Nitartha Digital Library
Tibetan
 
no previousམཆོག་གི་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད།next

མཆོག་གི་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད།

མཆོག་གི་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ཅེས་བྱ་བ་བཞུགས་སོ། །མཆོག་གི་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ཅེས་བྱ་བ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཀུན་ལ་ངག་གི་འདོད་འཇོའི་སླད། །དཔལ་ལྡན་རྒྱུད་དོན་ནོར་བུའི་སྡེས། །བདག་བློའི་གན་མཛོད་འགེངས་བརྩོན་པ། །ཐར་པའི་དེད་དཔོན་རྣམས་ལ་འདུད། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སེང་ཁྲིའི་དགུང་ན་ཐམས་ཅད་གཟིགས་པ་ཡེ་ཤེས་ཐིག་ལེ་དྭངས་པའི་མཐར། །ཐམས་ཅད་སྐད་དུ་དམ་པའི་ཆོས་ཀྱིས་ཉིན་མོར་བྱེད་པས་མ་ལུས་སྙིང་ལ་རྨོངས་པའི་མུན་པ་དགག་པ་དང་། །ལྷ་དང་མི་ཡི་མགོ་བོས་པདྨ་རྟག་ཏུ་བཏུད་ལ་དངོས་པོ་ཀུན་འཛིན་སྒྱུ་འཕྲུལ་འོད་ཀྱི་སྤྱན་རྒྱས་པ། །རྒྱལ་རིགས་རྒྱ་མཚོའི་སྙིང་པོར་འཁྲུངས་པ་དང་པོའི་སངས་རྒྱས་སྨྲ་བའི་ཉི་མ་མཆོག་གིས་བདག་ལ་བདེ་ལེགས་མཛོད། །རྒྱལ་བའི་ནུས་པ་མཁྱེན་དང་བརྩེ། །ཟླ་བཟང་གྲགས་པ་པད་དཀར་འཛིན། །ཁྲོ་བོ་བཅུ་དང་སེམས་དཔའ་ལས། །བདེ་འབྱུང་བདག་པོ་རྣམས་ལ་འདུད། །ཙི་ལུ་དུས་ཞབས་ནཱ་རོ་སོགས། །མུ་སྟེགས་དགྲར་བྱོན་འཕགས་ཡུལ་པ། །བོད་འབངས་མིག་གྱུར་བླ་མའི་སྡེ། །གནས་འདིར་བཀའ་དྲིན་ཅན་རྣམས་རྒྱལ། །ལྟ་བའི་རི་བོ་རྩེ་མཐོ་ཀུན་བསྙིལ་བ། །ཀཱ་ལ་ཙཀྲ་རྡོ་རྗེའི་ཤུགས་ཆེན་པོ། །གསང་བའི་བདག་པོའི་ཕྱག་མིན་རྙེད་དཀའ་དེ། །ཐུབ་ཐུགས་གཞལ་བྱར་འོངས་ལས་དེང་འདིར་ལོན། །གང་དེ་ཐོས་བསམ་བསྒོམ་པས་མཆོད་གྱུར་ན། །ཀུན་རིག་མྱུར་སྩོལ་བསམ་འཕེལ་འདི་ཀ་ཞེས། །རྒྱལ་བའི་ཐུགས་རྗེའི་སྒྲ་སྐད་གཏམ་གྱི་ཕུལ། །མ་ལིའི་དོག་གསར་འདྲ་ལ་སུ་མི་གུས། །དབྱངས་ཅན་རྒྱུད་ལ་ཞུགས་པའི་བསམ་མནོའི་ཚོགས། །མཐའ་ཡས་ཚིག་གི་བརྟེན་པའི་ངོ་མཚར་ཆེ། །ལེགས་བཤད་ཟློས་གར་འདི་ན་དངོམ་པས་གར། །ལྔ་བརྒྱའི་འཇིག་རྟེན་ཀུན་ཏུ་དགའ་བ་ཡིན། །དེ་ཕྱིར་འབད་པའི་ཚད་གདུང་འདི། །དུས་འཁོར་གསེར་གྱི་པདྨོའི་བཅུད། །སྐལ་བཟང་སྦྲང་རྩིའི་བུ་མྱང་བའི། །ཐུབ་བསྟན་དཔྱིད་ཀ་རྒྱས་ཕྱིར་