Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྟག་གཉིས་འཆད་པ་རྣམས་ལ་དྲིས་པ།
   
   


 
previousབརྟག་གཉིས་འཆད་པ་རྣམས་ལ་དྲིས་པ།next

བརྟག་གཉིས་འཆད་པ་རྣམས་ལ་དྲིས་པ།

བརྟག་གཉིས་འཆད་པ་རྣམས་ལ་དྲིས་པ་བཞུགས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྒྱལ་དབང་རྣམས་ཀྱི་སྙིང་སྟོབས་པད་ཚལ་གྱི། མཁྱེན་པའི་གེ་སར་ལེགས་བཤད་རྡུལ་གསར་པ། །ཅི་ཡང་འཐོར་བའི་འཇམ་མགོན་མཎྜྻ་ར། །བདག་ཡིད་རྫིང་བུར་རིང་དུ་རོལ་བར་མཛོད། །རྒྱུད་སྡེའི་མེ་ཏོག་བནྡྷུ་ཛཱི་བ་ཀ །འབྱེད་པར་ནུས་པའི་མཁས་པའི་ཉི་མ་འགའ། །འཚོལ་ཕྱིར་ལེགས་བཤད་བུང་བ་གཞོན་ནུ་འདི། །དཔྱོད་ལྡན་དགའ་བའི་ཚལ་ནས་འཕུར་ཏེ་སོང་༑ །རྒྱུད་དང་མི་མཐུན་དོར་བའི་གཏམ་སྙན་ཀྱང་། །ཀུན་ལ་དབང་བསྐུར་སྟོན་པས་དོན་ལ་མིན། །གསང་སྒྲོགས་ཉེས་པར་བཤད་པས་མི་གནོད་དམ། དབང་ལ་མིན་ན་རིམ་འཇུག་གང་ཟག་ཅི། །སྣོད་རུང་གང་ཟག་ཉེར་ལྔ་ལས་གཞན་པ། །འཇུག་པ་བླ་མེད་རྒྱུད་སྡེ་གང་དུ་བཀག །བྱ་བའི་རྒྱུད་ལས་སྐབས་འདིར་བཙན་པའི་ལུང་། །དཔལ་ལྡན་དུས་ཀྱི་འཁོར་ལོར་གནང་མིན་ནམ། །བྱ་བའི་རྒྱུད་ལས་བཀག་ན་དེ་ཉིད་ཀྱི། །རིག་གཏད་རྗེས་གནང་ཁྲོམ་ལ་བྱེད་པའང་འགལ། །སྐབས་འདིའི་རྗེས་གནང་དབང་ལ་དགོས་པའི་ཁྱད། །ཅི་ཡང་མ་མཐོང་ཚིག་ལ་རྩོད་པས་ཅི། །རིགས་པས་ཆོ་ག་རྫོགས་པར་མི་འགྱུར་རོ། །དུས་འཁོར་འཕྲེང་བའི་དབང་ཉིད་མང་པོ་ལ། །སྟོན་བཞིན་དེ་སྐད་སྨྲས་ཀྱང་མཛེས་པ་མིན༑ །བདེ་དགྱེས་ཉུང་བར་མངོན་སུམ་ཉིད་ཀྱིས་གྲུབ། །རྩ་བའི་རྒྱུད་འདིར་སློབ་དཔོན་དབང་བསྐུར་བ། །བུམ་དབང་དངོས་གཞིར་གསུངས་ཀྱི་དུས་འཁོར་ལས། དེ་གཉིས་ཐ་དད་བཤད་པའི་དགོངས་གཞི་གང་། །འགལ་མེད་ལུང་དང་དངོས་སྟོབས་རིགས་པ་ཅི། །མཆོག་དབང་གསུམ་ལ་དཀྱིལ་འཁོར་བསྒོམ་པས་རུང་། །བུམ་པའི་དབང་ལ་དེ་ལྟ་མ་ཡིན་པའི། །རྒྱུད་ལུང་ཅི་ཡོད་མེད་ན་སྨིན་བྱེད་དབང་། །རྡུལ་ཚོན་ཉིད་དུ་བསྐུར་ཞེས་སྨྲས་ཀྱང་ཅི། །འགའ་ཞིག་སྡོམ་བཟུང་སྐབས་དང་བུམ་དབང་དུས། །སྔགས་སྡོམ་རྫོགས་ཟེར་འདི་དང་རྣལ་འབྱོར་རྒྱུད། །སྡོམ་པའི་དབྱེ་བ་གང་གིས་ཕྱེད་པར་འགྱུར། །སྔགས་ཀྱི་དགེ་སློང་དགེ་ཚུལ་གསུངས་པའང་འཇིག །གསུམ་པའི་དབང་དུས་ཡས་བབས་དགའ་བ་བཞི། །རྫོགས་པར་གྱུར་ན་བཞི་པའི་ལྷན་སྐྱེས་ཅི༑ །འཛག་བདེ་ཤེས་རབ་དབང་དང་བཞི་པ་ལ། །འགྱུར་མེད་བདེ་བར་གསུངས་འདི་གནོད་མིན་ནམ། །བཞི་པའི་དུས་སུ་མཆོག་གི་ཟེ་བ་རུ། །སེམས་ལྷུང་ལྷན་ཅིག་སྐྱེས་དགའ་དེ་ཉིད་ཀྱང་༑ །དབང་པོ་གཉིས་སྦྱོར་བདེ་བ་ཉིད་ཡིན་པས། །དབང་ལས་བྱུང་བའི་རང་བྱུང་ཡེ་ཤེས་གང་། །དབང་དུས་ཁོ་ནར་སྐྱེ་བའི་སོར་སྡོམ་ཡང་། བྱང་ཆུབ་སྙིང་པོའི་བར་དུ་ཅིས་མི་འབྲང་། །ཐེག་ཆེན་སྐྱབས་འགྲོ་དེ་སྲིད་བྱེད་པའི་ཕྱིར། །སྐྱབས་འགྲོའི་དབང་གིས་སྡོམ་འདི་བཟོས་མིན་ནམ། །དབང་ངམ་བསྐུར་བར་དངོས་གྲུབ་མི་འབྱུང་ན༑ །ལྷན་ཅིག་སྐྱེས་གྲུབ་འགྲེལ་པར་བྱུང་བའི་གཏམ། །རོལ་པ་མོ་དང་གཞན་ཡང་ཀཽ་རཀྵས། །དབང་བསྐུར་སུ་ལས་ཞུས་དེ་གསལ་བར་སྨྲོས། །ཚེ་འདིར་དབང་མ་བསྐུར་ཀྱང་ཐོབ་པ་ཞིག །མེད་ན་སྔགས་སྡོམ་སེམས་རྗེས་འབྲང་བ་ཅི། །ཡོད་ན་ཁས་བླངས་མཐུན་ཕྱིར་དགག་བཞག་གི །གཏན་ཚིག་རང་མགོར་ལྡོག་པ་མ་ཡིན་ནམ། །བཤེས་གཉེན་ཆུ་ཁུར་ཅན་རྣམས་འདས་གྱུར་པས། །སྙིང་སྟོབས་མེ་ཏོག་བཟང་པོས་འཕོངས་དུས་འདིར། །སྒྲོ་བཏགས་སྟག་མའི་མེ་ཏོག་འབར་གྱུར་ན། །ཕྱོགས་འཛིན་སྦྲང་སྨྱོན་འབའ་ཞིག་ཅིས་མི་འབྱུང་། །འོན་ཏེ་བཤེས་གཉེན་འདབ་བརྒྱའི་སྡོང་བུ་འགའ། །དུས་ཀྱིས་མ་ཡོལ་ས་འདིར་མཛེས་མཆིས་ན། །ལེགས་བཤད་ཟིལ་དངར་ཞིམ་པོས་བློ་གསལ་ལུས། །དར་བབ་ཡིད་འཕྲོག་མདངས་ལ་ཅིས་མི་སྦྱོར། །པད་མ་དཀར་པོས་སྦྱར་བའོ།། །། ༈ བརྟག་གཉིས་ཀྱི་དྲི་བ་ལ་དཔྱད་པའི་ཡངས་ལན་མཁས་པ་དགའ་བའི་གཏམ་བཞུགས་སོ།། གང་གི་རིང་ལུགས་ནང་ཞུགས་བྱེ་བ་སྙེད། །མཆོག་གི་ས་ལ་བདེ་བླག་སོང་དེ་ཡིས། །བཀའ་བརྒྱུད་པ་ཞེས་ཡིན་ལུགས་གྲུབ་མཐའི་སྲོལ། །འབྱེད་པའི་ཤིང་རྟ་ཆེར་གྲགས་ཀུན་ལ་འདུད། །རྡོ་རྗེ་གདན་ཞེས་གསང་སྔགས་རྒྱ་མཚོའི་ཀློང་། །ཟབ་པར་རྩེ་བའི་བློ་གསལ་གདེངས་ཅན་ཞིག །དྲི་ལན་ནོར་བུར་སེམས་ལ་བརྟག་པའི་ཆེད། །ཡངས་ལན་ཀ་ཤི་ཀ་ཡི་རྡོ་འདི་སྦྱིན། །ཕྱོགས་ལྷུང་ཁ་རླངས་དུག་སྤྲིན་གྱིས་བཅིངས་པའི། །མཁས་པ་ལྟོ་འཕྱེའི་བློ་གྲོས་སྤྱི་བོ་ན། །ལེགས་བཤད་རིན་ཆེན་མཆིས་ཀྱང་ལེན་པ་ལ། །ཤེས་ལྡན་དོན་མཐུན་སུ་ཡང་སྤྲོ་བ་མིན། །གཟུར་གནས་ཀརྐ་ཊ་མའི་མིག་གི་ཟེར། །ཨནྡྲི་ནཱི་ལའི་ཞུན་མ་འདྲས་ཁྱབ་པའི༑ །ཟབ་རྒྱས་དྲི་དང་ལན་བློན་ཆུ་གཏེར་དུ། །མཁས་པའི་སྐྱེ་བོ་ཐམས་ཅད་འདུ་བར་འགྱུར། །དེ་ཡང་། ཚིགས་སུ་བཅད་པ་ཕྱེད་ཀྱི་ལན་དུ། །ཞུ་མི་ཀུན་ལ་དབང་བསྐུར་བ་རྒྱུད་དང་མི་མཐུན་པ་བདེན་ཞེས་པ་དང་། དམ་པའི་ཆོས་ནུབ་པར་འཕངས་པའི་བསམ་པས་ཕར་བཤད་གང་ཐུབ་བྱེད་པ་ལེགས་པར་བསྔགས་པའི་གནས་ཡིན་ཞེས་བཀོད་པ་རྣ་བར་འབབ་པའི་གཏམ་སྟེ། ཁོ་བོས་ཀྱང་རང་ཉིད་ལག་ལེན་ཕུན་སུམ་ཚོགས་སོ། །གཞན་དག་ནི་འཁྲུལ་པར་སྤྱོད་པའོ་སྙམ་ནས་ཞེ་ཐག་པས་སྨྲེང་བ་ལ། རྒྱུད་དང་མི་མཐུན་པ་ཐམས་ཅད་འདོར་བ་ཁྱེད་ཅག་རང་ལ་ཡང་མི་སྣང་ངོ་། །ཞེས་སྨྲས་སོ། །སྣོད་མིན་ལ་དབང་བསྐུར་བ་ལ་གསང་སྒྲོག་གི་ཉེས་པ་དང་རྩ་ལྟུང་དུ་འཆད་པའི་ལུང་རྣམ་དག་ཀྱང་མེད་པའི་ཕྱིར་ཞེས་པ་ནི། མ་དཔྱད་པ་སྟེ༑ ལུང་འཁྲུལ་སྤོང་དུ། གཉིས་པ་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་ཁོངས་སུ་སྣོད་མིན་པ་དག་འོང་དུ་འཇུག་པ་དང་། འོང་དུ་མི་གཞུག་ཀྱང་། སྣོད་མིན་དེ་ལ་འདི་སྐད་དུ་དབང་བསྐུར་བ་ནི་འདི་ལྟ་བུའོ་ཞེས་དང་། ཡང་། གསུམ་པ་ནི་སྣོད་མིན་གྱི་དྲུང་དུ་རྡོ་རྗེ་ཐེག་པའི་ཆོས་ཟབ་པ་དང་རྒྱ་ཆེ་བ་སྟོན་པའོ། །ཡུལ་གསུམ་པོ་དེ་ཡང་བརྡ་ཤེས་ཤིང་དོན་གོ་བ་ཞེས་སོགས་གསུང་པ་དང་། རྡོ་རྗེ་སྙིང་པོ་རྒྱན་དུ། སྣོད་མི་རུང་ལ་གསང་བ་བསྟན། ཞེས་དང་། གུར་དུ། དེ་ཉིད་སྐལ་མེད་ལ་མི་སྨྲ། །ཞེས་ལྟུང་བ་བདུན་པ་སྟོན་པའི་སྐབས་ཁོ་ནར་གསུངས་པ་དང་༑ སྤྱིར་སློབ་དཔོན་ཤྲདྡྷཱ་ཀ་རས། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་ལ་ནི་འཇུག་པའི་སྒོ་བཞི་སྟེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་སྤྱིར་གྲགས་པ་ཡིན་ནོ། །དེ་དག་ཀྱང་གསང་ཞིང་སྦས་པས་འགྲུབ་ལ། སྣོད་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་ན་གསང་བའོ། །དེ་ནི་སྔགས་ཀྱི་ཐེག་པ་ཞེས་ཀྱང་བྱ་སྟེ་སྔགས་དང་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་རྣམས་འགྲུབ་པའི་ཕྱིར་དང་། དེས་ཡིད་སྐྱོབ་པར་བྱེད་ཅིང་འཁོར་བའི་སྡུག་བསྔལ་ལས་དཀའ་བ་མེད་པར་མྱུར་དུ་སྒྲོལ་བའི་ཕྱིར་དང་། ཉན་ཐོས་ལ་སོགས་པ་བློ་དམན་པ་རྣམས་སྐྲག་པར་བྱེད་པའི་ཕྱིར་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་ཅིང་བཀུར་ལ་བསྔགས་པའི་ཕྱིར་དང་། དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་སྔགས་སོ། །དེ་ནི་སྐུ་དང་། ལོངས་སྤྱོད་དང་། གནས་དང་། མཛད་པ་ཡོངས་སུ་དག་པའི་ཚུལ་གྱིས་འཇུག་པས་ན་འབྲས་བུ་སྟེ། ལམ་ཐམས་ཅད་ཀྱི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་འཚེ་བ་མེད་ཅིང་ཡང་དག་པའི་དོན་ཐོགས་པ་མེད་པར་ཐོབ་པར་བྱེད་པའི་རྡོ་རྗེའོ། །དེ་ནི་ཐེག་པ་ཡང་ཡིན་ཏེ་ལམ་དེས་དཀའ་བ་མེད་པར་མྱུར་དུ་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། གསང་བས་འགྲུབ་ཕྱིར་གསང་སྔགས་ཏེ། །རྡོ་རྗེ་ཐེག་པ་འབྲས་བུ་ཆེ། །ཞེས་གསུངས་པ་ཡིན་ནོ་ཞེས་སོ། །བྱེ་བྲག་སློབ་དཔོན་དཱ་རི་ཀ་པས༑ སྣོད་དང་ཆོ་གས་མ་སྨིན་ཉམས་པ་དང་། །ཟབ་མོས་འཇིགས་ནས་མ་སྨིན་ལ་སོགས་ལ། །གསང་སྔགས་ཕྱག་རྒྱ་བརྡ་དང་སྔགས་ལ་སོགས། །ཟབ་མོའི་གསང་བ་བསྒྲགས་པ་མཐོལ་ལོ་བཤགས། །ཞེས་གསུངས་ཤིང་། དེའི་དོན་ནག་པོའི་འགྲེལ་པར། ཡོངས་སུ་མ་སྨིན་པའི་སེམས་ཅན་ནི་ལྔ་སྟེ། སྣོད་ཀྱིས་མ་སྨིན་པ་ནི་ལོག་སྲེད་ཅན་ནོ༑ །ཆོ་གས་མ་སྨིན་པ་ནི་བུམ་པའི་དབང་མ་ཐོབ་པའོ། །ཆོ་ག་མ་རྫོགས་པས་མ་སྨིན་པ་ནི་གསང་བ་དང་ཤེས་རབ་ཡེ་ཤེས་མ་ཐོབ་པའོ། །ཉམས་པས་མ་སྨིན་པ་ནི། རྩ་བའི་ལྟུང་བ་ལ་སོགས་བྱུང་ནས་ཕྱིར་མ་གསོས་པའོ། །ཟབ་པས་འཇིགས་པའི་མ་སྨིན་པ་ནི་བཞི་པའི་དེ་བཞིན་ཉིད་མ་ཐོབ་པའོ། །གསང་བ་ནི། དཀྱིལ་འཁོར་དང་། དམ་ཚིག་གི་ཕྱག་རྒྱ་ཙམ་དང་། བརྡ་དང་༑ གསང་བའི་དམ་ཚིག་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་ལ་འདུས་པ་གཅིག་པ་དང་། ཟུང་དུ་འཇུག་པའི་ཡེ་ཤེས་བསྟན་པར་མི་བྱ་སྟེ། བསྟན་ན་གསང་སྔགས་ཀྱང་ཉམས་པར་འགྱུར་བ་དང་། མཁའ་འགྲོ་མ་རྣམས་ཀྱིས་འཚེ་བ་དང་། བརྒྱུད་པའི་གཞུང་ལུགས་ཀྱི་བྱིན་རླབས་ཉམས་པར་འགྱུར་བ་དང་། ཟབ་མོ་ལ་སྐུར་བ་བཏབ་པས། བསྐལ་པ་སྟོང་དུ་ཆོས་ཀྱི་སྒྲ་མི་གྲག་ཅིང་། སྡུག་བསྔལ་བར་འགྱུར་བའི་ཉེས་པ་ནི་ཕལ་ཆེར་སློབ་དཔོན་ལ་འབྱུང་བ་སྟེ། འདོད་པས་ཀུན་ནས་བསླངས་པའི་ཉེས་པ་འདི་ཐམས་ཅད་སྤང་བར་བྱའོ། །ཞེས་གསུངས་པ་དང་༑ རྟོག་པ་བདུན་པ་ལས་ཀྱང་། དམ་ཚིག་མ་ཉམས་པ་དང་། རྣམ་པར་རྟོག་པ་མེད་པ་དང་། དམ་པའི་བརཏལ་ཞུགས་ཅན་དཔའ་བོ། བླ་མ་ལ་གུས་པ། དུལ་བ། དེ་བཞིན་གཤེགས་པའི་བསྟན་པ་ལ་ངེས་པར་འཛིན་པ། རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ་མཆོག་ཏུ་གུས་པ། རྒྱུད་སྦས་པ། མི་ཁྲོ་བ། སྙིང་རྗེ་དང་ལྡན་པ། བཟླས་པ་དང་བསམ་གཏན་ལ་ཕྱོགས་པ། རྣམ་པར་སྨིན་པ་ལ་འཛེམ་པ། འདི་ལྟ་བུའི་ཡོན་ཏན་ཅན་ནི་སློབ་མ་བཟང་པོ་སྟེ། བླ་མས་དེ་ལྟ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་སྦྱིན་ནོ། །སྔགས་པས་གཞན་ལ་བྱིན་ན་དེ་དང་སློབ་མར་བཅས་ཏེ་དམྱལ་བར་འགྲོ་བར་ཐེ་ཚོམ་མེད་དོ། །འཇིག་རྟེན་འདིར་ནི་འཇིགས་པ་ཆེན་པོར་འགྱུར་རོ། །འཇིག་རྟེན་ཕ་རོལ་ཏུ་ནི་དམྱལ་བར་འགྲོའོ། །དམ་ཚིག་ཀྱང་ཉམས་པར་འགྱུར་རོ༑ །ཞེས་གསུངས་སོ། །དུས་འཁོར་དུ་སློབ་མ་མཆོག་འབྲིང་མཐའ་གསུམ་གསུངས་པའི་དང་པོ་གོང་མའི་སྣོད་དང་། འབྲིང་པོ་དབང་བདུན་ཙམ་གྱི་དང་། མཐའ་མ་དབང་མི་བསྐུར་བར་གསུངས་པ་ལས། འབྲིང་པོ་ལ་གོང་མ་དང་། མཐའ་མ་ལ་དབང་བདུན་བྱིན་ན་ཡང་། མ་སྨིན་མི་ལ་གསང་བ་བསྒྲགས་པར་འགྱུར་རོ། །ཞེས་བདག་ཉིད་སྨྲ་སྟེ་ཞེས་མཐུ་བཙུན་བསོད་ནམས་རྣམ་པར་རྒྱལ་བའི་ཞལ་སྔ་ནས་གསུངས་སོ། །ལར་དབང་བསྐུར་ནས་གསང་སྒྲོགས་མི་འབྱུང་རྒྱུ་ཞིག །དེང་དུས་ཀྱི་གསང་སྔགས་པ་ཕལ་མོ་ཆེ་ལ་སྣང་སྟེ༑ རྒྱུད་སྡེ་འོག་མའི་དབང་ཙམ་བསྐུར་བ་ལ་གོང་མ་གོང་མའི་ཐུན་མོང་མ་ཡིན་པའི་གསང་བ་རྣམས་བསྟན་དུ་མི་རུང་། རྣལ་འབྱོར་བླ་མེད་རང་ལ་ཡང་། བུམ་དབང་ཙམ་ཐོབ་པ་ལ་དབང་གོང་མ་གསུམ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་གསང་བ་རྣམས་བསྟན་དུ་མི་རུང་ངོ་། །དེ་བས་མ་སྨིན་པ་ཞེས་པ་དབང་གིས་མ་སྨིན་པ་ཁོ་ན་ལ་བྱེད་པ་རྣམས་ནི་ཐོས་པ་ཆུང་བའི་གཏམ་མོ། །གཞན་ཡང་། དེང་དུས་ཀྱི་ས་སྐྱ་པ་མང་པོ། སྨིན་བྱེད་དབང་བསྐུར་བས་ཆོས་ཀྱི་སྒོ་འབྱེད། དེ་ལས་ཟབ་པའི་རིམ་པ་གཉིས་གདོད་སྟོན་རྒྱུ་བ་ཞིག་བྱེད་ཀྱིན་སྣང་མོད། །དེ་ནི་སྡོམ་གསུམ་མཛད་པས། དབང་བསྐུར་ཆོས་སྒོ་ཙམ་ཡིན་གྱི། །འཚང་རྒྱ་བ་ཡི་ཆོས་གཞན་ཞིག །སྒོམ་རྒྱུ་ལོགས་ན་ཡོད་དོ་ཞེས། །བླུན་པོ་རྣམས་ཀྱིས་མུན་སྒོམ་བྱས། །ཞེས་ཕྱོགས་སྔ་མར་མཛད་པ་ཉིད་དོ། །ཡང་རིམ་འཇུག་བྱས་པ་ཙམ་གྱིས་དབང་བསྐུར་བའི་སྣོད་ལྡན་དུ་འགྱུར་བ་ཡིན་ནམ་མིན། །ཞེས་པ་ལ་མིན་ཞེས་ལན་གདབ་བོ། །རིམ་འཇུག་གི་བྱ་བ་ཡོངས་སུ་རྫོགས་ཀྱང་། བླ་མེད་ལ་མོས་པ་མ་ཐོབ་པའི་གང་ཟག་སྲིད་པས་དེ་ལ་བླ་མེད་ཀྱི་དབང་བསྐུར་རུང་བར་འགྱུར་ཞེས་སྨྲ་བ་ནི་རིམ་འཇུག་གི་བྱ་བ་རྫོགས་པར་རྒྱུད་འདིར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས༑ །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་གསུངས་པས་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་ཐོབ། རིམ་པ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས་མཆོག་གི་དངོས་གྲུབ་ཐོབ་པ་ཞིག་དགོས་པ་ཡིན་ནོ༑ །གཞན་ཡང་། དབང་བསྐུར་གྱིས་གསང་སྒྲོགས་མི་འབྱུང་ན། སྐལ་མེད་ཀྱི་སེམས་ཅན་རིམ་གྱིས་འཇུག་མི་དགོས་པར། དང་པོ་ཉིད་དུ་དཀྱིལ་འཁོར་ཆེན་པོ་འདིར་བཅུག དབང་བསྐུར༑ དེ་ནས་བསྐྱེད་རྫོགས་བསྒོམ་དུ་བཅུག་ཆོག་པར་སྣང་ལ། དེ་ལྟ་ན་བདག་མེད་མས། སྐལ་མེད་སེམས་ཅན་འདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་དང་པོར་གསོ་སྦྱོང་ཞེས་སོགས་ཀྱིས་ལན་བཏབ་པ་བུལ་མེད་དུ་སོང་སྟེ། དེ་ལྟ་བུའི་གདུལ་བྱ་དེ་ཅིག་ཅར་བའི་ལམ་ཉིད་ཀྱིས་འདུལ་བར་ནུས་པའི་ཕྱིར་རོ། །འདུལ་ནུས་ཀྱང་གོ་རིམ་ལོག་པས་རྡོ་རྗེ་སློབ་དཔོན་ལ་ཉེས་པ་འབྱུང་ངོ་སྙམ་ན། རྩ་བ་དང་ཡན་ལག་གི་ལྟུང་བ་ནི་མི་ཕོག གཞན་གདུལ་བྱ་ལ་དོན་དུ་འགྱུར་ན༑ རྡོ་རྗེ་འཛིན་པ་རང་ཉིད་ཀྱི་སྲོག་ཀྱང་ཡལ་བར་དོར་ནས་ཕན་འདོགས་དགོས་ཀྱི། མ་བཏགས་ན་བྱང་ཆུབ་སེམས་དཔའི་ལྟུང་བ་འཕོག་པར་འགྱུར་རོ། །དེ་ཁྱེད་རང་ལ་ཡང་རིགས་འགྲེའོ་སྙམ་ན། ཁོ་བོ་ཅག་ལ་དེ་ལྟ་བུ་རྩ་ལྟུང་དུ་འགྱུར་བས། རྩ་བའི་ལྟུང་བ་འཕོག་ན་གཞན་དོན་རླབས་པོ་ཆེའི་རྟེན་ཉམས་པས་འཛེམ་པ་ཤིན་ཏུ་འོས་པ་ཡིན་ནོ། །འདུལ་བར་མི་ནུས་ན་ནི་དབང་གིས་རྒྱུད་སྨིན་པར་བྱེད་མ་ནུས་པ་ལས་འོས་ཅི་ཡོད། དེ་ལྟ་ན་དེ་ལ་དབང་བསྐུར་ཀྱང་མ་ཐོབ་པར་སོང་བས། སློབ་དཔོན་རང་ཉིད་ཉེས་པས་འཐུམས་པ་ཞིག་མ་གཏོགས་ཕན་ཡོན་ཅི་ཡང་མ་བྱུང་བར་ཟད་དོ། །ན་ལནྡ་ནས་ཆོས་རྗེས། དབང་བསྐུར་བྱས་པ་ལ་གསང་སྒྲོག་གི་ཉེས་པ་ཡོང་བ་འདི་འདྲ་རྒྱ་བོད་ཀྱི་གྲུབ་མཐའ་སུ་ལའང་མི་སྣང་ཞེས་པའང་ཕྱོགས་གཅིག་པའི་སྤྱན་དུ་ཟད་པར་འདིས་ཤེས་སོ། །ཚིགས་སུ་བཅད་པ་གཉིས་པའི་ཚེ། སྤྱི་རྒྱུད་ནས་གྲངས་ངེས་གསུངས་པ་དམིགས་བསལ་མ་གཏོགས་རྒྱུད་སྡེ་སྤྱིའི་ཁྱབ་བྱེད་དུ་ཁས་ལེན་དགོས་ཞེས་པ། གསང་བ་སྤྱི་རྒྱུད་ཀྱི་མིང་གིས་འཁྲུལ་ནས། རྒྱུད་སྡེ་གཞན་གསུམ་གྱིའང་ཁ་མ་ཚང་བ་ཁ་སྐོང་བ་ཡིན་ནོ་སྙམ་མོ། །དེ་ལྟ་ན་འདིར་རྣལ་འབྱོར་ཆེན་པོ་ལ་སོགས་པ་རྒྱུད་སྡེ་གོང་མའི་བརྡ་ཆད་ཟུར་ཙམ་ཞིག་བྱུང་ན་ཡིན་དུ་ཆུག་སྟེ། ཅི་ཡང་མ་བྱུང་བས་ཐམས་ཅད་ཀྱི་སྤྱི་རྒྱུད་མིན་པར་རིགས་པས་གྲུབ། བྱ་བའི་རྒྱུད་འདིའི་ལུང་། མཁས་པས་སློབ་མ་གཅིག་གམ་གསུམ། ལྔའམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་ཡོངས་སུ་གཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་གཟུང་བ་མི་ཤེས་སོ། །ཞེས་པ་འདི་ཀུན་ལ་སྦྱོར་བཏུབ་ལ། རྣམ་སྣང་མངོན་བྱང་ལས༑ བཅུའམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་བཞི་བཞི་ལས་ལྷག་ཀྱང་རུང་། །དཔྱད་མི་དགོས་པར་གཟུང་བར་བྱ། །ཞེས་འདི་ཀུན་ལ་སྦྱོར་ཏུ་མི་བཏུབ་པ་ཅི་ལྟར། འཐད་ལྡན་གྱི་རིག་པས་བརྟགས་ན། བྱ་རྒྱུད་ལས་སྤྱོད་རྒྱུད་ཕུལ་དུ་གྱུར་པ་ཡིན་པས་དེ་དབང་བཙན་པར་བྱེད་དགོས་སོ། །ཡང་། སྔགས་ཀྱི་དབང་བསྐུར་བྱེད་པ་ན། གྲངས་ངེས་མེད་པར་དབང་བསྐུར་བྱེད༑ །འདི་ནི་རྡོ་རྗེ་འཆང་གི་བཀག །ཅེས་སྒྲ་ཇི་བཞིན་པ་ཡིན་ན། ཆོས་རྒྱལ་འཇམ་དབྱངས་གྲགས་པས། ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་དབང་ཚར་གཅིག་གིས་བསྐུར་བ་འགྲེལ་ཆེན་དུ་དངོས་བསྟན་དུ་བྱུང་བ། སྟོན་པ་ལ་མ་བརྩིས་པར་སོང་། །དེ་ལྟ་ན། ཇོ་བོས། བཀག་པ་སྤྱད་པར་གྱུར་པ་ཡིས། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ༑ །བརཏལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང་། །ཞེས་པས་རིགས་ལྡན་ལ་ལྟུང་བ་འཕོག་པར་འགྱུར་རོ། །དེར་སྣོད་ལྡན་པ་མང་པོ་ལ་བསྐུར་བ་དངོས་སུ་གསུངས་པས་ལུང་གིས་གོ་མི་ཆོད་ན། གཞན་ལུང་ཅི་དྲངས་ཀྱང་དེ་དང་འདྲ་བར་ཟད་ལ། ལྐོག་ཏུ་བཅུ་བདུན་སྡེས་ག་ག་ཚིལ་བྱས་པས་གཅིག་ཤི་བས་ཕྱིན་ཆད་མི་བྱེད་པར་བཅས་པ་དང་འདྲ་བར་བཤད་པ་ནི་ནམ་ཡང་ལེགས་པ་མ་ཡིན་ཏེ། རྒྱུ་མཚན། འདུལ་བར་བཅས་པ་དེ་མཛད་ཕྱིན་ཆད་སྟོན་པ་དང་འཕགས་པ་རྣམས་ཀྱང་མི་འདའ་ལ། དེ་བཞིན་འདི་ཡང་བཅས་པ་ཡིན་ན། དེ་བཅས་ནས་སྟོན་པ་དང་འཕགས་པ་རྣམས་ཀྱང་འདའ་བར་ཇི་ལྟར་མཛད། བཅས་པ་མ་ཡིན་པས། སྟོན་པ་ཉིད་ཀྱིས་ཟླ་བཟང་འཁོར་དང་བཅས་པ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། ཆོས་ཀྱི་རྒྱལ་པོ་འཇམ་དཔལ་གྲགས་པས་མཛད་པ་སོགས་གནོད་པ་རྫ་རི་ཉིལ་བ་ལྟ་བུ་སྣང་བས་སོ། །སློབ་དཔོན་ཀོང་ཀ་ནའི་ཞལ་ནས། སློབ་མ་དབང་བསྐུར་ཆོ་ག་ནི། །གང་ནའང་གཅིག་གིས་རྫོགས་པ་མེད། །དེ་ཕྱིར་མཁས་པས་ཆོ་ག་ནི། །རྒྱུད་ཀུན་ལས་ནི་བསྡུ་བར་བྱ། །ཞེས་གསུངས་པ་དང་། རྩ་རྒྱུད་འདི་ཉིད་དུ། ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བལྟ། །ཞེས་གསུངས་པ་བླ་མེད་ནང་ཕན་ཚུན་ལ་བརྟེན། དེར་མི་གསལ་ན་རྣལ་འབྱོར་གྱི་རྒྱུད་དེར་མི་གསལ་ན་སྤྱོད་རྒྱུད། དེར་མི་གསལ་ན་བྱ་རྒྱུད་ཀྱིས་ཁ་འགེངས་དགོས་པ་བདེན་མོད། གོང་མ་དེ་དག་ཏུ་གསལ་ཁ་ཡོད་བཞིན་པ་ཅིག་བཞག འོག་མའི་ལུང་སྦྱོར་བ་ནམ་ཡང་འཐད་པ་མ་ཡིན་ནོ། །འཕགས་པའི་སྤྱོད་ཡུལ་ཡིན་ནོ་ཞེས་སྨྲས་པས་ཀྱང་མི་འཐུས་པ། སྡོམ་གསུམ་མཛད་པས། འཕགས་པ་རྣམས་ཀྱིས་གང་ཟག་རབ། །སྤྲུལ་པ་ཡི་ནི་དཀྱིལ་འཁོར་དུ། །དབང་བསྐུར་མཛད་ཅེས་གསུངས་པ་ནི། །སྔོན་གྱི་ཆོ་ག་འཕགས་པའི་ཡིན། །ཞེས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མངོན་སུམ་དུ་སྤྲུལ་པ་དམིགས་ཀྱིས་བསལ་ནས་སྔོན་གྱི་ཆོ་ག་ཞེས་གསུངས་པ་མ་གཏོགས། དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་འཕགས་པས་མཛད་པ་སོ་སྐྱེས་བྱེད་མི་རུང་ཞེས་མ་གསུངས་ཤིང་། རིགས་ལྡན་གྱིས་བློས་བསླང་གི་དཀྱིལ་འཁོར་དུ་ཆོ་ག་རྒྱས་པ་ཉིད་ཀྱིས་བསྐུར་བའི་ཕྱིར་དང་། ལུང་གིས་ཀྱང་འཕགས་པས་མཛད་པ་ཇི་ལྟ་བ་སློབ་མ་ལ་བྱ་དགོས་པ་རྡོ་རྗེ་གུར་དུ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་གསུངས་པ་དང་། སློབ་དཔོན་པདྨ་མཉྫྱུས། དཔལ་ལྡན་བདེ་བའི་མགོན་པོ་ཡིས། །དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ། །གསང་བ་དེ་ཉིད་བསྟན་པ་ལྟར། །མགོན་པོ་དེ་བཞིན་བཀའ་དྲིན་སྩོལ། །ཅེས་གསུངས་པས་སོ། །ཚིགས་བཅད་གསུམ་པའི་དུས་སུ། རྗེས་གནང་ནི་དེ་ལྟ་བུའི་སྨིན་བྱེད་ཐོབ་ནས་ལྷ་དེ་དང་དེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བྱས་ནས། ལྷ་དེ་དང་དེའི་བསྒོམ་བཟླས་ལ་སོགས་པ་བྱེད་པ་ལ་བྱིན་རླབས་དང་ལྡན་པའི་དགོས་པ་ཡོད་པས་སོ། །ཞེས་པའང་རྗེས་གནང་ཐམས་ཅད་ཀྱི་སྔོན་དུ་སྨིན་བྱེད་ཅིག་འགྲོ་དགོས་པར་སྣང་ལ། དེ་ལྟ་ན་སྨིན་བྱེད་ཀྱི་དབང་གི་དམའ་ཤོས་བུམ་དབང་ཡིན་པས་བྱ་རྒྱུད་ཀྱི་རྗེས་གནང་ཐམས་ཅད་ཀྱི་སྔོན་དུ་བུམ་དབང་བསྐུར་དགོས་པ་ཡ་མཚན་ཅན་གྱི་གཏམ་དུ་འདུག་གོ །ཆུ་ལ་སོགས་པའི་དབང་ཙམ་སྨིན་བྱེད་དུ་ཚད་ཐུབ་སུ་བཞེད། དེ་ཙམ་གྱི་དབང་བསྐུར་ནས། དེའི་དབང་དེས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་མ་ནུས་པར་གདོད་རྗེས་གནང་བྱ་དགོས་ན་ནི་དབང་ལས་རྗེས་གནང་ཕུལ་དུ་གྱུར་པའོ། །འཇུག་ནུས་ན་ནི་དབང་ལས་རྗེས་གནང་གུད་དུ་ཕྱེ་ནས་ཅི་བྱ། ལར་སྒྲུབ་པའི་ཐབས་བརྒྱ་རྩ་རྒྱ་མཚོ་ལ་སོགས་པ་ཁྲོམ་ལ་བསྐུར་བའི་ཚེ། སྔོན་དུ་བྱ་རྒྱུད་ཀྱི་དབང་ཞིག་བསྐུར། དེ་ནས་སློབ་མ་ཐམས་ཅད་བསགས་ནས་རྗེས་གནང་དེ་དག་མཛད་ཀྱི་ཡོད་ན། ཁོ་བོས་ཇི་ལྟར་སྨྲ། དེ་མཛད་ཀྱི་མི་འདུག་པས་ལེགས་པར་གྲུབ་པ་ཡན་ཆད་དུ། རང་གིས་དབང་བསྐུར་མ་ཐོབ་ན། །སེམས་བསྐྱེད་ཐོབ་ཀྱང་གསང་སྔགས་བཀག །དེ་ཡང་ལེགས་པར་གྲུབ་པ་ལས། །དབང་བསྐུར་མ་བྱས་པ་དག་ལ། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །ཞེས་སྡོམ་གསུམ་དུ་བྱུང་བ་དང་འགལ་ལོ་ཞེས་སྨྲས་སོ། །དབང་བསྐུར་ནི་ལམ་ཉམས་ལེན་ལ་སྣོད་རུང་བྱེད་ལ་ཞེས་བྱེ་བྲག་ཏུ་བཀར་བས་རྗེས་གནང་གིས་མི་ནུས་པར་ཤུགས་ལ་སོང་བ་དེ་ལྟ་ན༑ དོན་ཡོད་ཞགས་སོགས་འགའ་ཞིག་ལ། །དབང་བསྐུར་སེམས་བསྐྱེད་མ་ཐོབ་ཀྱང་། །སྨྱུང་གནས་ལ་སོགས་བྱེད་ནུས་ན། །གང་ཟག་ཀུན་གྱིས་འགྲུབ་པར་གསུངས། །དམ་ཚིག་གསུམ་བཀོད་ལ་སོགས་པ། །འཇུག་པ་སེམས་བསྐྱེད་ཐོབ་ནས་ནི། །འཕྲིན་ལས་འགའ་ཞིག་སྒྲུབ་པའི་ཕྱིར། །ཆོ་ག་ཤེས་ན་བསྒྲུབ་པར་གནང་། །ཞེས་གསུངས་པ་སྣོད་དུ་མི་རུང་བཞིན་དུ་བྱེད་པར་སོང་ངོ་། །གཞན་ཡང་སྤྱི་རྒྱུད་དུ། དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །ཞེས་གསུངས་པ་དང་དོན་ཡོད་ཞགས་པ་སོགས་འགྲུབ་པར་བཤད་པས་སྦྱིན་དུ་རུང་བའི་འགལ་བ་གང་གིས་སྤོང་། ཚིགས་བཅད་བཞི་པའི་དུས། དེ་ལས་ལྷག་པའི་སློབ་མ་ལ། །ཆོ་ག་ཡོངས་སུ་རྫོགས་པ་ནི། །མཚན་མོ་གཅིག་ལ་ཚར་མི་ནུས༑ །དེ་ཡི་མཚན་མོ་མ་ཚར་ན། །ཆོ་ག་ཉམས་པར་འགྱུར་བ་ཡིན། །ཞེས་གསུངས་པས། འགའ་ཞིག་ཆོ་ག་མི་ཚར་བའི་རིག་པས་ཉེར་ལྔ་ལས་མི་བཏུབ་པའི་གྲངས་ངེས་བཅད་དོ་ཞེས་ཟེར་བའང་སྣང་བས། དེ་ལྟ་ན། དུས་འཁོར་ཆོ་ག་རྒྱས་པ་དེར་འཇུག་པའི་གདུལ་བྱ་བཅུ་ཙམ་ལ་མང་མཐའ་བྱེད་དགོས་ལ། རྡོ་རྗེ་རྩེ་མོ་ལ་སོགས་པ་བསྐུར་བའི་ཚེ་གཅིག་ཙམ་ལས་བཟུང་དུ་མི་བཏུབ་སྟེ། བདེ་དགྱེས་དང་དེ་དག་ཆོ་ག་བསྡུས་རྒྱས་ཤིན་ཏུ་ཆེ་བས་སོ། །ཡང་བྱ་རྒྱུད་ཀྱི་དབང་བདེ་བ་རྣམས་ལ་སུམ་ཅུ་ལས་བརྒལ་བ་ཡང་རུང་སྟེ། ཆོ་ག་མཚན་མོ་གཅིག་ལ་ཚར་བས་སོ༑ །དུས་འཁོར་མང་པོ་ལ་བསྐུར་བ་དག་ལ་ནི་དེའི་ཆོ་ག་རྫོགས། བདེ་དགྱེས་བསྡུས་པ་མི་རྫོགས་པ་ནི་ཡ་མཚན་ནོ། །དེ་བས་ན་གྲངས་ངེས་རིགས་པ་དེས་བཞག་པ་ནི་དཔྱད་བཟོད་པ་མ་ཡིན་ནོ་ཞེས་སོ། །ཚིགས་བཅད་ལྔ་པའི་སྐབས་སུ་དུས་ཀྱི་འཁོར་ལོ་དང་རྒྱུད་སྡེ་གཞན་རྣམས་ཆོས་སྐད་མི་མཐུན་པ་མང་བ་ལ། སྐབས་འདི་ཁོ་ནའི་དགོངས་གཞི་དང་འགལ་སྤོང་དྲི་བ་ཇི་ལྟར་ཞེས་པ༑ །རྡོ་རྗེ་སྙིང་འགྲེལ་དང་། ནཱ་རོ་ཞབས་ཀྱི་འགྲེལ་ཆེན་གྱིས་རྩ་རྒྱུད་འདི་དུས་ཀྱི་འཁོར་ལོ་དང་མཐུན་པར་བཀྲལ་བ། གཞན་བྱང་ཆུབ་སེམས་དཔའི་འགྲེལ་པ་ཕྱག་རྡོར་སྟོད་འགྲེལ་དང་༑ དྲི་མེད་འོད་དུ་ཡང་ཆོས་སྐད་གཅིག་པའི་དབང་གིས་ལུང་ཁུངས་སུ་འདྲེན་པར་མཛད་པས་དྲིས་པ་ལ་སྐྱོན་ཅི་ཡོད། སྤྱིར་རྒྱུད་ནི་གདུལ་བྱའི་བློ་རིགས་དང་བསྟུན་ནས་གསུངས་པའི་ཕྱིར་འགལ་སྤོང་དྲིས་ན་བདེན་གྱི། རྡོ་རྗེ་སྙིང་འགྲེལ་རང་ལུགས་སུ་ས་སྐྱ་པ་གོང་མ་རྣམས་ཀྱིས་ཞལ་གྱིས་བཞེས་ནས། རྩ་རྒྱུད་འདི་བསྡུས་པའི་རྒྱུད་དུ་བཞེད་པ་ཡིན་ལ། འགྲེལ་ཆེན་དེ་གཉིས་མ་གཏོགས་ཚད་ཐུབ་གང་དུ་ཡང་བསྡུས་པའི་རྒྱུད་དུ་མ་བཤད་དོ། །དུས་ཀྱི་འཁོར་ལོར་ཡང་བུམ་དབང་གི་གཙོ་བོར་སློབ་དཔོན་གྱི་དབང་གསུངས་པ་ཡིན་ཏེ། ཞེས་པ་དང་། དབང་བཞི་ཀ་རྫོགས་ནས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བཤད་པ་ནི་རྒྱུད་འདིའི་ཁྱད་པར་གྱི་ཆོས་གཅིག་ཏུ་སྣང་ངོ་། །ཞེས་པ་དང་། རྩ་རྒྱུད་བརྟག་པ་གཉིས་པའི་རྗེས་སུ་འབྲངས་པའི་བཤད་སྲོལ་དང་མ་མཐུན་ཀྱང་ཞེས་པ་དང་། དུས་ཀྱི་འཁོར་ལོའི་བུམ་དབང་གི་གཙོ་བོར་སློབ་དཔོན་གྱི་དབང་བསྟན་པའི་ཆེད་དུ་བརྟག་གཉིས་ཀྱི་ལུང་དྲངས་པ་ཆོས་རྗེ་ན་ལནྡ་པའི་དྲི་ལན་ལྟ་བུ་བབ་ཅོལ་དུ་སྣང་ངོ་། །དོགས་པའི་གནད་དེ་ཅུང་ཟད་བཤད་པར་བྱ་སྟེ། དུས་ཀྱི་འཁོར་ལོར། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་དང་། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང་། །དེ་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །ཞེས་གསུངས་པ། ལས་ཀྱི་ཕྱག་རྒྱའི་རྒྱུ་ལས་སྐྱེས་པའི་རྒོད་པ་དང་། ལྟ་བ་དང་། ལག་བཅངས་དང་། གཉིས་གཉིས་འཁྱུད་པ་ལས་སྐྱེས་པའི་བདེ་བ་ནི་དེ་ཁོ་ན་ཉིད་མ་ཡིན་པས། སེམས་ཅན་ལམ་ལ་གཞུག་པའི་ཆེད་དུ་བསྟན་པ་འཇིག་རྟེན་ཀུན་རྫོབ་པའི་དབང་། ཕྱག་རྒྱ་ཆེན་མོ་ལས་སྐྱེས་པའི་བདེ་བ་གཉིས་སུ་མེད་པའི་ཡེ་ཤེས་ནི་དོན་དམ་པའི་དབང་ངམ་སློབ་དཔོན་ཆེན་པོའི་དབང་སྟེ། དྲི་མེད་འོད་ལས། འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སེམས་ཅན་ཡོངས་སུ་གཞུག་པའི་དོན་དང་། ལམ་ཡོངས་སུ་ཤེས་པའི་དོན་དང་། རྒྱུད་ཉན་པ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་། སྟོན་པ་པོ་བྱེད་པའི་སླད་དུའོ། །ཞེས་གསུངས་པ། དེང་སང་གོང་ཆུང་གོང་ཆེན་གྱི་ཐ་སྙད་སྦྱར་བ་འདི་ཡིན་ལ༑ སློབ་དཔོན་ཆེན་པོའི་དབང་བཞི་པོ་དེ་ཉིད་རྩ་རྒྱུད་འདིར། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཤིན་ཏུ་བཞིན་བཟང་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །མཐེ་བོང་སྲིན་ལག་དག་གིས་ནི། །སློབ་མའི་ཁ་རུ་ལྟུང་བར་བྱ། །སྟོན་པས་ཤེས་རབ་རབ་ཏུ་མཆོད། །བརྗོད་པར་བྱས་ནས་གཏད་པར་བྱ། །སྟོན་པས་སྒྲུབ་པ་སེམས་དཔའ་ཆེ། །ཕྱག་རྒྱ་བདེ་བ་ལྡན་པ་ཁྱེར། །ཕྲག་དོག་ཁྲོ་བ་རྣམ་སྤངས་པའི། །སློབ་མ་ཆེར་གྱུར་ཤེས་ནས་ནི༑ །སྟོན་པས་དེ་ལ་གནང་བ་སྦྱིན། །ཞེས་གོང་ཆེན་བདག་པོ་ཆེན་པོའི་དབང་དང་བཅས་གསུངས། གསང་དབང་བུ་སྟོན་གྱིས་ལུང་དུ་འདྲེན་པར་མཛད་ཀྱི། བུམ་དབང་གི་གཙོ་བོ་བདག་པོ་ཆེན་པོའི་དབང་སྟོན་པའི་ལུང་དུ་མ་མཛད་དོ། །འདིར་དྲི་བའི་རྒྱུ་མཚན་ནི། ཡང་རྒྱུད་འདི་ཉིད་དུ། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་བཟུང་༑ །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་གསུངས་པ་འདིར་རིགས་ལྔའི་དབང་གི་རྗེས་སུ་བསྟན་པའམ་བུམ་དབང་གི་དངོས་གཞིར་མཛད་པ། དེང་སང་གི་ཀྱེ་རྡོར་བ་ཐམས་ཅད་ཀྱི་ཕྱག་ལེན་དུ་བྱུང་བས། འདི་བུམ་དབང་རང་གི་ངོ་བོ་ཚུགས་ཐུབ་པ་ཞིག་ཡིན་ན། དུས་འཁོར་གྱི་ལུགས་བཞིན་དབང་བཞི་པའི་མཐར་བསྐུར་ན་ཡང་བུམ་དབང་ཉིད་དུ་འགྱུར་ལ། བུམ་དབང་ལུས་ཀྱི་དྲི་མ་སྦྱོང་བྱེད་ཡིན་པས། སློབ་དཔོན་གྱི་དབང་འདིའི་སྦྱང་བྱའི་སྦྱང་གཞི་ཡང་ལུས་ཉིད་དུ་ངེས་སམ། དེ་ལྟ་ན་ལུས་ངག་ཡིད་ཐ་དད་དུ་འཛིན་པའི་དྲི་མ་དག་ནས་སླར་ལུས་ཀྱི་དྲི་མ་དག་པར་བྱེད་དགོས་པ་ཞིག་དུས་འཁོར་དང་བསྟུན་པའི་བཤད་པའི་བབས་འདིར་རིགས་པས་ཐོབ། རྡོ་རྗེ་སློབ་དཔོན་གྱི་དབང་གིས་སྦྱང་གཞི་སྦྱོང་མི་ནུས་ན། བུམ་དབང་གི་ངོ་བོས་སྦྱང་གཞི་སྦྱོང་མ་ནུས་པར་ཟད་པས་ལུང་རིགས་ཤེས་པ་དག་གིས་དཔྱོད་ཅིག་ཅེས་བྱས་པ་ཡིན་ནོ། །ཚུལ་འདིས་ན་ལནྡ་པའི་ལན་དུ། དགྱེས་དུས་འདི་གཉིས་དབང་གི་རིམ་པ་མི་གཅིག་པར་འཕགས་ཡུལ་དང་བོད་དུ་གྲགས་པ་ཡིན་ཞེས་བྱས་པ་བསལ་ལོ། །ཚིགས་བཅད་དྲུག་པའི་དུས་སུ། བུམ་པའི་དབང་ལ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྒོམ་དགོས་པ་ཁོ་ན་ལས། རྡུལ་ཚོན་བྲིས་ནས་བཞག་པ་ཙམ་གྱིས་གང་ལ་ཡིན་ཞེས་དང་། གཞན་དེར་ཏིང་ངེ་འཛིན་དང་ལྡན་ཞིང་བསྒོམ་དགོས་ཏེ། ཞེས་པ་གཉིས་སྨྲ་རྒྱུ་ཟད་པའི་གཏམ་སྟེ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་མེད་པར་ཐལ། དེར་རྩིག་པ་བཤིག་ནས་ཀྱང་འཇུག་པ་མེད་ལ། རྩིག་པ་ལ་འགོངས་ནས་ཀྱང་། སྒོ་ལ་འཛུལ་ནས་ཀྱང་འཇུག་པ་མེད་པའི་ཕྱིར་རོ། །ཞེས་སྨྲ་བ་དང་འདྲ་བས་བཏང་སྙོམས་སུ་བཞག་ནས། ཇོ་བོས། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། གསང་བ་ཤེས་རབ་དབང་བསྐུར་ནི༑ །ཚངས་པར་སྤྱོད་པས་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་གྱུར་པའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ༑ །ཞེས་གསུངས་པའི་ལུང་ལ་བརྩི་རྒྱུ་བའི་ཁུངས། །གསང་དབང་དུ་སློབ་དཔོན་ཡབ་ཡུམ་དང་། །དབང་གསུམ་པའི་ཕྱག་རྒྱ་ཡིད་ཀྱིས་བཏགས་ནས་ཚིག་ཙམ་དུ་དབང་བསྐུར་བས་ཐོབ་པ་ཞིག་བྱས། དེས་ཐོབ་པ་ཞིག་ན། བུམ་པའི་དབང་རང་ལ་བཤད་ཚོད་བཞིན་མེད་ན་མི་ཐོབ། གཞན་གཉིས་ལ་བཤད་ཚོད་བཞིན་མི་དགོས་པར་ཐོབ་པའི་རྒྱུ་མཚན་ཅི་ཡོད། ཅེས་དྲིས་པ་སྟེ། ལུང་དེ་ཀས་སོ་ཞེ་ན། ལུང་འདི་ནི་བཅས་ལྡན་དགེ་སློང་དབང་གོང་མར་མི་འཇུག་པའི་དབང་དུ་མཛད་པ་སྟེ། དེ་ཉིད་ཀྱི་གོང་དུ། བླ་མ་མཉེས་པར་བྱས་པ་ཡི༑ །ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས། །སྡིག་ཀུན་རྣམ་དག་འདི་ཉིད་ནི། །དངོས་གྲུབ་བསྒྲུབ་པའི་སྐལ་ལྡན་འགྱུར། །ཞེས་གསུངས་པ་དང་། དུས་འཁོར་དུ་འདུལ་བའི་བསྟན་པ་ཞིག་དོགས་བཀག་པ་གཉིས་ཀ་འདྲའོ། །སློབ་དཔོན་དབང་བསྐུར་རྙེད་གྱུར་ཅིང་། །དེ་ཉིད་རིག་ལས་ཉེས་པ་མེད། །དེའི་ཚེ་དེ་ཉིད་འཇུག་པ་ན་བཤད་ཚོད་ཇི་ལྟ་བ་དགོས་པར་བཤད་དོ༑ །ཡང་། རྒྱུད་དང་འགྲེལ་པ་དཀྱིལ་ཆོག་ཐམས་ཅད་དུ་བུམ་དབང་ལ་རྡུལ་ཚོན་བཤད་ལ། ཞེས་སོགས་ཀྱི་ཚིག་ནི་འཐད་པར་མ་མཐོང་སྟེ། དུས་ཀྱི་འཁོར་ལོར་བྱིས་པ་འཇུག་པའི་དབང་བདུན་སློབ་མ་འབྱོར་པ་དང་ལྡན་ན་རྡུལ་ཚོན་དུ་བསྐུར་བར་གསུངས་པ་སྟེ་བསྡུས་རྒྱུད་ལས། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོའི་དར་དཔྱངས་ནུས་མ་རྣམས། །རྡོ་རྗེའི་དྲིལ་བུ་ཉི་ཟླ་དག་དང་བརཏལ་ཞུགས་དག་ཀྱང་ཡུལ་རྣམས་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། །སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་རྣམས་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། །ཞེས་དབང་བདུན་ཁོ་ན་ལ་གསུངས་པ་དང་། བུམ་པའི་དབང་ནི་རྡུལ་ཚོན་དང་མ་འབྲེལ་བར། དབང་མདོར་བསྟན་དུ། ལུས་ཀྱི་དབང་པོ་བྷ་ག་སེམས། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན། །ཞེས་གསུངས་པས། གོང་ཆུང་གི་དབང་བཞི་ཡང་། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །གསང་བ་དག་ལས་རི་བོང་འཛིན་པ་མྱང་བ་དང་ནི་བལྟ་བ་དག་གིས་གསང་བའི་དབང་དུ་འགྱུར། །ཤེས་རབ་ཡེ་ཤེས་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱིས་སྦྱང་བ་བྱས་ནས་ནི། །རྒྱལ་བ་དག་ཀྱང་འདིར་ནི་བླ་མས་དཔང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན་པར་བྱ། །ཞེས་པའི་ཚུལ་གྱིས་གསུངས་པ་དང་། །སློབ་དཔོན་ཆེན་པོའི་དབང་ངམ། གོང་ཆེན་ནི། རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ནི། །ཁྲག་དང་ལྡན་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གི་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས། །ས་བོན་དང་བཅས་རྡོ་རྗེ་དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་བ་བྱས་ནས་ནི། །ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་དེ་ནས་སླར་ཡང་གཞན་ནི་དུ་བའི་ལམ་སོགས་ལྡན་པའོ། །ཞེས་གསུངས་ཤིང་། རྩ་རྒྱུད་འདི་ཁའི་རྡོ་རྗེ་སྙིང་འགྲེལ་དུ་ཡང་། དབང་བདུན་དུས་འཁོར་ཇི་ལྟ་བར་གསུངས་ཏེ། བྱིས་པ་སྐྱེས་པ་མ་ཡིས་ནི། །ཆུ་ཡིས་འཁྲུས་བྱེད་དབང་བསྐུར་རོ། །དེ་ཡི་གཙུག་ཕུད་རབ་བཞག་པ། །དབུ་རྒྱན་དུ་ནི་ཡོངས་སུ་བཏགས། །དེ་ཡི་རྣ་བ་འབུགས་ལ་སོགས། །དར་དཔྱངས་དབང་དུ་ཤེས་པར་བྱ། །བྱིས་པ་རྒོད་དང་སྨྲ་བ་ཉིད། །རྡོ་རྗེ་དྲིལ་བུའི་དབང་ཉིད་དོ། །ལྔ་པ་ལོངས་སྤྱོད་བརཏལ་ཞུགས་སོ། །མིང་ནི་མིང་གི་དབང་བསྐུར་ཉིད། །ཕ་ཡིས་རྟག་ཏུ་ཀློག་ལ་སོགས། །སྟེར་བར་བྱེད་པ་རྗེས་གནང་ཡིན། །རྣམ་པ་བདུན་པོ་འདི་ཉིད་ནི། །དབང་བདུན་དུ་ནི་རབ་ཏུ་བཤད༑ །ཅེས་དང་། རྒྱུད་ཀྱི་དངོས་བསྟན་དུ་དབང་གོང་མ་དུས་འཁོར་ཇི་ལྟ་བར་བཤད་པའི་དབང་གིས། སྨིན་བྱེད་ཀྱི་བུམ་དབང་རྡུལ་ཚོན་དུ་བསྐུར་དགོས་པ་དང་མི་དགོས་པ་གཉིས་ཀ་ཡོད་པའི་ཕྱིར་རོ། །མངོན་བརྗོད་བླ་མའི་དགོངས་པ་དང་། གྲུབ་ཐོབ་གོང་མའི་ཕྱག་བཞེས་ལ་ཡང་སྐབས་རེ་ན་ཡོད་འདུག་པས་མཐའ་གཅིག་ཏུ་མི་རུང་བ་ཡིན་མོད་ཅེས་སྨྲས་བ་སྡོམ་གསུམ་མཛད་པས༑ དེང་སང་གང་ཟག་རབ་འབྲིང་ཀུན། །རྡུལ་ཚོན་གྱི་ནི་དཀྱིལ་འཁོར་དུ། །དབང་བསྐུར་བྱ་བར་གསུངས་མོད་ཀྱི། །གཞན་གྱི་སྨིན་བྱེད་རྒྱུད་ལས་བཀག །ཅེས་རྡུལ་ཚོན་མ་གཏོགས་མི་རུང་བར་མཐའ་གཅིག་ཏུ་གསུངས་པ་དང་འགལ་ལོ། །དབང་བདུན་ལ་སྨིན་བྱེད་དུ་བཞག་པ་མེད་ལ། དེས་ན་སྨིན་བྱེད་གྱི་དབང་བཞི་རྡུལ་ཚོན་ངེས་པར་མི་དགོས་པ་དུས་འཁོར་དང་རྒྱུད་འདི་ཉིད་ཀྱི་ལུང་གིས་གྲུབ། སྨིན་བྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མཐའ་གཅིག་ཏུ་དགོས་པར་གསུངས་པ་དང་། དེ་ལས་གཞན་རྒྱུད་ལས་བཀག་གསུང་བའི་རྒྱུད་དེ་ས་སྐྱ་པ་ཐམས་ཅད་ལོག་ནས་སྟོན་པར་འོས་སོ་ཞེས་ཀྱང་སྨྲས་སོ། །དྲི་ལན་གཞན་དེར། སྤྱིར་དབང་ཆོག་གཅིག་ལ་ཡོད་པའི་དབང་གི་གོ་རིམ་དེ་གཞན་ལ་ཡོད་པས་མ་ཁྱབ། ཁྱབ་ན་སྟོན་པས་དབང་ཆོག་གཅིག་ཁོ་ན་གསུངས་ཆོག་པ་ལ་མ་གསུངས་པ། རྒྱུད་སྡེ་བཞི་སོ་སོ་ལ་དབང་གི་བབས་མི་འདྲ་བ་རེ་རེ་དང་། ནང་གསེས་ཀྱི་དབྱེ་བས་གོ་རིམ་བབས་མི་འདྲ་བ་དུ་མ་གསུངས་པས་དགོས་པ་སོ་སོར་ཡོད་དོ། །ཞེས་མཛད་སྣང་བས། དེ་ཀ་ཁོ་བོ་ཅག་ཀྱང་། རྡུལ་ཚོན་གྱི་དཀྱིལ་འཁོར་རང་དུ་མཐའ་གཅིག་ཏུ་བསྐུར་དགོས་པའི་ངེས་པ་མེད། །དབང་གི་བབས་མི་འདྲ་བ་སྣ་ཚོགས་གདུལ་བྱ་སྣ་ཚོགས་པས། ཏིང་ངེ་འཛིན་གྱི་དབང་ཡང་སྨིན་བྱེད་དུ་བཞག་ཆོག་པའི་སྐབས་སྲིད་པར་འགྱུར་རོ་ཞེས་ཟེར་བ་ཡིན་ནོ། །ཚིགས་བཅད་བདུན་པའི་སྐབས་སུ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་ཞལ་སྔ་ནས། དབང་བཞི་ཡོངས་སུ་རྫོགས་པའི་ཚེ་སྔགས་སྡོམ་རྫོགས་པར་ཐོབ་གསུང་བ་འདི། ལུང་རིགས་དང་མཐུན་པར་མཐོང་ནས༑ འདིའི་རྗེས་སུ་འབྲང་ངོ་ཞེས་བྱས་པ་ནི། བླ་མ་དང་གྲུབ་མཐའ་ཐམས་ཅད་ཚད་མར་སྣང་བས་ལེགས་སོ་ལེགས་སོ་དེ་དེ་བཞིན་ནོ་ཞེས་བྱའོ། །སྡོམ་གཟུང་གི་སྐབས་སུ་ཐོབ་པ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་བཞེད་ལ། བུམ་དབང་དུ་སྔགས་སྡོམ་རྫོགས་པ་མུས་ཆེན་གྱི་གྲུབ་མཐའ་སྟེ། དེ་དག་ཡེ་ཤེས་ཐིག་ལེ་ལས། །ཆུ་ཡི་དབང་དང་ཅོད་པན་དབང་། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཕྱིར་མི་ལྡོག་པའི་འཁོར་ལོའི་དབང་། །རྣལ་འབྱོར་རྒྱུད་ལ་རབ་ཏུ་གསལ། །དེ་ནི་དྲུག་གི་བྱེ་བྲག་དབང་། །རྡོ་རྗེ་སློབ་དཔོན་དབང་ཞེས་བྱ། །རྡོ་རྗེ་བླ་མ་ཡི་ནི་མཚན། །གསང་བ་ཡིས་ནི་དབང་རྒྱས་པ། །ཤེས་རབ་ཡེ་ཤེས་དེ་བཞིན་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པའི་ལུང་སྒྲ་ཇི་བཞིན་པར་ཞལ་གྱིས་བཞེས་པས། རྣལ་འབྱོར་གྱི་རྒྱུད་དང་། བླ་མེད་ཀྱི་སྔགས་སྡོམ་དབྱེར་མེད་པར་འགྱུར་ཏེ། དེ་གཉིས་ཀ་རྒྱུ་ཚོགས་གྲངས་ཚང་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་སྨྲས་པ། བུམ་དབང་གི་སྡོམ་པ་དང་རྣལ་འབྱོར་རྒྱུད་ཀྱི་སྡོམ་པ་ཁྱད་མེད་དུ་ཁས་བླངས་ན་ཐལ་འགྱུར་འདིས་གནོད་མོད་ཅེས་པ་མིན་ཏེ། ཁྱད་མེད་དུ་ཁས་བླངས་ན་མ་གནོད། མ་བླངས་པས་གནོད་པའི་ཕྱིར་རོ། །ལུང་འདི་སྒྲ་ཇི་བཞིན་ཁྱེད་ཅག་ཀྱང་ཁས་ལེན་ན་རྣལ་འབྱོར་བླ་མེད་ཀྱི་བུམ་དབང་གི་སྡོམ་པ་དང་། རྣལ་འབྱོར་རྒྱུད་ཀྱི་གཉིས་ཁྱད་མེད་དུ་འགྱུར་ཏེ། ལུང་དེར་རྒྱུད་སྡེ་ཕྱི་ནང་དེ་གཉིས་ཀྱི་སློབ་དཔོན་གྱི་དབང་ཁྱད་མེད་པར་བཤད་པས་སོ། །ཁོ་བོ་ཅག་ལུང་དེ་སྒྲ་ཇི་བཞིན་པར་ཁས་མི་ལེན་པས་གནོད་པ་ཅི་ཡང་མེད་དོ། །སྔགས་ཀྱི་དགེ་ཚུལ་དགེ་སློང་ལ་སོགས་པའི་ཐ་སྙད་རྩ་རྒྱུད་འདི་ནས་མ་བཤད་པས་ཤིན་ཏུ་ཡང་མི་གནོད་པར་གནོད་ཅེས་སྦྱར་བ་དུས་འཁོར་རྒྱུད་མཚན་ཉིད་པ་མིན་ན་བདེན་མོད། དེར་དབང་གོང་མ་ལ་གསར་ཐོབ་བཟོས་པས་ཤིན་ཏུ་མི་གནོད་བྱས་པ་འཐུས་པར་སྣང་། ཆོས་རྗེ་ན་ལནྡ་ནས། བརྟག་གཉིས་ཀྱི་སྔགས་སྡོམ། སམ་པུ་ཊའི་སྔགས་སྡོམ། དུས་འཁོར་ལས་གསུངས་པའི་སྔགས་སྡོམ༑ དང་པོ་དབང་བཞི་པའི་དུས་སུ་རྫོགས་པར་ཐོབ། གཉིས་པ་བུམ་དབང་གི་སྐབས། གསུམ་པ་ནི། སངས་རྒྱས་ཐོབ་པ་དང་དུས་མཉམ་དུ་རྫོགས་ཞེས་གསུངས་པས། སྔགས་སྡོམ་རྫོགས་པའི་སོ་སྐྱེ་མི་སྲིད་པར་སོང་ཞིང་། བརྟག་གཉིས་དང་། སམ་པུ་ཊའི་སྔགས་སྡོམ་ཐ་དད་དུ་འབྱེད་པ་ནི། དཔལ་ལྡན་ས་སྐྱ་པའི་རིང་ལུགས་ལས་གཞན་དུ་སོང་བ་ཡིན་ནོ། །ཚིགས་བཅད་བརྒྱད་པའི་སྐབས་སུ། ཡས་བབས་ཀྱི་དགའ་བ་བཞི་རྫོགས་པའི་དོན། དོན་གྱི་ཡེ་ཤེས་སྐྱེས་པ་ལ་ཟེར་བ་ཡིན་ནམ་ཞེས་པའི་ཚིག་ནི་དབང་དོན་གྱི་ཡེ་ཤེས་ལ་མུན་པའི་གཏམ་དུ་ཟད་ལ༑ དབང་གསུམ་པའི་དུས་སུ་དངོས་ཀྱི་རིག་མ་ལ་བརྟེན་ནས་རིམ་གྱིས་ཡས་བབས་ཀྱི་དགའ་བ་བཞིའི་ཡེ་ཤེས་རྫོགས་སྟེ། མཚན་ཉིད་དང་བྲལ་བའི་སྐད་ཅིག་ལ་དོན་གྱི་ཡེ་ཤེས་སྐྱེས་ན་གང་ཟག་དེ་ནི་དབང་གསུམ་པའི་དུས་དེ་ཉིད་དུ་གྲོལ་བ་ཡིན་པས་ཞེས་པ་དགའ་བ་བཞི་རྫོགས་ནས་མཚན་ཉིད་དང་བྲལ་བའི་སྐད་ཅིག་འཆར་བ་མ་ཡིན། དགའ་བ་བཞི་པར་ལྷན་སྐྱེས་བཞག་པའི་ལྷན་སྐྱེས་འཆར་བའི་དུས་དེ་ཁ་མཚན་ཉིད་དང་བྲལ་བའི་སྐད་ཅིག་ཡིན་པས་སོ། །དེ་དོན་གྱི་ཡེ་ཤེས་སུ་བཞག་པ། ཐུ་སྟོན་འཇིགས་མེད་དཔའ་བོའི་ཞལ་སྔ་ནས་གསུང་བ་ནི་མི་སྲིད་དེ། དེ་ནི་ཟག་པ་དང་བཅས་པའི་བདེ་བའི་མཐའ་ཡིན་པས་སོ། །ལར་ས་སྐྱ་པ་གོང་མའི་གཞུང་ཐམས་ཅད་དུ་ཡས་བབས་ཀྱི་ལྷན་སྐྱེས་ཁོ་ན་དབང་དུས་ཀྱི་ཡེ་ཤེས་སུ་བཞག དེ་དཔེའི་ཡེ་ཤེས་སུ་གསུངས་པ་དེ༑ སྡོམ་གསུམ་དུ། ཇོ་བོ་ནཱ་རོ་ཏ་པ་ནི། དབང་བསྐུར་དུས་སུ་མཐོང་ལམ་སྐྱེ། །དེ་ནི་སྐད་ཅིག་དེ་ལ་འགག །ཆོས་མཆོག་རྗེས་ཀྱི་ཡེ་ཤེས་ལ། །འགག་པ་མེད་ཅེས་གསུང་པར་གྲགས༑ །འདི་ནི་དཔེ་ཡི་ཡེ་ཤེས་ལ། །མཐོང་བའི་ལམ་དུ་བཏགས་པར་ཟད། །འཕགས་པ་ལྷ་ཡི་སྤྱོད་བསྡུས་སུ། །བདེན་པ་མཐོང་ཡང་ལས་མཐའ་ལ། །ཆགས་པར་གསུངས་པ་རྫོགས་རིམ་གྱི། །རང་བྱུང་ཡེ་ཤེས་རྟོགས་པ་ནི། །དཔེ་ཡི་ཡེ་ཤེས་ཉིད་ལ་དགོངས། །དེ་དང་ལམ་འབྲས་ལ་སོགས་པ། །གྲུབ་ཐོབ་རྣམས་ཀྱི་དགོངས་པ་མཐུན། །ཞེས་གསུངས་པས་སོ། །འོན་ཀྱང་འདིར་རྗེ་བཙུན་ནཱ་རོ་པའི་བཞེད་པ་ནི་དེ་མིན་ཏེ། ཡས་བབས་ཀྱི་ལྷན་སྐྱེས་དེ་ཀ་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་ལ། དེའི་སྐད་ཅིག་ཕྱི་ལོགས་ནས་འགྱུར་བ་མེད་པའི་བདེ་བ་ཆེན་པོ་ཟག་པ་མེད་པ་ཐབས་སྙིང་རྗེ་ཆེན་པོ་མངོན་དུ་འགྱུར་པ་མཐོང་ལམ་ཡིན་པར་བཞེད་དེ། ཚུལ་དེ་ལྟ་བུའི་ཡེ་ཤེས་དབང་དུས་སུ། མར་པས་མངོན་དུ་མཛད་ཅིང་༑ ནཱ་རོ་ཞབས་ཀྱིས་ཕྱིན་ཅི་མ་ལོག་པར་ངོ་སྤྲད་པ། མར་པའི་མགུར་དུ། དབང་བཞིའི་དོན་ལ་ངོ་སྤྲོད་མཛད། །ཟག་པ་མེད་པའི་ཏིང་འཛིན་ལ། །ཞག་བདུན་བར་དུ་བརྟན་པ་ཐོབ། །སྲོག་རྩོལ་འཕོ་བ་ཉི་ཟླ་གཉིས། །གཡོ་མེད་ནམ་མཁའི་ཁྱིམ་དུ་ཚུད། །རང་བྱུང་ལྷན་ཅིག་སྐྱེས་པའི་ཉམས། །བདེ་གསལ་མི་རྟོག་ཁོང་ནས་ཤར། །བག་ཆགས་གཉིད་ཀྱི་འཁྲུལ་པ་དེ། །འོད་གསལ་ལམ་གྱི་ངོ་བོར་རྟོགས། །ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་བྲལ་ཆོས་ཀྱི་སྐུ་རུ་ཐིམ། །ཕྱི་སྣང་བ་སྒྱུ་མའི་འཁྲུལ་འཁོར་འདི། །སྐྱེ་མེད་ཕྱག་རྒྱ་ཆེན་པོར་རྟོགས། །ཞེས་གསུངས་པས་སོ། །ཡས་བརྟན་གྱི་ལྷན་སྐྱེས་ངོས་ཟིན་པའི་སྐད་ཅིག་ལས་གཞན་པའི་ཆོས་མཆོག་ཐ་མའི་ཡེ་ཤེས་ཤིག་ཞལ་གྱིས་བཞེས་སོ་སྨྲ་བ། རྣལ་འབྱོར་གྱི་དབང་ཕྱུག་དེ་ལ་སྐུར་པའི་ཚིག་གོ །གལ་ཏེ་རང་ཉིད་ཀྱང་བཞེད་པ་ན། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་མན་ངག་ཟབ་མོ་ལ་མི་མོས་པའམ། ཐུགས་སུ་མ་ཆུད་པ་ལས་མ་འདས་སོ། །གསུམ་པའི་དུས་སུ་རྫོགས་ན་བཞི་པའི་དུས་སུ་མི་དགོས་ཞེས་སྨྲ་བ་བདག་ཅག་ལ་འཐད་པའི་གཏམ་དུ་བྱུང་ངོ་། །ཡང་ན་ལནྡ་པས། གསུམ་པའི་དུས་སུ་སྐྱེས་པའི་ལྷན་སྐྱེས་ཡེ་ཤེས་ནི་ནུས་པ་དང་ཡེ་ཤེས་ཁྱབ་ཆུང་ཞིང་གྲོལ་བ་ཐོབ་པ་ཅུང་ཟད་དཀའ། བཞི་པའི་དུས་ཀྱི་ལྷན་སྐྱེས་ནི་ནུས་པ་དང་ཡེ་ཤེས་ཐོབ་པ་ཁྱབ་ཆེ་ཞིང་གྲོལ་བ་ཐོབ་པ་མྱུར་བས་མཐོང་ལམ་གྱི་ཡེ་ཤེས་དངོས་མིན་ཀྱང་མཐོང་ལམ་དང་འདྲ་བའི་དཔེའི་ཡེ་ཤེས་ཞེས་བླ་མེད་ཀྱི་ཁྱད་ཆོས་ཡིན་ནོ། །དེས་ན་འདི་གཉིས་ལ་ཁྱད་ཆེ་བ་ཡོད་པར་མར་རྔོག་གཉིས་ཀ་བཞེད་པ་ངེས་པར་དགོས་སོ་ཞེས་སྨྲ་བ། དངོས་པོ་གཅིག་ལ་བཟང་ངན་ཕྱེ་བ་ཤིན་ཏུ་འཁྲུལ་པའི་གཏམ་ཡིན་མིན་སྔགས་ཀྱི་གཞུང་ལ་སྦྱངས་པ་དག་གིས་ཤེས་པར་འགྱུར་རོ། །དཔེའི་ཡེ་ཤེས་དེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་མ་ཡིན་པས། དེ་ཙམ་གྱི་དབང་རྫོགས་པར་བཤད་པས་དུས་འཁོར་གྱི་ལུང་གིས་གནོད་དེ་ཞེས་སྦྱར་རོ། །ཚིགས་བཅད་དགུ་པའི་དུས་སུ། བཞི་པ་རྟེན་ཅན་གྱི་དབང་དུ་བྱས་ནས་དྲིས་པ་ལ། ནོར་བུའི་རྩེ་ལས་ཕྱིར་ལྷུང་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་མིན་ཏེ་དེ་ནི་དགའ་བ་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེས་ན་བྱང་སེམས་ནོར་བུའི་རྩེ་ལས་ཕྱིར་མ་འཕོས་པའི་དུས་དེར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ལ། དེ་ནི་དབང་པོ་གཉིས་སྦྱོར་ལས་བྱུང་བ་ཡིན་ཀྱང་། ཐབས་ཁྱད་པར་ཅན་གྱིས་ཟིན་པས་དེའི་དུས་སུ་སྐྱེས་པའི་ཡེ་ཤེས་ལ་རང་བྱུང་གི་ཡེ་ཤེས་ཞེས་བྱའོ་ཞེས་པ། དབང་པོ་གཉིས་སྦྱོར་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ཡིས་དེ་ཉིད་མཐོང་བ་ནི། །རྒྱལ་བ་མཆོག་གིས་མ་གསུངས་སོ། །ཞེས་པའི་སྐྱོན་ཅན་དུ་ཟད་དོ། །འདིར་མཆོག་གི་ཟེ་བར་སེམས་ལྷུང་ཞེས་སྨྲས་པ་མ་གོ་བར་སྣང་སྟེ། ཕྱག་རྒྱ་པདྨ་ཅན་གྱི་རྩ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་དེ་ལ་མཆོག་གི་ཟེ་བ་ཞེས་ལམ་འབྲས་པ་རང་རྣམས་འདོན་ལ། དེ་ནོར་བུར་སོན་པའི་ཕྱིར་ཕྱིར་ལྷུང་བ་ནི་མིན་ལ། ཚུལ་འདིས་གཉིས་ཤོར་གཉིས་མཉམ་ཞེས་སྨྲ་བའི་གནད་ཀྱང་ལྷོངས་པར་འགྱུར་རོ། །ཚིགས་བཅད་བཅུ་པའི་དུས་སུ། །སོ་སོ་ཐར་པ་རང་གི་ཆོ་གས་མ་བླངས་པར། དབང་བསྐུར་གྱི་ཆོ་གའི་ཞར་ལས་ཐོབ་པའི་སོ་སོ་ཐར་པའི་སྡོམ་པའི་ངོ་བོ་ནི་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བ་དེ་ཡིན་ལ། དེ་འདྲ་ནི་ཚེ་བརྗེས་སུ་ཟིན་ཀྱང་སྔགས་སྡོམ་ནམ་གནས་ཀྱི་བར་དུ་གནས་པ་ཡིན་ནོ། །ཞེས་པ་ལེགས་པར་སྣང་ཡང་། སྡོམ་གསུམ་མཛད་པས། དེས་ན་སོ་སོ་ཐར་པ་ཡི། །སྡོམ་པ་ཤི་ཡང་ཡོད་དོ་ཞེས། །སྨྲ་བའི་སྐྱེས་བུ་དེ་ལ་ནི། །སྡེ་སྣོད་རྣམ་དབྱེ་མེད་པར་ཟད། །ཅེས་གསུངས་པ་དང་འགལ་ལོ། །འགའ་ཞིག་འདི་འདུལ་བ་རང་གང་དུ་གསུངས་ཀྱི་སྔགས་ཀྱི་སྐབས་སུ་མ་གསུངས་སོ། །ཞེས་ཟེར་མོད། དེ་ནི་ནམ་ཡང་འཐད་པ་མ་ཡིན་ཏེ༑ གཞུང་འདིའི་ཕྱོགས་སྔ་མ་དགོངས་གཅིག་པ་ཡིན་པས། དེས་ནི་སྔགས་ཀྱི་དབང་དུ་བྱས་ནས་སྨྲས་པ་ལ་སྐྱོན་དུ་གསུངས་པའི་ཕྱིར་རོ། །ལར་ཡང་སྔགས་ཀྱི་སྐབས་སུ་དེ་འདྲ་བ་ཞིག་ཡོད་ན༑ སྡེ་སྣོད་རྣམ་དབྱེ་མེད་པར་ཟད། །ཅེས་མི་གསུང་བར། འདུལ་བའི་རྣམ་དབྱེ་མེད་པར་ཟད་ཅེས་གསུང་བར་རིགས་སོ། །བསླབ་པའི་གཞི་ལྔ་འཛིན་དགོས་པའི་དོན་གྱིས་ཡོངས་རྫོགས་དགེ་བསྙེན་ཡིན་མོད། དེ་འདྲའི་ཐ་སྙད་དུ་དངོས་སུ་སྦྱར་བ་མེད་ཅིང་། ཐེག་ཆེན་སྐྱབས་འགྲོ་སྒོ་ནས་སྐབས་འདིའི་སོར་སྡོམ་དུ་འཇོག་པའི་ཁུངས་མ་འཚལ་ཞེས་པ། བསླབ་གཞི་ལྔ་འཛིན་པའི་དགེ་བསྙེན་ཡིན་ཟེར་བ་རང་སྐྱབས་འགྲོས་ཐོབ་པའི་སྡོམ་པ་ལ་བློ་རྩེ་གཏད་པས་ཡིན་ལ། རྡོ་རྗེ་གུར་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་སོགས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྡོམ་པ་ལེན་པའི་ཆོ་ག་བཤད་པས་སོ། །ཚིགས་བཅད་བཅུ་གཅིག་པའི་སྐབས་སུ། རླུང་གི་རྣལ་འབྱོར་སོགས་བསྒོམ་པའི་སྔོན་དུ་དབང་ཞུས་པའི་གསལ་ཁ་མི་འབྱུང་བ་ནི། རང་ཉིད་གང་ལས་གྲོལ་བའི་ལམ་གྱི་གཙོ་བོ་ཙམ་མ་གཏོགས་རྣམ་ཐར་རྒྱས་པར་མ་བཤད་པ་ཡིན་མོད། ཅེས་པ་འཐད་པ་མིན་ཏེ། ལྷ་མོ་དཔལ་མོས་མཛད་པའི་འགྲེལ་པ་དེར། དྲང་སྲོང་འགྲོ་བ་དབུགས་འབྱིན་གྱིས། རྒྱལ་པོའི་བུ་མོ་རོལ་པ་མོ་རྗེས་སུ་འཛིན་པ་ལ་ཡང་དབང་བསྐུར་བའི་ལོ་རྒྱུས་མི་སྣང་། །རོལ་པ་མོས་དཔའ་བོ་རྡོ་རྗེ་དང་། །དེས་འདུན་ན་འདོན་དམ་ཚིག་གི་རྡོ་རྗེ་དང་། དེས་པདྨ་མཉྫྱུ་དང་། དེས་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་བར་དུ་སྐད་ཅིག་རེ་རེས་གྲོལ་བ་རྐྱང་ཡིན་ལ། དེ་ནས་དགའ་བའི་རྡོ་རྗེ་ཞེས་བྱ་བ་ལ། དཀྱིལ་འཁོར་སྔོན་དུ་འགྲོ་བས་མངོན་པར་དབང་བསྐུར་བ་བླངས་ནས། ཐེག་པ་དེ་མཚན་མ་མེད་པའི་གནས་ལ་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡང་དག་པ་ཐོབ་ཅིང་། ཞེས་ཇི་ལྟར་དབང་བསྐུར་བ་ལ། སྐུར་པ་སྨོས་འདུག་པས་རྒྱས་པར་མ་བསྟན་པ་གང་ལ་ཡིན༑ ཉིད་ཀྱི་ལུགས་ལ་ཡང་སྐབས་རེ་ན་སྨིན་པར་བྱ་བའི་ཕྱིར་དུ་དབང་བསྐུར་བས་གསང་སྒྲོགས་སུ་འགྱུར་ལ། རེས་འགའ་རྫོགས་རིམ་ཟབ་མོ་བསྟན་པ་ལ་ཡང་གསང་སྒྲོགས་མེད་པ་ནི༑ དབང་བཙན་པར་འགྱུར་བ་མ་ལགས་སམ། ཞེས་པ། ཆོས་ནས་གསང་དང་མི་གསང་བའི། །ལུགས་གཉིས་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་སྡོམ་གསུམ་དུ་བྱུང་བ་ཉིད་ངེས་པར་བྱོས་ཤིག ལར་དབང་མ་ཐོབ་པར་མཆོག་ཐོབ་པ་མེད་ལ། དབང་ཐོབ་པ་ལ་ཆོ་གས་བསྐུར་དགོས་པའི་ངེས་པ་མེད་པར། དཔལ་ཕག་མོ་གྲུ་པ་དང་། ཞང་ཚལ་པ་ལ་སོགས་པའི་གྲུབ་པའི་མཐའ་ལས་བྱུང་བ། རྒྱུད་ཐམས་ཅད་མཐར་ཐུག་པའི་དོན་དུ་འདྲིལ་བ་སློབ་མ་ལ་བཤད་པ་ཞེས་མིང་རྐྱང་དུ་མ་ལས་པའི་ལུང་རིགས་ཤེས་མོད་ཀྱང་། དེང་སང་ཟབ་མོས་འཇིགས་པའི་མ་སྨིན་པའི་གདུལ་བྱ་མང་པོ་སྐྲག་དོགས་མ་བྲིས་སོ། །རྡོ་རྗེ་མཁའ་འགྲོ་ལས། དབང་བསྐུར་ནས་ནི་དེ་ཉིད་བསྟེན། །གཞན་དུ་དག་ནི་དངོས་གྲུབ་དག །ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས། །ཞེས་དང་། གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ༑ །ཞེས་གསུངས་པས་ནི་མི་གནོད་དེ། ལུང་འདི་རིགས་དབང་དོ་གལ་དུ་མི་འཛིན་པ་ལ་དགོངས་ནས་གསུངས་པ་སྟེ། སྤྱིར་ཐུན་མོང་གི་བསྟན་པ་ལ་གྲགས་པ། རྗོད་བྱེད་གཙོ་བོར་གྱུར་པ་སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ་གཉིས། བརྗོད་གཞི་གཙོ་བོར་དགོངས་པ་ཅན་དང་། དགོངས་པ་ཅན་མ་ཡིན་པ། བརྗོད་དོན་གཙོ་བོར་དྲང་དོན་དང་ངེས་དོན་རྣམས་སོ། །གཉིས་པ་ལ་བརྡ་གཙོ་བོར་གྱུར་པ་དང་། ཡི་གེ་གཙོ་བོར་གྱུར་པ་གཉིས། གསུམ་པ་ལ་གཞུག་པ་ལ་ལྡེམ་དགོངས། མཚན་ཉིད་ལ་ལྡེམ་དགོངས། བསྒྱུར་བ་ལ་ལྡེམ་དགོངས། གཉེན་པོ་ལ་ལྡེམ་དགོངས་བཞིའོ། །དེ་དག་བསྟན་པ་སྤྱིའི་ཕྱག་རྒྱ་ཡིན་ལ། རྒྱུད་སྡེ་ཐུན་མོང་མ་ཡིན་པ་ལ། ཡི་གེའི་དོན་སྤྱིའི་དོན་དྲང་དོན་གཙོ་ཆེ་བ། སྦས་པ་དང་མཐར་ཐུག་གཉིས་ངེས་དོན་ཏེ། མཐའ་དྲུག་ལ་ཚུལ་བཞི་མ་ཞུགས་པ་ཐུན་མོང་གཙོ་ཆེ་བ། བཤད་པ་བཞི་ཞུགས་པ་ཐུན་མོང་མ་ཡིན་པ་གཙོ་ཆེ་བ་གཉིས་ངེས་པར་ཤེས་དགོས་པས་ལུང་དྲངས་པ་རང་གི་གནོད་པ་མ་ཡིན་ནོ། །ཚིགས་བཅད་བཅུ་གཉིས་པའི་སྐབས་སུ། ཚེ་འདིར་དབང་མ་བསྐུར་བ་ཚེ་རབས་སྔ་མ་ནས་ཐོབ་པ་དེ་དབང་ཐོབ་པ་ཡིན་ཀྱང་། ཚེ་འདིར་དབང་ཐོབ་པ་མིན་ཏེ། ཚེ་རབས་སྔ་མ་ནས་དབང་ཐོབ་ཟིན་པའི་ཕྱིར། ཞེས་བཅས་སོ། །འོ་ན་ཚེ་སྔ་མ་དབང་ཐོབ་ལ། ཚེ་འདིར་ཡང་དབང་ཐོབ་པའི་གང་ཟག་ཆོས་ཅན། དེར་ཐལ་དེའི་ཕྱིར། ལར་ཡང་། ཚེ་འདིར་དབང་མ་བསྐུར་བ་ཚེ་རབས་སྔ་མའི་སྔགས་སྡོམ་རྫོགས་པར་ཐོབ་ལ་མ་ཉམས་པ་ཆོས་ཅན། ཚེ་འདིར་དབང་ཐོབ་པ་ཡིན་པར་ཐལ། ཚེ་འདིར་དབང་གིས་སྨིན་པའི་གང་ཟག་ཡིན་པའི་ཕྱིར༑ ཁྱབ་པ་མེད་ན་ནི། དབང་གིས་སྨིན་ལ་དབང་མ་ཐོབ་པ་རང་ལུགས་དང་འགལ། རྟགས་མ་གྲུབ་ན་ནི། དེར་ཐལ། སྔགས་སྡོམ་རྫོགས་པར་ཐོབ་ལ་མ་ཉམས་པའི་གང་ཟག་ཡིན་པའི་ཕྱིར༑ ཞེས་ཞུ་མཁན་བྱུང་ན་དབུ་གུག་གུག་པ་མ་གཏོགས་མཛད་རྒྱུ་ཅི་ཡང་མེད་དོ། ཡང་། རང་བཞིན་གྱིས་དབང་ཐོབ་པ་ནི་ག་ལ་སྲིད། ཅེས་པ་ལ། དེ་ཡང་ཕ་རོལ་ཕྱིན་པ་ལ། །སེམས་བསྐྱེད་ལས་གཞན་ཆོས་མེད་དོ། །རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་བསྐུར་ལས་གཞན་ཆོས་མེད་དོ། ཞེས་གསུངས་པ་འདི་ཁས་ལེན་པར་ནུས་ན། བསྐྱེད་རྫོགས་གང་ཐོབ་ཀྱང་དབང་ཐོབ་པར་སོང་སྟེ་དེ་ཀ་དབང་བསྐུར་ཡིན་པའི་ཕྱིར་རོ། །གལ་ཏེ་མི་ནུས་ན་ནི། སྡོམ་གསུམ་མཛད་པའི་གྲུབ་མཐའ་ཅི་རེད་དེས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་བཏབ་ནས་ནི། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས། །ཞེས་གསུངས་པས་སོ། །དེ་བས། ལ་ལ་དབང་བསྐུར་མུ་བཞིར་འདོད། །དབང་བསྐུར་བྱས་ཀྱང་མ་ཐོབ་དང་། །མ་བྱས་ཀྱང་ནི་ཐོབ་པ་དང་། །བྱས་ན་ཐོབ་ལ་མ་བྱས་པ། །མི་ཐོབ་པ་དང་རྣམ་བཞིར་འདོད། །བསྟན་པ་དཀྲུག་པའི་སྙད་ཀར་ཟད༑ །ཅེས་གསུངས་པའི་རིགས་པ་རང་གི་མགོར་ཅིས་མི་བཟློག་ཅེས་སྦྱར་བ་སྟེ། འཁྱོག་འགྲོས་ཆུ་བོའི་གཞུང་ལྟ་བུར་མ་སོང་བའི་དྲང་པོའི་ལུང་རིགས་ཀྱིས་དཔྱད་པར་བྱའོ། །རྒྱལ་བའི་རྒྱུད་གཞུང་མཐའ་མི་འཚལ་བས་གལ་ཏེ་སྨྲ་བར་མི་འོས་པ། །འགའ་ཡང་འགྲེལ་རྩོམ་ཅི་བགྱིད་འདི་ཡི་ཟབ་རྒྱས་སུས་ཀྱང་རྟོགས་པ་མིན། །འོན་ཀྱང་མཁས་རྣམས་དཔྱད་པ་མཛད་ལ་ཇི་ལྟར་ནོངས་པ་མ་མཆིས་པ། །དེ་ཕྱིར་བདག་ནི་བློ་གྲོས་ཤིན་ཏུ་གཞོན་ནའང་དེ་སླད་རྩོམ་པར་འགྱུར། ཁོ་བོའི་སྦྱངས་སྟོབས་ཤར་རིའི་བ་གམ་གྱིས་སྤྲོས་པའི། །ཞིབ་མོར་དཔྱད་པའི་ཉིན་བྱེད་ཟེར་གྱིས་ཕོག་པ་ན། །ཐུབ་བསྟན་དར་བབ་ཡིད་སྲུབས་བཞིན་དང་ལྷན་ཅིག་ཏུ། །གཞན་གྱི་བློ་གྲོས་ཀུ་མུ་ཏ་ཡི་ནགས་རྣམས་ཟུམ། །ས་སྐྱོང་གཡོ་སྒྱུའི་དུད་སྤྲིན་འཁྲིགས་པས་འགྲོ་བ་འཁྲུགས་གྱུར་པས༑ །སྡུག་བསྔལ་མེ་ལྕེ་འབར་བའི་ནང་དུ་ལྷུང་བ་མ་བཟོད་ནས། །བདག་གི་ཡིད་ནི་ཕན་པའི་བདུད་རྩི་ཆར་ཆེན་དབབ་པའི་ཆེད། །དབེན་པའི་རི་ཕུག་གྲུབ་པའི་ཆུ་འཛིན་བསྒྲུབ་པ་ཉིད་ཀྱིས་བྲེལ༑ །ཐུ་བཙུན་མཁས་པ་གྲུབ་པའི་རྗེ་བོར་བཀུར་དེ་ལ། །གུས་པའི་མིག་འབྲས་ལྷུང་ནས་ཞལ་སྐྱིན་ལ་ཆགས་པའི། །བློ་གསལ་ཚིག་གིས་རིང་ནས་བསྐུལ་བས་བདག་གིས་ནི། །མཁས་པའི་སྙིང་ལ་ཀུན་རྟོག་སྤེལ་བ་འདི་སྦྱར་རོ། །གཡུ་རུ་རྡོ་རྗེའི་གདན་ཞེས་བྱ་བའི་རྡོ་རྗེ་འཛིན་པའི་འདུན་ས་ཆེན་པོ་ནས། བློ་གསལ་ཚེ་དབང་ཀུན་མཁྱེན། མིང་གཞན་མཁྱེན་རྩེ་ཆོས་མཛད་ཅེས་བྱ་བས༑ དྲི་ལན་ཚིག་གི་འཕྲེང་བ་སྐྱེས་སུ་བསྐུར་ནས། སླད་ཀྱིས་དྲི་བ་དྲི་ལན་དང་བཅས་པ་ལ་མཐའ་ཆོད་པའི་རྩོམ་པ་ཞིག་དགོས་ཞེས་བསྐུལ་བའི་ངོར། རིག་པའི་གནས་ཕལ་མོ་ཆེ་ལ་བློ་མིག་རྒྱས་པའི་ལུང་རིགས་སྨྲ་བ་པདྨ་དཀར་པོས། ལྷོ་བྲག་མཁར་ཆུ་ནས་བསྲིངས་པ་བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །། ༄༅། །གྲ་ཐང་མཁན་པོའི་དྲི་ལན་བཞུགས་སོ།། ཆོས་ཀྱི་ལུང་གིས་འགྲོ་བ་མང་པོ་ནི། །བློ་གྲོས་ཆེན་པོའི་གོ་འཕང་ཆེར་བཀོད་པ། །ཀུན་ཏུ་བཟང་པོའི་རྣམ་ཐར་མངའ་བདག་པའི། །རྗེ་བཙུན་མཆོག་གིས་མ་ལུས་བདེ་ལེགས་མཛོད༑ །གང་གི་བཤད་རྒྱུན་རིན་ཆེན་གདུགས་དམ་པ། །ཐུབ་བསྟན་ནམ་མཁའི་རྒྱུན་དུ་བགྱིས་པ་གང་། །གངས་ཅན་པ་རྣམས་སྐྱོབ་པའི་བསིལ་གྲིབ་ཏུ། །རྔོག་སྟོན་རིམ་པའི་ཚོགས་ཀྱི་སྟེང་དུ་བཀུར། །དེ་འགྲེལ་དར་གྱི་དཔྱངས་ཐག་ཀུན་འཛིན་པ། །སྨྲ་བའི་སྤྲིན་དབུས་མིག་མི་འཛུམ་པའི་བུ། །གཅིག་པུར་ཅི་བདེར་སྡོད་པ་གཟིགས་པས་སུ། །གཞན་ལ་སྟོན་ཕྱིར་དྲི་ཚིག་མཛུབ་མོ་བསྒྲེང་། །དོགས་པའི་དྲི་ལན་མདུན་དུ་འོངས་པ་ལ། །ལན་བཟང་བསིལ་བྱེད་ག་པུར་མི་འཐུལ་ན། །མཁས་དབང་ཧ་རི་ཙན་དན་འཁྲི་ཤིང་དུ། །གང་གིས་མཚོན་ཞེས་སྨྲ་འདི་དག་པར་མཐོང་། །འགྲོ་བའི་བླ་མས་སྤངས་པ་དེ་ཁོ་ན། །རྟགས་ཙམ་འཛིན་པ་འདི་དག་ངོམ་པར་བྱེད། །དེས་ན་བློ་གསལ་དེ་ནང་འཁྱམས་ནའང་། །འདོད་བྲལ་ནམ་མཁའི་མེ་ཏོག་ལེན་འདྲ་འང་བདེན། །ཀུན་མཁྱེན་རྒྱལ་བ་མིན་པ་མ་འཚལ་བས། །ཀུན་ལན་འདེབས་འཁུར་བདག་ལ་མ་མཆིས་ཀྱང་། །ཀུན་དགའ་རྣམ་རྒྱལ་བསྔགས་འོས་དེ་གཉིས་པར། །ཀུན་གཟིགས་མཛད་ན་ཁྱོད་འོས་ཆེད་དུ་སྨྲ། །དེ་ཡང་ཐོ་བཙུན་འཇིགས་མེད་དཔའ་བོའི་ཞལ་སྔ་ནས་ཀྱི་རིགས་ཀྱི་དབོན་ཆོས་ལས་འཁྲུངས་པའི་སྲས། ཆོས་གྲྭ་གྲ་ཐང་གི་མཁན་པོ་ཆེན་པོས་དྲི་བར་མཛད་པའི་ཚིག་ནི། གངས་ཅན་མུན་སེལ་སྤྲུལ་པའི་སྐུ། །མདོ་སྔགས་བསྟན་གཙོའི་ཞབས་དྲུང་དུ། །སྡེབས་ལེགས་ཚིག་སྙན་མ་མཆིས་ཀྱང་། །དོགས་གནས་ཞུ་ཚིག་འདི་འབུལ་ལོ༑ །རིན་ཆེན་རྒྱན་འདྲ་ལ་སོགས་ནས། །དགྱེས་རྡོར་རྒྱུད་འདི་ལྷོ་རྒྱུད་དུ། །འདྲེན་བྱེད་ཀླུ་སྒྲུབ་ཡིན་གསུངས་སྣང་། །དེ་གོང་གྲུབ་ཆེན་དག་ལ་ཅི། །ཞེས་སོ། །ལན་གསོལ་བ་ནི། ཀླུ་སྒྲུབ་རྒྱ་གར་ལྷོ་ཕྱོགས་སུ་བྱོན་པ་ཡིན་མོད་ཀྱང་སྤྱན་དྲངས་སོ་ཞེས་པའི་རྣམ་གཞག་ཕྱོགས་དེར་ནི་མ་ཡིན་ཏེ། ཡུལ་དབུས་ཁོ་ནར་དང་པོར་སྤྱན་དྲངས་ཞེས་པའོ། །སློབ་དཔོན་དེའི་སྔོན་དུ་གྲུབ་ཐོབ་བྱོན་པ་དཔལ་ས་ར་ཧ་ཆེན་པོ་ཡིན་ལ། དེས་རྡོ་རྗེ་ཐེག་པ་སུ་ལ་གསན་པ་ཞེ་ན་འདུས་པ་འཕགས་ལུགས་པའི་གཏམ་ལ། རྒྱལ་པོ་བི་སུ་ཀལྤ་ཞེས་པ་ཞིག་ལ་གསན་ཞེས་གྲག དཔྱད་ན་དེ་སྟོན་པའི་སྲས་སྒྲ་གཅན་འཛིན་ཡིན་ནོ། །གཞན་པའི་གྲུབ་ཐོབ་ནི་དུས་དེའི་ཚེ་མི་སྣང་སྟེ། དེ་ཕན་ཕྱོགས་དེར་ཉན་ཐོས་ཀྱི་ལུང་དར། དེ་དག་ཤེར་ཕྱིན་སོགས་ཀླུ་སྒྲུབ་ཀྱི་ཟོག་ཆོས་ཡིན་ཞེས་སྨྲ་བར་གྲགས་སོ། །གྲུབ་ཐོབ་ཆེན་པོ་དེས་ཀྱང་། །བདེ་གསང་སངས་རྒྱས་ཐོད་པ་སོགས་བཤད་པ་ནི་རྒྱུན་ལས་མཐོང་མོད། ཀྱེའི་རྡོ་རྗེ་ནི་བཤད་པའི་གཏམ་མི་སྣང་ངོ་། །སློབ་དཔོན་ཀླུ་སྒྲུབ་ནས་རྒྱུའི་ཐེག་ཆེན་ཕྱོགས་དེར་དར་ལ། སྔགས་ནི་གསང་ནས་ཀྱང་རེ་རེ་ཙམ་གྱིས་སྤྱོད་པར་ཟད་དོ། །དེ་ནས་ཕྱིས་ལཱ་བ་པ་སོགས་ཀྱིས་བསྣམས་པའང་འཐད་དེ། རྒྱ་གར་ནས་བརྒྱུད་འབྲོག་མི། འགོས། རྗེ་མར་པ་སོགས་ཀྱིས་སྤྱན་དྲངས་པ་ལ་བྱའོ། །གཉིས་པ། བདག་མེད་མ་སོགས་ཡུམ་རྐྱང་གི །དཀྱིལ་འཁོར་ཆེ་རུ་གསང་དབང་ནི། །ལེན་ཚུལ་ཡབ་དང་འགྲེ་གསུང་ན། །གཙོ་བོ་ཐབས་སམ་ཤེས་རབ་ཅི། །བུད་མེད་ཀྱིས་བུད་མེད་འདུལ་བ་དང་། །དེ་ཡང་དངོས་དབང་ཡིན་པའི་དབང་དུ་བྱས་ན་ནི་གསང་དབང་དུ་སློབ་དཔོན་དང་༑ ཤེར་དབང་དུ་སློབ་མ་གཉིས་ཀ་ཤེས་རབ་ལ། ཕྱག་རྒྱ་ཐབས་སུ་རིགས་ཏེ། ལེའུ་བརྒྱད་པར། རེ་ཞིག་བཙུན་མོ་ཤེས་རབ་ཡིན། །སྐྱེས་བུ་ཐབས་སུ་བརྗོད་པ་ཉིད། །ཅེས་དང་༑ རེ་ཞིག་སྐྱེས་བུ་རྣམ་པ་གཉིས་གསུང་བའི་གནད་ལས་སོ། །ཡང་ཕ་རྡོ་རྗེ་སློབ་དཔོན་དང་སློབ་མ་ཡིན་ན་ཧེ་རུ་ཀར་བསྒྱུར་བ་རིགས་པ་སྟེ། བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་ནི། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བུད་མེད་གཟུགས་ནི་སྤངས་ནས་ནི། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །ཞེས་པའི་ལུང་གིས་གྲུབ་བོ། །གཙོ་བོ་ནི་རྣམ་པ་ཀུན་ཏུ་ཤེས་རབ་ཉིད་དོ་ཞེས་ཀྱང་སྨྲས་སོ། །ཡང་། རིགས་ལྔ་སྐུ་ཡི་ས་བོན་སོགས། །གདོད་ནས་འགྲོ་ལ་ཡོད་མོད་ཀྱི། །དབང་དུས་གསར་གནས་ངང་ཚུལ་དེ། །ཅི་ལགས་ལེགས་པར་གསུང་དུ་གསོལ། །དང་པོ་ཉིད་ནས་གནས་པ་ནི་མཚན་ཉིད་ཐེག་པ་ནས་བཤད་པའི་རང་བཞིན་གནས་རིགས༑ དབང་དུས་ཐོབ་པ་དེ་ནི་དེ་དག་ཏུ་རྒྱས་འགྱུར་གྱི་རིགས་སུ་བཤད་པ་དང་ཡང་མཐུན་ཏེ། དོན་རིགས་མ་སད་པའི་སྐབས་དང་རིགས་སད་པའི་སྐབས་ཞེས་ཐ་སྙད་བཞག་པ་དེ་ཀའོ། །ཡང་༑ ཁྲོ་ཆགས་སྐུ་ཡི་རྣམ་པ་ལ། །མཚན་དཔེ་ཚང་བར་གསུངས་ལགས་ན། །ལྤགས་གསེར་སྦ་བ་སྦུབས་ནུབ་སོགས། །མི་འབྱུང་ལྷ་མོ་དག་ལའང་ཅི། །འདི་ལ་ཞ་ལུ་ལོ་ཆེན་གྱིས་པགས་པ་མདོག་བཟང་ཞེས་འགྱུར་བཅོས་སྣང་མོད་ཕྱོགས་རེ་བར་ཟད། དོན་འདི་དང་འོད་འདོམ་གང་བ་འོ་སྐོལ་གྱི་སྟོན་པ་རང་གི་དབང་དུ་བྱས་ཀྱི། གཞན་བདེ་བ་ཅན་པའི་སྟོན་པ་མདོག་དམར་པོ་འོད་ཀྱིས་རང་གི་ཞིང་ཁམས་ཐམས་ཅད་ཁྱབ་པར་བཤད་པས། དེ་དག་དེའི་མཚན་གྱི་དབྱེ་བར་བཞག་དགོས་པས་ཤེས་པར་བྱའོ། །དེས་ན་ཁྲོ་ཆགས་ལ་རལ་པ་དམར་སེར་བཤད་པའི་ཚེ་དེ་ག་དཔེ་བྱད་དུ་འདོད་ཀྱི། བུང་བ་ལྟར་གནག་ཅེས་འདོན་མི་དགོས་སོ། །སྦ་བ་སྦུབ་ནུབ་ཅེས་པ་ལ། རྟགས་སོར་གཅིག་ནུབ། གཙུག་ཏོར་སོར་གཅིག་འཕགས་ཞེས་བཤད་པ་ལ་འཁྲུལ་ནས་མི་ཤེས་པ་ལ་ཤེས་པར་རློམ་པ་རྣམས་རྟགས་གཙུག་ཏོར་དུ་སོང་ངོ་སྙམ་ནས་དེ་སྐད་སྨྲའོ། །དེ་འདྲ་ག་ལ་ཡིན། རྟ་ཅང་ཤེས་ཀྱི་ལྟ་བུའོ། །དེ་ལྟ་མིན་ན་རྒྱལ་བུ་དོན་གྲུབ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་ནས་ལྟས་མཁན་དག་གིས་སངས་རྒྱས་དང་འཁོར་ལོ་བསྒྱུར་བར་ལུང་བསྟན། ཕྱིས་དྲང་སྲོང་ནག་པོས་མཚན་དཔེ་གསལ་རྫོགས་སུ་མཐོང་ནས་སངས་རྒྱས་ཉིད་དུ་ལུང་བསྟན་པ་དང་། དེས་གྲགས་འཛིན་ལ་སྲས་སྒྲ་གཅན་འཛིན་བསྐྲུན་པ་དང་དེའི་དགོས་པ་དོན་གྲུབ་ལ་སྐྱེས་པ་མ་ཡིན་པར་དོགས་པ་སྟེ། དེ་སེལ་བའི་ཕྱིར་བསྟན་པ་བཤད་པ་དང་འགལ་བར་འགྱུར་རོ། །འོ་ན་སྔར་གྱི་བཤད་དོན་ཅི་ཞེ་ན། སྒོམ་སྟོབས་ཅན་ལ་སྦ་བ་སྦུབས་སུ་ནུབ་པ་དང་གཙུག་ཏོར་གྲུབ་རིམ་དུས་མཉམ་པ་ལ་དགོངས་སོ། །གཞན་རྒྱུད་འདི་ཉིད་དུ༑ བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །ཞེས་ཁུ་རྡུལ་ལས་འབྱེད་པ་ཞིག་ཀྱང་བཤད་པས༑ མཚན་དཔེ་མདོ་ནས་བཤད་པ་རང་ལ་མཐའ་གཅིག་ཏུ་མི་འཛིན་ནོ། །དེས་ན་ལྷ་མོ་ལ་མཚན་དཔེ་ཡང་དེས་འགྲེ་བ་ཡིན་ལ། འདི་ལ་བུད་མེད་རིན་པོ་ཆེའི་མཚན་ཉིད་ཅེས་བྱེ་བྲག་ཏུའང་གསུངས༑ རྟགས་ཀྱི་དོད་ནུ་འབུར་ཡིན་ཏེ། །ནུ་མ་སྤངས་པ་བོ་ལར་གྱུར་དང་། །གསོ་དཔྱད་ལས་རྟགས་ཀྱི་གཏར་རྩའི་དོད་ནུ་མ་ལ་འཚོལ་བ་ཡིན་ནོ། །གཏུམ་མོ་བསྒོམ་ཚེ་རྩ་འཁོར་ལ༑ །ཡི་གེ་འགོད་སོགས་གདོད་མ་ནས། །གྲུབ་པའི་ཡིན་ནམ་བློས་བྱས་ཡིན། །དང་པོ་ལྟར་ན་ཡིག་རྣམས་ཅི། །གཏུམ་མོ་བསྒོམ་པ་ལ་གནས་ཚུལ་དང་མཐུན་པ་དང་བློས་བཏགས་སོགས་སྒོམ་ཚུལ་གཉིས་ཀ་ཡོད། གནས་ཚུལ་ལ། ཧཾ་དང་ཨ་ཤད་གཉིས་སམ། མགྲིན་པར་ཨོཾ་དང་། སྙིང་གར་ཧཱུྃ་དང་ལྟེ་བར་ཨཾ་སོགས། དེ་བཞིན་སམྤུ་ཊ་རིམ་བཞིར་གསུངས་པ་སོགས༑ དོན་ལ་དབྱིབས་ཀྱི་ཡི་གེ་དང་། གདངས་ཀྱི་ཡི་གེ་གཉིས་ཀར་མི་འགལ་བའང་ཡོད་དེ། འཁོར་ལོ་དྲུག་གི་ཡིག་གཟུགས་ལྟ་བུའོ། །གདངས་ནི་སྒྲ་སྤྱི་ལ་བྱེད་པའོ། །ཡང་༑ ཐེག་ཆེན་མཐོང་ལམ་ཐོབ་པ་ནས། །འཕགས་པའི་ས་ལ་ལས་རླུང་གི །འགགས་ཚུལ་བཤད་པ་འབྱུང་མོད་ཀྱི། །དེ་ཚེ་ལས་ཉོན་མ་སྤངས་སམ། །ཐེག་ཆེན་མཐོང་ལམ་ཐོབ་པ་ནས༑ །ཉོན་མོངས་པ་སྤངས་པའང་ཡོད། ཉོན་ཤེས་ཅིག་ཅར་དུ་སྤོང་བར་འདོད་པའང་ཡོད། ཤེས་སྒྲིབ་སྔོན་ལ་སྤངས། ཉོན་སྒྲིབ་ཕྱིས་ནས་སྤོང་བར་བཤད་པའང་ཡོད་དེ་བློ་རྩེ་གཏད་ས་སོ་སོར་ཡོད་པ་ཡིན། སྤྱི་མཐུན་དེ་ནས་ཉོན་སྒྲིབ་སྤངས་པས་ཉོན་མོངས་སྤངས་པར་བཞག་གོ །ལས་མི་དགེ་བ་གསར་གསོག་མེད་པས་དེ་སྤངས་ཀྱི། གཞན་སྔོན་ལས་ཀྱི་ནུས་པ་མ་སྤངས་ཏེ། དེ་སྤངས་ན་སེམས་དང་པོ་བསྐྱེད་པ་ལ་བརྟེན་ནས་འཚང་རྒྱ་བར་མི་འགྲུབ་པས་སོ། །དེ་བཞིན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་ཆུང་ངུར། ལས་དག་པ་མེད་པར་བཤད་དོ། །ས་ཐོབ་ནས་ལས་རླུང་འགག་ཟེར་བ། ལས་རླུང་གི་ཟད་པ་ཡིན། འདིར་འགག་བྱའི་ལས་རླུང་ལས་ཉོན་གྱི་འདུས་བྱས་མིན། འོ་ན་གང་ཞེ་ན་མཉམ་རྒྱུ་འབའ་ཞིག་པ། མཉམ་རྒྱུ་དེ་ཡང་དབུ་མའི་དབུགས་སོ། །རླུང་དེ་མ་རིག་བག་ཆགས་ཀྱི་སའི་ཕྲ་བ་ཡིན་པས་དེ་ཇི་སྲིད་བར་རོ། །ཡང་། འབྲས་བུ་སྐུ་དང་ཡེ་ཤེས་སོགས། །ངོ་བོ་གཅིག་རྒྱུ་ཡིན་པ་ལ། །དེང་སང་སྐུ་གསུམ་འགལ་ལོ་ཞེས། །གསུང་རྣམས་དོན་ལ་གནས་མཆིས་སམ། །སངས་རྒྱས་བསྟན་པའི་སྒོར་ཞུགས་ནས། །ཐོས་སྒོམ་སྙིང་པོ་ལོན་དུ་རེ། །དོགས་གནས་ཀྱི་ཐེ་ཚོམ་མ་ཆོད་པར༑ །སྒོམ་བློ་རེ་མུན་པའི་ལམ་དུ་འཆེལ། །མཁས་གྲུབ་ཀྱི་བླ་མ་ལ་འདི་དྲི་མོད། །ནོར་གཉེར་གྱི་དཀོར་ཟན་ལ་བཅོལ་དོགས་མེད། །ཚིག་སྐམ་གྱི་ཁ་བཤད་འདིར་མི་མཁོ། །བླང་དོར་གྱི་ལམ་སྲང་བསྟན་དུ་གསོལ། །སྐུ་གསུམ་འགལ་ཟེར་བའི་ཞེ་འདོད། །སྤྲུལ་ལོངས་གཞན་སྣང་ལ་འདོད་ནས་དེ་དང་ངོ་བོ་ཉིད་སྐུ་རྒྱུད་སོ་སོ་བས་བསྡུས་པ་ལ་བྱེད་ནས་འཐད། གཞན་ལོངས་སྐུ་སོར་རྟོག་ཡེ་ཤེས། སྤྲུལ་སྐུ་བྱ་གྲུབ་ཡེ་ཤེས་ལ་བྱས་ན་སྐུ་གསུམ་དབྱེར་མེད། ལར་སྐུ་གསུམ་ལུས་ཀྱི་དབུས་སུ་ནི། །འཁོར་ལོའི་གཟུགས་ཀྱིས་ཤེས་པར་བྱ། །སོགས་ཀྱི་རྣམ་པར་བཞག་པ་མང་ངོ་ཞེས་པདྨ་དཀར་པོས་གཉལ་ཡངས་པ་ཅན་གྱི་རྒྱལ་པོའི་ཁབ་ནས་ཕུལ་བའོ།། །། ༄༅། །སྡེ་པ་བཤག་པའི་རྣམ་པར་དཔྱོད་པས་སྨྲ་བའི་ལན་དུ་བགྱིས་པ་བཞུགས།། ༄༅། །སེམས་ཀྱི་གནས་ལུགས་ཉམས་སུ་བསྟར་མཛད་པས། །ཤེས་བྱ་ཀུན་ལ་མཁས་པའི་རྩེར་བྱོན་པ། །བཀའ་བརྒྱུད་པ་ཞེས་ས་གསུམ་མཆོད་གནས་ཀྱི། །སངས་རྒྱས་མི་གཟུགས་ཅན་རྣམས་རྒྱལ་གྱུར་ཅིག །ས་སྤྱོད་ཕལ་ཆེར་དགེ་བའི་གོ་སྐབས་དང་། །བྲལ་བའི་དུས་ངན་འདི་འདྲར་རྫོགས་ལྡན་མིའི། །སྤྱོད་ཚུལ་འཛིན་པ་ཁྱོད་འོངས་གཏམ་གསར་ནི༑ །དགའ་བས་ཨུཏྤལ་འཕྲེང་བཞིན་རྣ་བར་གཟུང་། །སྤྲོ་བས་གཤེར་བའི་ཡིད་ཀྱི་རྫིང་བུའི་འགྲམ། །གསར་སྐྱེས་ལེགས་བཤད་ཆུ་སྐྱེས་དག་གི་འཕྲེང་། །རྣམ་དཔྱོད་ལྡན་པ་རྣམས་ཀྱི་མགོར་མཛེས་པ། །ཁྱོད་ཀྱི་སྤྱི་བོར་འཕངས་འདི་བཅད་བར་རིགས། །དེ་ཕྱིར་སློབ་དཔོན་སོ་སྐྱེས་ཐུབ་སྤྱོད་དུ། །ཀུན་ལ་དབང་བསྐུར་སྩོལ་བར་སུ་ཞིག་བཞེད༑ །དེ་ཀས་ཞུ་མི་ཀུན་ལ་དབང་བསྐུར་བའི། །ཕྱག་ལེན་འཁྲུལ་པ་ཡིན་ཞེས་སྨྲས་པར་སྣང་། །སྤྱི་རྒྱུད་བྱ་བ་འདི་ལ་བྱ་རྒྱུད་ལ་མ་གྲགས་པའི་བརྡ་ཆད་གཞན་ཅི་ཡང་མ་བྱུང་བས་སྤྱི་ཡིན་ལར་ཡང་ནི། །ལུང་དོན་རིགས་པས་དཔྱད་ནས་འདྲེན་དགོས་དཔེར། །རྣམ་འཇོམས་རྒྱུད་ཀུན་རྒྱུ་དོ་ཅོག་གི་རྩ་བ་སྟེ་རྩ་བར་གསུངས་ལ་བཞིན། །བླ་མེད་ཀུན་ཏུ་དྲངས་ངེས་བཤད་པ་མེད། །བྱ་རྒྱུད་ཕལ་ཆེར་རྗེས་གནང་ཉིད་ཀྱིས་གསུངས། །ཚུལ་དེའི་སྔོན་འགྲོ་བྱང་ཆུབ་སེམས་སྡོམ་དང་། །མཇུག་ཏུ་རང་རིགས་དམ་ཚིག་ལེན་པས་ན། །དེ་བས་ལྷག་པའི་སྔགས་སྡོམ་རྒྱུད་འདིར་མེད། །འཕགས་པས་ཇི་ལྟར་མཛད་བཞིན་སློབ་མ་ལ། །དེང་སང་དབང་བསྐུར་རིགས་པར་རྒྱུད་ཉིད་དུ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ་མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ།། སོགས་ཀྱི། །ཚིག་འདིས་འགྲུབ་པར་མངོན་སུམ་ཉིད་ཀྱིས་བསྟན། །དགྱེས་རྡོར་ལ་ནི་ངེས་པར་གྲངས་སུ་བཅད། །དུས་འཁོར་འཕྲེང་བ་མང་པོར་སྟོན་པ་ནི། །དེང་སང་མངོན་སུམ་མཛད་པས་ཆོ་ག་ཡང་། །མང་ཟིན་ཉུང་བ་མི་རྫོགས་ཡ་མཚན་ལོ། །སྣོད་མིན་པ་ལ་དབང་བསྐུར་སྦྱིན་པ་ཉིད། །གསང་སྒྲོགས་མི་འགྱུར་བློན་པོའི་བསྙོན་གཏམ་སྟེ། །དབང་ལས་ལྷག་པའི་སྔགས་ཀྱི་ཐབས་མེད་པ། ས་དཀར་སྡོམ་གསུམ་ལས། རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་བསྐུར་ལས་གཞན་ཆོས་མེད་དོ།། མཁས་པ་ཀུན་གྱི་རིང་ལུགས་ཡིན། །དུས་དགྱེས་དབང་གི་རྣམ་གཞག་མ་འཚལ་བས། །འགལ་མེད་ལུང་གི་རེ་བ་མ་མཆིས་མོད། །རྒྱུད་ཀུན་སྟོན་པའི་རྡོ་རྗེའི་སློབ་དཔོན་ལས། །ལྷག་པའི་གྲུབ་པ་ལུང་སྦྱིན་འདི་ཡང་ཅི། །སྨིན་བྱེད་དབང་བསྐུར་རྡུལ་ཚོན་ཉིད་ངེས་ན༑ །རྒྱལ་བས་དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན་གསུངས་པ། །དམ་པ་དང་པོར་བྱུང་སྟེ་འཁྲུལ་ལམ་ལོ། །རྒྱུད་ལས་ཕྱིར་མི་ལྡོག་པ་སློབ་དཔོན་དབང་༑ །རྣལ་འབྱོར་རྒྱུད་ལ་རབ་ཏུ་གྲགས་ཞེས་གསུངས། །རིགས་དྲུག་མེད་པའི་འཐད་པ་སུ་ཡི་གཏམ། །གོང་མ་གཉིས་ཀྱི་མིང་ཡང་འདི་རུ་བསྟན། །བཞི་པར་མཆོག་གི་ཟེ་བར་སེམས་ལྷུང་བའི། །དགའ་བ་དེ་ཡང་ཡས་བབས་ལྷན་སྐྱེས་ཏེ། །བཟང་ངན་འབྱེད་པ་རྨོངས་པའི་ཅལ་རྒྱུགས་ཡིན། །དེས་ན་གསུམ་པར་རྫོགས་ན་བཞི་པར་ལྷན་སྐྱེས་དགའ་པ་འཇོག་པ་ལྷག་པས་ཉེས། །སོར་སྡོམ་ཤི་འཕོས་ན་ཡང་འབྲང་འགྱུར་ན། །སྡོམ་གསུམ་མཛད་པའི་ལུགས་དེས་ན་སོ་སོ་ཐར་པ་ཡི། །སྡོམ་པ་ཤི་ཡང་ཡོད་དོ་ཞེས། །སྨྲ་བའི་སྐྱེས་བུ་དེ་ལ་ནི། །སྡེ་སྣོད་རྣམ་དབྱེ་མེད་པར་ཟད།། དང་མི་འགལ་ལམ། །མདོ་ལུགས་ཡིན་གྱིས་སྔགས་ལ་མི་འཐད་ན། །སྡེ་སྣོད་རྣམ་དབྱེ་མེད་གསུངས་རྩོམ་པའི་སྐྱོན། །དབང་བསྐུར་མེད་པར་གསང་སྔགས་ཐབས་བསྒོམས་པས། །དངོས་གྲུབ་ཐོབ་པ་ཡོད་ན་དེ་ཉིད་ཀྱི། །ཐབས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་ལེགས་བཏབ་ནས། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས།། དེ་དབང་བསྐུར་ཡིན་པས་མ་བསྐུར་ཀྱང་། །ཐོབ་པའི་རྣམ་གཞག་བཟོས་པ་དོན་ལྡན་འགྱུར། །ཚེ་འདིར་དབང་མ་བསྐུར་ཀྱང་མཆོག་ཐོབ་པའི། །དཔེར་བརྗོད་རོལ་པ་མ་སོགས་དྲངས་པའི་ཕྱིར། །དྲི་བའི་ཚིག་ལས་གཞན་པའི་མཐའ་ཆོད་ཅིག །དགོས་པར་མ་མཐོང་དེ་ཕྱིར་བཏང་སྙོམས་བཞག །ཅེས་སྨྲས་སོ།། །།


previousབརྟག་གཉིས་འཆད་པ་རྣམས་ལ་དྲིས་པ།next