་གང་ཙམ་ཤོང་བའང་ཕྲོགས་པ་མེད། ཁོང་རྣམས་ཀོང་པོ་ལུང་པར་གཞན་དགག་བཞེད་པར་འདུག །ཁྱད་པར་ད་ལོ་སྒར་ཆེན་ནས་ཀོང་པོ་གྲྭ་པོད་ཐམས་ཅད་རྫོང་ལྟར་མཛད། དགས་མན། ལོང་པོ་མན་སྤོ་བོ་ཡན་གྱི་ཀརྨ་པའི་བླ་སློབ་དཔོན་གྲྭ་རིགས་ཚང་མས་གོ་གྱོན་མཚོན་ཐོགས། ཡོན་བདག་འཁུལ་ཚད་བསྐུལ་ཏེ་བསྐོར། རྒྱོགས་དང་མེ་རྒྱོགས། དུག་སྦྱར་མ་ཆུར་བླུག་པ་སོགས་ཁོ་ངན་པ་ལས་ཀྱང་ངན་པའི་ཚུལ་ལ་དཔོན་སློབ་ཐམས་ཅད་རྩེ་མཐུན། ངེད་ཅག་ཁ་ཕུང་དུ་གཏོང་རྩིས་མཛད་སོང་། ངེད་ཀྱི་འཁྲིས་སུ་གནས་པ་རྣམས་ཀྱི་ཕྱག་མཚན་ནི་རྡོ་བ། ཕུབ་དང་གོ་ནི་ལྕགས་རི་ལ་བཅོལ་བ་ཙམ། རྡས་སློབས་སར་ནི་ཁོང་རྣམས་འབྱོན་མ་ཐུབ། ཕྱིར་ནི་ངེད་ཀྱིས་མ་བརྫངས་པས་སྡིག་པ་ཡི་རང་ཙམ་གྱིས་བྱུང་ཤས་ཁ། ཟླ་བ་ལྔའི་རིན་འབུངས་པས་ནི་མཐོ་བ། ངེད་ཀྱི་གཙུག་ལག་ཁང་ཀོང་ཡུལ་བའི་དཔེར་འོས་པ་ཅིག་རྒྱབ་པ་དེ་མེར་བསྲེག་ཐུབ་པ་ལ་༼༥ན༩༽སྤ་ལོར་རྩི། ཁྱོད་ཆོས་ཀྱི་སྤྱན་ལྡན་ཡིན་པས། གཙུག་ལག་ཁང་རྒྱབ་པ་སྡིག་གམ། །བཤིག་པ་སྡིག་ཡིན། བཤིག་པ་དགའ་ན་གླང་དར་མ་བསྟོད་འོས་སུ་འགྲོ་བ་འདྲ། དེས་ན་བསླབ་སྟོན་འདི་ཀརྨ་པ་དཔོན་སློབ་ཀྱི་སྙན་དུ་ཕུལ་འོས་པ་འདྲ་བསམ། ཡང་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་དུ། སྤྲེའུ་རང་གི་མི་གཙང་བ་སྤྲེའུ་གཞན་ལ་བསྐུད་པ་མཐོང་བ། མ་འོངས་པ་ན་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས་རང་གི་ཉེས་པ་གསངས་ནས་གཞན་གྱི་ཡིན་པར་བསྒྲག་པ་བྱུང་ཞེས་པར་འདུག །ཡང་དྲག་པོའི་ལས་དེ་དག་བསྟན་པ་སྤྱི་སྒོས་ལ་གནོད་པའི། སེམས་ཅན་མ་རུངས་པ་ཞི་བས་འདུལ་བར་མ་ནུས་པ་དེ་དག །དྲག་པོའི་སྒོ་ནས་ཚར་གཅད་པ་ཡིན་དགོངས་ན་ནི། དུག་གསུམ་གྱིས་ཀུན་ནས་བླངས་ཏེ་ཚར་བཅད་ན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ་ཡིན་པས་མ་ཡགས་ཐག་ཆོད། བྱམས་སྙིང་རྗེས་ཀུན་ནས་བླངས་པ་ཡིན་ན་རབ་ཕ་རོལ་པོའི་བསམ་སྦྱོར་ངན་པ་འདོར་དུ་བཅུག་ནས། མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་འགོད་པ་ཅིག་དགོས། དེ་མ་བྱུང་ན་ཕ་རོལ་པོའི་གནོད་སེམས་སྤངས། ཞུ་བཤགས་ཕུལ་བཀའ་ཉན་གསུང་བསྒྲུབ་བྱས་དབང་དུ་འདུས་པ་ཅིག་དགོས་རྒྱུ་ཡིན་པ་ལ། ཕྱི་རོལ་དགྲ་བོ་བཏུལ་རུང་གོང་ནས་གོང་དུ་འཕེལ་བ་འདི་ཡང་བྱང་ཆུབ་སེམས་དཔའི་དྲག་པོའི་ལས་ཚོགས་རང་མིན་པ་འདྲ་སྙམ། གསུང་བ་ལ་སྡུག་ལ་རྟག་ཏུ་བྱམས་ལྡན་པ། ཞེས་བསྒྲལ་འོས་མ་བསྒྲལ་ན་རྩ་ལྟུང་། ཁོ་བོ་ལ་མཐུ་བྱས་ཞེས་ཀུན་གླེང་བསླང་། སངས་རྒྱས་ཀྱི་བསྟན་པ་འཛིན་པ་རྣམས་ལ་མི་བྱེད་པར་ཡི་དམ་བཅས་པ་ཡིན། བདག་དང་མི་མཐུན་ཕྱོགས་སུ་གནས་པ་རྣམས། རྣ་རྡོ་གཅིག་ཟོས་ཀྱང་འཐུག་པའི་མཐུ་ཡིན་སྨྲའོ། །ད་སྒོས་རབ་བྱུང་གི་གཟུགས་ཅོམ་བསྟན་འཛིན་དུ་མི་སྣང་བས། དྲག་སྔགས་བཀྲོལ་ཀྱང་དམ་བཅའ་ལས་འགལ་མའི་འགྲོ་འམ་སེམས། མི་ནག་པ་རྣམས་སྔར་བཤགས་པ་ཕུལ་བའང་ཡོད། ད་ལྟ་དགྲ་བྱས་པས་འགྱོད་པའང་ཡོད། ཡང་ད་བྱུང་གནོད་གང་ཚུགས་བྱེད་༼༥བ༡༠༽འོང་བསམ་པའང་ཡོད་པ། འཚེངས་བསམ་པ་ཐོག་ཏུ་ཁེལ་བ་དཀའ། མཐུ་རབས་བདུན་བརྒྱུད་རྩད་ནས་གཅོད་པ་ཟེར། ཆོས་པ་ལ་དགྲ་བྱུང་ན་རམ་ཟླ་བསྟན་སྲུང་ཀློག་པ་ཨ་ཅང་། ཡང་མདོར་ན་ཁྱེད་ཐེག་པ་ཆེན་པོའི་མཛད་སྤྱོད། རྣམ་ཐར་བསམ་གྱིས་མི་ཁྱབ་པས་གནས་པ་ཡིན་པས། དེ་ལ་སྦར་ཚོད་བྱས་ན་བཟོད་པར་གསོལ། བདག་ནི་བློ་ཆུང་ཐེག་པ་དམན་པ་ཡིན་པས། དགེ་འདུན་དམག་འཁྲུག་བྱས་ཏེ་ཤི་བས་དབྱུང་ན། དམག་ལ་སོགས་པ་དོན་གཅིག་ཕྱིར། ཐམས་ཅད་བྱེད་པ་པོ་བཞིན་ལྡན་ཞེས་པ་དེ་བདེན་ན་ནི་ཅི་དགའ་ཟིན་འདུག །གཞན་ཡང་རྩོད་པ་ནི་ཉེས་དམིགས་ཆེ་ཞིང་། རྩོད་པ་མེད་པ་ནི་ཕན་ཡོན་ཆེ་བ་ཡིན་ཏེ། འདུལ་བ་ལས་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་གསུངས་པ་དང་། རྩོད་པས་གཉིས་ཀ་རྒྱལ་བ་མེད་ཅེས་དང་། བགྲེས་མོས་ཞུས་པའི་མདོ་ལས་ཡང་ན་རྩོད་པ་མེད་པ་དེ་ནི་དགེ་སློང་གི་ཆོས་རྣམས་ཀྱི་མཆོག་གོ། །ཞེས་དང་། ཨ་ཏི་ཤས་གང་ན་རྩོད་པ་ཡོད་པའི་ཕྱོགས་ནས་དཔག་ཚད་བརྒྱའི་བར་བྲོས་པར་བྱ་ཞེས་གསུངས་པས། འདི་ལྟར་ཕུལ་བ་འདི། གློག་ལ་མུན་པའི་གསལ་འདེབས་ལྟ་བུར་མི་དགྲོངས་པར་འདི་རྣམས་ལེགས་བཤད་ལས། དམ་པ་བདེན་པར་སྨྲ་ན་དགེ། ཞེས་གསུངས་པ་ལྟར་ལགས། བདག་རང་སྐུ་མདུན་དུ་འོངས་ཕྱག་འབུལ་བྱས་པ་ཞུ་འདོད་ཡོད་རུང་ཁམས་ཀྱིས་མ་ལྕོགས་པས་བདག་རྔོ་མ་ཐོགས། བདག་ནི་སྔོན་ནས་སྐྱེས་སྟོབས་དང་སྦྱོར་བྱུང་གི་ཤེས་རབ་དམན་པས་ཞུ་བའི་ཡི་གེ་དང་སྡེབས་སྒྲ་དག་མཚམས་སྦྱོར་མཁས་པ་དགྱེས་པ་མ་བྱུང་རུང་། དོན་ལ་དགོངས་དཔྱོད་གནང་ནས་ལན་གཅིག་གནང་བ་མཁྱེན་མཁྱེན། ཞེས་པའི་རི་མོ་སྤྱན་རས་གཡོ་བའི་ཡོན་མི་འགྱུར་བར་སངས་རྒྱས་རིན་ཆེན་གསེར། དར་དཀར་དྲི་མེད་ཆོས། སྣ་ཚོགས་དགེ་འདུན་གོས་ཟུང་སྟེ། དཀོན་མཆོག་གསུམ་མཚོན་རྒྱ་ལྡན་འབུལ། མེ་ཕག་གྲོ་ཞུན་ཟླ་བའི་གྲལ་ཚེས་བརྒྱད་ལ་དགོན་གསར་བླ་བྲང་ནས་ཕུལ་བའི་ཞུ་ཡིག །གསུང་བ་ཉིད་ཀྱི་ཐུགས་ལ་ཕ་རོལ་གྱིས་གནོད་པ་ཅི་སྐྱལ་ཀྱང་བྱོལ་ལམ་ཡ་མ་བྱས་ན་འཐུས་༼༦ན༡༡༽དགོངས་པ་འདྲ། །དེ་ནི་རང་གཅིག་པོ་ལ་འཐུས་ཏེ། མང་པོའི་མགོན་དུ་སོང་བས་དེ་ལྟར་མ་འཐུས་ཕར་རྩོད་སུ་ལའང་བྱེད་མ་མྱོང་། དབུས་གཙང་ལྷོ་ཀོང་གང་དུ་ཡང་། གཞན་ལ་ཆགས་སྡང་མེད་པའི་ཁར་ཕན་འདོགས་པོའི་བློ་རིགས་བྱས། གཞན་གྱིས་མ་འཐུས་པ་སྙིགས་དུས་སུ་སོང་བས་ཡིན་མོད། དེ་ཀ་ཁམ་པ་བཟོད་པ་བསྒོམས་པའི་དཔེ་ཁོ་ན། ལན་རེ་ལན་གཉིས་རྒུར་པས་མ་ཁྱབ་པ་ཅིག་བྱུང་། དེ་ན་བདག་གི་བྱ་བ་ཁོ་ན་ལ་རག་མ་ལས། ས་དགེ་རྙིང་མ་སུ་དང་མི་མཐུན་པ་མ་བྱུང་ཀྱང་། རྗེ་ཀརྨ་དཔོན་སློབ་དང་མ་མཐུན་པ་ཅིག་བྱུང་། ངེད་ཀྱི་འདིར་མ་འཐུས་པ་བྱས་གསུང་བ་ནི་མེད། བརྟགས་ན། མ་འཇལ་མ་བཏུད་པ་ལ་དགོངས་པར་མ་བདེ་བ་ལོས་ཡིན། འདུད་པ་ལ། ཆོས་འདོད་ནས་དགེ་བའི་བཤེས་གཉེན་བསྟེན་དགོས་པ་ཡིན། དེ་ལྟ་བུ་ནི་ཆོས་ཅི་ཞུ་ལས་མི་སྣང་། ས་སྐྱ་པའི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ལྟ་བུ་བོད་གངས་ཅན་ལ་ལུང་བསྒྱུར་བ་ཞིག་ན། བོད་དུ་སྡོད་མི་སྡོད་དེ་ལ་རག་ལས་པས་འདུད་དགོས་པར་མཆི། དེ་ལྟར་ནི་མི་སྣང་། དང་པོ་བརྒྱུད་པའི་འདེད་ཁུངས་དེ་ཡིན་ནའང་འདུད་དགོས་ཏེ། དེད་ཅག་དཔལ་ཕག་མོ་གྲུ་པའི་རིང་ལུགས་འཛིན་པར་སོང་བས་འབྲེལ་མི་སྣང་། ཆོས་གོ་བའི་མི་ལ་ཚིགས་སུ་བཅད་པ་གཅིག་ཙམ་ཐོས་ནས་ཀྱང་རྟེན་ཐབས་མ་ནོར་བ་ཅིག་་་་ །གཞན་དུ་ཁྱིའི་སྐྱེ་བ་བརྒྱད་སྐྱེས་ནས། རྨེ་ཤ་ཅན་དུའང་སྐྱེ་བར་འགྱུར། གསུང་པ་འདུག་པས། བླ་མ་འཚོལ་བ་ལ་མི་དགའ་བ་དེ་ལྟར་ཡིན། རྩོད་པ་མེད་པའི་རྒྱུ་དེར་ཐུག་བྱུང་བས། མ་ནུས་པ་ལ་ཚིག་གིས་སྦྱངས་ཟེར་བ་ལྟར་འདུག །ཉིད་དགེ་བའི་བཤེས་གཉེན་བགྲེས་པོར་སོང་ཐུགས་ཀྱིས་མ་བཟོད་པར་བསླབ་སྟོན་ཕབས་པའི་དོན་ཞུ་ལན་ནང་གཙང་བས་དྲང་པོར་ཕུལ། འདི་རྣམས་ལ་ཀུན་དཔང་དུ་བཟང་ཆོག་པ་ཡོད། ༼༦བ༡༢༽ཡང་བདག་སྤྱོད་པ་རུངས་ན། ཁོང་གྲུབ་མཐའ་མི་གཅིག་པ་གཞན་རྣམས་ཁོ་བོ་ལ་དད་དང་། དུད་དུད་ཅི་ལ་བྱེད་ཀྱང་གཟིགས་པར་འཚལ།། །།དགེའོ། །ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousབཤེས་གཉེན་རྣམ་རྒྱལ་གྲགས་པའི་དྲིས་ལན།next