རྩོམ། །སེམས་ཀྱི་རྡོ་རྗེ་རྙོག་བཅས་རྙོག་མེད་ལས། །ཕྱི་དང་ནང་དང་གཞན་པའི་ཆོས་ཀྱི་སྒོ། །བདེན་པ་གཉིས་ལ་གནས་པས་ཕྱེད་མཐོང་ནས། །མངོན་པར་བརྗོད་འདི་ལྡེ་མིག་ལྟ་བུར་གཏད། །འདིར་གང་བཤད་པར་བྱ་ན་དཔལ་མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད། གང་གིས་འཆད་པར་བྱེད་པ་ནི་བསྡུས་པའི་རྒྱུད། ཚུལ་ཇི་ལྟར་འཆད་པ་ནི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཇི་ལྟ་བ་བཞིན་གྱིས་སོ། །དེ་ལ་དམ་པའི་ལམ་ངེས་པའི་མདོར་བསྡུས་བསྡུས་དོན་དང་། མདོར་བསྡུས་གཞན་སོ་གཉིས་ཚིག་དོན་དུ་བཤད་པ་གཉིས། དང་པོ་ལ། བཤད་པ་ལ་འཇུག་པ་དང་། ཞུགས་པའི་མདོར་བསྡུས་དངོས་གཉིས། དང་པོ་ལ། རྩ་བའི་རྒྱུད་གསུངས་ཚུལ། དེ་ལས་བསྡུས་པའི་རྒྱུད་ཕྱུང་ཚུལ། དེ་དག་ལ་འཆད་ཉན་མཛད་པ་ཇི་ལྟར་བྱོན་པའི་ཚུལ་གསུམ་ལས། དང་པོ་ནི། སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པས་ཐམས་ཅད་ཀྱང་དང་པོའི་སངས་རྒྱས་གཙོ་བོར་གྱུར་པའི་རྒྱུད་སྡེ་ཐམས་ཅད་ཀྱི་སྟོན་པ་པོ་ཡིན་པ། མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །ཞེས་བསྒྲུབས་པ་བཞིན་ནོ། །དེ་ཉིད་འགྲེལ་ཆེན་ལས། ཇི་ལྟར་མཚན་ཡང་དག་པར་བརྗོད་པ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་དང་། གསུང་བར་འགྱུར་བ་དང་། གསུང་བ་དེ་བཞིན་དུ་དང་པོའི་སངས་རྒྱས་ཀྱང་ངོ་། །དང་པོའི་སྒྲས་ནི། ཐོག་མ་དང་མཐའ་མ་མེད་པའི་དོན་ནོ། །ཐོག་མ་མེད་པའི་དུས་སུ་ཐོག་མ་མེད་པའི་སངས་རྒྱས་ཀྱིས་བསྟན་པ་དང་སྟོན་པར་འགྱུར་པ་དང་སྟོན་པ་སྟེ། ཞེས་གསུངས་པས་སོ། །སྔ་རབས་པ་རྣམས་མཚན་བརྗོད་ཀྱི་ལུང་དེ་ངེས་པ་ལྔ་ལྡན་གྱི་ལོངས་སྐུས་ཆོས་སྟོན་པ་ལ་སྙེགས་མོད། དེ་ནི་མ་ཡིན་ཏེ། དེ་ད་ལྟར་བཞུགས་པའི་སངས་རྒྱས་ཡིན་དུ་ཆུག་ཀྱང་། འདས་པར་སྒྲུབ་མི་ནུས་པས་སོ། །འོ་ན་གང་ཡིན་སྙམ་ན། རྣམ་པར་གཞག་པ་འདི་ནི་གཙོ་བོར་སྤྲུལ་པའི་སྐུའི་དབང་དུ་མཛད་པ་ཡིན་ཏེ། སྤྲུལ་པའི་སྐུའི་སྟོན་པ་ཐམས་ཅད་ཀྱིས་རྡོ་རྗེའི་ཐེག་པ་མ་བསྟན་ན། སུ་མི་སྟོན་པ་དེ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་བ་བཟློག་ཏུ་མེད་དེ། འགྲེལ་ཆེན་ལས། རྣམ་པ་གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་ཏེ། རྡོ་རྗེའི་ཐེག་པ་སྟོན་པར་བྱེད་པ་པོ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཐེག་པ་གསུམ་སྟོན་པར་བྱེད་པ་པོ་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་བྱེད་པ་པོ་ཡིན་ནོ་ཞེས་པས་སོ། །འོ་ན། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་གཞན་དུ་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། དེ་ནི་མཆོག་གི་སྤྲུལ་པའི་སྐུའི་གདུལ་བྱའི་གཙོ་བོ་མི་ཡིན་ལ། དེ་འབྱོན་ས་མིའི་འཇིག་རྟེན་དུ་དཀོན་པར་བསྟན་ཏེ། ལྷ་ཡུལ་ལམ་སྟོང་གསུམ་གཞན་དུ་ནི་རྙེད་དཀའ་བ་དེ་དཔེར་མ་མཛད་དོ། །དེ་དེ་དག་གི་གདུལ་བྱའི་གཙོ་བོ་མ་ཡིན་ན། མིའི་འཇིག་རྟེན་ཁོ་ནར་མཆོག་གི་སྤྲུལ་པའི་སྐུ་ཅི་ནས་སྟོན། དེ་བས་ན་འོ་སྐོལ་གྱི་སྟོན་པས་ལྷ་གནས་སུ་གསུངས་ཀྱང་། ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བའི་ཐ་སྙད་དཔལ་འབྲས་སྤུངས་སུ་གསུངས་པ་དེ་ལ་བཞག་པ་ལྟ་བུའི་ཁྱད་དེ། འགྲེལ་ཆེན་ལས། འདིར་འདུས་པ་ལས་དེ་བཞིན་གཤེགས་པ་མར་མེ་མཛད་ནས་ཤཱཀྱ་ཐུབ་པའི་བར་དུ་དེ་བཞིན་གཤེགས་པ་གང་གིས་ཀྱང་སྔགས་ཀྱི་ཐེག་པ་མ་གསུངས་སོ་ཞེས་པ་གང་ཡིན་པ་དེ་ནི་དེའི་ཚེ་དེའི་དུས་ཞེས་པ་སྟེ། འཕགས་པའི་ཡུལ་དུ་ཆོས་སྟོན་པའི་དུས་ན་རིགས་བཞི་མངོན་པའི་ང་རྒྱལ་དང་ལྡན་ཞིང་སྐལ་བ་མེད་པའི་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་འཕགས་པའི་ཡུལ་དུ་འཁོར་རྣམས་ལ་མ་བསྟན་པ་སྟེ། དུས་གཞན་དུ་ཡུལ་གཞན་གྱི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་ལ་ཡང་མ་བསྟན་པ་ནི་མ་ཡིན་ནོ་ཞེས་པས་སོ། །དེ་བས་ན་ཨུ་དུམྦ་ར་དཔེར་མཛད་པའི་སྐབས་དེ་ཡིན་ལ། རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །ཞེས་སོགས་ཀྱིས་ལུང་དོན་མི་འགལ་བའི་གནད་ཀྱང་དེའོ། །ཡང་ལུང་ཕྱི་མ་འདི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་རང་གི་ལམ་ནས་བགྲོད་པའི་སངས་རྒྱས་མེད་པ་དང་། དེ་ནས་བཤད་པའི་སངས་རྒྱས་ཡོད་པར་རིགས་ཏེ། ཐམས་ཅད་གསང་སྔགས་ལ་བརྟེན་ནས་སངས་རྒྱས་པས་སོ་སྙམ་ན་མ་ཡིན་ཏེ། འདིར་གསང་སྔགས་ནི་སྟོང་པ་དང་སྙིང་རྗེ་གཅིག་པ་དེ་ཡིན་ལ། དེ་ལ་མ་བརྟེན་པར་འཚང་མི་རྒྱ་བ་ལ་དགོངས་སོ། །ཕར་ཕྱིན་རང་ལམ་ཞེས་པ་སྟོང་པ་སྙིང་རྗེའི་སྙིང་པོ་ཅན་སྒྲུབ་ཐབས་དངོས་ཟིན་དེ་རང་ནས་བསྟན་པ་ལྟ་བུ་དེས་ཐེག་པ་སྣ་ཚོགས་པ་དང་། བསྒྲུབ་བྱའི་སྟོང་ཉིད་སྙིང་རྗེ་གཅིག་པ་དེ་ལ་ཁྱད་ཡོད་པ་མ་ཡིན་པས་ངེས་པར་འབྱུང་ས་གཅིག་ཏུ། མཚན་བརྗོད་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་དང་། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་འབྱུང་བ་ཡིན་ནོ། །དེའི་ཕྱིར་དྲང་བའི་དོན་དུ་མདོ་སྔགས་ལ། དོན་གཅིག་ན་ཡང་མ་རྨོངས་དང་། སོགས་ཀྱི་དོན་བཤད་པ་དང་། ངེས་པའི་དོན་དུ་མདོར་བསྟན་པ་དང་རྒྱས་པར་བཤད་པ་ལྟ་བུས་དོན་གཅིག་ཏུ་བཤད་དོ། །མིའི་འཇིག་རྟེན་དུ་གསང་སྔགས་འབྱུང་ངམ་མི་འབྱུང་ངམ་སངས་རྒྱས་ལ་མ་རག་གདུལ་བྱ་ཡོད་མེད་ལ་རག་པ་ཡིན། གདུལ་བྱ་ཡང་འགྲེལ་ཆེན་ལས། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ཞེས་པ་དེའོ། །དེ་ཡང་དེ་ཉིད་དུ། ངེས་པ་ནི་ཉན་ཐོས་པའི་མཆོག་གི་སྡོམ་པ་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པ་དང་བྲལ་བའི་ཚུལ་ཁྲིམས་ཀྱི་སྡོམ་པ་སྟེ་དེ་དང་བྲལ་བ་ནི་ངེས་པ་དང་བྲལ་བའོ། །དེ་དག་གི་རང་གི་སེམས་ཀྱི་བསམ་པ་ནི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པར་འདོད་པའོ། །དེ་བཞིན་དུ་དབང་པོ་གཉིས་ཀྱི་བདེ་བ་ཆེན་པོ་འདོད་པ་ནི་ངེས་པ་དང་བྲལ་བ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པ་སྟེ། རང་གི་སེམས་ཀྱི་བསམ་པ་འདིས། སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ཞེས་པ་ནི་སྐྱེ་བ་འདིའི་མིའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པའི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལས་ཀྱི་ས་མ་ཡིན་པར་སྐྱེས་པའི་ཕྱིར་རོ། །འདིར་ལྷ་ལ་སོགས་པ་རྣམས་ལ་ཡང་མིའི་སྐྱེ་བ་ཐོབ་ནས་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བར་འགྱུར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཞེས་གསུངས། དེ་ཡང་སྟོན་པའི་དངོས་ཀྱི་གདུལ་བྱར་གྱུར་པའི་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་སྟེ། དེས་སངས་རྒྱས་འཁོར་བཅས་ལ་གདུགས་ཚོད་བཤམས་ཆོས་ཉན་པའི་ཕྱིར་འདུག་པ་ལ་སྟོན་པས་འདོད་ཆགས་ལ་སོགས་པ་སྤོང་བའི་ལམ་བསྟན་པས། དེས་བསྒྲུབ་མ་ནུས་པར་གསོལ་བས། དེ་ཉིད་དུ་སངས་རྒྱས་འཁོར་