Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
རྗེ་དྲུང་འགྱུར་མེད་ཀྱི་དྲིས་ལན།
   
   
   
   
   


 
previousརྗེ་དྲུང་འགྱུར་མེད་ཀྱི་དྲིས་ལན།next

རྗེ་དྲུང་འགྱུར་མེད་ཀྱི་དྲིས་ལན།

རྗེ་དྲུང་འགྱུར་མེད་ཀྱི་དྲིས་ལན་བཞུགས་སོ། །ཟས་གཙང་སྲས་ཀྱི་དུས་འཁོར་རྒྱུད་བསྟན་ཚུལ། །རྡོར་དབྱིངས་ཆོས་དབྱིངས་གསུང་དབང་སོགས་སྤྲུལ་པར། །དངོས་སུ་གསུངས་ཕྱིར་ཐེ་ཚོམ་ཅི་ལ་སྐྱེ། །གཞན་ནི་སྣ་ཚོགས་སྐུ་ཕྱིར་བར་འདུལ་བ། །དུས་གཅིག་ཉིད་ཀྱི་བསྟན་དང་སྔགས་མིན་ན། །ཐེག་གསུམ་ཐམས་ཅད་བསྟན་པར་མི་འགྲུབ་པ། །ཚེ་ཚད་སྤྱིར་བཏང་དམིགས་བསལ་ཉིད་ཡིན་ནོ། །ཕུང་སོགས་རྟེན་དང་ཡེ་ཤེས་རྟེན་ཉིད་དུ། །རྒྱུད་མང་ལས་གསུངས་འགྱུར་བ་ཡོད་རིང་ལའོ། །ཨེ་ཝ་སྒྲ་སྒྲུབ་འདི་ལ་ཀ་ལཱ་པའི། །སྤྱི་དོན་དུ་འཆད་རྒྱུད་ལས་གང་བ་གཉིས། །དམར་ཆའི་གང་མཐའི་ཚེག་དྲག་ཝ་སྲོག་མེད། །ཕྱི་མ་ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་ཉི་ཇུལ་གསུང་དང་ནི། །ཨ་ཡིག་མུན་ཅན་ཞེས་ཝས་བསྒྲུབས་པ་དང་། །དང་པོའི་ཨ་ཡིག་མཁའ་ཁམས་ཨེ་ཡིག་གྲུབ། །དེ་ཕྱིར་འདི་ལ་ཆད་ལྷག་གང་ཡང་མེད། །མེ་ཏོག་དོར་བ་ལྷ་ཡི་མཚན་མ་ལ། །གནོད་ན་འཇིག་ཉེས་འབྱུང་དྲང་དོན་དང་། །དེ་བཞིན་དྲང་ངེས་སོ་སོ་རང་བྲེ་བ་གཟིགས། །བུད་མེད་གཟུངས་སུ་རྒྱལ་བ་སྲས་བཅས་སྤྲུལ། །དེ་ལ་རྟེན་གྱི་དམད་ན་ཉེས་ལྕི་བས། །མཐའ་བགག་ཕྱིར་དང་དུས་འཁོར་ཡབ་ཡུམ་ནི། །རྒྱུ་འབྲས་ཉིད་ལ་ནམ་མཁའ་ཡེ་ཤེས་ཏེ། །ཀུན་གྱི་གྲོགས་ཕྱིར་དགྲ་སྤྲོད་རིགས་མ་ཡིན། །རྫོགས་པའི་རིམ་པ་དྲུག་རིགས་དྲུག་གི། །རྣམ་གཞག་སོ་སོར་དབྱེ་ཕྱིར་འགལ་བ་ཅི། །ཡུལ་ལ་བཞིར་བཤད་ཕྱ་བསྡུས་མཁན་པོས་ཡིན། །མདོ་དང་སྡེ་༼༢ན༣༽བདུན་མཛད་པས་ཞེན་ཡུལ་དང་། །འཇུག་ཡུལ་དོན་གཅིག་གསུངས་པས་ཉིད་དགོངས་ཤིང་། །རྡོ་རྗེའི་ལམ་ཞུགས་ཞེས་སྒྲ་གཉིས་སུ་འཆད། །དང་པོ་ལམ་ཞུགས་ཞེས་པའི་ལམ་དེ་ནི། །ཐར་ལམ་ཡིན་པར་སྨྲ་དང་ཁྱད་ཅི་ཡོད། །གཉིས་པ་དངོས་ཏེ་སོར་སྡུད་དུས་བྱུང་ན། །གྲོལ་བ་ཚད་ལྡན་ཉིད་དུ་ཅིས་མ་སོང་། །གང་ཟག་རིགས་ལས་ཕྱག་རྒྱ་རིམ་པ་གསུམ། །དངོས་འབྲེལ་ཐ་དད་པ་དང་གཅིག་འགྱུར་བའི། །འཕྲུལ་ཤེས་མན་ངག་ལྡན་པ་དེ་འདྲར་ཟེར། །དམ་རྒྱར་སློབ་དང་མི་སློབ་ཟུང་འཇུག་གཉིས། །སྔ་མ་རྒྱུར་བཅས་ཕྱི་མ་འབྲས་བུར་བཏགས། །དེས་ན་དེས་དེ་སྐྱེད་པའི་ཐ་སྙད་སྦྱར། །འདི་བསྟན་ཕྱག་ཆེན་དམིགས་བཅས་སྟོང་ཉིད་ཡིན། །དེས་ན་འཕགས་ལམ་དངོས་སུ་འགྲུབ་པ་དཀའ། །ཆོས་སྐུས་གཞན་དོན་མཛད་པའི་ཚུལ་འདི་ནི། །འཇུག་པར་ཞི་སྐུ་དཔག་པ་ལམ་ཤིང་སོགས་དཔེས། །སྐུ་གཉིས་ཟུང་འཇུག་བསྒྲུབས་པ་དེ་ལ་གཟིགས། །གང་གི་དྲི་ཚིག་གོས་དཀར་ཟངས་རྟེན་བཅས། །ཕོ་ཉས་སྨིན་ཀྱང་རེ་ཞིག་སར་འགྱངས་པ། །ཉིད་ཐུགས་ཁྲོ་བ་བྲལ་བས་སྙམ་བསམ་སྟེ། །ད་རེས་མདོ་ཙམ་བྲིས་འདི་གཟིགས་པར་འོས། །མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousརྗེ་དྲུང་འགྱུར་མེད་ཀྱི་དྲིས་ལན།next