Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དུས་ཀྱི་འཁོར་ལོ་ལ་བརྟེན་པའི་དྲི་ལན་སྨྲ་བའི་ཟླ་ཟེར།
   


 
previousདུས་ཀྱི་འཁོར་ལོ་ལ་བརྟེན་པའི་དྲི་ལན་སྨྲ་བའི་ཟླ་ཟེར།next

དུས་ཀྱི་འཁོར་ལོ་ལ་བརྟེན་པའི་དྲི་ལན་སྨྲ་བའི་ཟླ་ཟེར།

དུས་ཀྱི་འཁོར་ལོ་ལ་བརྟེན་པའི་དྲི་ལན་སྨྲ་བའི་ཟླ་ཟེར་བཞུགས་སོ། །བདེན་དོན་བཅུ་གཉིས་རླུང་གི་རྗེས་འགྲོ་བ། །དེ་ཉིད་བཅུ་དྲུག་རིག་པའི་གང་བའི་ཆ། །ནང་གི་གདུང་བ་སེལ་ལ་མཐོ་རིས་པའི། །བདུད་རྩིའི་ཁོར་ཡུག་འགོངས་དེ་ཕྱག་བྱའི་གནས། །རྒྱལ་པོའི་ཁབ་ཆེན་པོ་རིན་ཆེན་སྤུངས་ནས་མིའི་བརྒྱ་བྱིན་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པ་དཔལ་བཟང་པོ་དེས། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པའི་ནང་གསེས་ནས། བོད་དུ་འགྱུར་བ་ཅི་ཙམ་ཡོད། དབང་མདོར་བསྟན་སོགས་རྩ་རྒྱུད་ཀྱི་ཁོངས་སུ་གཏོགས་སམ་ཇི་ལྟར་ལགས། དུས་ཀྱི་འཁོར་ལོར་བྱིས་པ་འཇུག་པའི་དབང་བདུན། བླ་ན་མེད་པའི་སའི་ལམ་སྟེགས་དང་མཚུངས་པའི་འཇིག་རྟེན་པའི་དབང་བཞི་འཇིག་རྟེན་ལས་འདས་པ་སངས་རྒྱས་ཀྱིས་ངེས་པ་དང་། ཁྱད་པར་ས་བཅུ་གཅིག་པ་དབང་བཞི་གང་གི་ཁོངས་སུ་བསྡུ། མིང་གི་ངེས་གནས་སོགས་སྒྲོ་འདོགས་ཆོད་ཅིང་། རྣམ་པར་རྟོག་པའི་ས་བོན་མི་འཕེལ་བའི་བཀའ་སྩལ་གྱི་རིམ་པ་མཁྱེན་ཅེས་དྲི་བ་སྩལ་བ་ལ། ལན་དུ་གསོལ་བ་ནི། དུས་ཀྱི་འཁོར་ལོའི་རྒྱུད་བོད་དུ་འགྱུར་བ་དབང་མདོར་བསྟན། བསྡུས་རྒྱུད། རྒྱུད་ཕྱི། དབང་རབ་བྱེད་རྣམས་ལས། དང་པོ་རྩ་བའི་རྒྱུད་ནས་ཁོལ་བུར་བཏོན་པ་རྩོད་པ་མེད་པ་ཡིན། གཞན་རྩ་རྒྱུད་ཀྱི་ལུང་ཁོལ་དུ་བཏོན་པའི་རྒྱུད་ཀྱི་རིགས་ནི་མི་སྣང་། འགྲེལ་ཆེན་དྲི་མེད་འོད་དང་། རྡོ་རྗེ་སྙིང་འགྲེལ་ལ་སོགས་པར་རྩ་རྒྱུད་ཀྱི་ལུང་དྲངས་པ་མང་པོ་ནི་འདུག དབང་རབ་བྱེད་བསྡུས་རྒྱུད་ལས་ཁོལ་བུར་ཕྱུང་བ་ཡིན། སྦས་པ་བཀོལ་བ་ལ་སོགས་པའི་རྒྱུད་གསུམ་རྒྱུད་ཚད་ལྡན་མིན་ཞེས་དུས་འཁོར་བ་སྔ་རབས་དང་། བུ་སྟོན་རིན་པོ་ཆེས་གསུངས་འདུག་ལགས། དུས་འཁོར་དུ་བྱིས་པ་འཇུག་པའི་དབང་བདུན་ཞེས་པ། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོའི་དར་དཔྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག་དང་བརཏལ་ཞུགས་དག་ཀྱང་ཡུལ་རྣམས་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། །སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་རྣམས་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། །ཞེས་བྱིས་པ་འཇུག་པའི་དབང་བདུན་སློབ་མ་འབྱོར་པ་དང་ལྡན་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྦྱིན་པར་བྱ། དེ་ཡང་། བྱིས་པ་སྐྱེས་མ་ཐག་མས་ཁྲུས་བྱེད་པ་བཞིན་དུ། ཡུམ་ལྔའི་ཆུའི་དབང་། བྱིས་པ་ལ་འབྲེག་མཁན་གྱིས་གཙུག་ཕུད་བཞག་པ་བཞིན་དུ་སངས་རྒྱས་ལྔའི་ཅོད་པན་གྱི་དབང་དང་། བྱིས་པ་རྣ་བ་འབུགས་པ་བཞིན་དུ་ནུས་མ་བཅུའི་དར་དཔྱངས་ཀྱི་དབང་དང་། བྱིས་པ་རྒོད་པ་དང་སྨྲ་བར་བྱེད་པ་བཞིན་དུ་གཙོ་བོ་ཡབ་ཡུམ་གྱི་རྡོ་རྗེ་དྲིལ་བུའི་དབང་དང་། བྱིས་པ་འདོད་ཡོན་ལྔ་ལ་ལོངས་སྤྱོད་པར་བྱེད་པ་བཞིན་དུ་སེམས་དཔའ་སེམས་མའི་བརཏལ་ཞུགས་ཀྱི་ཆེན་པོའི་དབང་དང་། བྱིས་པ་ལ་མིང་བཏགས་པ་བཞིན་དུ་ཁྲོ་བོ་ཁྲོ་མོའི་མིང་གི་དབང་དང་། བྱིས་པ་ལ་ཕས་ཀློག་ལ་སོགས་པ་བྱེད་དུ་འཇུག་པ་བཞིན་དུ་རྡོ་རྗེ་སེམས་དཔས་རྗེས་སུ་གནང་བ་དང་ཡང་དག་པར་ལྡན་པའི་དབང་སྟེ། རྒྱུན་མཚན་དེས་བྱིས་པ་འཇུག་པའི་དབང་བསྐུར་རྣམ་པ་བདུན་ཞེས་བཞག་གོ །དེ་ལྟ་བུའི་དབང་བསྐུར་བདུན་པོ་དེ་ཡང་གསང་སྔགས་ལ་གཞུག་པ་དང་། སྔགས་བཟླས་པ་དང་། དཀྱིལ་འཁོར་རྟོག་པའི་སྒོམ་པ་བསྒོམ་པའི་དོན་ཏེ། དེ་དག་ནི་འདི་ནས་བཤད་པའི་བསོད་ནམས་ཀྱི་ཚོགས་ཏེ། དྲི་མེད་འོད་ལས། དེའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུར་དབང་བདུན་སྦྱིན་པར་བྱ་ཞིང་། མི་འཚེ་བ་ལ་སོགས་པའི་བརཏལ་ཞུགས་ཉི་ཤུ་རྩ་ལྔ་སྦྱིན་པར་བྱའོ། །ཞེས་སོ། །དབང་འདིའི་དག་པ། དང་པོ་གཉིས་ཀྱིས་ལུས། དེའི་འོག་མ་གཉིས་ཀྱིས་ངག