དང་བཅས་པ་རྣམས་གསང་བ་འདུས་པའི་དཀྱིལ་འཁོར་ཆེན་པོར་གྱུར་ནས་དབང་བསྐུར་རྒྱུད་བཤད། དེ་བཞིན་རྒྱལ་པོས་ཀྱང་ཚོགས་ཀྱི་དཀྱིལ་འཁོར་དུ་སྒྲུབ་པ་ཆེན་པོ་བརྩམས་པས་སྦྲུལ་ཤུན་པ་བརྗེས་པ་ལྟར་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་དེ་ལྟ་བུ་ཡིན་གྱི། དགེ་སློང་གིས་འདིར་འཇུག་མི་རུང་བ་ལུང་དེའི་དགོས་པ་མ་ཡིན་ཏེ། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །སོགས་ཀྱིས་དགེ་སློང་ལམ་བསྒོམ་པ་དང་། ཚོགས་ཀྱི་འཁོར་ལོའི་སྐབས་སོགས་ཀྱིས་རྡོ་རྗེ་སློབ་དཔོན་མཆོག་ཏུ་བཤད་པས་སོ། །དེའི་ཕྱིར་རྡོ་རྗེ་ཐེག་པ་ལ་ཆགས་ཆེན་གྱི་སྤྱོད་པ་ཞེས་ཀྱང་གསུངས་ཤིང་། འདིར་བདག་གི་རྗེ་བཙུན་ཡོན་ཏན་ཡེ་ཤེས་ཀྱི་ཞལ་སྔ་ནས། ཉོན་མོངས་པ་ཆ་མཉམ་པ་དང་འདོད་ཆགས་ལ་སྤྱོད་པ་ཞེ་སྡང་ལ་སྤྱོད་པ། གཏི་མུག་ལ་སྤྱོད་པ་བཞི་བཤད་པའི་དང་པོ་ནི། ཐེག་དམན་དང་བཅས་པའི་མཚན་ཉིད་ཐེག་པས་གདུལ་བར་བྱ་སྟེ། དེ་དག་གི་གཞུང་དུ་བསླབ་གསུམ་ཆ་མཉམ་པར་སྤྱོད་པ་སྟོན་ཏེ། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པས་ཏེ། ཚུལ་ཁྲིམས་ཀྱིས་འདུལ་བ་ལ་གནས་པ་དང་། ཐོས་བསམ་གྱིས་ཆོས་མངོན་པ་ལ་སྦྱང་བ་དང་། བསྒོམས་པས་མདོ་སྡེའི་ཏིང་ངེ་འཛིན་མཐའ་ཡས་པར་བསྟེན་པ་ལ་སློབ་ཚུལ་བཤད་པས་སོ། །ལྷག་མའི་གདུལ་བྱ་ནི་རྡོ་རྗེ་ཐེག་པས་འདུལ་དགོས་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལམ་དུ་ཁྱེར་བའི་ཚུལ་གྱིས་རྒྱུད་སོ་སོར་བཤད་པས་སོ། །དེའི་ཕྱིར་མདོ་ནི། སཱུ་ཏྲ་ཞེས་དོན་རྫོགས་པར་མ་བསྟན་པའི་ཕྱིར་བསྡུས་དོན་ཙམ་ཡིན་པས་མདོ་ཞེས་བསྒྱུར། སྔགས་ནི་གསང་རྒྱུ་ཐམས་ཅད་མ་བཤད་པ་མེད་པས་རྒྱས་པ་སྟེ། འདིར་ཡང་། ཟླ་བ་བཟང་པོས་དྲིས་པ་གང་། །ཐེག་པ་ཀུན་དོན་གསལ་བྱེད་དེ། །ཞེས་གསུངས་ཤིང་། མནྟྲི་གསངས་ཏེ་འདོན་པ་ལའོ། །ཞེས་པས་གསང་སྔགས་སུ་བསྒྱུར། འདིས་ན་རྒྱ་ཆེ་རོལ་པའི་མདོར། ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །ཀླན་ཀ་མི་བཙལ་མདོ་ཙམ་བཤད་པར་བྱ། །ཞེས་ཞལ་གྱིས་བཞེས་སོ། །གྱ་ནོམ་པ་ནི་སྔགས། ཆོས་འཁོར་ཐོག་མ་དང་བར་མའི་གདུལ་བྱའི་ཡུལ་དུ་མ་གྱུར་པས་བསྟན་ན་དེ་དག་འཁུ་བར་འགྱུར་བས་དུས་དེར་གསངས་པའམ་གབ་པ་ཡིན་ནོ་ཞེས་གསུངས་པ་ལེགས་པའི་ཚད་དོ། །སྐྱེ་བ་འདི་