Nitartha Digital Library
Tibetan
 
previousདུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་འབྱུང་བའི་ཁུངས།no next

དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་འབྱུང་བའི་ཁུངས།

དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་འབྱུང་བའི་ཁུངས་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་རྒྱུད་མཛད་པ་དང་སྡུད་པ་པོ། །སླར་བསྡུ་རྒྱས་འགྲེལ་མཛད་དང་འཆད་ཉན་པ། །མོས་ཀླུང་རྣམ་མང་ཡེ་ཤེས་དགུང་གི་ཟླར། །དངོས་གཅིག་འཇམ་མགོན་བླ་མར་ཕྱག་འཚལ་ལོ། །དྲི་མེད་འོད་ཀྱི་འཛམ་བུའི་འབྲས་ཡིད་འོང་། །རྦ་རླབས་འཕྲེང་བརྡར་གསེར་གཟན་ཚེ་རིང་བྱ། །དངོས་གྲུབ་སྟོང་ཁུན་སྲིད་ལ་དབང་བསྒྱུར་བའི། །གནམ་གྱི་ཤེ་མོང་གཉིས་པ་ང་མིན་སུ། །དང་པོར་ཡང་དག་བསྟེན་ཞེས་བྱ་བ་ལ་སོགས་པ་དམ་པ་དང་། ང་རྒྱལ་དང་ལྡན་ཞེས་བྱ་བ་ལ་སོགས་པ་དམ་པ་མ་ཡིན་པ་མཚོན་པར་བྱེད་པའི་ཚོགས་བླ་མ་ལེགས་པར་བརྟགས་ནས་དམ་པ་བསྟེན་པར་བྱའོ། །བླ་མས་ཀྱང་། ཟབ་ཅིང་ཞེས་སོགས་ཀྱི་སྣོད་མཆོག་འབྲིང་ཐ་མ་ལེགས་པར་ཤེས་པས་སྐལ་བ་བཞིན་བཀྲི་བར་བྱ་བ་ཡིན་པས། དེའི་ཚུལ་ནི། སློབ་དཔོན་དུས་ཞབས་པ་དམ་པའི་སྣང་བ་དང་ལྡན་པས། དཀྱིལ་འཁོར་ཡང་ནི་རྣམ་པ་གཉིས། །ལྷག་གནས་དང་ནི་མཆོད་པའོ། །ལྷག་གནས་ལ་ཡང་རྣམ་གཉིས་ཏེ། །རང་དོན་དང་ནི་གཞན་དོན་ནོ། །མཆོད་པ་ལ་ཡང་རྣམ་གཉིས་ཏེ། །བདག་སྒྲུབ་དང་ནི་གཞན་སྒྲུབ་བོ། །སྔོན་འགྲོ་དངོས་དང་རྗེས་དང་ནི། །ཡན་ལག་ལ་སོགས་ཐུན་མོང་ངོ་། །ཞེས་གསུངས་པས། དང་པོ་ལྷག་གནས་ཀྱི་ཡན་ལག་ནི། བསྙེན་པ་སོང་པའི་སྤྱན་སྔར་སློབ་མས་མཎྜྻལ་ཕུལ་ཏེ། སྐྱེ་བ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་འཇིག་བྱེད་པ། །སྡོམ་པ་སོ་སོར་གཟུང་བར་བགྱི། །དཔའ་བོ་དུས་ཀྱི་འཁོར་ལོ་མཛོད། །ཅེས་གསོལ་བ་གདབ། བླ་མས་ཀྱང་སོ་ཤིང་སྦྱིན་པ་དང་བསྲུང་བ་བྱས། རུང་བའི་གཟའ་སྐར་ལྡན་པ་ནག་པའི་ཚེས་བཅུ་ལ་ལས་དང་རྗེས་སུ་མཐུན་པའི་ས་བཅགས་ལ༑ སྣང་བ་ལ་ཚིག་གམ་རིན་གྱིས་དང་། མི་སྣང་བ་ལ་སློང་བའི་ཕྱིར་སྔ་དྲོ་སའི་ཆ་དེར་ཕྱིན་ནས་བདེ་བའི་སྟན་ལ་འདུག་སྟེ། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་ཤུགས་སུ་བསྐྱེད་ནས་སྲུང་འཁོར་རྫོགས་པར་བསྒོམས་ཏེ། དེ་ནས་དེའི་ཞིང་སྐྱོང་ལ་ཨོཾ་ཨཱཿཧཱུྃ་ཆེ་གེ་མོ་ཞེས་ནས་ཛཿཧཱུྃཿབར་གྱིས་བོས་ཡོན་ཆབ་ལ་སོགས་པས་མཆོད། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་ཡང་རུང་། །དཀྱིལ་འཁོར་དོན་དུ་ས་འདི་ནི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །དེ་ནས་གཏོར་མ་ཨི་དཾ་བ་ལིཾ་མན་ལན་གསུམ་བརྗོད་གནང་བ་བྱིན་ནས་གཤེགས། དེ་ནས་སའི་རོ་བསལ་ཞིང་གཏེར་བཅུག་སྟེགས་བུ་ཁྲུ་བཞི་ལྷག་པའི་ཁྱོན་དབུས་མཐོ་མཐའ་གཞོལ་བ་བ་ལང་གི་ལྕི་བའམ་དྲི་བཟང་པོས་བྱུགས་པ་བྱ། སྤོས་ཆུས་བརླན་པའི་ལག་པ་ས་གཞི་ལ་རེག་སྟེ་ཉེ་སྙིང་བཟླ་ཞིང་རྡོ་རྗེའི་ས་གཞིར་བསམ་མོ། །དེ་ནས་དགོངས་མོ་རྣལ་འབྱོར་གྱི་ཡོ་བྱད་དང་གཏོར་མ་གསུམ་དང་མཆོད་པ་ཚོགས་ཀྱི་འཁོར་ལོ་དང་བཅས་པ་བཤམས་ནས༑ སློབ་དཔོན་ཧེ་རུ་ཀའི་ཆས་སུ་ཞུགས་པས་ཡན་ལག་བཅུ་གཅིག་པའི་སྒྲུབ་ཐབས་ཚར་གྱིས་བསྒོམས་ཏེ་གཏོར་མ་བྱིན་ནས་གཏོར་མགྲོན་གཤེགས། དཀྱིལ་འཁོར་གྱི་སའི་དབུས་སུ་དྲིའི་བྱུག་པ་བྱས་ཏེ་མེ་ཏོག་གི་ཚོམ་བུ་གཅིག་བཀོད། རང་གི་སྙིང་གར་ཟླ་བ་ལ་ལཾ་དང་། མདུན་གྱི་གཞི་པད་ཟླར་ལཾ་ལས་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས་སའི་ལྷ་མོ་སེར་མོ་ཞེས་ནས་སྤྱན་མ་བཞིན་དང་ན་བཟའ་སེར་པོ་དང་རིན་པོ་ཆེས་བརྒྱན་པ། སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་སའི་ལྷ་མོ་སྤྱན་དྲངས། ཨོཾ་ལཱཾ་ཨཿཧུཾ་བ་སུནྡྷ་རི་སརྦ་བུདྡྷ་ཛ་ན་ནི་སརྦ་སཏྭ་བ་ཀཱ་རི་ཎི། བཛྭ་སཏྭ་ཨཱཛྙྱ་པ་ལ་ཏི་ཤཱིགྷཱཾ་ཨཱ་གཙྪ་ཨཱ་གཙྪ་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་བསྲེས། ཨི་དཾ་གནྡྷཾ་པུཥྤཾ་དྷུ་པཾ་དཱི་པཾ་ནཻ་བེ་དྱཾ་ཕ་ལཱཀྵཱཾ་ཏཱ་ད་ངཱ་མི་ཏ་པ་ཏཱ་མེ་པ་གྲི་གྲི། རྒྱལ་བས་ལྷ་ཡི་བདག་པོ་དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་དབང་དུ་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ་ཞིང་ལྷ་མཆོག་གིས་བཏུད་བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཡོན་ནོ། །ཞེས་མཆོད་ཅིང་བསྟོད་ནས་རྡོ་རྗེ་དྲིལ་བུ་གཟུང་སྟེ། ཇི་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་ཀྱི་སྡེ་ནི་སྟོབས་ལྡན་དག་ཀྱང་རབ་ཏུ་བཅོམ་གྱུར་པ། དེ་བཞིན་བདག་གིས་ཀྱང་ནི་སློབ་མ་རྣམས་ལ་དབང་བསྐུར་སླད་དུ་བདུད་རྣམས་ཉམས་བདག་ཏུ་བྱ། །ཁྱེད་དབང་དུ་གྱུར་པས་སོ། །ལན་གསུམ་བརྗོད། མཎྜྻལ་ལཱརྠཾ་མ་མ་ཧྶྭི་ནཾ་ང་ངཱ། སརྦ་སཏྭཱ་ནཱཾ་ཤཱིནྟཾ་པུཥྚ་ཀྲི་ཏྭཱ་ཤུ་བྷ་ཙིཏྟན་ཨི་དཾ་ཧྶྭུ་ནཾ་ཏྱཀ་ཏྭཱ་ཨ་པ་ར་ཧྶྭ་ནཾ་གཙྪ་གཙྪ་སྭཱ་ཧཱ། ཞེས་བརྗོད་པས་མཉེས་ནས། སའི་གནས་ལ་དག་པ་དག་ནི་ཇི་ལྟར་འདོད་པ་མཛོད་ཅེས་གནང་ནས་དེ་ཉིད་དུ་ཐིམ། དེ་ནས་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ལ་བཛྭ་གནྡྷཾ་པུཥྤཾ་དྷཱུ་པཾ་དཱི་པཾ་ནི་བདྱ་ཕ་ལཱ་ཀྵ་ཏཾ་ད་དཱ་མི། མཆོད་པ་ཕུལ། གང་དག་ཕྱོགས་རྣམས་ཀུན་ནས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉེས་པ་རྣམ་བྲལ་བཙུན་མོ་དང་བཅས་པ༑ །དེ་དག་རྣམས་ཀྱི་མཆོག་གི་སྙིང་རྗེས་དཀྱིལ་འཁོར་དུ་ནི་དབང་བསྐུར་སླད་དུ་བདག་ལ་བསྐྱང་དུ་གསོལ། །ཞེས་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ། དེ་ནས་ཕྱོགས་བཞིར་དོན་ཡོད་གྲུབ་པ་སོགས་ཀྱི་ང་རྒྱལ་འཛིན་པའི་སློབ་མ་བཞིའམ་མེད་ན་བསམས་པས་ཀྱང་རུང་སྟེ། མཆོད་བསྟོད་སྔོན་དུ་འགྲོ་བས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་བདག་བསྐྱེད་བསྡུས་ནས་རྡོ་རྗེ་ཤུགས་ཀྱི་རྐང་མཐིལ་གཉིས་སུ་ཧཱུྃ་ཧཱུྃ། མིག་གཉིས་མ྄་དང་ཊ྄་ལས་ཉི་ཟླ་མིག་འབྲས་ཧཱུྃ་ལས་བསྐལ་པའི་མེ་ལྟ་བུའི་ང་རྒྱལ་གཟུང་སྟེ་ཨོཾ་ཨཱཿསོགས་སྲེག་སྔགས་ཀྱིས་ལུས་ལས་མེ་འབར་སོགས་བགེགས་སྲེག་སྒྲུབ་ཐབས་བཞིན། སེང་ལྡེང་གི་ཕུར་པ་སོར་བཅུ་གཉིས་སྤོམས་སུ་སོར་བཞི་པ་བཅུ། ཙན་དན་དམར་པོས་བྱུགས་ཤིང་ཚོན་སྐུད་ལྔ་དང་མགོར་མེ་ཏོག་ཡུངས་ཀར་བཅིངས་པ་ལས་ཀྱི་རྡོ་རྗེས་ཕྱོགས་བཅུར་གདབ་ཅིང་། དེ་ནས་བགེགས་དང་ལོག་པར་འདྲེན་པ་ལ་སོགས་པ་གཞན་རྣམས་རྡོ་རྗེ་ལྕགས་ཀྱུས་བཀུག་ཅིང་རྡོ་རྗེ་ཞགས་པས་བཅིངས་ནས། ཧ་ཡ་ར་ཝ་ལ་ལཱ་ཝཱ་རཱ་ལཱ་ཧཱ་ལས་སྐྱེས་པའི་རྡོ་རྗེ་ཕུར་པ་ཁྲོ་བོའི་རྒྱལ་པོ་ལྡེ་བའི་འོག་རྩེ་མོ་གཅིག་པ་ཕྱོགས་བཅུར་གདུག་པའི་མགོ་བོར་བྱིང་བ། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵཿཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄་བཛྭ་ཀཱི་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙྱཱ་ན་ཨ་དྷི་པ་ཏེ་ཥེ་ཌ་མུ་ཁ་ཥེ་ཊ་བྷུ་ཛ་ཥ་ཊ་ཙ་ར་ཎ་སརྦ་བིགྷྣི་བི་ནཱ་ཡ་ཀཱ་དི་དུཥྚུ་ནཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙྱཱ་ནཱ་ནི་ཀཱི་ལ་ཡ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། དེ་དག་རྡོ་རྗེ་ཐོ་བས་བརྡུངས། ཨོཾ་ལླིུཿབཛྭ་མུངྒ་ར་མཱ་རཱ་དི་ནཱཾ། སི་ར་སི། ཀཎྜེ། སྲྀ་ད་ཡེ། ནཱ་བྷཽ། གུ་ེ། ཨནྟེ། བཛྭ་ཀཱི་ལ་ཀཱནཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ༑ ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ིུཾ་ཀྵུ་ཀྵཱུ་ི་ྀུ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། སྤྱི་བོ་ནས་གསང་གནས་ཀྱི་བར་ཕུག་ནས་ས་གཞི་དང་སྦྲགས་ཏེ་གཡོ་བ་མེད་པར་གྱུར། ང་ནི་རང་ཉིད་རྡོ་རྗེ་ཅན། །ང་ནི་རྡོ་རྗེ་ཤུགས་ཉིད་དོ༑ །ང་ནི་སངས་རྒྱས་རྒྱལ་པོ་ཆེ། །ང་ནི་སྟོབས་ཆེན་རྡོ་རྗེ་ཅན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་ང་། །ང་ནི་ཕྱག་ན་རྡོ་རྗེ་བརྟན། །ང་ནི་དཔལ་ལྡན་རྡོ་རྗེ་ཤུགས། །སྲུང་བའི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་འབར་བའི་སྐུ་ཡིས་ནི། །ལུས་གསུམ་ལས་སྐྱེས་འགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །རྣམ་པར་བརླག་འགྱུར་གཞན་དུ་མིན། །ཞེས་ལན་གསུམ་གྱིས་བགེགས་ལ་བཀའ་བསྒོས་ཏེ། རྡོ་རྗེ་རྩེ་མོ་ལྔ་པའི་ཕྱག་རྒྱས་རྐང་མཐིལ་དུ་རེག་ནས་རྡོ་རྗེའི་སྟབས་ཀྱིས་དབང་ལྡན་ནས་བརྩམས་ཏེ་གཡས་སྐོར་གྱིས་དཀྱིལ་འཁོར་གྱི་དབུས་ཀྱི་ས་ལ་བཅག་ཅིང་གཡས་བརྐྱང་དང་གཡོན་བརྐྱང་དང་མཉམ་པའི་སྟབས་ཀྱིས་ཀྱང་ངོ་། །ཤར་དུ་ཡཾ་ཡཱཿརྐང་པའི་མཐིལ་ལ་བཀོད་ཅིང་རལ་གྲིའི་ཕྱག་རྒྱས་རེག་ནས་ཟླུམ་པོ། ལྷོར་རཾ་རཱཿབཀོད་ནས་རིན་པོ་ཆེའི་ཕྱག་རྒྱས་རེག་ཅིང་རོལ་བ། ནུབ་ཏུ་ལཾ་ལཱཿབཀོད་ཅིང་འཁོར་ལོའི་ཕྱག་རྒྱས་རེག་ནས་རྡོ་རྗེའི་གདན་ནམ་ས་ག །བྱང་དུ་ཝཾ་ཝཱཿབཀོད་ནས་པདྨའི་ཕྱག་རྒྱས་རེག་ནས་པདྨའི་གདན་ནམ་ཏཎྜྻ་བ་སྟེ་གར་གྱི་སྟབས་ཀྱིས་བཅག་པར་བྱའོ། །ཕུར་པ་ལ་དེ་ནས་བསྲུང་འཁོར་བཞིན་ཁྲོ་བཅུ་སྤྲོས། མཆོད་བསྟོད་བྱ་བ་ལྷག་གནས་སྔོན་འགྲོ་འོ། །དེ་ནས་དྲི་ལ་སོགས་པས་ས་གཞི་མཆོད། ཨོཾ་ཨཱཿལཱཾ་ཧུཾ་བཛྭ་མི་ཏིཥྛ་མ་ཙ་ལ་ཧུཾ་ཧཱུྃ་ཕཊ྄་བཛྭ་དྷ་ར་ཨཱ་ཛྙྱཱ་པ་ཡ་ཏི་སྭཱ་ཧཱ། རྡོའི་ས་གཞི་སྤྱན་དྲངས་པ་དེ་ཉིད་དུ་འཁོད་པ་ལ་སྔར་བཞིན་མཆོད། ས་ལྷག་གནས་སོ། །དེར་དྲིའི་བྱུག་པ་དཀྱིལ་འཁོར་གྱི་ལྷག་གནས་གར་འབབ་མ་འཁྲུལ་བ་ཚོམ་བུས་བསྐོར་མཐའ་མཆོད་པས་བསྟར། རང་ཉིད་བདག་བསྐྱེད་བཟླས་པའི་བར་བྱ། ཚོམ་བུ་བསང་སྦྱང་། ནམ་མཁའི་རང་བཞིན་གྱི་ཆོས་འབྱུང་གི་ནང་། ཞེས་ནས། དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ནས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ཚོམ་བུའི་དཀྱིལ་འཁོར་ལ། ཡེ་ཤེས་འཁོར་ལོའི་ཤར་གྱི་འདབ་མར་ནག་མོ་འབར་མ་ཞེས་ནས། ཀླུ་དང་རབ་གཏུམ་མ་རྣམས་འཁོད་པར་གྱུར། ཡབ་ཡུམ་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་ཧོཿ གསང་བར་སྭཱ། སྤྱི་བོར་ཧཱ། བདག་བསྐྱེད་ཀྱི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས་རྐང་པ་བརྒྱད་པ་ཞེས་ནས་བསྟོད་པའི་བར་བྱ། གཏོར་མ་དང་ཚོགས་ཀྱི་མཆོད་པས་ཀྱང་མཉེས་པར་བྱ། ཆོ་གའི་སྔགས་ཀྱིས་བསྲུང་བ་བྱས་ཏེ། གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་བརྟན་གཡོའི་བདག་ཉིད་ཅན། །སྣ་ཚོགས་ཡུམ་གྱིས་མགུལ་ནས་འཁྱུད། །རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་བ། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་བཤད་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནང་པར་དཀྱིལ་འཁོར་བྲི་བར་འཚལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་གསོལ་བ་གདབ་ལྷ་ལྷག་གནས་སོ། །སློབ་མ་ལ་དབང་བསྐུར་བའི་བུམ་པ་ལ་རྒྱུ་གསེར་དངུལ་མེད་ནས་ལས་བྱས་པ་ནག་པོ་དང་། རྩ་བ་མེད་པ་དཀར་པོ་བྱས་པ་ཚད་རྒྱར་སོར་བཅུ་དྲུག་དཔངས་སུ་ཉི་ཤུ༑ མགྲིན་པར་སོར་དྲུག །ཁ་ལ་སོར་བརྒྱད་བྱས་པའི་སུམ་གཉིས་མཐའ་དང་གཅིག་བུ་ག་མཆུ་སོར་གཉིས་འཕྱང་བ། གྲངས་བཅུའམ་དྲུག་གམ་ལྔ་དུང་ཆོས་དང་བཅས་པ། རྒྱལ་བའི་བུམ་པ་ལ་སྣ་ཚོགས་པདྨ་ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ། རྣམ་རྒྱལ་ལ་གྲི་གུག །ཕྱོགས་བཞི་ལ་པད་ཉིའི་སྟེང་དུ་ཤར་ལ་རལ་གྲི་ནག་པོ། ལྷོར་རིན་པོ་ཆེ་དམར་པོ། ནུབ་ཏུ་འཁོར་ལོ་སེར་པོ། བྱང་དུ་པདྨ་དཀར་པོ། མཚམས་བཞི་ལ་མེར་རལ་གྲི། བདེན་བྲལ་ལ་པད་མ། རླུང་དུ་འཁོར་ལོ་སེར་པོ། དབང་ལྡན་དུ་ཨུཏྤལ་དཀར་པོ། ཡལ་འདབ་དང་བཅས་པའི་ཤིང་གིས་ཁ་བརྒྱན། ཕྱོགས་མདོག་གི་གོས་དང་སྐུད་པ་དཀར་པོ་ལྔས་མགུལ་དཀྲིས། ཡི་གེ་དྲུག་པ་བཟླ་ཞིང་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས་ཏེ་སྨན་ལྔ་དྲི་ལྔ་འབྲུ་ལྔ་རིན་པོ་ཆེ་ལྔ་ལྕགས་ལྔ་བདུད་རྩི་ལྔ་བཏབ་པའི་དང་ཆུས་སུམ་གཉིས་བཀང་། བུམ་རྫས་རྣམས་སོ་སོར་མ་ནོར་བར་གཞུག །རྣམ་རྒྱལ་ཆེན་པོ་དཀྱིལ་འཁོར་གྱི་གཡས་པདྨ་ལ་དབུས་དང་ཕྱོགས་མཚམས༑ རྒྱལ་བའི་བུམ་པའི་སྟེང་དུ་རྣམ་རྒྱལ་ཆེན་པོ་དུང་ཆོས་ཆུས་གང་བ། དེའི་སྟེང་དུ་རྡོ་རྗེ་མེ་ཏོག་གི་འཕྲེང་བ་བཏགས་པ་གཞག །དེ་ནས་ཤཱུནྱ་ཏཱས་བསངས། ཧཾ་ལས་གཞལ་ཡས་ཁང་༑ པཾ་ལས་འོ་མའི་རྒྱ་མཚོ། སྲཱི་ལས་དེའི་དབུས་སུ་པདྨའི་སྡོང་པོ་ལ་ཧཱུྃ་ལས་སྐད་ཅིག་གིས་ལྷ་རྣམས་ཏེ་དབུས་དང་ཕྱོགས་སོ་སོའི་བུམ་པར་བསྐྱེད། རྣམ་རྒྱལ་ཆེན་པོར་ཐམས་ཅད་རྫོགས་པར་བསྒོམ། མཚན་མ་ཡང་ལྷར། ཡེ་ཤེས་པ་དགུག །བྱིན་གྱིས་བརླབ། དབང་བསྐུར། རྒྱས་གདབ། མཆོད་བསྟོད་བྱས་མེ་ཏོག་གི་འཕྲེང་བ་ལྡན་པའི་རྡོ་རྗེ་གཟུང་ནས་བུམ་པ་ལ་རེག་ལ་གཙོ་བོའི་སྙིང་པོ་བརྒྱ་རྩ་བརྒྱད། གཞན་ཉི་ཤུ་རྩ་གཅིག་རེ་བཟླ། ཡི་གེ་དྲུག་པ་བཟླས་པའི་མེ་ཏོག་དོར་བས་ལྷ་རྣམས་ཆགས་པ་ཆེན་པོས་ཞུ་བ་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་སུ་རོ་གཅིག་ཏུ་གྱུར་པར་བསམ། བུམ་པ་ཨོཾ་ཧཱཾ་ཧཱཾ་ཧིཾ་ཧཱིཾ་སྲྀཾ་སྲཱིཾ་ཧུཾ་ཧཱུཾ་ཾ་ིུཾ་བཛྭ་པདྨཱ་མྲྀ་ཏ་གྷ་ཊ་སུ་བིཤུདྡྷ་དྷཱརྨ་དྷཱ་ཏུ་སྭ་བྷཱ་བ་སརྦ་དྷརྨཱ་ན་སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། དྲི་ལ་སོགས་པ་ཕུལ་བུམ་པ་གོས་ཀྱིས་བཀབ། ཞལ་བཞི་པའི་སྔགས་ཀྱིས་བསྲུང་དབེན་པར་བསྡུ། བུམ་པ་ལྷག་གནས་སོ། །དཔའ་བོའི་རིན་གྱིས་ཉོས་པའི་གཞོན་ནུ་མས་བཀལ་བའི་ཐིག་སྐུད་སུམ་སྒྲིལ་དུ་བྱས་པ་སྦོམས་སུ་མཐེ་བོའི་ནས་ཀྱི་ཚད་རང་ཁྲུ་བརྒྱད་པ་ལ་ཨ་ལས་ཟླ་བ་སོགས་ནས། ཨོཾ་ཨཱཾ་ཨཱིཾ་རཱིཾ་ཨཱུཾ་ལཱིཾ་བཛྭ་སཱུ་ཏྲ་སརྦ་དྷརྨེ་ཀ་སྭ་བྷཱ་ཝ་སརྦ་དྷརྨཱ་ན་ཨེ་ཀ་ཨཱ་ཀཱ་ར་སྭ་བྷཱ་ཝཱན་ཀུ་རུ་ཀུ་རུ་སྭཱ་ཧཱ། དྲི་སོགས་ཀྱིས་མཆོད་དེ་བྱང་དུ་གཞག །རྡུལ་ཚོན་རིན་པོ་ཆེའམ་འབྲུའམ་ས་ཚོན་སྡེ་ལྔ། ཨོཾ་ཨཾ་ཨིཾ་རིཾ་ཨུཾ་ལིཾ་སུ་བི་ཤུདྡྷ་པཉྩྨ་སྐནྡྷ་སྭ་བྷཱ་ཝ་པཉྩྨ་སྐནྡྷཱ་ན་སུ་བི་ཤུདྡྷ་དྷརྨཱ་ན་ཀུ་རུ་ཀུ་རུ་སྭཱ་ཧཱ། སྔར་བཞིན་མཆོད་ནས་ནུབ་ཏུ་གཞག །རྡོ་རྗེ་ཚད་ལྡན། ཨོཾ་ཧཱུྃ་ཀྲོ་དྷཱ་བཛྭཾ་སརྦ་ས་ཏྭ་ཀ་རུ་ཎཱ་ད་མ་ཀ་སརྦ་དྷརྨ་ཀ་སུ་ཁ་སྭཱ་བྷཱ་ཝ་སརྦ་དྷརྨ་ན་བཛྭ་སུ་ཁ་སྭ་བྷཱ་ཝཱན་ཀུ་རུ་ཀུ་རུ་སྭཱ་ཧཱ༑ སྔར་བཞིན་མཆོད་དེ་ལྷོར་གཞག །དྲིལ་བུ་ཚད་ལྡན་ཨོཾ་ཧོ་བཛྭ་གྷཎྜྻེ་སརྦ་དྷརྨེ་ཀ་པྲ་ཛྙྱཱ་དྷཱ་ནི་སྭ་བྷཱ་ཝ་སརྦཱ་ཀཱ་རེ་སརྦ་དྷརྨ་པྲ་བོ་དྷ་ནི་སརྦ་དྷརྨཱ་ན་ནིཿསྭ་བྷཱ་ཝ་ན་པྲ་བོ་དྷཱ་ཡ་པྲ་བོ་དྷཱ་ཡ་སྭཱཧཱ༑ མཆོད་ནས་བྱང་དུ་འགོད །སྦྱིན་སྲེག་གི་ལྷག་གནས་དང་། སྒྲུབ་ཐབས་བཞིན་གཏོར་མ་ལྷག་གནས་བྱའོ། །དེ་དག་རང་དོན་གྱི་ལྷག་གནས་སོ། །སློབ་མ་གཅིག་གམ་མང་པོ་ཡང་རུང་སྟེ་ཁྲུས་བྱས་གོས་གཙང་མ་གྱོན་མཎྜྻལ་ཕུལ་ལ་པུས་མོ་ས་ལ་བཙུགས་ཏེ་མེ་ཏོག་སྙིམ་པར་གཟུང་ནས་འཁོད་པས། དེ་རིང་ཉིད་ནས་མི་བཟད་འཁོར་བས་འཇིགས་པ་བདག་ནི་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། །ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོས་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་སྤྱི་མཐུན་དང་། ཁྱད་པར། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་གཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་རྒྱལ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ཆུ་སྐྱེས་རིམས་ལ་སྡོམ་པ་དག་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་པའི་སླད་དུ་རྒྱལ་བ་སྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་སྨོན་ལམ་བཏབ་པས་སྡོམ་པ་གཟུང་། དེ་ནས་བརཏལ་ཞུགས་སྦྱིན་པ་ནི། འཚེ་དང་མི་འཚེ་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་དག་གོ །གང་ཞིག་གང་གི་དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡིས་མཚན་གྱི་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་ནི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཆོ་ལོ་ཁ་ན་མ་ཐོར་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་ཡང་། །དབང་པོ་རྣམས་ནི་ཆགས་པ་དག་དང་དེ་ལྟར་སྲིད་པའི་བདག་པོ་དག་གི་བརཏལ་ཞུགས་ཉི་ཤུ་ལྔ། །ཞེས་བརྗོད། སློབ་མས། སྲིད་པའི་འཇིགས་པ་འཇོམས་མཛད་པ། །བརཏལ་ཞུགས་ཉི་ཤུ་རྩ་ལྔ་པོ། །སྣ་ཚོགས་གཙོ་བོའི་གསུང་ཇི་བཞིན། །བདག་གིས་རྟག་ཏུ་བསྐྱང་བར་བགྱི། །ཞེས་ལན་གསུམ་གྱིས་ཁས་བླང་། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡི་བཀའ་ལ་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པ་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་པས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང་། །རྒྱུ་ཡི་བྱམས་པ་དང་ནི་མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་པ་ལས་ཀྱང་གཞན། །བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་བསྒྲག །དེ་ནས་སློབ་མ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས། སློབ་མའི་དཔྲལ་བར་ཨཱུ། སྙིང་ཀར་ཨི། གཙུག་ཏོར་དུ་ཨཿལྟེ་བར་ལཱྀ། མགྲིན་པར་རཱྀ། གསང་བར་ཨཱཿ ཟླ་བ་སོགས་ཀྱི་གདན་ལ༑ དེ་ནས་སྙིང་ཀར་སྒྲ་གཅན། མགྲིན་པར་ཉི་མ། དཔྲལ་བར་ཟླ་བ་ཧཱུྃ་ཨཱཿཨོཾ། བརྗོད་ཅིང་གནས་དེར་དྲིའི་ཆུ་དང་བཅས་པའི་རྡོ་རྗེས་རེག །ཉེར་མཆོད་ལྔས་མཆོད། དེ་ནས་འོ་མ་ཅན་གྱི་ཤིང་ལ་བྱས་པའི་སོ་ཤིང་སོར་བཅུ་གཉིས་པ་དྲང་པོ་དྲི་ཞིམ་པོའི་ཆུས་བཀྲུས་མེ་ཏོག་གི་འཕྲེང་བ་བཅིངས་དྲི་སོགས་ཀྱིས་མཆོད་ནས། ཨོཾ་ཨཱཿཧུཾ་ཧོ་ཧཾ་ཀྵཿབཛྭ་དནྟ་ཀཱ་ཥྛ་ཙ་ཏུ་ར་བི་སོ་ཀྵ་མུ་ཁ་བི་ཤུདྡྷ་སྭབྷཱ་ཝཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙྱཱ་ན་མུ་ཁ་དནྟཱ་དི་མ་ལཾ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་སྭ་ཧཱ། ཞེས་པས་བྱིན་ནས་ཚོམ་བུ་ལྔ་བཀོད་པའི་མཎྜྻལ་གྱི་ཁར་ཨོཾ་ཨཱཿཧཱུྃ་ལན་བདུན་བཟླས་ཏེ་ཕྱོགས་ཀྱི་ཆ་གང་དུ་ལྷུང་བ་དེའི་ལས་རབ་འབྱམས་འགྲུབ་པར་བརྡ་སྤྲད། དེ་ནས་དྲི་ཞིམ་པོའི་ཆུ་བདུད་རྩི་ལྔ་དང་བཅས་པ་ཁྱོར་བ་གསུམ་ཨོཾ་སྲཱིཿབི་ཤུདྡྷ་དྷརྨ་སརྦ་པཱ་པཱ་ནི་ཙཱ་ཀྵྼ་ཤོདྷ་ཡ་སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུྃ། ཞེས་པས་བླུད་ལྷག་མ་རྒྱབ་ཏུ་དོར། དེ་ནས་སློབ་མའི་ལུས་ཚད་དང་མཉམ་པའི་སྐུད་པ་དམར་པོ་གསུམ་སྒྲིལ་ཧཱུྃ་ལས་བྱུང་བ་དེ་དང་ཡི་གེ་དྲུག་པ་ལན་བདུན་བཟླས་མདུད་པ་གསུམ་བྱས་པ་དཔུང་པར་བཅིངས། ཨོཾ་བུདྡྷ་མཻ་ཏྲ་ིརཀྵ་རཀྵ་སརྦཱ་ན་སྭཱ་ཧཱ། བསྲུང་། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་ཀར་ཧཱུྃ། ལྟེ་བར་ཧོ། གཙུག་ཏོར་དུ་ཧཾ། གསང་བར་ཀྵ་ཞེས་པས་གོ་བསྐོན། ཨོཾ་ཨ་ཨཱ་ཨཾ་ཨཿབཛྭ་སཏྭ་མཧཱ་སུ་ཁ་བཛྭ་ཀཱ་ལ་ཙཀྲ་ཤི་ཥྱ་ཀྵྼ་ཨ་བྷི་མུ་ཁ་བྷཻ་བ། སནྟུ་ཥྚོ་བྷ་བ། བ་ར་དོ་བྷ་བ། ཀཱ་ཡ་ཝ་ཀ་ཙིཏྟ་དྷིཥྛ་ནཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་རྡོ་རྗེ་སེམས་དཔའ་བསྐུལ་བས་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ནས་མཆོག་སྩོལ་བར་བསམ། དེ་ནས་ཀུ་ཤ་རྩེ་མོ་མ་ཉམས་པ་བསངས་ཏེ་ཧཱུྃ་ལས་སྐྱེས་པ་ཧཱུྃ་དང་ཡིག་དྲུག་བཟླས་པ་སྟན་གྱི་དོན་དུ། དྷཱིཿལས་བྱུང་བ་དེ་དང་ཡིག་དྲུག་བཟླས་པ། ཨོཾ་བཛྭ་ཏིཥྛ་བཾ་ཞེས་པས་སྔས་ཀྱི་དོན་དུ་བྱིན། མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བཙའ་བའི་དུས་དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་དང་ནི་ལང་ཚོ་དག་ལ་བུད་མེད་ནོར་དང་འབྱོར་ཉམས་ཉོན་མོངས་སྡུག་བསྔལ་ཆེན་པོ་གང་། །རྒན་པོ་ཉིད་ལ་འཆི་བའི་སྡུག་བསྔལ་ཡང་འགྲོ་བ་དྲུག་ཏུ་འཇིག་སྟེར་ངུ་འབོད་ལ་སོགས་ཏེ། །སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལ་སྡུག་བསྔལ་འཛིན་པར་བྱེད། །འཁོར་བ་མི་ཉིད་དུ་ནི་འགྱུར་བ་དག་ཀྱང་འགའ་ཞིག་ཏུ་སྟེ་ཆོས་ཀྱི་བློ་ནི་རེ་འགའ་ན། །དེ་བས་སངས་རྒྱས་ལ་ནི་རྗེས་ཆགས་དགེ་བའི་དབང་གིས་འགྱུར་ཞིང་དང་བའི་ཐེག་པར་རབ་ཏུ་འཇུག །དེ་བས་དཔལ་ལྡན་རྡོ་རྗེའི་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ན་འཇུག །དེ་ལ་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། །ཞེས་པས་ཆོས་བཤད། སློབ་མ་ལ་རྨི་ལམ་རྟོག་ལ་ཅི་རྨི་བ་དེ་ང་ལ་ཤོད་ཅིག་ཅེས་བརྗོད། དེ་ནི་གཞན་དོན་གྱི་ལྷག་གནས་སོ། །ཚོམ་བུའི་དཀྱིལ་འཁོར་སྙིང་ཀར་བསྡུ། ལྷོ་ཕྱོགས་སུ་མཚན་མ་ཤེས་པའི་དོན་དུ། ཨོཾ་ཧཽ་བཛྭ་ཀ་མ་ལ་དལ་གརྦྷེ་ཤ་ཡྻེ་བཛྭ་སུ་ཁ་མཧཱ་ནི་དྲཱཾ་ཀ་རོ་མི་ཡ་ཐཱ། ཏ་ཐཱ་ག་ཏེན་ཀྲི་ཏཱ་ཧཿཧཿསྭཱཧཱ། ཞེས་པས་མཚན་མ་ལྟ་བའི་ཆེད་དུ་མལ་སྟན་ལྷག་པར་གནས་པར་བྱའོ། །བུམ་པ་རྣམས་གནས་དབེན་སར་གཞག །མཚན་མ་བརྟགས་ལ་ངན་ན་བཟློག་པའི་ཆོ་ག་བགེགས་ཞི་བར་བྱ་བའི་གཏོར་མ་དང་། ཁྲོ་བོའི་དབང་པོའི་བསྙེན་པ་བཞིན་བཟླས་པ་བྱའོ། །དེ་ནི་ལྷག་གནས་ཀྱི་རྗེས་སོ། ནུབ་གཉིས་པའི་ཆོ་གའོ། །དེ་ནས་གནས་ཏེ་བར་བརྒྱན་པའི་ཡན་ལག་ཐིག་རྣམས་བདག་ཉིད་གཙོ་བོ་ཡབ་ཡུམ་དུ་སྐད་ཅིག་གིས་གསལ་བའི་རང་གི་སྙིང་གར་ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ༑ དེ་གཉིས་ཀྱི་བར་དུ་ཧཱུྃ་དེ་དག་ཡོངས་སུ་གྱུར་པ་ལས་དུས་ཀྱི་འཁོར་ལོ་ཤེས་རབ་དང་བཅས་པའི་ཐུགས་ཀར་ཟླ་ཉི་ཁ་སྦྱར་བའི་དབུས་སུ་ཨཱཾ་ཨཱིཾ་རཱྀཾ་ཨཱུཾ་ལཱིཾ་རང་རང་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་སྤྲོས་པས་ཡུམ་ལྔ་སྤྱན་དྲངས་པ་ཐིག་སྐུད་དང་རོ་གཅིག་ཏུ་འདྲེས་པ་ཐིག་སྐུད་ཀྱི་རྣམ་པར་གྱུར། རྡོ་རྗེའི་ཐིག་སྐུད་ཡང་དག་པར་མཆོད། དེ་ལས་དང་མཐུན་པའི་ཚུལ་གྱིས་སྤངས་ནས༑ སློབ་དཔོན་ནུབ་ནས་ཤར་དུ་ཕྱོགས་པའི་ཁུ་ཚུར་གཡོན་པ་དང་། སློབ་མ་ཤར་ནས་ནུབ་ཏུ་བལྟས་པའི་ཁུ་ཚུར་གཡས་པས་ཐིག་སྐུད་གཟུང་ནས། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀ་བྷཱུ་ཏཱཿསརྦ་དྷརྨཱ་ཨོ་ཀཱ་ཀཱ་ར་ཎ་བཛྭ་སཏྭ་ཧཾ་བྷཱུ་མི་སཱུ་ཏྲ་ཡཱ་མི་ཧཱུྃ་ཨཱཿཕཊ྄། དེ་ནས་རྡོ་རྗེའི་ཐིག་འདེབས་པའི་སྔགས་ཀྱིས་འདེབས་པར་བྱ་སྟེ། ཨོཾ་བཛྭ་སཱུ་ཏྲཻ་ཀཱ་ཀཱ་ར་སྭ་རཱུ་པ་ཎ་ཛཿཛཿསརྦ་དྷརྨཱ་ན་སཱུ་ཏྲ་ཡ་ཨོཾ་ཨཱཿཧུཾ་ཧོ་ཧཾཀྵཿཕཊ྄྄། བླ་མ་གཡོན་སྐྱིལ་ཀྲུང་ཕྱེད་པ་གཡས་མཐིལ་ས་ལ་གཞག་པ་དང་། སློབ་མ་དེ་བཟློག་པས་སོ། །དེ་ནས་ལྷོ་བྱང་། དེ་ནས་མཚམས་ནས་རིམ་པ་བཞིན་གདབ་ཅིང་༑ སློབ་དཔོན་མེ་རླུང་ནས་ཚུར་དང་། སློབ་མ་དེ་ནས་ཕར་མི་འདའ་ཡོངས་འཇོམས་འགོངས་པ་དང་ཐིག་སྐུད་འཆད་པ་ལ་སོགས་པ་མཚན་མ་ངན་པ་བྱུང་ན་སྔར་བཞིན་བཟློག་པ་ཡང་བྱའོ༑ །མཉམ་པ་གྲུ་བཞི་བཅུ་དྲུག་ཆ། །ཀུན་ལའོ་ཆ་རེར་སོར་ཕྱེད་སྐུར། །བཅུ་གཉིས་གསུང་དྲུག་ཐུགས་ཀྱི་གསུམ། །དང་པོ་ཕྱེད་བཞི་གཉིས་པ་བཞིར། །ལྔ་པ་དབུས་དོར་དྲུག་ཕྱེད་ཕྱི༑ །སྒོ་དཔངས་ཆ་ཕྲན་དྲུག་ཏུ་བྱ། །སྒོ་གསུམ་ལ་ནི་རྟ་བབས་སོ། །དྲུག་དང་ཕྱེད་ལྔ་ཕྱེད་བཞི་གཉིས། །ཡང་། གཉིས་སུ་འོག་ནས་རིམ་བཞིར་བྱ། །སྣམ་བུ་མྱོས་བསྲུང་རེ་འོག་མ༑ །སོར་ཕྱེད་པ་རེ་གཉིས་རེ་ཕྱེད། །རྒྱར་ནི་ཉེར་བཞི་བཅུ་དྲུག་དང་། །བཅོ་བརྒྱད་བཅུ་ཉིས་བཅོ་ལྔ་བརྒྱད། །བར་མ་གྲུ་བཞི་གསུམ་པར་ཀ །གཅིག་དང་ཆས་སྨིན་བྱེད་མཐར་བརྒྱན། །ཧར་མིའི་རྒྱར་བརྒྱད་བུམ་པ་གཉིས། །ལྟར་དྲུག་ཟླུམ་གཅིག་ལྔ་བདུན་བཞི། །བདུན་པའི་ཕྱི་ནང་རེ་ཀ་བཞི། །རྟ་བབས་རྩེ་ནས་ཆ་ཕྲན་ནི། །གསུམ་དྲུག་དྲུག་དྲུག་གསུམ་དྲུག་བསྐོར་ཐིག་རོ་རྣམས་དབྱི། ཐིག་ཚད་དེ་ཡེ་ཤེས་པ་གཤེགས། དེ་ནས་ཚོན་བྱིན་བརླབ་ཐིག་འདྲ་བ་ལ། ཨཾ་ཨིཾ་རྀཾ་ཨུཾ་ལིཾ་རང་རང་ལས་སངས་རྒྱས་ལྔ་རྡུལ་ཚོན་གྱི་རྣམ་པར་གྱུར་ཅེས་འདོན་པ་བསྒྱུར་བ་ཙམ་མོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་སྒྲོལ་བྱེད། །རང་ཉིད་རྡོ་རྗེ་འཛིན་རྒྱལ་པོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་བརྗོད་ཅིང་དབང་ལྡན་ནས་བརྩམས་ཏེ་བྲི། རྡོ་རྗེ་འཕྲེང་བ་ནང་མའི་ས་གཞི་ལྗང་ཁུའམ་སྔོན་པོ། ཤར་ནག །ལྷོ་དམར། བྱང་དཀར། ནུབ་སེར་པོ། པདྨ་ལྗང་ཁུ། རྡོ་རྗེ་འཕྲེང་བ་ནང་མ་ནག་པོ། ཕྱི་མ་ལྗང་། ཀ་བ་གཉིས་པོ་རིགས་ཀྱི་མཚན་མས་བརྒྱན་པ། གཙོ་བོའི་པདྨའི་ཕྱི་ཟུར་བཞིའི་དབང་ལྡན་དུ་དུང་དཀར། ལྷོར་གཎྜྻཱི་དམར་པོ། མེར་ནོར་བུ་ནག་པོ། རླུང་དཔག་བསམ་སེར་པོ། བདེ་གཤེགས་འཕར་མའི་བར་གྱི་བུམ་པ་དཀར་པོ་ཁ་རྒྱན་པད་གདན་དང་བཅས་པ། གཤེགས་པ་སེམས་དཔའ། ཁྲོ་བོའི་གདན་པད་དཀར་ཉི་མ་དམར་པོ། གཞན་རྣམས་པད་དཀར་དང་། ཟླ་དམར། ལྷའི་སྣམ་བུ་དང་འདོད་སྣམ་གཉིས་དཀར་པོ། ཁ་ཁྱེར་དམར་པོ། མུན་པ་ནག་པོ༑ བ་ཀུ་ལཱི་གཞི་མ་སྔོན་པོ་ལ་དེ་དག་དཀར་པོ། མདའ་ཡབ་དཀར་པོ། རྟ་བབས་ཀྱི་ཀ་བ་སེར་པོ། རྟ་བབས་སྣ་ཚོགས་མདོག །ཕྱི་ཟུར་བཞིར་སྣ་ཚོགས་རྡོ་རྗེ། གསུང་ལ་པད་འདབ་བརྒྱད༑ སྐུ་ལ་བཞི་བརྒྱད་བཅུ་དྲུག་པ། སྣམ་བུའི་སྟེང་གི་པདྨ་རྣམས་ཕྱོགས་མདོག །ལྷའི་མཚན་མ་ས་བོན། མཚམས་སུ་དཀར་པོ། སྐུའི་རྟ་བབས་ཀྱི་འོག་ཏུ་འབྱུང་བའི་དཀྱིལ་འཁོར་སོགས་གདན། ཕྱིའི་ཁོར་ཡུག་གིས་སེར་པོ་ལ་དབང་ལྡན་དུ་ཟླ་ཉ། བདེན་བྲལ་དུ་ཉི་མ། ཆུ་དཀར། མེ་དམར། རླུང་ནག །མེ་རླུང་གི་མཚམས་སུ་དུར་ཁྲོད་ཀྱི་འཁོར་ལོའི་རྩིབས་བརྒྱད་ཕྱོགས་དམར། མཚམས་དམར་སོར་བཅུ་གཉིས་ཀྱི་ཚད། ནམ་མཁའ་ལྗང་ཁུ་གཡས་གཡོན་དུ་ཆ་ཕྲན་གསུམ་དོར་བའི་དབུས་མ་ལ་རྡོ་རྗེ་འཕྲེང་བ། དེའི་ཕྱིར་འོད་ཟེར་འཕྲེང་བ་ཁ་དོག་ལྔ་པ། སྐུའི་མདའ་ཡབ་དང་སའི་ཁོར་ཡུག་གི་བར་ལ་བུམ་སོགས་མཆོད་རྫས་རྟ་བབས་ཀྱི་ཀ་རྒྱན་འོག་མ་གླང་པོ་ཆེ་མནན་པའི་སེང་གེ །སྟེང་མ་གཉིས་ཤ་ལ་བྷཉྫྱི་ཀ་ཏེ་གནོད་སྦྱིན་མོ། སྐུའི་རྟ་བབས་ཀྱི་ལྷ་གནས་དབུ་མའི་ཤར་དུ་འཁོར་ལོ། གཡས་གཡོན་རི་དྭགས། ལྷོར་བུམ་པ། གཡས་གཡོན་དུང་པད། བྱང་དུ་རྔ་བོ་ཆེ། གཡས་གཡོན་དབྱུག་པ་དང་ཐོ་བ་བྱང་དུ་དཔག་བསམ་གྱི་ཤིང་། གཡས་གཡོན་དུ་མི་འམ་ཅི་ཕོ་མོ་རྟ་བབས་ཀྱི་སྣམ་བུ་ལས་འཕྱར་བའི་དྲིལ་བུ་དང་མེ་ལོང་བ་དན་རྣམས་དཀར་པོ། རྡུལ་ཚོན་རླུང་གིས་བདའ་བ་སོགས་བྱུང་ན་མཚན་མ་ངན་པས། བཟློག་པའི་ཆོ་ག་སྔར་བཞིན་བྱ། རྡུལ་ཚོན་ལྷག་མའི་ཡེ་ཤེས་གཤེག་གོ །དེ་དག་ནི་མཆོད་པའི་དཀྱིལ་འཁོར་གྱི་ཡན་ལག་གོ །སློབ་མ་དམ་ཚིག་དང་ལྡན་པ་བཞི་སྒོར། དེ་བཞིན་བུམ་འཛིན་གྱི་རྣལ་འབྱོར་མ་བཞི་མཚམས་བཞིར། ལས་ཐམས་ཅད་ལ་མཁས་པ་ཞིག་ལས་ཀྱི་རྡོ་རྗེ་ཅན་དུ་བྱ། གལ་ཏེ་རང་གིས་དབང་བསྐུར་བ་མེད་ན་དེ་དག་སྤྱི་དང་ཁྱད་པར་གྱི་སྡོམ་པ་གཟུང་ནས་སློབ་མ་ལྷག་གནས་ཙམ་བྱ། ལས་ཀྱི་རྡོ་རྗེ་མེད་ན་སློབ་དཔོན་རང་གིས་སྦྱིན་སྲེག་སོགས་བསྒྲུབ་དགོས་སོ། །དེ་ནས་བུམ་པ་ཕྱོགས་སུ་བཞི། རྒྱལ་བ་ཤར་གྱི་ཤར་དུ། དྲུག་ཡོད་ན་རྣམ་རྒྱལ་ནུབ་ཀྱི་ནུབ་ཏུ། བཅུ་ཡོད་ན་མཚམས་སུ་བཞི། བཅུ་གཅིག་པ་ནི་རྣམ་རྒྱལ་ཆེན་པོ་དུང་ཆོས་ཡིན་པས་རྒྱལ་བའི་སྟེང་དུ་གཞག །ཟུར་བཞིར་བསང་བུམ༑ ཕྱོགས་མཚམས་མདོ་བཞི་བཀླག་པ། གཞན་ཡང་མཆོད་རྫས་བཀོད་པའི་ཁྱད་པར་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །སྔོན་དུ་འགྲོ་བའོ། །དེ་ནས་སློབ་དཔོན་ཤར་དུ་འདུག་པས་སྲུང་འཁོར་ཚོགས་བསག་ནས་གཟུང་ཐིག་ལེའི་རྣལ་འབྱོར་བར་གྱི་བདག་བསྐྱེད་བསྒོམ་སྟེ། རྡུལ་ཚོན་བསངས་ལ་ཨོཾ་ལས་ནམ་མཁའི་རང་བཞིན་ཆོས་འབྱུང་གི་ནས་འོག་ནས་རིམ་པ་བཞིན་འོད་ཟེར་འབར་བས་བསྐོར་བ་དབུས་ཀྱི་གདན་གྱི་སྟེང་དུ། ཨ་ཨཿཨཾ་ཨཱ། ཧ་ཧཱ། ཧཾ་ཧཿནས། ཀྵཾ་ཧཾ། ཧཾ་ཀ །རྣམས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ཞེས་ནས། ཡེ་ཤེས་ལྔའི་བདག་ཉིད་མི་བསྐྱོད་པས་དབུ་བརྒྱན་པ་ཡེ་ཤེས་ཀྱི་འཁོར་ལོའི་ཤར་གྱི་འདབ་མར་ནག་མོ་འབར་མ་ཞེས་པ་ནས་ཀླུ་དང་རབ་གཏུམ་མ་རྣམས་འཁོད་པར་གྱུར། ཞེས་བསྒོམས་ནས། བདག་ཉིད་གཙོ་བོ་ཡབ་ཡུམ་དུ་གསལ་བ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་སྐྱེས་པའི་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་ཐུགས་གསུང་སྐུའི་ཡེ་ཤེས་ཀྱི་འཁོར་ལོ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཛཿདགུག །ཧཱུྃ་གིས་དེ་དག་ལ་གཞུག །བཾ་གྱིས་བཅིངས། ཧོཿཡིག་གིས་མཉེས་པར་བྱས་པས་རོ་མཉམ་དུ་གྱུར་ཅིང་གོ་བསྐོན། སྐུ་གསུང་ཐུགས་བྱིན་བརླབ། དབང་བསྐུར་རྒྱས་བཏབ་ཀྱི་བར་སྒྲུབ་ཐབས་བཞིན་བྱའོ། །སྡེ་ནས་རྒྱལ་བའི་བུམ་པའི་མདུན་དུ་ཙན་དན་སོགས་དྲི་བཟང་གི་དཀྱིལ་འཁོར་ཟླུམ་པོ་ཁྲུ་གང་མཐེ་བོང་དང་མིད་མེད་དག་གིས་བྱས་པ་དེར། ཨོཾ་ཨཱཿཧཱུྃ་ཧོཿཏྲཻ་དྷཱ་ཏུ་ཀ་ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་པྲ་ཏཱིཙྪ་ས་པ་རི་ཝཱཾ་ར་ཏྭཾ་བྷ་ག་བཱན་མེ་བང་དོ་བྷཝ་ཤིཥྱ་ནཱཾ་ཙ། ཞེས་གསོལ་བ་འདེབས་པའི་མཆོད་ཡོན། ཨོཾ་པྲ་ཝ་ར་སཾཏྐྲཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་ཕུལ་དེ་བཞིན་དུ། པཱ་དྱཾ་གིས་ཞལ་བསིལ། ཨཱཉྩྨ་མཱ་ནཾ་ཞབས་བསིལ། པོ་ཀྵ་ཙཾ་བསང་གཏོར། དེ་ནས་སྙིང་ག་ནས་ལྷ་མོ་བཅུ་གཉིས་སྤྲོས་ལ་མཆོད། ཨིནྡྲ་ནཱི་ལ་ལ་སོགས་ནོར་བུའི་གཟི། །གསེར་དངུལ་མི་ཟད་རིན་ཆེན་ཕུང་པོའི་གཏེར། །རྣམ་བཀྲའི་གོས་ཟུང་ཡིད་སིམ་གྱི་སང་?སྤོས། །མར་མེའི་མཚར་དང་དྲིལ་སྒྲ་མེ་ལོང་དང་། །བླ་བྲེ་མཆོག་དང་འབྲས་བུ་བ་དན་དང་། །གར་དང་རོལ་མོའི་མཆོད་པ་རེ་རེ་ཡང་། །ཀུན་ཏུ་བཟང་པོའི་རྣམ་ཐར་མ་ལུས་པའི། །སྤྲིན་གྱི་ཕུང་པོ་མ་ཆགས་པས་མཆོད་པར་བགྱི། རིན་པོ་ཆེ་སྣ་བདུན་ལ་སོགས་པས་ཀྱང་མཆོད༑ བདུད་རྩི་ན་མཿམཆོད་པའི་སྔགས་ཀྱིས་འབུལ། ལྷ་ཐམས་ཅད་སྙོམས་པར་ཞུགས་པའི་བདེ་བས་ཀྱང་མཆོད། གང་ལ་ཐོག་མཐའ་དབུས་སོགས་ཀྱིས་བསྟོད། བུམ་པ་བསྐྱེད་ཆོག་ལྷག་གནས་བཞིན་ལ་མདུན་བསྐྱེད་དང་ལྷན་དུ་བྱས། གཙོ་བོའི་སྔགས་བརྒྱ་རྩ་བརྒྱད། གཞན་རྣམས་ཉི་ཤུ་རྩ་རེ། ཡིག་བརྒྱ་བཟླ། དེ་ནས་དཀྱིལ་འཁོར་ལས་ཀྱི་རྡོ་རྗེའམ་གྲོགས་ལ་བསྲུང་དུ་བཅུག་ནས་ཕྱི་རོལ་དུ་སོང་ནས་ཁྲོ་བོ་སོགས་ལ་གཏོར་མ་བྱིན། ཨོཾ་བཛྭ་ཨཱུུཧ་ཊ་ས་མ་ཡ་པྲ་བེ་ཤ་ཡ། ཧཱུྃ། ཤར་སྒོ་དབྱེ། རྡོ་རྗེ་ཤུགས་ཀྱི་ཏིང་ངེ་འཛིན་དང་ལྡན་པས་དཀྱིལ་འཁོར་དུ་ཞུགས་ལ་རྐང་པ་བརྒྱད་པ་ཟློས་ཤིང་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་བས་ལས་ཀྱི་སློབ་མ་དང་ལྷན་ཅིག་དཀྱིལ་འཁོར་ལ་བསྐོར་ལན་གསུམ་བྱའོ། །དེ་ནས་དཀྱིལ་འཁོར་ལ་བལྟས་ཏེ། ཨོཾ་པར་མསུ་ཁཱ་ཤ་ལ་སུ་ལ་ལཱི་ཏ་བི་ལཱ་སི་ན་མི། ཏཻ་ན་མཱ་མི་བྷ་ག་ཝནྟི་ཛཿཧཱུྃ་བཾ་ཧོཿཧི་ཧི་ཧི་ཧི་ཧཱིཿཔྲ་ཏཱིཙྪ་ཀུ་སུ་མ་ཨཉྫྱ་ལིཾ་ནཱ་ཐ་ཧོཿ ཞེས་པས་གཙོ་བོ་ལ་མེ་ཏོག་གི་འཕྲེང་བ་ཕུལ། ཨོཾ་ས་མ་ཡ་པྲ་བེ་ཤ་ཡཱ་མི་ཞེས་བརྗོད་ཅིང་གར་བྱས་ནས་མེ་ཏོག་གི་འཕྲེང་བ་བླངས་ཏཻ་མགོ་ལ་གཞག །དཀྱིལ་འཁོར་ལ་ཕྱག་བྱས་ཏེ་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་བཀའ་དྲིན་སྩོལ་ཅིག་ཅེས་གསོལ་བ་གདབ་བོ༑ །དེ་ནས་སློབ་དཔོན་འཆད། འགྱུར་བཞིན་བདག་འཇུག་བྱའོ། །དེ་ནི་བདག་སྒྲུབ་པའོ། །དེ་ནས་ཡོལ་བའི་ཕྱིར་སློབ་མ་ཁྲུས་བྱས། སྟ་གོན་བཞིན་གསོལ་བཏབ་བརཏལ་ཞུགས་ལྔ་བྱིན་ནས༑ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལཾ་ཀཱ་ར་བ་ལྟར་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་སྨད་གཡོགས། ཨོཾ་བཛྭ་རཀྵ་ཧཾ་ཞེས་པས་སྟོད་གཡོགས། ཨོཾ་བཛྭ་ཨུཥྞིུ་ཥ་ཧཱུྃ་ཅེས་པས་ཐོད། ཨོཾ་དཱ་ད་ཤཱཾ་ག་ནི་རོ་དྷ་ཀཱ་རི་ཎི་ཧཱུྃ་ཕཊ྄྄་ཅེས་པས་མིག་དར་སེར་པོ་བཅིང་། ཨཱཿཁཾ་ཝཱི་ར་ཧཱུྃ་ཞེས་པས་མེ་ཏོག་གི་འཕྲེང་བ་བྱིན། སྔར་བཞིན་སོ་ཤིང་ཁྱོར་ཆུ་བྱིན་རྣམ་པར་རྒྱལ་བ་ཆེན་པོའི་ཆུས་གཏོར་ཏེ། སྙིང་གར་སྒྲ་གཅན་ལ་ཧཱུྃ། མགྲིན་པར་ཉི་མ་ལ་ཨཱཿ དཔྲལ་བར་ཟླ་བ་ལ་ཨོཾ། འོད་ཟེར་གྱིས་ལུས་དྲི་མ་མེད་པར་བྱས། དཀྱིལ་འཁོར་དུ་འཇུག་པ་དྲི་བ་ཀྱེ་བུ་སྡུག་ཁྱོད་སུ་ཡིན། བདེ་ཆེན་སྐལ་ལྡན་བདག་ལགས་སོ། །ཞེས་ལན་བཏབ། འཇུག་ཡོན་དང་བཅས་ཏེ་མཎྜྻལ་དབུལ། སློབ་མའི་སྙིང་ཀར་ཀུན་རྫོབ་བྱང་ཆུབ་སེམས་མཚོན་པའི་ཟླ་བ་དང་། དོན་དམ་བྱང་ཆུབ་སེམས་མཚོན་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གསལ་གདབ། ཨོཾ་སརྦ་ཡོ་ག་སོགས་རྣལ་འབྱོར་དུ་སེམས་བསྐྱེད་པ་སྤྱི་དང་མཐུན། ཧཱུྃ་ཞེས་བརྗོད་ཅིང་རྡོ་རྗེ་འཛིན་དུ་བཅུག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག་ཅེས་བརྗོད། ཨོཾ་བིགྷཱ་ནྟ་ཀྲི་ཏ་ཧཱུྃ་ཞེས་པས་དགུག །ཨཱཿཁཾ་བཱི་ར་ཧཱུྃ་ཞེས་པས་ཡོལ་བའི་ནང་དུ་བཅུག །ཨོཾ་མཧཱ་ར་ཏ་སུ་ཏྲིཌྷྜྷ་སུ་ཏོ་ཥྱ་སུ་སུ་ཁོ་བཛྭ་སཏྭ་ཨ་དྱ་སིདྡྷ་མཱཾ༑ ཞེས་བསྐོར་བ་བྱ། དེ་ནས་ཐལ་མོ་སྦྱར་བ་ཤར་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཨུ་པཧྶྭུ་ནཱ་ཡ་ཨཏྨཱ་ན་ནཱིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྭ་ཏྭ་ཨ་དྷི་ཏིཥྛ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཀརྨ་ཎེ་ཨཱཏྨཱ་ནཾ་ནིརྻུ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྭ་ཀརྨ་ཀུ་རུ་ཏ་མཱ། ཕྱག་བྱ། དེ་ནས་ལྷོ་ཕྱོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨ་ནཾ་ནིརྻུ་ཏ་ཡཱ་མེ་སརྦ་ཏ་ཐཱ་ག་ཏ་བཛྭ་ར་ཏ་ཨ་བྷི་ཥིཉྩྨ་མཾ། ཕྱག་བྱ། དེ་ནས་ནུབ་ཕྱོགས་ནས། ཨོཾ་སརྦ་བུདྡྷ་པཱུ་ཛཱ་ཨུ་པ་ཧྶྭུནཱ་ཡ་ཨཱཏྨཱ་ནཾ་ནིརྻུ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྭ་བཻ་རོ་ཙ་ན་ཨ་དྷི་ཏིཥྛི་མཱཾ། ཕྱག་བྱ། དེ་ནས་བྱང་ཕྱོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་པྲ་ཝརྟ་ནཱ་ཡ་ཨཱཏྨ་ནཾ་ནིརྻུཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྭ་དྷརྨ་པྲ་ཝརྟ་ཡ་མཱཾ། ཞེས་པས་ཕྱག་བྱ། དེ་ནས་ཤར་ཕྱོགས་སུ། ཨོཾ་གུ་རུ་ཙ་ན་ཎ་ཨུ་པ་ཧྶྭུ་ནཱ་ཡ་ཨཱཏྨ་ནཾ་ནིརྻུ་ཏ་ཡཱ་མི་ཨོཾ་སརྦ་སཏྭ་པ་རི་ཏྲཱ་ཎཱ་ཡ་ཨཱཏྨ་ནཾ་ནིརྻུ་ཏ་ཡཱ་མི། ཞེས་པས་བླ་མ་ལ་ཕྱག་བྱའོ། །དེ་ནས་རྡོ་རྗེ་སྤྱི་བོར་གཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས། ཞེས་སོགས་དང་༑ སྙིང་ཁར་གཞག་སྟེ་དུས་ཀྱི་འཁོར་ལོ་དེང་ཁྱོད་ཀྱི། །སོགས་དང་། རྣམ་རྒྱལ་ཆེན་པོའི་ཆུ་སྦྱིན་ཏེ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ་སོགས། ལྷ་དང་། ཡང་རྡོ་རྗེ་སྤྱི་བོར་གཞག །དེང་ནས་བརྩམས་ཏེ་ཁྱོད་ཀྱིས་སོགས། སློབ་དཔོན་གྱི་དམ་ཚིག་བསྒྲག་པ་སྤྱི་མཐུན། སློབ་དཔོན་ཁྲོ་བོ་དབབ་པའི་ནས་པ་དང་ལྡན་ན་སློབ་མ་ཨ་ལས་འོད་དཔག་མེད་དམར་པོ་དམར་དཀར་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨདྷི་ཏིཥྛནྟུ་ཀཱ་ལ་ཙཀྲ་མེ་ཨཱ་བེ་ཤ་ཡ་ཧཱུྃ། ཞེས་བརྗོད་པས་དེའི་ལྟེ་བར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་འཁོར་ལོས་མཚན་པ་ལ་དུས་མེའི་སྟེང་དུ་ཧོཿསེར་པོ་སྙིང་ཀར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་གཡོ་བའི་བ་དན་གྱིས་མཚན་པ་ལ་སྒྲ་གཅན་གྱི་སྟེང་དུ་ཧཱུྃ་ནག་པོ། མགྲིན་པར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རིན་པོ་ཆེས་མཚན་པ་ལ་ཉི་མའི་སྟེང་དུ་ཨཱཿདམར་པོ། དཔྲལ་བར་ཝཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ་ལ་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་དང་ཐུགས་གསུང་སྐུའི་རྡོ་རྗེ་རྣམས་སྤྱན་དྲངས་རིམ་པ་བཞིན་དུ་ས་བོན་རྣམས་ལ་ཐིམ། དེའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་རཾ་ལས་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པའི་སྟེང་དུ་ཛྷྱོཿ དེ་དག་གི་འོད་ཟེར་གྱིས་བསྐྱེད་པས་ཧོ་ལ་སོགས་པའི་འོད་ཟེར་བསྐྱེད་ནས་ལུས་ཀུན་ཡོངས་སུ་གང་བར་གྱུར། བདུད་རྩི་ལྔ་དང་བཅས་པའི་བདུག་སྤོས་ཀྱིས་བདུག་ཅིང་རོལ་མོར་བཅས་པས། ཨོཾ་ཨ་ར་ར་ར་ར་ལ་ལ་ལ་ལ་བཛྭ་ཨཱ་བེ་ཤ་ཡ་ཧཱུྃ་ཞེས་དབབ་པར་བྱའོ། །དེ་ནས་ཕེབས་ནས་ཨོཾ་ཨཱཿཧུཾ་ཧོཿ ཞེས་མེ་ཏོག་མགོ་བོ་ལ་གཞག་པས་སངས་བར་འགྱུར་རོ། །མགོ་བོ་སྙིང་གཙུག་ཏོར་དུ་ཨོཾ་ཧཱུྃ་ཧཱུྃཿཐེབས། ལྟེ་མགྲིན་གསང་བར་ཧོཿཨཱཿཀྵཿཤེས་རབ་ཀྱིས་བསྲུང་། དེ་ནས་སློབ་མ་དཀྱིལ་འཁོར་བ་ལྟར་བཅུག་ལ་མིག་སྔར་ཅི་སྣང་དྲི། ཁ་དོག་གི་དབྱེ་བས་འཕྲིན་ལས་འགྲུབ་པ་གོ་བར་བྱ། དེ་ནས་རྡོ་རྗེ་གར་དང་བཅས་ཏེ་རྩ་སྔགས་སམ་ཡི་གེ་དྲུག་པ་བཟླ་ཞིང་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས། སློབ་དཔོན་གྱིས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་སོགས་ཀྱིས་བདེན་པའི་བྱིན་རླབས་བརྗོད། ཡི་གེ་གསུམ་གྱིས་ལན་བདུན་མངོན་པར་སྔགས་པའི་མེ་ཏོག་གི་སློབ་མའི་སྙིམ་པ་རྣམ་པར་དག་པར་བྱས་ཏེ་ལག་པའི་པདྨ་སྦྱར་བ་དག་གིས་དཀྱིལ་འཁོར་གྱི་ཕྱི་རོལ་རྒྱལ་བའི་བུམ་པའི་སྟེང་དུ་རྒྱལ་བ་ལྔའི་མཚན་མ་བཀོད་པའི་མཎྜྻལ་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་པས་དོར། མེ་ཏོག་གང་དུ་ལྷུང་བ་དེར་གནས་པའི་ལྷ་ཁྱོད་ཀྱི་རིགས་ཀྱི་ལྷར་འགྱུར་པ་སྟེ། དེའི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་བོ་ཞེས་མེ་ཏོག་བླངས་ཏེ་སློབ་མའི་མགོ་བོ་ལ། ཨོཾ་པྲ་ཏི་གྲི་ཧྶ་མི་མཾ་ས་ཏྭ་མཧཱ་བ་ལ་ཞེས་པས་གདགས། ཨོཾ་དི་བྱེནྡྲི་ཡཱཎྱངྒྷ་བ་ཡ་སྭཱ་ཧཱ་ཞེས་པས་མིག་དར་བཀྲོལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱེད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབ། །འགྲོ་བའི་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཀུན་གྱི་སྣོད་དུ་འགྱུར༑ །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་བགྱི། །དེ་ནས་རིགས་ཀྱི་ལྷ་དང་གཙོ་བོ་དང་པོར་བྱས་པའི་དཀྱིལ་འཁོར་གྱི་ལྷ་བསྟན་པར་བྱའོ། །འཇུག་པའོ༑ །དེ་ནས་དབང་བདུན་གྱི་དོན་དུ་སློབ་མས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་ཞེས་སོགས་ཀྱིས་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས་སློབ་མའི་ལག་པ་གཡོན་པ་ནས་བསྐྱོད་དེ་བྱང་སྐོར་དབང་སྟེགས་ལ་གཞག །སློབ་དཔོན་གཙོ་བོར་གསལ་བའི་སྙིང་ཀའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་ཀུན་ན་གནས་པའི་དེ་བཞིན་གཤེགས་པ་རིག་པའི་ལྷ་མོ་དང་བཅས་པ་རྣམས་སྤྱན་དྲངས་པ་ལ་མཆོད༑ སློབ་མ་ལ་དབང་བསྐུར་བའི་དོན་དུ། སངས་རྒྱས་རྣམས་ལ་རྡོར་འཆང་གིས། །དབང་བསྐུར་བཞིན་དུ་འགྲོ་བ་རྣམས། །བསྒྲལ་ཕྱིར་ཡོན་ཏན་འབྱུང་བའི་གནས། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། དེ་དག་ཆགས་པ་ཆེན་པོས་ཞུ། རྣམ་པར་སྣང་མཛད་ཀྱི་ལམ་ནས་ཞུགས་ནས་རྡོ་རྗེའི་ལམ་དུ་བྱུང་བའི་ཁུ་བ་སློབ་མ་ཡང་ལམ་དེ་ནས་ཞུགས་ནས་ལྷ་མོའི་པདྨ་གནས་པ་དབང་བསྐུར་བས་སྐད་ཅིག་གིས་སྐུ་རྡོ་རྗེ་ཤེས་རབ་དང་བཅས་པའི་གཟུགས་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པ་གྱུར་པ་ཕྱིར་ཐོན་ནས་བྱང་གི་དབང་སྟེགས་སུ་འདུག་པ་ལ༑ སྤྱན་མ་ལ་སོགས་པ་དབང་ལྷ་ནམ་མཁའི་ཁམས་གང་བར་གནས་པས་གདུགས་དང་རྒྱལ་མཚན་དང་ན་བཟའ་དང་སྒྲ་དང་གར་དང་གླུ་དང་གུར་ཀུམ་དང་ག་བུར་དང་མེ་ཏོག་ལ་སོགས་པའི་ཆར་དང་། བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་དཀར་པོ་ཕྱག་གིས་གཟུང་ནས་གཟུགས་རྡོ་རྗེ་མ་ལ་སོགས་པ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེ་ནི་དེང་ཁྱོད་དབང་ཕྱུག་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་དཀོན་མཆོག་གསུམ་གྱི་ཚིགས་བཅད་གསུམ་ཀའི་ཐ་མ། དེ་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག་ཅེས་སྦྱར་བས་དབང་བསྐུར། སླར་ཡང་སྤྱན་མ་ལ་སོགས་པའི་སྔགས་ཀྱི་བུམ་པ་ཐམས་ཅད་ནས་བསྡུས་པའི་ཆུ་རྣམ་རྒྱལ་ཆེན་པོར་འཁྱེར་ནས། གཙུག་ཏོར་དཔུང་ཚིགས་གཡས་གཡོན་དཔྱི་གཡས་གཡོན་དུ་རེག་ཅིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་སོགས་དང་། ཨོ་ཨཱ་ཨཱི་རཱི་ཨཱུ་ལཱྀ་པཉྩྨ་དྷཱ་ཏུ་བིཤོདྷ་ནི་སྭཱ་ཧཱ། ཞེས་པས་དབང་བསྐུར་ཞིང་ཁྲུས་བྱས་པས་ཁམས་ལྔ་ཡུམ་ལྔར་གྱུར་ཅིང་དབང་གི་ལྷ་རྣམས་དེ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། དེ་ནི་བྱིས་པ་སྐྱེས་མ་ཐག་མ་ཡིས་འཁྱུད་པ་དང་ཆོས་མཐུན། ཁམས་ལྔའི་དྲི་མ་འཁྲུད། ཡུམ་ལྔ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་སྒྲུབ་པ་ལ་དབང་༑ ཡུམ་ལྔའི་ས་བོན་གཞག །འབྲས་བུ་ས་དང་པོ་ཐོབ་པར་བྱེད་པ་ཆུའི་དབང་ངོ་། །ཡང་དབང་ལྷ་ནས་ཅོད་པན་ཕྱག་གིས་གཟུང་ནས་སྔར་གྱི་གནས་ལྔར་རེག་ཅིང་ཨོཾ་ཨ་ཨི་རྀ་ཨུ་ལྀ་པཉྩྨ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱ་ཧཱ་ཞེས་པས་དབང་བསྐུར། དངོས་སུ་ཅོད་པན་མགོ་བོར་བསྐོན། ཕུང་པོ་ལྔ་སངས་རྒྱས་ལྔར་གྱུར་ཅིང་དབང་གི་ལྷ་རྣམས་དེ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༑ དེ་ནི་བྱིས་པའི་གཙུག་ཕུད་གཞག་པ་དང་ཆོས་མཐུན། ཕུང་པོ་ལྔའི་དྲི་མ་འཁྲུད། སངས་རྒྱས་ལྔའི་དངོས་གྲུབ་བསྒྲུབ་པའི་བྱ་བ་ལ་དབང་། སངས་རྒྱས་ལྔའི་ས་བོན་གཞག་འབྲས་བུ་གཉིས་པ་ཐོབ་པར་བྱེད་པ་ཅོད་པན་གྱི་དབང་ངོ་། །དེ་ལྟར་བྱང་ཕྱོགས་སྐུའི་ཞལ་དུ་དབང་གཉིས་ཀྱི་མངལ་དུ་ཐོག་མར་ཁམས་དང་ཕུང་པོ་གྲུབ་པ་བཞིན་ལུས་ཀྱི་ཆོས་ཁམས་དང་ཕུང་པོ་སྦྱོང་བས་ལུས་ཀྱི་དྲི་མ་འཁྲུད་སྐུ་རྡོ་རྗེའི་དངོས་གྲུབ་སྒྲུབ་པ་ལ་དབང་། སྐུ་རྡོ་རྗེའི་ས་བོན་གཞག །ལུས་དག་པའི་འབྲས་བུ་ཐོབ་བོ། །དེ་ལྟར་ལུས་དག་ནས་གཡས་སྐོར་གྱིས་ལྷོ་སྒོར་གཞག །གསོལ་བ་གདབ་པ་ནས་གསུང་རྡོ་རྗེ་ཤེས་རབ་དང་བཅས་པའི་གཟུགས་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པར་གྱུར་པ་ཕྱིར་འཐོན་ནས་ལྷོའི་དབང་སྟེགས་སུ་འདུག་པ་ལ། སྣ་ཚོགས་ཡུམ་ལ་སོགས་པ་ནས༑ དར་དཔྱངས་ཕྱག་གིས་གཟུང་ནས་གནས་ལྔར་རེག་ཅིང་། ཨོཾ་ཨ་ཨཱ་ཨཾ་ཨ་ཧ་ཧཾ་ཧཾ་ཧཿཧོ་ཕྲེཾ་ད་ཤ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི་སྭཱ་ཧཱ། ཞེས་དབང་བསྐུར་བས་དངོས་སུ་དཔྲལ་བར་བཅིངས༑ རླུང་བཅུ་ནུས་མ་བཅུར་གྱུར་ཅིང་དབང་གི་ལྷྎ །དེ་བྱིས་པའི་རྣ་བ་འབུགས་ཤིང་རྒྱན་འདོགས་པ་དང་ཆོས་མཐུན། རླུང་བཅུའི་དྲི་མ་འཁྲུད། ནུས་མ་བཅུའི་དངོས་གྲུབ་སྒྲུབ་པ་ལ་དབང་༑ ཕར་ཕྱིན་བཅུའི་ས་བོན་འཇིག །འབྲས་བུ་ས་གསུམ་པ་ཐོབ་པར་བྱེད་པ་དར་དཔྱངས་ཀྱི་དབང་ངོ་། །གཙོ་བོ་ཡབ་ཡུམ་དཔག་ཏུ་མེད་པ་ནས་རྡོར་དྲིལ་ཕྱག་གིས་གཟུང་ནས་གནས་ལྔར་རེག་ཅིང་། ཨོཾ་ཧཱུྃ་ཧོ་སཱུརྻ་ཙནྡྲ་བི་ཤི་དྷ་ཀ་སྭཱ་ཧཱ། ཞེས་དབང་བསྐུར་སྤྱི་བོར་གཞག །སླར་དུང་ཆོས་ཀྱི་ཆུ་དབང་བཞིན་སྔགས་དང་བཅས་པས་དབང་བསྐུར་བར་བྱའོ། །རྩ་རོ་མ་གཙོ་བོ་བརྐྱང་མ་སྣ་ཚོགས་ཡུམ་དུ་གྱུར་ཅིང་དབང་གིྎ །དེ་ནི་བྱིས་པ་རྒོད་པ་དང་སྨྲ་བར་བྱེད་པ་དང་ཆོས་མཐུན། རྩ་རོ་རྐྱང་གི་དྲི་མ་འཁྲུད། གཙོ་བོ་ཡབ་ཡུམ་གྱི་དངོས་གྲུབ་ལ་དབང་། མི་འགྱུར་བའི་བདེ་བ་ཆེན་པོ་དང་སངས་རྒྱས་ཀྱི་གསུང་རྒྱུན་མི་འཆད་པའི་ནུས་པ་འཇོག །ཉི་ཟླ་གཅིག་ཏུ་དག་ཅིང་ས་བཞི་པ་ཐོབ་པར་བྱེད་པ་རྡོར་དྲིལ་གྱི་དབང་ངོ་། །དེ་ལྟར་ལྷོ་ཕྱོགས་གསུང་གི་ཞལ་དུ་དབང་གཉིས་ཀྱི་མངལ་དུ་རླུང་དང་རྩ་གྲུབ་པ་བཞིན། ངག་གི་ཆོས་རླུང་དང་རྩའི་དྲི་མ་སྦྱོང་བས་ངག་གི་དྲི་མ་འཁྲུད། གསུང་རྡོ་རྗེའི་བྱ་བ་ལ་དབང་། དེའི་ནུས་པ་འཇོག་ཅིང་ངག་དག་པའི་འབྲས་བུ་ཐོབ་བོ། །དེ་ནས་གཡས་སྐོར་གྱིས་ཤར་སྒོར་གཞག་ནས། གསོལ་བ་གདབ་པ་ནས་ཐུགས་རྡོ་རྗེ་ཤེས་རབ་དང་ནས་ཕྱིར་འཐོན་ཤར་གྱི་དབང་སྟེགས་ལ་འཁོད༑ ཀུན་ཏུ་བཟང་པོ་ལ་སོགས་པའི་སེམས་དཔའ་དང་སེམས་མ་ནས། རྡོ་རྗེའི་སོར་གདུབ་ཕྱག་གིས་གཟུང་ནས་གནས་ལྔར་རེག་ཅིང་། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་རང་བཞིན། །སྣ་ཚོགས་ཡུམ་གྱི་བདག་པོའི་མཆོག །ཨོཾ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨ་ལ་ཨཱ་ལ་བི་ཥ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་དབང་བསྐུར་བས་ལག་ཏུ་བྱིན། རྣ་བ་སོགས་སུ་མེ་ཏོག་བཀོད། དབང་ཡུལ་སེམས་དཔའ་སེམས་མར་གྱུར་ཅིང་དབང་། དེ་ནི་བྱིས་པ་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་དང་ཆོས་མཐུན། དབང་པོ་དང་ཡུལ་གྱི་དྲི་མ་འཁྲུད། སེམས་དཔའ་སེམས་མའི་དངོས་གྲུབ་བསྒྲུབ་ཅིང་རང་བཞིན་ཤེས་པའི་སྒོ་ནས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་ལ་དབངྎ །རྡོ་རྗེ་སྐྱེ་མཆེད་ཀྱི་ས་བོན་གཞག་འབྲས་བུ་ས་ལྔ་ཐོབ་པར་བྱེད་པ་བརཏལ་ཞུགས་ཀྱི་དབང་ངོ་། །རྡོ་རྗེ་གཙུག་ཏོར་ལ་སོགས་པ་ཁྲོ་བོ་ཁྲོ་མོ། གདུ་བུ་དང་རྐང་གདུབ་བམ་མེད་ན་མེ་ཏོག་གི་འཕྲེང་བ་ཕྱག་གིས་གཟུང་ནས་གནས་ལྔར་རེག་ཅིང་༑ ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུར་བྲ་བི་ཤཱ་ར་བིཾ་ཤུདྡྷ་སྭཱ་ཧཱ། ཞེས་པས་དབང་བསྐུར་བས་ལག་པ་དང་རྐང་པ་རྣམས་ལ་བཅིངས། སློབ་དཔོན་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ལ། ཆོས་གོས་ཀྱི་གྲྭ་གཟུང་བའི་ཁུ་ཚུར་གཡོན་པས་སྙིང་གར་གཟུང་ཞིང་གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས། སྲིད་པའི་ངན་འགྲོ་ལས་བཏོན་ཏེ། །སྲིད་པ་ཤིན་ཏུ་དག་པའི་ཕྱིར༑ །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གི་ཁྱོད་འདིར་ལུང་བསྟན་ཡིན། །ཀྱེ ཆེ་གེ་མོ་རྡོ་རྗེ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟཾ་བྷཱུ་ར་བྷུ་བཿསྭཿ མེ་ཏོག་ལྷུང་བའི་རིགས་ཀྱི་མིང་བསྟན་ཅིང་ལུང་བསྟན་པས། ལས་དབང་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོར་གྱུར་ཅིང་དབངྎ །དེ་ནི་བྱིས་པའི་མིང་བཏགས་པ་དང་ཆོས་མཐུན། ལས་དབང་བྱ་བ་དང་བཅས་པའི་དྲི་མ་འཁྲུད། ཁྲོ་བོ་ཁྲོ་མོའི་དངོས་གྲུབ་སྒྲུབ་པ་ལ་དབང་། བྱམས་སོགས་ཚད་མེད་བཞིས་བདུད་འཇོམས་པའི་ནུས་པ་བཞག །འབྲས་བུ་ས་དྲུག་པ་ཐོབ་པར་བྱེད་པ་མིང་གི་དབང་ངོ་། །དེ་ལྟར་ཤར་ཕྱོགས་ཐུགས་ཀྱི་ཞལ་དུ་དབང་གཉིས་ཐོབ་པས་མངལ་དུ་དབང་པོ་ལས་དབང་གྲུབ་པ་བཞིན། དབང་པོ་ཡུལ་ལ་འཇུག་པ་དང་ལས་དབང་བྱ་བ་ལ་འཇུག་པར་བྱེད་པའི་སེམས་ཀྱི་དྲི་མ་འཁྲུད། ཐུགས་རྡོ་རྗེའི་དངོས་གྲུབ་སྒྲུབ་པ་ལ་དབང་། དེའི་ནུས་པ་འཇོག་ཅིང་ཡིད་དག་པའི་འབྲས་བུ་ཐོབ་བོ། །དེ་ནས་གཡས་སྐོར་གྱིས་ནུབ་སྒོར་ཁྲིད་དབང་སྟེགས་ལ་གཞག །ཡེ་ཤེས་རྡོ་རྗེ་ཤེས་རབ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནམ་མཁའ། རིགས་ལྔའི་ཕྱག་མཚན་ཕྱག་ཏུ་གཟུང་ནས་གནས་ལྔར་རེག་ཅིང་། ཨོཾ་ཧཾཀྵཿདྷརྨ་ཙཀྲ་པྲ་ཝརྟ་ཀ་སྭཱ་ཧཱ༑ དྷརྨའི་གནས་སུ་བཛྭ། ཁངྒ། རཏྣ། ཙཀྲ། པདྨ་བཅུག་ནས་ལག་ཏུ་གཏད། ཡེ་ཤེས་ཀྱི་ཕུང་པོ་དང་རྣམ་ཤེས་ཀྱི་ཁམས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གྱུར་ཅིང་དབང་། སློབ་མ་གདན་ལ་གནས་པ་ལ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ། ཨོཾ་བཛྭ་ཧེ་ཏུ་མཾ་ཞེས་པས་རྐང་འོག་བྱིན། ཨཱཿལས་བྱུང་བའི་དུང་ཨོཾ་བཛྭ་བྷ་རཾ་གྱིས་ལག་པ་གཡས་སུ་གཏད། ཨཱཿལས་བྱུང་བའི་པོ་ཏི་ཨ་ཞེས་པ་གཡོན་དུ་གཏད། ཨཱཿལས་བྱུང་བའི་དྲིལ་བུ་ཨཱཿཞེས་པས་གཡོན་དུ་གཏད་དེ་དཀྲོལ་དུ་བཅུག །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །དཀོན་མཆོག་མཉམ་པ་ཉིད་དུ་གསལ། །རྟག་ཏུ་དེ་རིང་ནས་བརྩམས་ཏེ། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །ཆོས་ཀྱི་དུང་ནི་བླ་ན་མེད། །ཀུན་ནས་ཀུན་ཏུ་གང་བ་ཡིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྣ་ཚོགས་ཇི་ལྟར་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཤེས་རབ་ཐབས་ཀྱི་རང་བཞིན་དག །ཡིད་བཞིན་ནོར་བུ་ལྟར་མཐོ་བ། །སྐྱོན་མེད་དོགས་དང་བྲལ་བ་ཡིས། །ད་ནི་སེམས་ཅན་དོན་གྱིས་ཤིག །སློབ་མས་ཕྱག་བྱས་ཏེ༑ མངའ་བདག་གསུང་བ་དེ་ལྟར་བགྱིད། །ཅེས་པ་ནི་རྗེས་གནང་ངོ་། །བླ་མ་དང་ལྷའི་ཐུགས་ཀ་ནས་སྔགས་འཕྲེང་འབྱུང་སྟེ་སྙིང་ཀར་ཐིམ་པའི་མོས་པ་གྱིས། སྙིང་པོ་ཉེ་སྙིང་རྩ་སྔགས་ཕྲེང་སྔགས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་ཉེར་བར་མཛད་དུ་གསོལ། །ཅེས་རྡོ་རྗེ་དང་བཅས་པ་མགོ་བོར་གཞག །སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །ལན་གསུམ་གྱིས་བླང་ངོ་། །འདི་ནི་བགེགས་ཀྱི་བར་ཆད་མེད་པ་དང་། །ཞི་སོགས་ཀྱི་དངོས་གྲུབ་སྒྲུབ་པ་དང་། །དོན་དམ་པའི་སྔགས་ཀྱི་དངོས་གྲུབ་ཀྱི་ཞིང་དག་པར་བྱ་བ་སྔགས་ཀྱིས་སོ། །དེ་ནས་གསེར་རམ་དངུལ་ལས་བྱས་པའི་སྣོད་ནས་མར་དང་སྦྲང་རྩིའི་མིག་སྨན་གསེར་གྱི་ཐུར་མས་བླངས་ཏེ། སློབ་མའི་མིག་ཏུ་པྲཾ་བསམ་ལ་བྱུག་ཅིང་། ཨོཾ་བཛྭ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་སྲཱིཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར༑ །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་སེལ། །སྔགས་ཀྱི་ནུས་པ་ཐོབ་ནས་མི་ཤེས་པའི་ལིང་ཏོག་བསལ་བས་ལྷའི་མིག་གི་མངོན་ཤེས་བསྐྱེད་པའི་ཆེད་དོ། །མིག་སྨན་གྱིའོ། །ཨ་བཟླས་པའི་མེ་ལོང་བསྟན་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་༑ །དུས་འཁོར་མེ་ལོང་གནས་མཚུངས་པ། །དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས་ཀུན་གྱི་གཙོ་བོ་སྟེ། །བུ་ཁྱོད་སྙིང་ལ་ཡང་དག་གནས། །ཁྱོད་ལ་འདྲེན་པའི་སྤྱན་ལྡན་པས༑ །ངོ་བོ་མེད་ཅིང་གནས་མེད་པ། །འདི་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་བླ་མེད་བྱོས། །ལྷའི་མིག་ཐོབ་པ་དེས་ཀྱང་ཆོས་ཀྱི་དབྱིངས་སྟོང་པ་སྣ་ཚོགས་གཟུགས་བརྙན་བཞིན་དུ་བལྟ་ཞིང་ཤེས་པས་སེམས་ཅན་གྱི་དོན་བྱེད་དགོས་ཞེས་པའི་ཆེད་དུའོ། །མེ་ལོང་གིའོ། །དེ་ནས་ཧོཿལས་བྱུང་བའི་མདའ་གཞུ་ཧོཿཞེས་པས་བྱིན་ནས། ཨོཾ་སརྦ་ཏ་ཐཱ་ག་ཏཱཾ་ཨ་ནུ་རཱ་ག་ཡ་སྭ། ཞེས་བརྗོད། སློབ་མས་མདའ་བཀང་བཞིན་པས། ཨོཾ་སརྦ་ཏ་ཐཱ་ག་ཏཱཾ་ཨ་ནུ་རཱག་ཡ་མི། ཞེས་བརྗོད་ཅིང་བགེགས་ལ་འབུགས་པར་བསམ་ཞིང་ཕྱོགས་མཚམས་སྟེང་འོག་ཏུ་གཏད་དེ་འཕང་ངོ་། །དེ་འང་བདུད་བཞི་ལས་རྣམ་པར་ རྒྱལ་བའི་ཆོས་ཀྱི་དབྱིངས་ཤིན་ཏུ་ཕྲ་བའི་འབེན་ཕུག ་ཅིང་སངས་རྒྱས་པ་ན་ཡང་སེམས་ཅན་གྱི་དོན་ལ་རྗེས་སུ་ཆགས་པའི་ཆེད་དུའོ། །མདའ་གཞུའི་འོ། །དེ་ནས་སློབ་མ་ལ་ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བརྗོད་ཅིང་རྡོར་དྲིལ་གཏད་ལ། རྡོ་རྗེ་དྲིལ་བུ་རབ་ཏུ་བྱིན་ནས་རབ་མཆོག་སྙིང་རྗེ་དག་གིས་དག་པའི་ཆོས་ནི་བསྟན་པར་བྱ། །ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་འཕྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་འཕྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བརྟེན་པར་བྱ། །གདོལ་པ་མོ་སོགས་མཐའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། །ཞེས་དྲང་བ་དང་ངེས་པའི་དོན་གྱིས་ཕྱི་དང་ནང་གི་དམ་ཚིག་གི་རྣམ་པར་དག་པ་དང་། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོའི་དར་དབྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག་དང་བརཏལ་ཞུགས་དག་ཀྱང་ཡུལ་ཏེ་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། །སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་དག་དཀྱིལ་འཁོར་དུ་ནི་ཡང་དག་རབ་སྦྱིན་བྱ། །ཞེས་དབང་གི་རྣམ་པར་དག་པའོ༑ །དེ་དག་འདོགས་སོ། །དེ་ལྟར་ནུབ་ཕྱོགས་ཡེ་ཤེས་ཀྱི་ཞལ་དུ་རྗེས་གནང་འདོགས་དང་བཅས་པའི་དབང་ནི། བྱིས་པ་ལ་ཕ་ཡིས་ཀློག་ལ་སོགས་པ་བྱེད་པ་དང་ཆོས་མཐུན། བྱིས་པ་སྐྱེས་མ་ཐག་པ་ཡེ་ཤེས་ཀྱི་རླུང་རྒྱུ་བ་བཞིན། ཡེ་ཤེས་ཀྱི་དྲི་མ་འཁྲུད། ཡེ་ཤེས་རྡོ་རྗེའི་བྱ་བ་ལ་དབང་། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་གཞན་ལ་ཕན་པར་བྱེད་ལ་མི་འཕོ་བའི་བདེ་བ་རྗེས་སུ་རིག་པ་སྟེ་སྟོང་པ་ཉིད་སྟོང་པའི་ནུས་པ་བཞག །འབྲས་བུ་ས་བདུན་པ་ཐོབ་པར་བྱེད་དོ། །དེ་ལྟར་དཀྱིལ་འཁོར་བཞི་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བདུན་ཐོབ། བསྐྱེད་རིམ་བསྒོམ་པ་དང་༑ འོག་མིན་གྱི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་ལ་དབང་། བསོད་ནམས་ཀྱི་ཚོགས་ཀྱི་ནུས་པ་འཇོག །བསྐྱེད་རིམ་དང་འབྲེལ་བའི་སྤྱོད་པ་དང་གྲོལ་བ་སྟེར་བར་བྱེད༑ གསང་སྔགས་ཀྱི་དགེ་བསྙེན་དུ་གྱུར་ཏོ། །དེ་ནས་དབང་གི་རྒན་གཞོན་ཤེས་པར་བྱ་བའི་དུས་གོ་བར་བྱ་བ་ནི། འདིར་ལོ་ཆེ་གེ་མོ་དང་། རིགས་ལྡན་གྱི་རྒྱལ་པོ་ཆེ་གེ་མོ་ཆོས་སྟོན་པ་དང་༑ སྐར་མ་དང་། སྦྱོར་བ། བྱེད་པ་ཆེ་གེ་མོ་ལ། རྡོ་རྗེ་སློབ་དཔོན་ཆེ་གེ་མོ་བདག་གི་སློབ་མ་ཆེ་གེ་མོ་ཁྱེད་རྣམས་མཆོག་གི་དང་པོའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་དབང་བདུན་བསྐུར་ཏེ་འོག་མིན་གྱི་མཐར་ཐུག་པའི་དངོས་གྲུབ་བསྒྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཉིད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་སླད་དུ་བདག་གིས་ལུང་བསྟན་ཅིང་རྗེས་སུ་གནང་ངོ་། །ཞེས་བརྗོད་དོ། །དབང་བདུན་གྱི་ཆོ་ག་སྟེ། དེ་ཙམ་གྱིས་ཚིམ་པའི་སློབ་མ་ནི་ཡོན་བླང་ཞིང་མཇུག་ཆོག་རྣམས་བསྒྲུབ་བོ། །ད་ནི་སེམས་ཅན་གཞུག་པ་དང་། ལམ་ཡོངས་སུ་ཤེས་པ་དང་། རྒྱུད་མཉམ་པ་ལ་དབང་བའི་ཆེད་དུ་གོང་མ་ཆུང་ངུ་བསྐུར་ཏེ་རིམ་པ་འདིས་སོ། །རས་ཀྱི་ཡོལ་བ་ལ་སོགས་པས་དབེན་པར་བྱས་པའི་གནས་སུ་གཟུགས་དང་ལང་ཚོ་དང་ལྡན་པ་ལོ་བཅུ་གཅིག་པ་ནས་ཉི་ཤུའི་བར་རམ། དེ་མེད་ན་གཞན་ཕྱག་རྒྱ་མ་དབང་གིས་སྨིན་པ་ཞིག་དང་མཎྜྻལ་བླ་མ་ལ་ཕུལ་ཏེ། སྒྲིབ་པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེ་བ་རྫོགས། །ཡེ་ཤེས་སྐུ་ཁྱོད་ལ་འདུད་དོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང་། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་སོགས་བཅས་པ། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་སློབ་མ་ལ་མིག་དར་བཅིངས། བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་དང་ལྡན་པས། སློབ་མ་སྐུ་རྡོ་རྗེ་དང་༑ རིག་མ་ཐ་མལ་གྱི་རང་བཞིན་དག་པའི་ཡོངས་སུ་རྫོགས་པའི་ལྷ་མོ་གཟུགས་ཀྱི་སྒེག་པ་དང་ཆགས་པའི་བལྟ་བས་ནུ་མ་ལ་རེག་དུ་གཞུག་གོ །དེ་ནི་ལག་པས་འཁྱུད་པའི་དགའ་བ་ཉམས་སུ་མྱོང་བས་ཕྱི་རོལ་ཡུལ་སྣ་ཚོགས་པ་དམིགས་པའི་རྟོག་པ་རགས་པ་འགགས་ནས་དགའ་བའི་བདེ་བར་རང་རིག་པ་ནི། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །ཞེས་པའམ་རྒོད་པས་དགའ་བ་ཐོབ་པ་ཡོན་ཏན་གཉིས་ཀྱི་བདག་ཉིད་དག་པ་སྟེ། རྒོད་པས་དགའ་བ་ཐོབ་པ་ནི། །རྒོད་པ་དག་ལ་སློབ་དཔོན་ཉིད། །ཅེས་དེ་ལྟར་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། སད་པའི་གནས་སྐབས་ཀྱི་དྲི་མ་དག །བསྙེན་པའི་ཡན་ལག་ཉན་ཤེས་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ས་བོན་བཞག །འབྲས་བུ་ས་བརྒྱད་པ་ཐོབ་པར་བྱེད། གསང་སྔགས་ཀྱི་དགེ་ཚུལ་དུ་གྱུར་པ་ཡིན་ནོ། །བུམ་དབང་ངོ་། །དེ་ནས་སྔར་བཞིན་མཎྜྻལ་ཕུལ། གསོལ་བ་བཏབ། སློབ་དཔོན་གཙོ་བོའི་ང་རྒྱལ་དང་ལྡན་ཞིང་སློབ་མས་ཕུལ་བའི་ཕྱག་རྒྱ་མ་སྟོང་པའི་ངང་ལས་སྣ་ཚོགས་ཡུམ་དུ་བསྐྱེད། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་སྭ་བྷ་ཝ་ཨཱཏྨ་ཀཱོཧཾ། སྙིང་ཀའི་ས་བོན་གྱིས་སྤྱན་དྲངས་པའི་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པ་རྣམས་གཙུག་ཏོར་ནས་ཞུགས་བདེ་བ་ཆེན་པོར་ཞུ་བ་ཨ་བ་དྷཱུ་ཏཱི་ནས་སོང་སྟེ་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་དགའ་བ་བརྟེན་པར་བྱས་པདྨ་ནས་ཕྱུང་སྟེ་མཐེ་བོང་དང་མིང་མེད་ཀྱིས་བླངས་ནས། སྔོན་གྱི་སངས་རྒྱས་སྲས་རྣམས་ལ། །རྡོ་རྗེ་འཛིན་པས་དབང་བསྐུར་ལྟར། །བྱང་ཆུབ་སེམས་ནི་ཡིད་འོང་བས། །དེ་ལྟར་བུ་རྣམས་དབང་བསྐུར་རོ། །སྔར་བཞིན་ང་རྒྱལ་གྱིས་སྔགས་བརྗོད། སློབ་མས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཚོགས་པའི་བློས། ཀྱེ བདེ་བ་ཆེན་པོ་ཞེས་བརྗོད་ཅིང་འཐུང་ངོ་། །ཤེས་རབ་ཀྱིས་ཀྱང་གོས་དང་བྲལ་བས་ཐིག་ལེ་ཆུ་སྐྱེས་ན་གནས་པ་དེའི་ཁར་སྦྱིན་གདོང་གཡོགས་དཀྲོལ་ཕྱག་རྒྱའི་བྷ་ག་ལ་བལྟས་པས་འདོད་ཆགས་ཆེར་གཡོས་ཏེ་རྟོག་པ་ཕྲ་བས་ཕལ་ཆེར་འགགས་རྫས་དང་གནས་གསང་བ་ལས། མཆོག་དགའི་ཡེ་ཤེས་རང་རིག་པས་སམ། བལྟས་པས་དགའ་བ་ཐོབ་པ་ཡོན་ཏན་གསུམ་གྱི་བདག་ཉིད་དག་པ། གསང་བདག་ལས་རི་བོང་འཛིན་པ་མྱང་བ་དང་ནི་ལྟ་བ་དག་གིས་གསང་བའི་དབང་དུ་འགྱུར། །ཞེས་པ་དང་། བལྟ་བ་དགའ་བ་ཐོབ་པ་ནི། །ལྟ་བ་གསང་བ་དེ་བཞིན་ནོ། །དེ་ལྟར་གསང་བའི་དབང་པོའི་དཀྱིལ་འཁོར་དུ་གསང་དབང་ཐོབ། རྨི་ལམ་གྱི་གནས་སྐབས་ཀྱི་དྲི་མ་དག །ལམ་ཉེ་བར་བསྒྲུབ་པའི་ཡན་ལག་བསྒོམ་པ་ལ་དབང་། །གསུང་རྡོ་རྗེ་ལོངས་སྐུའི་ས་བོན་བཞག །འབྲས་བུ་ས་དགུ་པ་ཐོབ་པར་བྱེད། གསང་སྔགས་ཀྱི་དགེ་སློང་དུ་གྱུར་ཏོ། །གསང་དབང་ངོ་། །དེ་ནས་སློབ་མས་སྔར་བཞིན་མཎྜྻལ་ཕུལ། གསོལ་བ་བཏབ༑ མིག་དར་བླ་མས། ཇི་ལྟར་སྐལ་བ་ངན་པའི་སེམས་ཅན་འདི་ནི་སྒོམ་པ་སོགས་ལ་འདི་དབང་བ་དང་། རྒྱུད་མཉན་པའི་སླད་དུ་སྟེ་སེམས་ཅན་རྣམས་ལ་རྒྱུད་བསྟན་པ་དང་། དཀྱིལ་འཁོར་བྲི་བའི་སླད་དུ་ནི་མ་ཡིན་ནོ་ཞེས་བསམས་ནས། འདི་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་རྒྱལ་བ་དཔང་དུ་བྱས་ཤིང་། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་གནང་། །འཁོར་ལོའི་རིམ་པའི་རབ་སྦྱོར་གྱིས། །བདེ་བ་དམ་པ་མྱང་བར་བྱོས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་པ་བལྟ། །ཞེས་བརྗོད་ཅིང་གཏད། དེས་ཀྱང་ལུས་དྲི་ཞིམ་པོ་བྱུགས་གཅེར་བུ་བྱས་ནས་ཆུ་སྐྱེས་སློབ་མ་ལ་སྟོན་ཅིང་། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ཞིག་ཆོ་ག་བཞིན་བསྟེན་ན། །བདག་ནི་དེ་ཡི་མདུན་གནས་སོ། །རྫོགས་པའི་སངས་རྒྱས་མཉེས་བྱེད་སོགས། །ཇི་ལྟར་བྱ་བ་པདྨར་བགྱི། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ལ་ནི་རྟག་ཏུ་གནས། །བྷཉྫྱ་མོཀྵ་ཧོཿཞེས་བརྗོད། དེ་ནས་སློབ་མ་ཐུགས་རྡོ་རྗེ་དང་། རིག་མ་དེའི་ལྷ་མོར་བསྐྱེད། གནས་དྲུག་ཏུ་རིགས་དྲུག་གི་ས་བོན་བཀོད༑ རྡོ་རྗེ་པདྨ་བྱིན་གྱིས་བརླབ། རེག་པ་དང་ཙུམྦ་ན་ལ་སོགས་པ་སྔོན་དུ་འགྲོ་བས་སྙོམས་པར་འཇུག །ཨོཾ་ཤཱི་ཤཱི་ཤཱི་ཧ་ཧ་ཧ་སྭཱ་ཧཱ། སྔར་བཞིན་ང་རྒྱལ་གྱིས་སྔགས་བརྗོད། འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུས་བྱིན་གྱིས་བརླབས་ཤིང་བླ་མས་ཀྱང་ཡབ་ཡུམ་དཔག་མེད་སྤྱན་དྲངས་རོ་གཅིག་ཏུ་དེ་ལ་བསྟིམ། མན་ངག་ལས་དགའ་བ་བཞིའི་དབྱེ་བ་ཤེས་པར་བྱ་ནུས་པ་ཇི་ལྟ་བར་གཟུང་ལ་དལ་བུས་བཏང་སྟེ་ཆུ་སྐྱེས་ནས་བླང་ལ་བཏུང་ངོ་། །དེས་རྟོག་པ་མཐའ་དག་འགགས། དབང་པོ་གཉིས་ལ་སྐྱེས་པའི་འགྱུར་བའི་བདེ་བ་ཁྱད་པར་དགའ་བའི་ཡེ་ཤེས་རང་རིག་པའམ། ལག་བཅངས་ལས་དགའ་བ་ཐོབ་པ་ཡོན་ཏན་བཞིའི་བདག་ཉིད་ཀྱང་། ལག་བཅངས་དགའ་བ་ཐོབ་པ་ནི། །ལག་བཅངས་དག་ལ་ཤེས་རབ་ཉིད། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་གསུམ་པ་ཐོབ། གཉིད་འཐུག་གི་དྲི་མ་དག །ལམ་བསྒྲུབ་པའི་ཡན་ལག་ལ་དབང་། ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་ས་བོན་བཞག །ས་བཅུ་པ་ཐོབ༑ གསང་སྔགས་ཀྱི་གནས་བརྟན་རྒན་པོར་གྱུར་པ་ཡིན་ནོ། །དབང་གསུམ་པའོ། །དེ་ནས་མཎྜྻལ་གསོལ་བཏབ་བྱས་ནས། སློབ་མ་ཡེ་ཤེས་རྡོ་རྗེར་བསྐྱེད་ལ། ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་བདེ་བ་རྟོགས་པ་བཞི་པའོ་ཞེས་གསུངས་པས་དབང་གསུམ་པའི་དུས་སུ་ཁྱད་པར་གྱི་དགའ་བ་ཉམས་སུ་མྱོང་བའི་མཐར་ཐིག་ལེ་འཛག་པ་གསུམ་གྱི་རྗེས་སུ་བྱང་སེམས་རྡོ་རྗེ་ནོར་བུའི་རྩེར་རྒྱས་ཏེ་ཕྱིར་མ་ཟགས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཆ་བཅུ་དྲུག་ཡོངས་སུ་རྫོགས་པའི་བདེ་བ་ཆེན་པོ་ནི་དབང་བཞི་པ་ཡིན་ལ། དེ་ཉིད་གཉིས་གཉིས་འཁྱུད་པ་ལས་བདེ་བ་ཐོབ་པ་ཡོན་ཏན་ལྔ་དག་པ་སྟེ། གཉིས་གཉིས་ཕྲད་པས་བདེ་ཐོབ་པ། །གཉིས་གཉིས་འཁྱུད་པས་དེ་བཞིན་ཉིད། །དེ་ལྟར་དབང་ནི་རྣམ་པ་བཞི། །ཞེས་སོ། །དེ་ལྟར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། བཞི་པའི་དྲི་མ་དག །ལམ་བསྒྲུབ་པ་ཆེན་པོ་ལ་དབང་། ཡེ་ཤེས་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྐུའི་ས་བོན་བཞག །འབྲས་བུ་ས་བཅུ་གཉིས་པ་ཐོབ་བོ། །འཇིག་རྟེན་ཀུན་རྫོབ་ཀྱི་དབང་ངོ་། །ད་ནི་རྡོ་རྗེ་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་སྟོན་པ་པོ་བྱེད་པའི་གོང་མ་ཆེན་པོའི་འམ། གོང་མའི་ཡང་གོང་མའི་དབང་བརྗོད་པར་བྱ་སྟེ། དབང་གོང་མའི་དོན་དུ་ཕྱག་རྒྱ་བཅུ་ཕུལ། སློབ་དཔོན་གྱི་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབ་པ། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་མཉམ་པའི་སའི་ཆར་དགེ་སློང་ལ་ཁྲུ་བཞི་པ་ལ་རབ་ལྔའི་རེ་ཁཱ་བྱས་ནས། དེའི་དབུས་སུ་ཤིང་སྟན་གྱི་སྟེང་དུ་ཁྲུ་གཉིས་པའི་པད་འདབ་བརྒྱད་ལ་དགེ་སློང་། དགེ་ཚུལ་ལ་ཁྲུ་གཉིས་པའི་པད་འདབ་རེ་ཁཱ་མེད་པ། ཁྱིམ་པ་ལ་བ་ལྕིས་བྱུགས་པ་ཁྲུ་གསུམ་པ་ཤིང་སྟན་ཡང་མེད་པ་ཕལ་པའི་སྟན་ལ་རིམ་པ་བཞིན་བཀོད་པ། སྔ་མ་ལ་བུ་མོ་བུ་མ་སྐྱེས་པ་མཛེས་མ་བརྒྱད་དང་། གཞོན་ནུ་མ་གཉིས་ཀྱིས་བུམ་པ་བརྒྱད་པ་དང་རྣམ་རྒྱལ་གཉིས་ཐེགས་ལ་སྔར་བཞིན་དབང་བསྐུར་བའི་ཁྲུས་བྱས། གཉིས་པ་བུ་མོ་བཞི་དང་གཞོན་ནུ་མ་གཉིས། བུམ་པ་བཞི་དང་རྣམ་རྒྱལ། ཐ་མལ་བུ་མོ་གཅིག་དང་། གཞོན་ནུ་མ་གཅིག །བུམ་པ་གཅིག་དང་རྣམ་རྒྱལ་གྱིས་སོ། །དེ་ནས། ཀྱེ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་བོ། །ད་ནི་བདག་གིས་ཅི་ཞིག་བགྱི། ཞེས་ཞུ་ཞིང་སློབ་དཔོན་གྱིས་ལན་ཕྱག་རྒྱ་བཅུའི་ནང་ནས་རང་གི་ཆུང་མ་འདི་གཟུང་ནས་དེ་དང་ལྷན་ཅིག་ཏུ་བདག་ལ་གསོལ་བ་གདབ་པ་ཐོབ་ཅིག །ཅེས་བཀའ་སྩལ་སྦྱིན་ཏོ། །དེ་ནས་ཁྱིམ་པས་རང་གི་ཆུང་མ་དང་། རབ་བྱུང་གིས་གཏུམ་མོ་དང་ལྷན་ཅིག་གསེར་གྱི་མཎྜྻལ་བྱས་ནས་གོང་ཆུང་ལྟར་གསོལ་བ་བཏབ། དབང་བསྐུར་བ་ལ་ཁྱིམ་པ་ལ་ཆུང་མ། རབ་བྱུང་ལ་གཡུང་མོ་སྒྲ་རྡོ་རྗེ་མར་བསྐྱེད་པ། རྒྱན་ཐམས་ཅད་བཀྲོལ་ཞིང་གཅེར་བུ་བྱས་ནས་སྔར་ལྟར་རེག་ཅིང་འཁྱུད་དུ་བཅུག །དེ་ནས་ཤར་དུ་ལོ་བཅུ་གཉིས་ལ་སྒྲོལ་མ། ལྷོར་བཅུ་གཉིས་མ་གོས་དཀར་མོ། བྱང་དུ་བཅུ་གསུམ་མ་མཱ་མ་ཀཱི། ནུབ་ཏུ་བཅུ་བཞི་མ་སྤྱན་མ༑ མེར་བཅུ་དྲུག་མ་རེག་བྱ་རྡོ་རྗེ་མ། སྲིན་པོར་བཅུ་བདུན་མ་རོ་རྡོ་རྗེ་མ། དབང་ལྡན་དུ་བཅོ་བརྒྱད་མ་གཟུགས་རྡོ་རྗེ་མ། རླུང་དུ་བཅུ་དགུ་མ་དྲི་རྡོ་རྗེ་མ་སྟེ་རྣལ་འབྱོར་མའི་འཁོར་ལོ་གཅེར་མོ་སྐྲ་གྲོལ་བ། ཕྱག་ན་གྲི་གུག་དང་ཐོད་པ་ཅན་བཀོད་པ་རིམ་པ་བཞིན་གཏད་སྟེ་ནུ་མ་ལ་རེག་དུ་བཅུག །དེ་ནི་བུམ་པའི་དབང་ལ་བླ་མ་ལས་སློབ་མ་ཆུང་མའོ་ཞེས་གསུངས་པ། དབང་བསྐུར་བས་བླ་མ་ལས་སློབ་མ་ཆུང་མ་སྟེ། གསང་དབང་གི་སྣོད་དུ་རུང་ཞིག་གསང་སྔགས་ཀྱི་ཀུན་སྤྱོད་ལ་མི་དད་པ་མི་སྐྱེ་བའི་དག་པ་བྱའོ། །གསང་དབང་ལ་ཟླ་མཚན་དང་ལྡན་པ་ལ་བླ་མས་སྤྱོད་པ་ཙམ་དང་། དབང་གསུམ་པ་ལ་དགེ་སློང་བཅུ། དགེ་ཚུལ་དྲུག །ཁྱིམ་པ་ལ་རང་གི་ཆུང་མ་གཅིག་པུ་གཏད་དེ་མཚན་མོ་ཕྱེད་ནས་ཆུ་ཚོད་གཉིས་ན་སྐྱ་རེངས་འཆར་བ་དེ་ཙམ་དུ་སྙོམས་པ་འཇུག་ཏུ་བཅུག་ཅིང་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པར་སྡོམ་པ་ཙམ་ལས་ཆོག་གཞན་སློབ་མ་གཞུག་པའི་དབང་གསུམ་ཇི་ལྟ་བའོ། །དེ་ནས་ཚོགས་དཀྱིལ་བསྡུས་བླ་མས་སློབ་མར་ཁྱད་པར་དགའ་བའི་མཐར་ལྷན་ཅིག་སྐྱེས་པའི་སྐད་ཅིག་བདག་གིས་བརྗོད་པ་གང་ཡིན་པ་དེ་དང་། ཐིག་ལེ་གསུམ་གྱིས་མཐར་གང་ཡིན་པ་དེ་ནི་དོན་དམ་པར་མི་འགྱུར་ཏེ། དེ་ནི་ཀུན་རྫོབ་དང་པོའི་དོན་གྱི་དབང་ཡིན་ནོ། །དོན་དམ་པར་ནི་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་འཕོ་བ་མེད་པའོ། །དེས་ན་བདེ་བ་ཆེན་པོ་འདི་ནི་ཁྱོད་ཀྱིས་བསྲུང་བར་བྱའོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལས། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང་། །བདེ་བ་ཆེན་པོ་བྱང་ཆུབ་སེམས། །བརཏལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིངྒ་རབ་གཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །བསྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད༑ །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ནི་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་སྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནས། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། གལ་ཏེ་ཁྱོད་བསྲུང་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་རྫོགས་བྱང་ཆུབ་ཐོབ་འགྱུར། །ཅི་སྟེ་ཆགས་པས་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླངས་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་དུ་འགྲོ་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྷུང་འགྱུར༑ དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པདྨའི་ཕྱི་རོལ་རང་ལྕེས་བླང་། །ཞེས་བཤད་ནས། རྡོ་རྗེ་སློབ་དཔོན་བདག་པོའི་སླད་དུ་དབང་བསྐུར་བ་ནི། ཀྱེ་དཔལ་ལྡན་བླ་མ་ཁྱེད་ཀྱི་བཀའ་དྲིན་ལས་ད་ནི་བདག་གིས་བདེ་བར་གཤེགས་པའི་ལམ་ཐམས་ཅད་ཤེས་སོ། །ཞེས་ཞུས་ནས། དུས་འདི་ནས་བརྩམས་ཏེ། ཁྱོད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤངས་ནས་བླ་མ་གཞན་བསྟེན་པར་མི་བགྱིའོ། །ཞེས་དམ་བཅས་པའི་སློབ་མ་སྔར་བཞིན་གདན་དང་ཁྲུས། དགེ་སློང་ལ་ཅོད་པན། དགེ་ཚུལ་ལ་དར་དཔྱངས། ཁྱིམ་པ་ལ་རྡོ་རྗེའི་སོར་གདུབ་བཅིང་། གདུག་པ་སྡིགས་པར་བྱེད་པའི་མཆོག །གང་གིས་ངུར་སྨིག་མཐོང་བ་ཡིས། །ལྷ་མིན་ས་ཡི་འོག་ཏུ་འགྲོ། །དགེ་སློང་རྡོ་རྗེ་འཛིན་པ་བྱ། །དེ་ནས་སྐུ་གསུང་ཐུགས་རྡོ་རྗེར་བྱེད་པའི་སླད་དུ་རྡོ་རྗེའི་སྐུའི་ཕྱག་རྒྱ་སྟེ། དེ་ནས་རྡོ་རྗེ་མཆོད་ཕྱིར་ཐོགས་གསེར་གྱི་རང་བཞིན་ནམ་སྐུད་པའི་བདག་ཉིད་ཚངས་པར་བྱེད་པའི་སླད་དུ་དབྱངས་སུམ་ཅུ་བརྗོད་པས་བྱིན་ནོ༑ །ནགས་རིན་དར་དཔྱངས་གསུང་། གཙུག་རྒྱན་ཐུགས་ཞེས་པ་ལྟར་རམ། བུ་སྟོན། མེ་ཏོག་གང་ལ་ཕོག་པའི་ཕྱག་མཚན་དེ་ཉིད་ཀྱིས་སྔགས་བརྗོད་དེ་བྱིན་པ་དབང་ཕྱུག་ཆེན་པོ་བྱེད་པའི་སླད་དུའོ། །ཕྱག་རྒྱ་དྲུག་འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པ་སོགས་ཀྱིས་དང་། ཅོད་པན་དང་དར་དཔྱངས། གཙུག་ཕུད་ཕུད་བུ་ལྕང་ལོ་ཅན་སོགས་ཀྱི་ཤློ་ཀ་གཅིག་གིས་བྱིན་པ་ཁྱབ་འཇུག་ཆེན་པོ་བྱེད་པའི་སླད་དུའོ། །དེ་ནས་སྐུ་གསུང་ཐུགས་རྡོ་རྗེའི་ང་རྒྱལ་གཟུང་ནས། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །རྒྱལ་པོ་ཐུགས་ཀྱི་རྡོ་རྗེ་འཛིན། །དེ་ཡང་ཁྱབ་འཇུག་རྫུ་འཕྲུལ་ཆེ། །ཞེས་བརྗོད་པས་སོ། །དེ་ནས་སྔར་བཞིན་ལུང་བསྟན་པ་དང་། ཤར་གྱི་སྒོ་རུ་སློབ་མའི་སྟེང་དུ་གདུགས་གཟུང་ལ་གཡས་སུ་སྐོར་བ་བྱེད་བཞིན་པས་དཀྱིལ་འཁོར་གྱི་སྒོར་གདུགས་དང་བཅས་པས་མཆོད་པ་ལ། སློབ་མ་འདི་ནི་ཁྱེད་ལ་གཏད། །རྒྱུད་ནི་འཛིན་པ་པོ་རུ་མཛོད། །ཅེས་དཀྱིལ་འཁོར་གྱི་གཙོ་བོ་ལ་གསོལ་བ་བཏབ། གདུགས་གཞན་དུ་གཞག་ནས༑ ད་ནི་ཁྱོད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱང་ནི་བཞེད་པ་ཡིན། །སེམས་ཅན་རྣམས་ལ་བརྩེ་དོན་དུ། །དཀྱིལ་འཁོར་ཆོ་ག་བཞིན་དུ་གྱིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། །མཐོང་བ་དང་ནི་ཞུགས་པ་ཡི། །སྲིད་པ་ཀུན་ལས་ངེས་གྲོལ་བ། །ཁྱེད་རྣམས་དེ་རིང་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་ལྡོག་པ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་ཏེ། །ཁམས་གསུམ་རྒྱལ་སྲིད་ཆེན་པོ་ཡི། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བ། །ཁྱོད་ཀྱི་ནམ་ཡང་མ་བྱེད་ཅིག །འདོད་པ་ཀུན་ལ་ཉེར་སྤྱོད་པས༑ །གང་ལའང་འཇིགས་མེད་རོལ་བ་ཉིད། །ཤ་ལྔ་བདུད་རྩི་ལྔ་བཟའ་བ། །འདི་ལས་གཞན་ཡང་དམ་ཚིག་བསྲུང་། །སྲོག་ཆགས་གསད་པར་མི་བྱ་ཞིང་། །བུད་མེད་དེ་བཞིན་ཡོངས་མི་སྤང་། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མི་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །གཞན་ཡང་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྟག་ཏུ་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་རོ། །ཞེས་དང་། དྲི་མེད་འོད་ལས། དེ་ལྟར་དུས་ཀྱི་འཁོར་ལོའི་དབང་བསྐུར་བ་ནི། རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ལ་དབང་བསྐུར་བར་འགྱུར་ཞིང་རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང་། སྔགས་ཐམས་ཅད་ཀྱི་རྗེས་སུ་གནང་བ་པོ་དང་། དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོ་དེ་དུས་ཀྱི་འཁོར་ལོ་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང་། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་པས་དབུགས་དབྱུང་། དེ་ནས་སློབ་མ་དགའ་བས། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུ་ཡོད། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་འགྱུར། །ཞེས་བརྗོད། མིག་ཐུར་དང་༑ མེ་ལོང་དང་། ཆོས་བཤད་པ་དང་། རིགས་ལྔའི་ཕྱག་མཚན་གྱི་འཕྲིན་ལས་དང་། སློབ་དཔོན་གྱི་ལས་རྣམས་ཀྱི་རྗེས་སུ་གནང་བ་སྔར་བཞིན་བྱའོ། །དེ་ནས་ཡོན་ཕུལ་ཚོགས་རྣམས་ཨོཾ་བཛྭ་ཀྲོ་དྷ་ཤྭ་རི་སརྦ་དྲ་བྱ་ཎཱི་བི་ཤོ་དྷ་ཡ་ཧཱུྃ་ཕཊ྄྄། ཞེས་བྱིན་གྱིས་བརླབས་པའི་བདུད་རྩི་འཐོར་བས་བསངས་གཏོར་བྱས་བདུད་རྩི་བྱིན་གྱིས་བརླབས། དེ་ལྟར་སྲིན་ལག་གིས་བླངས་ནས་གྲུ་གསུམ་པའི་དབུས་སུ་མཎྜྻལ་ཟླུམ་པོར་བྱས་ལ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ན་མཿམཆོད་པ་ལ་སོགས་པའི་སྔགས་ཚིག་གིས་དབུལ་ལོ། །སྡིག་བཤགས་སོགས་བྱས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་གཤེགས་སུ་གསོལ། དེ་ནས་གཏོར་མ་བཏང་ངོ་། །ཨོཾ་ཧཱ་རིཏཱི་པཎྜྻི་ཀ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་དཱུ་ཏཱི་ཀཱི་ཨ་གྲ་གྲ་སཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་འཕྲོག་མ་དང་ཕོ་ཉ་དག་ལ་ཆང་བུ་དང་། ཕུད་ཡི་གེ་གསུམ་གྱིས་མངོན་པར་བསྔགས་པ་ས་ལ་གཞག་པས་སྦྱིན་ནོ། །དེ་ནས་ཡོན་བདག་གིས་མཎྜྻལ་ཕུལ་ལ་ཅི་བདེ་བར་གསོལ་བར་ཞུ་ཞེས་བརྗོད་ཅིང་། ལས་ཀྱི་རྡོ་རྗེ་གུས་པར་སློབ་དཔོན་ལ་པདྨའི་ཕྱག་གི་བདུད་རྩི། གཟིགས་ཤིག་མཛེས་པ་སོགས་ཀྱིས་དྲངས། ངེས་ཀྱང་པདྨའི་ལག་ཀོར་སྔོན་དུ་འགྲོ་བའི་བ་དན་གསུམ་པའི་ཕྱག་རྒྱ་དང་། བདེ་གཤེགས་ཆོས་ལ་སོགས་ཀྱི་བླངས་ཤིང་། སློབ་དཔོན་ལ་ཐམས་ཅད་ཉིས་འགྱུར། ཐམས་ཅད་ཀྱིས་ལེགས་པར་ཟོས་ནས་རྡོ་རྗེའི་གླུ་གར་མཐར་མེ་ཐུན་རང་རིགས་དང་ལྷན་ཅིག་སྤྱོད་པར་བྱའོ༑ །དེ་ནས་ལྷག་མ་བསྡུས་ལ་ཡི་གེ་གསུམ་གྱིས་བསྔགས་ཤིང་ཁ་ཕྲུ་བཏབ་ནས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལིཾ་བྷཀྵ་བྷཀྵ་སྭཱ་ཧཱ། ལྷག་མའི་གཏོར་མ་མར་མེ་དང་བཅས་ཕྱིར་གཏོང་དུ་གཞུག་གོ །དེ་ནས་བསོད་ནམས་བསྔོ་བ་བྱས་ཏེ་སྙིང་རྗེས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་དཀྱིལ་འཁོར་བ་མཆོད། སློབ་དཔོན་རྡོར་དྲིལ་འཛིན་པས་བདག་བསྐྱེད་བཞིན་དུ་ཡེ་ཤེས་པ་བསྡུས༑ བུམ་པའི་གོས་ཟུང་བསྲུང་བའི་གཞོན་ནུ་མ་ལ་བྱིན། ཁ་རྒྱན་ནམ་རང་གི་ལག་པས་སམ་རྡོ་རྗེས་ཚངས་པའི་ཐིག་གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོའི་བར་དུ་གཤེགས། རྡུལ་ཚོན་ཅུང་ཟད་སྤྱི་བོར་བཀོད། ལྷག་མ་འཕྱག་ས་བུམ་པར་བླུག་ཆུ་བོ་ཆེན་པོར་དོར། བུམ་པ་ཆུས་བཀང་དཀྱིལ་འཁོར་གྱི་ཁང་པར་འོངས་ཏེ་གཏོར་བ་ལང་གི་ལྕི་བ་ལ་སོགས་པས་ཀྱང་བྱུག་གོ །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་དུས་འཁོར་ཞབས་ཆུང་བའི་ཡིད་འོང་འཕྲེང་བའི་ཆིངས་ལ། ས་དྷཱུ་པུ་ཏྲའི་དཀྱིལ་འཁོར་ཚོགས་བརྒྱན་ཅིང་། དྲི་མེད་འོད་དང་། རྗེ་བཙུན་ནཱ་རོའི་འགྲེལ་པ་དང་མཐུན་པར་དངོས་གྲུབ་འབྱུང་བའི་ཁུངས་འདི་པདྨ་དཀར་པོས་རྒྱལ་བྱེད་ཚལ་དུ་སྦྱར་བ་ཡིན་ནོ། །འདིས་དང་པོའི་སངས་རྒྱས་ཀྱི་རྒྱུད་དར་རྒྱས་སུ་གྱུར་ཅིག །རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཤད་ཟིན་ལ། རལ་གྲིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་གུང་མོ་དང་མཛུབ་མོ་བསྒྲེང་། རིན་པོ་ཆེའི་ཕྱག་རྒྱ་ནི་སོར་མོ་ལྔ་སྦྱར་ཏེ་གུང་མོ་དབུས་ནས་སྟེང་དུ་ཅུང་ཟད་ཕྱུང་བ༑ འཁོར་ལོའི་ཕྱག་རྒྱ་ནི། སོར་མོ་རྣམས་འཁོར་ལོའི་རྩིབས་ལྟར་རྣམ་པར་བརྐྱང་བ། པདྨའི་ཕྱག་རྒྱ་ནི་མཐེ་བོང་དང་མཐེའུ་ཆུང་སྦྱར་ལྷག་མ་རྣམས་བརྐྱང་བ། གྲི་གུག་ཁུ་ཚུར་བཅས་མཐེའུ་ཆུང་བསྒྲེང་བ། ཁྱིའི་ཕྱག་རྒྱ་ཁུ་ཚུར་བཅས་མཐེའུ་ཆུང་སྦྲེལ་བཞིན་པས་བསྐོར་བ། སྟང་སྟབས་ལས་གཡས་བརྐྱང་ནི། རྐང་པ་གཡོན་བསྐུམ་སྟེ་གཡས་པ་དེ་ལས་མཐོ་ལྔ་རུ་བརྐྱང་བ་དྲང་པོར་གནས་པ། དེ་ལས་བཟློག་པ་གཡོན་བརྐྱང་། རྐང་པ་གཉིས་ཀྱི་སོར་མོ་རྣམས་མཉམ་པར་གནས་པ་མཉམ་པའི་འདུག་སྟངས། རྐང་པ་གཉིས་ཀྱི་བར་ལ་སོར་མོ་ཉི་ཤུ་རྩ་དྲུག་དང་ལྡན་པས་པུས་མོ་ཡ་གཅིག་གྱེན་དུ་ཅུང་ཟད་བཀན་པར་རོལ་པ། རྐང་པ་གཉིས་ཀྱི་བར་ལ་སོར་ཉེར་བཞི་ལྡན་པས་པུས་མོ་གཉིས་རྒྱབ་ཏུ་ཅུང་ཟད་བཀན་པས་ས་གའོ། །དེ་ལ་ངང་པའི་གཤོག་པ་ལྟར་བྱས་ཏེ་བར་ལ་ཁྲུ་དོ་པ་ཟླུམ་པོ། ཀཎྜྻ་པ་ཞེས་པ་གར་སྟབས་སོ།། །


previousདུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་འབྱུང་བའི་ཁུངས།no next