དེའི་འོག་མ་གཉིས་ཀྱིས་སེམས་དང་། ཐ་མས་ཡེ་ཤེས་དག་པར་བྱེད་གསུངས་པ་ཡང་རྒྱུད་ནས་ནུས་པ་ཙམ་ལ་དགོངས་སོ། །འཇིག་རྟེན་པའི་དབང་བཞི་ཞེས་པ་ནི། བུ་སྟོན་རིན་པོ་ཆེས། གོང་མ་ཆུང་བའི་ཐ་སྙད་མཛད་པ་དེ་ཡིན་ཏེ། འདི་ལ་དབང་བཞི་པ་ཞིག་བཟོ་བ་ཡང་། འཛག་པའི་མཐའི་སྐད་ཅིག་བཞི་ཡས་བརྟན་གྱི་ལྷན་སྐྱེས་ཞེས་བཞག་པ་དེས་ཡིན། འཇིག་རྟེན་ལས་འདས་པའི་དབང་ཡང་རྣམ་པ་བཞིར་བཤད་ནས། དེ་ལ་བུ་སྟོན་གྱིས་གོང་མ་ཆེན་པོའི་དབང་ངམ་སློབ་དཔོན་ཆེན་པོའི་དབང་ཞེས་གསུངས། འདིའི་དབང་གསུམ་པ་ཚུན་ཡང་འཛག་བདེ་ཁོ་ན་ཡིན་པས་དོན་འཇིག་རྟེན་པའི་དབང་དུ་འདུས། ཤེས་རབ་ཀྱི་དཀར་འཛིན་བུམ་པར་བྱས་ནས་དེས་དབང་བསྐུར་བས་བུམ་དབང་། གསང་བར་བལྟས་ནས་དེའི་བདུད་རྩིས་དབང་བསྐུར་བས་གསང་དབང་། ཤེས་རབ་མི་མོ་ལས་སྐྱེས་པའི་བདེ་བས་དབང་བསྐུར་བས་ཤེར་དབང་། ཕྱག་རྒྱ་ཆེན་མོ་ལས་སྐྱེས་པའི་བདེ་བས་དབང་བསྐུར་བས་ཤེས་རབ་ཆེན་པོའི་དབང་ངམ་དབང་བཞི་པ་ཞེས་བྱའོ། །དེ་ལྟར་གཉིས་སུ་ཕྱེ་བའི་དགོས་པ། དྲི་མེད་འོད་ལས། འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སེམས་ཅན་གཞུག་པའི་དོན་དང་། ལམ་ཡོངས་སུ་ཤེས་པའི་དོན་དང་། རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་། སྟོན་པ་པོ་བྱེད་པའི་སླད་དུའོ། །ཞེས་གསུངས། དང་པོའི་དབང་དུ་བྱས་ནས་བསྡུས་རྒྱུད་ལས། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །གསང་བ་དག་ལས་རི་བོང་འཛིན་པ་མྱང་བ་དང་ནི་བལྟ་བ་དག་གིས་གསང་བའི་དབང་དུ་འགྱུར། །ཤེས་རབ་ཡེ་ཤེས་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱི་སྦྱང་བ་བྱས་ནས་ནི། །རྒྱལ་བ་དག་ཀྱང་འདིར་ནི་བླ་མས་དཔང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན་པར་བྱ། །ཞེས་དང་། གཉིས་པའི་དབང་དུ་བྱས་ནས། རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ནི། །ཁྲག་དང་ལྡན་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གིས་རང་གི་རྡོ་རྗེ་ནོར་བུར་འདོད་སྤྱད་ནས། །ས་བོན་དང་བཅས་རྡོ་རྗེ་དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་བར་བྱས་ནས་ནི། །ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་དེ་ནས་སླར་ཡང་གཞན་ནི་དུ་བའི་ལམ་སོགས་ལྡན་པའོ། །ཞེས་གསུངས་པས། དང་པོ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའམ་བསྐྱེད་པའི་རིམ་པ་ཁོ་ནའི་དབང་དུ་བྱས་པ་དང་