Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

41 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
 
12   
  
28   
  
  
  
  
  
  
བྱང་བདག་པོའི་ཟླ་གསང་དྲི་ལན།
  
  
  
  


41 occurrences of གཡོན་རུ་
[Clear Hits]

 
previousབྱང་བདག་པོའི་ཟླ་གསང་དྲི་ལན།next

བྱང་བདག་པོའི་ཟླ་གསང་དྲི་ལན།

བྱང་བདག་པོའི་ཟླ་གསང་དྲི་ལན་བཞུགས་སོ། །བཀྲ་ཤིས་ལྷ་ཡི་རི་བོ་ཉམས་དགའ་བ། །བསོད་ནམས་སྟོབས་རྒྱས་ཚངས་པའི་མདུན་ས་ནས། །རྣམ་དཔྱོད་ཀླུ་དབྱངས་བྱེ་བ་ཕྲག་བརྒྱ་པའི། །བསིལ་བུར་འདར་ལྡན་དྲི་ཚིག་བུ་མོའི་མཚོ། །ཁྱབ་འཇུག་རྐང་པར་བཅོས་པའི་ལུས་ཀྱིས་སུ། །མགྲིན་སྔོན་རལ་པའི་ཕྱོགས་སུ་མངོན་པར་བབས། །དེ་དེར་ཐག་རིངས་བཤད་པས་ངལ་བ་བཞིན། །རྒྱང་རིང་གཉིད་ལོག་དེ་ནས་རབ་སད་པ། །ཐུགས་བཞེད་ལྦུ་དཀར་ཤེལ་གྱི་རྒྱན་ཅན་འདིའོ། །པད་ལུགས་ལས་གཞན་གནུབས་ལུགས་གང་ཡིན་ཞེས། ཟླ་གསང་ཕྱོགས་འདིར་ཁྱོད་ཐུགས་དོགས་དེ་ལ། །ལྕགས་སྡིག་ཆོས་ཀྱི་བཀའ་འབྱེད་ལྡེ་མིག་ཏུ། །ཨུ་རྒྱན་པདྨས་མཛད་པ་ལ། །ཆོས་མཚན་སུམ་ཅུ་རྩ་བརྒྱད་ཡོད། །འཁོར་ལོ་ཉི་ཤུ་རྩ་བདུན་ཡོད། །ཤོག་ལྡེབ་གསུམ་ལ་ཚང་བ་ཡོད། །སྡིག་པའི་ཆོས་ལ་བསྒྲིལ་ཏུ་མེད། །ཐུན་མོང་བསྲུང་མཚམས་ཙམ་དུ་འགྲོ། །ཞེས་པ་སངས་རྒྱས་ཡེ་ཤེས་ཉིད་གསུང་ལགས། །དེ་བས་དང་པོར་པད་ལུགས་ཕྱི་མ་ལ། །གནུབས་ལུགས་ཞེས་སུ་དྲག་སྔགས་མཁས་པས་བསྒྲགས། །པདྨས་མི་མཁྱེན་གནུབས་ཀྱིས་ཤེས་སྨྲ་མིན། །དང་པོར་ཟབ་སྦས་ཕྱི་མར་གསལ་བསྟན་ཕྱིར། །ལུགས་ཕྱི་ལྷག་པར་དངོས་སུ་འཐོན་མིན་ནམ། །མཆོད་རྟེན་སྲོག་ཤིང་དབྱིབས་མདར་གསུངས་པ་ལ། །ད་ལྟའི་མདའ་ཚད་དགོས་དགོངས་འཁྲུལ་བ་འདི། །བློ་ལྡན་ཁྱོད་ཐུགས་རྨོངས་པ་མི་སྲིད་ཀྱང་། །གཞན་ལ་ཅོ་འདྲིར་བརྫུ་བ་ཡིན་ནམ་སྙམ། །སྲོག་ཤིང་ལྷག་ལ་ལས་གཤིན་གསུམ་དགོས་པ། །རྩ་རྒྱུད་གཞུང་གིས་དངོས་སུ་མ་ཟིན་ཀྱང་། །དགོས་དོན་ལྷ་ཐེམས་ཡི་གེས་བཤད་པ་ཡིན། །གྱད་གནོན་ལྟ་བརྒྱད་དཀྱིལ་འཁོར་དགོད་ནོར་ལོ། །འཁྲུལ་བསམ་མི་འཚལ་ལྕགས་སྡིག་འདི་ཉིད་ཀྱི། །སྒྲུབ་ཐབས་སྙིང་གཟེར་ནག་པོར་འདི་སྐད་གསུངས། །ལྷོ་ན་གཤིན་རྗེ་ནག་པོ་ནི། །འཁོར་ལོ་ཙིཏྟའི་འཕྲེང་བ་བསྣམས། །ཞེས་སོགས་༼༢ན༣༽ཉིད་དང་མཆོད་རྟེན་སྒྲོན་རྒྱས་པར། །དབུས་སུ་ཕྱག་རྒྱ་ཟིལ་གནོན་བསྐྱད། །ཤར་ཐུགས་ལྷོ་སྐུ་ནུབ་ཏུ་སྦལ། །བྱང་དུ་ཀ་རུ་མཚམས་གྱད་གནོན། ཟླ་གམ་སྤྲུལ་པ་གསུམ་པོ་ལ། ཞེས་པས་གཞུང་ཉིད་གཟིགས་པས་གསལ་བར་མཆིས། དཔེ་ན་མི་སྣང་ཁྱོད་གསུང་ཐོས་ལོ་ལ། ཐོད་སྐུ་ཐོད་ཚལ་གསར་མའི་རྒྱས་འགེབས་ཡིན། ཚེ་བདག་གཞུང་ལས་དེ་འདྲ་བཤད་པ་མེད། འདི་ཅི་རྒྱས་འདེབས་གར་ཡིན་སྒྲུབ་ཐབས་སུ། ཐོད་སྦྱོར་འབྲུ་སྣ་སྨན་གྱིས་བཀང་། ཞེས་གསུངས། དེ་ཡི་ཞལ་བཞེས་ནང་དེ་ན། ཕོ་ཐོད་མ་ཐོད་བཟང་པོ་ལ། ལྷ་བཟོ་སྟོབས་ལྡན་མཁས་པ་ཡིས། །རྒྱལ་ནས་གཟུང་སྟེ་ཡབ་ཡུམ་སྐུ། །སྲས་མཆོག་ཡབ་ཡུམ་མཁའ་ལྡིང་བཞི། །ཞེས་གསུངས་ཉེས་པར་བཏགས་ཏེ་སྐྱོན་མེད་དོ། །ེ་རིང་བར་གྱི་འབྲུ་གསུམ་མི་འཐད་ལོ། །སྙིང་གཟེར་ཨུར་མོ་ལས་བཞི་རྣལ་བཟླ་ལ། འབྲུ་གསུམ་བཙུག་ཝ་བརྒྱ་དང་ཞེ་དགུ་པ། ཕྱི་ནི་མཆོད་རྟེན་ལ་བརྟེན་སུམ་སྦྲལ་གྱི། །ཻ་རིང་བསྲུང་བར་བགྲང་ལ་བཤད་པ་ཡིན། །སྤྱི་སྡེ་བ་བཅུ་གཉིས་ལ་སོགས་སྐབས་ཀྱིས་ཤེས། སྐུ་གསུང་ཐུགས་ཀྱི་སྔགས་ཀྱང་མཐའ་གཅིག་མིན། །དཔེར་བརྗོད་དྲུག་པོ་སྔགས་བྱང་བུ་ཡིག་ཏུ། །བཅུ་གཉིས་པ་དང་འབྲུ་བརྒྱད་གསུངས། །བཅུ་གཉིས་སླད་དུ་བགྲང་བ་ནི། གཙོ་འཁོར་ཐ་དད་བསྙེན་དང་བཟླ་ཚུལ་ལུང་། །གཙོ་བོ་བརྒྱ་ལ་འཁོར་ལ་བདུན། །ཞེས་པ་སྙིང་གཟེར་དུ་བྱུང་མཆོད་སྒྲོན་དུ། །གཙོ་ལ་ཁྲི་ལ་ཡུམ་ལ་སྟོང་། །འཁོར་ལ་བརྒྱ་ཡིས་འཛབ་དགོངས་རྫོགས། །སོ་སོར་བསྙེན་པའི་དུས་སུ་ནི། །སྒྲོལ་ཡུམ་ཐུགས་ཀའི་ཛཿལས་ནི། །རྐང་བྱེད་སྙིང་གཟེར་ལུང་ཡིན་དེས་བཤད་དོ། །རྣལ་བཟློག་དཀྲུག་དང་བཟླ་བའི་ཚུལ་སོགས་ལ། ཞི་དྲག་ཁྱད་པར་བགྲང་ཡས་མཆིས་པ་ནི། །མཚན་ལྡན་བླ་མའི་ཞལ་སྐྱིན་མྱངས་པ་ན། །སྤྱི་རྒྱུད་མང་ཡང་འདིར་ནི་སྙིང་འཛིངས་ཉིད། །རྒྱུད་གཞུང་རྟོགས་དཀའ་རིག་འཛིན་ཆེ་གཞུང་བསྙེན། །དེ་བས་བདག་ཚིག་བདག་དང་སྐྱོན་རྟོགས་མཁན། །ཟླ་བ་རབ་རིབ་མིག་ཅན་ལྟ་བུར་མཚུངས། །ཟླ་གསང་ཆོས་ཀྱི་རྒྱ་༼༢བ༤༽མཚོའི་གཏམ་འདིས་ཀྱང་། །སྔགས་རློམ་ཁྲོན་པར་སྐྱེས་རྣམས་སྙིང་འགས་པས། །བདག་ལ་སྡིག་འགྱུར་ཚིག་འདི་ཁྱོད་ཁོ་ནས། །ཉན་ནས་བགས་ཀྱིས་གཞན་ལ་བསྙད་པར་འོས། །འདི་ནི་ལ་སྟོད་བྱང་ནས་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་སྟོབས་རྒྱས་ཀྱིས་ཟླ་གསར་ཆོ་ག་ལ་བརྟེན་པའི་དྲི་ཚིག་ཅུང་ཟད་མཛད་པའི་ལན་དུ། སྔགས་འཆང་པདྨ་དཀར་པོས་བདུད་བཞི་འདུལ་བའི་དམག་གི་སྡེའི་དབུས། ཐུབ་བསྟན་ལང་ཚོ་བདོ་བའི་ཐང་། དཔལ་བྱམས་པ་ཆེན་པོ་ཆོས་ཀྱི་གླིང་གི་གཙུག་ལག་ཁང་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག། །།མངྒ་ལཾ། ཆོས་ཡིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousབྱང་བདག་པོའི་ཟླ་གསང་དྲི་ལན།next