། གཉིས་པ་འཇིག་རྟེན་ལས་འདས་པ་དོན་དམ་པའི་བདེན་པའམ་རྫོགས་པའི་རིམ་པ་ཁོ་ནའི་དབང་དུ་བྱས་པ་སྟེ། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འདས་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་གོང་ཆེན་གྱི་དབང་ཐོབ་ན་རྫོགས་པའི་རིམ་པ་ཤེས་པ་ཉིད་ཀྱིས་ཐམས་ཅད་དུ་རྡོ་རྗེ་སློབ་དཔོན་དུ་འགྱུར་ལ། སྔ་མ་ཙམ་གྱི་དབང་བཞི་ཐོབ་པས་ནི་རྡོ་རྗེ་སློབ་དཔོན་དུ་མི་འགྱུར་ཏེ། རྫོགས་པའི་རིམ་པ་ལ་རྨོངས་པ་དང་བཅས་པའི་ཕྱིར་རོ་ཞེས་དགོངས་ནས་སེམས་འགྲེལ་པ་རྣམས་ཀྱི་ལུགས་ལ་དབང་བཞི་པ་ཐོབ་ནས། རྒྱུད་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བར་མཛད་པ་ཡིན་ནོ། །དེ་ལྟར་རིམ་འཇུག་པའི་དབང་དུ་བྱས་ན་བྱིས་པ་འཇུག་པའི་དབང་བདུན། གོང་ཆུང་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པ་ཡིན་ལ། འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་བརྒྱད་མི་བསྒྲུབ་པར་གཟུགས་ཀྱི་མཐར་ཐུག་པའི་འོག་མིན་གྱི་དངོས་གྲུབ་བསྒྲུབ་ན་གོང་ཆུང་ཙམ་གྱིས་ཆོག་པ་དང་། ཁམས་གསུམ་ལས་འདས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཁོ་ན་ལ་མོས་པ་ཞིག་ན་གོང་ཆེན་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པས་ཆོག་པའོ། །ལུགས་འདི་རྒྱས་པའི་དབང་དུ་བྱས་པ་ཡིན་ལ། བསྡུས་པར་འདོད་ན། ཐུན་མོང་བྱིས་པ་འཇུག་པའི་དབང་བདུན། བུམ་གསང་ཤེས་རབ་གསུམ་གྱི་དབང་གི་ངོ་བོ་འཇིག་པ་འགྱུར་བ། འཛག་པའི་བདེ་བ་གསུམ་ལ་རིམ་པ་བཞིན་དུ་བྱེད་པས་འཇིག་རྟེན་པ། ཕྱག་རྒྱ་ཆེན་མོ་ལ་འཁྱུད་པའི་མི་འགྱུར་བའི་བདེ་བ་དབང་བཞི་པ་འཇིག་རྟེན་ལས་འདས་པར་བཞག་ནས་གོང་ཆེན་གོང་ཆུང་གི་ཐ་སྙད་མི་བྱེད་པ་ཞིག་ཀྱང་དབང་མདོར་བསྟན་ལས། འཇིག་དང་འགྱུར་དང་དེ་ནས་འཛག །དེ་ནས་འགྱུར་བ་མེད་པ་མཆོག །ཅེས་དང་། ལུས་ངག་སེམས་ནི་ཡང་དག་དག །དབང་བསྐུར་གསུམ་པོ་རིམ་པ་ཡིས། །བཞི་པ་ཡེ་ཤེས་དག་པ་སྟེ། །ལུས་ངག་ཡིད་རྣམས་དག་པ་ཅན། །ཞེས་གསུངས་པ་ལྟར། ཕྱག་རྡོར་སྟོད་འགྲེལ་དང་། དབང་མདོར་བསྟན་གྱི་འགྲེལ་ཆེན་དུས་ཞབས་པ། ནཱ་རོ་ཞབས་ཀྱིས་མཛད་པ་གཉིས་ཀ་ལས་གསལ་བར་བྱུང་ངོ་། །མདོར་ན་དབང་བཞི་པའི་ཡེ་ཤེས་མཚན་ཉིད་པ་འཛག་མེད་ཀྱི་བདེ་བ་ལ་བྱེད་པར་མཐུན། དེ་ཇི་ལྟ་བ་མངོན་སུམ་དུ་བྱེད་པའི་ས་མཚམས་ཡ་མཐའ་ས་དང་པོ་ནས་ཡིན། དབང་དུས་སུ་རྟོགས་ན་དེ་ཀར་གྲོལ། གལ་ཏེ་མ་གྲོལ་ན་སྦྱོར་བ་ཡན་ལག་ལྔ་བསྒོམས་པའི་མཐར། དབང་བཞི་པ་མཚན་ཉིད་པ་དེ་ཐོབ་པ་ན། ཏིང་ངེ་འཛིན་ཐོབ་པ་དང་ས་ཐོབ་པ་དོན་གཅིག་ཏུ་འཇོག །རྒྱུ་དུས་ཀྱི་དབང་མཚན་ཉིད་པ་དུས་དེ་ནས་རྫོགས་པར་ཐོབ་པར་བརྩི། དེ་ཡན་ཆད་དུ་མོས་པ་དང་། དེའི་ཡང་སྔོན་དུ་རྒྱུ་རྐྱེན་ཚོགས་པ་ཙམ་གྱིས་སྨིན་པར་བཞག་གིས། སྨིན་པ་མཚན་ཉིད་པ་མེད། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་གསུངས་པའི་དབང་གིས་དབང་བཞི་པ་ཐོབ་པ་དེ་ཉིད་ལ་ཡང་བཅུ་དྲུག་ཏུ་ཕྱེ་ནས། དང་པོ་རྒྱུ་དབང་ཐ་མ་བཅུ་དྲུག་པ་དེ་ཐོབ་པ་ལ་འབྲས་བུའི་དབང་ཐོབ་པ་ཞེས་བྱ་ཞིང་། བཅུ་བཞི་པ་མན་ཆད་ལམ་དབང་དུ་འཇོག འབྲས་དབང་དེ་ཀ་སངས་རྒྱས་ཀྱི་ས་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་དྲི་མེད་འོད་དུ། འདིར་བུམ་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་ཀྱི་མཆོག་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འགྱུར་བའི་བདེ་བ་ཆེན་པོ་སྐད་ཅིག་མ་རྣམས་ཀྱི་ཐ་མ། མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་མི་ཆོད་པ་སྟེ། བཅོམ་ལྡན་འདས་གང་གི་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐོབ་པ་དེ་ནི་དབང་མཆོག་ཐོབ་པའོ། །ཞེས་སོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་དབང་བཞིའི་བཞི་པ། དེའི་ནང་ནས་ཀྱང་བཞི་པའི་བཞི་པ་ལྷན་སྐྱེས་དེ་སངས་རྒྱས་ཀྱི་སར་མཐུན་སྣང་གྲུབ། གཞན་ཐམས་ཅད་ནི་སློབ་སའོ། །སའི་རྣམ་གཞག་ལ་མཚན་བརྗོད་དང་། དུས་འཁོར་རྩ་རྒྱུད་གཉིས་ཀར། བདེན་དོན་རྣམ་པ་བཅུ་གཉིས་འཆང་། །ཞེས་པས། རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པའི་དབང་ལས་ས་བཅུ་གཉིས་པ་སངས་རྒྱས་ཀྱི་སར་བཞག་པ་ཅིག་བྱུང་། དེའི་དབང་གིས་ཀྱང་ས་བཅུ་གཅིག་པ་བྱང་ཆུབ་སེམས་དཔའི་ས། ཡང་། དེ་ཉིད་རྣམ་པ་བཅུ་དྲུག་རིག ཅེས་མས་བརྟན་གྱི་དགའ་བ་ལ་བཅུ་དྲུག་ཏུ་ཕྱེ་བ་རིག་པའི་ས་བཅུ་དྲུག དེའི་དབང་དུ་བྱས་ཀྱང་བཅུ་དྲུག་པ་སངས་རྒྱས། གཞན་ཐམས་ཅད་སློབ་ས། རྡོ་རྗེ་འཕྲེང་བར། དབང་བསྐུར་རེ་རེ་ས་རེའོ། །ཞེས་ས་བཅུ་བཞི་བཤད་པའི་བཅུ་བཞི་པ་སངས་རྒྱས། བཅུ་གསུམ་པ་མན་ཆད་སློབ་ས། མངོན་བརྗོད་བླ་མར། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་བ། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་གསུངས་པའི་བཅུ་གསུམ་རྡོ་རྗེའི་ས་ཁོ་ན་སངས་རྒྱས། ལྷག་མ་བཅུ་གཉིས་སློབ་ས་ཡིན་ཅིང་། དེ་བས་ན་ཁྱད་གཞི་ཁྱད་ཆོས་མ་སྦྱར་བའི་ས་བཅུ་གཅིག་པ་ཙམ་པོ་དེ་སློབ་ས་ཁོ་ནར་ངེས། ཡང་བཅུ་གཅིག་ཀུན་ཏུ་འོད་ཅེས་ཁྱད་གཞི་ཁྱད་ཆོས་སྦྱར་བ་དེའི་ཚེ་དེ་སངས་རྒྱས་ཀྱི་ས་ཁོ་ན་ཡིན། སངས་རྒྱས་ཀྱི་ས་ལ་བཅུ་གཅིག ཀུན་ཏུ་འོད་ཀྱི་མིང་བཤད་པ་འདི་ཡང་ཡེ་ཤེས་ཐིག་ལེའི་རྒྱུད་དུ་སློབ་ས་བཅུ། སངས་རྒྱས་ཀྱི་ས་ལ་ཀུན་ཏུ་འོད་ལ་སོགས་པ་ལྔ་བགྲངས་པས་དེའི་ལྔ་ཀ་སངས་རྒྱས་ཀྱི་ས་མཚན་ཉིད་པ་ཁོ་ན་ཡིན། ཡང་ཀུན་ཏུ་འོད་ཅེས་ས་བཅུ་གཅིག་པ་དང་མ་སྦྱར་ན་ས་དང་པོའི་དོན་དུ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བཤད་དོ། །དེ་ལྟར་རྒྱུད་སོ་སོའི་རྣམ་དབྱེ་མི་ཤེས་པར་མདོ་སྔགས་ཀྱི་ས་ལམ་གུང་བསྒྲིག་པ་དང་། གཅིག་གཟུང་ནས་གཞན་འདོར་བ་འདི་དག་ནི་གད་མོའི་གནས་སུ་གདའ་ལགས་སོ། །རྣ་ཐོས་གྱེར་བའི་དབྱར་ཟླ་ར་བའི་ཆབ། །སོམ་ཉིའི་ནད་སེལ་ཅི་ཡིན་བློ་གྲོས་ཀྱི། །ཧུབ་རེར་རྒྱུད་སྡེའི་ཆུ་གཏེར་ཀུན་སོང་བའི། །ལེགས་བཤད་དམོད་པས་གཟུང་དེ་བཞེས་པར་འོས། །མི་ཤེས་མུན་པར་འཁྱམས་ཀྱིན་རྒྱུད་ཀྱི་ཡུལ། །མཐོང་རློམ་བླུན་པོའི་ཁེངས་པ་འདི་ན་མོད། །རྒྱུད་གཞུང་ཉི་མ་དྲངས་ནས་གཟིགས་མཛོད་ལ། །སུ་བརྫུན་ཚར་གཅོད་བྱ་བ་ཁྱོད་ཀྱི་ལས། །ཞེས་དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་པའི་དྲི་ལན་སྨྲ་བའི་ཟླ་ཟེར་ཞེས་བྱ་བ། གད་པ་གསེར་གྱི་བྱ་སྐྱིབས་ཅན་གྱི་སྒྲུབ་སྡེའི་བྱ་འདབ་ཅོག་སྒར་ཤེལ་གྱི་གཞལ་མེད་ཁང་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག། །།སརྦ་མངྒ་ལཾ།། །།


previousདུས་ཀྱི་འཁོར་ལོ་ལ་བརྟེན་པའི་དྲི་ལན་སྨྲ་བའི་ཟླ་ཟེར།next