ལ་འཚང་རྒྱ་ཞེས་པ་ཡང་། སྔར་ལམ་དུ་འཇུག་མ་མྱོང་པ་རྡོ་རྗེ་ཐེག་པའི་ལམ་དུ་གསར་དུ་ཞུགས་པ་དེ་ཀའི་རྟེན་མ་འཕོས་པ་ལ་འཚང་རྒྱ་བ་ལ་དགོངས་པ་ཡིན་གྱི། ལམ་ལ་རིམ་གྱིས་སྦྱངས་ནས་ཕྱི་མའི་རྟེན་གང་ལས་སངས་རྒྱས་ཐོབ་པ་དེ་ནི་མ་ཡིན་ཏེ། དེ་ཡིན་ན་ཕ་རོལ་ཏུ་ཕྱིན་པ་བ་འཚང་རྒྱ་བ་ཡང་དེ་ལས་མི་འདའ་བས་སོ། །ཡང་མཁས་པ་དག་ཕ་རོལ་ཏུ་ཕྱིན་པ་ལས་མྱུར་དུ་འཚང་རྒྱ་བ་བཤད་དེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་འདོད་ན་ཞག་བདུན་གྱིས་འཚང་རྒྱ་བར་བཤད་པས་སོ་ཞེས་སྨྲ་སྟེ། དེ་ནི་ས་བརྒྱད་པར་འདུ་བྱེད་ཐམས་ཅད་རྒྱུན་གཅོད་ནུས། དེ་ཆད་པ་ཙམ་ལ་སངས་རྒྱས་སུ་བཏགས་པ་སྟེ་ཉན་རང་ལ་སངས་རྒྱས་ཞེས་བརྗོད་པ་བཞིན་ནོ། །དེ་བས་ན། དེར་དེ་ཡང་རྒྱུན་གཅོད་པ་མི་སྲིད་པས་གཏན་མི་མཚུངས་པའི་ཕྱིར་དགོས་པའི་གནས་སུ་བགྲང་བ་ཡང་རིག་པ་མ་ཡིན་ནོ། །འདིར་དེ་ལྟ་བུའི་དགོངས་པ་ཅན་མ་ཡིན་ཏེ། འགྲེལ་ཆེན་ལས། སངས་རྒྱས་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམ་པར་འབྱོར་པ་སྟེ། དེ་སྟེར་བ་ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ་ཞེས་གསུངས་པས་སོ། །འོ་ན་སྔར་གྱི་འགྲེལ་པའི་འཕྲོར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་དང་ཁམས་དྲུག་གི་བདག་ཉིད་ཅན་སྐྱེས་བུ་ཆེན་པོའི་གང་ཟག་ལའོ་ཞེས་གསུངས་པས། ཚོགས་གཉིས་རྫོགས་པ་དགོས་བྱུང་ལ། དེ་ནི་གྲངས་མེད་གསུམ་ལས་མྱུར་བ་ལ་མ་བཤད་དོ་སྙམ་ན། དེ་ཡང་མི་འཐད་དེ། འདིར་ཚོགས་གཉིས་སྨོས་པ་ནི་བརྩོན་འགྲུས་ཅན་ཚེ་དེ་ཀར་ཚོགས་གཉིས་ལ་འབད་པས་དེ་རྫོགས་ནས་འཚང་རྒྱའོ་ཞེས་གཞི་ལ་དགར་བའི་ཚིག་ཡིན་ཏེ། ཚེ་གཅིག་ལ་འཚང་རྒྱ་ཞེས་པས་སྔགས་ཀྱི་སྒོར་ཞུགས་པའི་དམ་ཚིག་གཙང་མ་ཐམས་ཅད་དོ་སྙམ་འབྱུང་སྲིད་པས། ཐམས་ཅད་མ་ཡིན་ཏེ། བརྩོན་འགྲུས་དང་མི་ལྡན་ན་བར་དོར་རམ་སྐྱེ་བ་ཕྱི་མ་ནས་བཅུ་དྲུག་པའི་བར་དུ་འགྱང་ངོ་ཞེས་ཤུགས་ལས་འཐོན་པས་སོ། །དེ་ལྟ་མ་ཡིན་པ་ལམ་སྦྱངས་པ་ཅན་ཁོ་ན་ལ་དགོངས་ན་དེའི་འཕྲོར། ཅི་སྟེ་སྔགས་ཀྱི་ཐེག་པ་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། གདོལ་པ་སྨྱིག་མ་མཁན་སོགས་དང་། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་འཚང་རྒྱ་འགྱུར། །ཞེས་པ་ཡིན་ནོ་ཞེ་ན། བཅོམ་ལྡན་འདས་ཀྱི་གསུང་ནི་བདེན་ཏེ། སྐྱེ་བ་འདི་ལ་སྔར་མཚམས་མེད་པ་ལྔ་ལ་སོགས་པ་མི་བཟད་པའི་ལས་གང་བྱས་པ་དེ་དག་སྔགས་ཀྱི་ཐེག་པ་འདིར་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བའི་ཏིང་ངེ་འཛིན་གྱིས་བཅོམ་ནས་མི་དགེ་བ་གློ་བུར་བ་གཞན་མི་འཇུག་པར་བྱ་བའི་ཕྱིར་རྡོ་རྗེ་ཆོས་འབྱུང་གི་ཁང་པར་བདུད་བཞི་དང་བགེགས་ཀྱི་དགྲ་འཇུག་པའི་སྒོ་རྣམས་ལ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་སོགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྒོ་གླེགས་བཅུག་ནས་དེ་ཉིད་དུ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་ཏུ་བསྒྲུབས་ཏེ་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པ་བཞེད་ཀྱི་སྔགས་ཀྱི་ཐེག་པར་ཞུགས་པའི་རྗེས་ལ་མཚམས་མེད་པ་ལྔ་ལ་སོགས་པ་མི་བཟད་པའི་ལས་བྱེད་པ་རྣམས་ཀྱང་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡང་དག་པར་བཞེད་པ་མ་ཡིན་ནོ་ཞེས་འབྱུང་བར་མི་རིགས་སོ། །དེས་ན་དེ་སྐད་གསུངས་པ་ཉིད་ཀྱིས་ཚེ་འདིར་འཚང་རྒྱ་མི་རྒྱ་དཔྱད་པ་ནི་ལམ་དུ་ཞུགས་པའི་རྟེན་དེ་ཀའོ་ཞེས་རྣམ་པ་ཀུན་ཏུ་ཤེས་པར་བྱའོ། །ཐེག་པ་འདིར་ཚོགས་གཉིས་རྫོགས་ཚུལ་མྱུར་པོ་ཅིག་ཡོད་པ་ཡང་། བདེ་མཆོག་སྡོམ་པ་འབྱུང་བ་ལས། བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བྱས་ཤིང་། །དཀའ་ཐུབ་མ་བརྟེན་ཅི་ཞིག་ཡོད། །ཅེས་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་དང་། དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་ཡེ་ཤེས་ཀྱི་ཚོགས་རྫོགས་ཚུལ་བཤད་པ་ལྟ་བུའོ། །ཡང་སྔར་བཤད་པ་དང་། མི་རྣམས་དགྲོལ་བའི་དོན་དུའོ། །ཞེས་འབྱུང་བས་འཚང་རྒྱ་བ་མིའི་རྟེན་ཁོ་ན། དེའི་ཡང་ཉེ་རྒྱུར་ཕྱག་རྒྱ་མ་ངེས་པར་བསྟེན་པའོ་སྙམ་པར་ཡང་སྣང་མོད། དེ་ཡང་ག་ལ་ཡིན། སྲོག་རྩོལ་དུ་འཕོ་བས་མཆོག་ཐོབ་པར་བཤད་པ་དང་། འགྲེལ་ཆེན་ལས། བརྟག་པ་ལྔའི་བདག་ཉིད་ནི་མི་ལ་སོགས་པའི་སེམས་ཅན་མཐའ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ཞེས་པས་ཀྱང་འདོད་པ་དེ་ལ་གནོད་དོ། །ལས་ཀྱི་ཕྱག་རྒྱ་ཉེ་རྒྱུར་ངེས་པར་འདོད་པ་ནི། ལུགས་འདིའི་དགག་བྱའི་གཙོ་བོ་ཞིག་སྟེ་འཆད་པར་འགྱུར་བ་ལས་རྟོགས་པར་འགྱུར་རོ། །ད་ནི་སྐབས་ཀྱི་དོན་ཡང་། དྲང་བ་དང་ངེས་པའི་དོན་གཉིས་སུ་གནས་པའི་དང་པོ་ནི། འགྲེལ་ཆེན་ལས། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་བསྟན་པར་མཛད་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷ་ནྱ་ཀ་ཊ་ཀར་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཆ་བཅུ་དྲུག་གིས་རྣམ་པར་ཕྱེ་བའི་མཚན་ཉིད་ཅན་དང་། འདི་བུ་སྟོན་བཞེད་པ་ལྟར་བཀོད། དེའི་ཁུངས་མན་ལུང་གུ་རུ། གཞན་ཡུལ་དེ་སྔོན་རྒྱལ་པོ་གསེར་མདོག་གི་དུས་རང་སངས་རྒྱས་ཀྱིས་འབྲས་སོ་བའི་ཆར་ཕབ་པས་དེ་སྐད་གྲགས་ལ། མཆོད་རྟེན་ནི་ཆོས་བསྟན་པའི་དུས་དེ་ཉིད་དུ་ལྷ་རྣམས་ཀྱིས་བཞེངས་སོ། །ཙ་མི་བཞེད་པ་སྟེང་ལོ་རྒ་ལོ་མཐུན་པར་བྱུང་བས་འདི་འཐད་དོ།། དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆ་བཅུ་དྲུག་གིས་རྣམ་པར་དབྱེ་བ་ཅན་དང་པོའི་སངས་རྒྱས་རྣམ་པར་སྤྲོས་སོ་ཞེས་པས་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས། སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་དྲང་སྲོང་རྫུ་འཕྲུལ་ཐོབ་པ་ཞིག་གིས་འབྲས་སོ་བའི་ཆར་ཕབ། དེ་ལ་དམངས་ལྷ་ལ་སོགས་པའི་སྡེ་བརྒྱད་དང་། སྟོད་མི་རྫུ་འཕྲུལ་ཐོབ་པ་དག་གིས་བཞེངས་པས་དཔལ་འབྲས་སྤུངས་སུ་གྲགས་པ་དེར་རོ། །སྟོན་པ་ནི་དེ་ཉིད་དུ། སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་བསྟན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་སྔར་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་པ། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་བ། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་དང་ལྡན་པ། འཕགས་པའི་ཡུལ་ལུམྦི་ནཱིར་ཤཱཀྱའི་རིགས་མིའི་དབང་པོ་ཟས་གཙང་མའི་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་ནས་བལྟམས་པ་ནི་གཞོན་ནུ་དོན་གྲུབ་ཡིན་ལ། ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ཡང་ཤམྦྷ་ལའི་ཡུལ་ཀ་ལཱ་པའི་གྲོང་དུ་ཉི་མའི་འོད་གྱི་ལྷ་མོ་རྣམ་པར་རྒྱལ་མའི་མངལ་ནས་འཁྲུངས་པ་ཟླ་བ་བཟང་པོའི་ཞེས་པས་སྟོན་པ་དང་ཞུ་བ་པོ། སྟོན་པ་ནི་དགུང་ལོ་དོན་དགུ་པ། རྒྱལ་པོ་འདི་ནི་རྒྱལ་སྲིད་བསྐྱངས་ནས་ལོ་དགུ་བཅུ་རྩ་དགུ་པ་སྟེ། ཡུལ་དགུ་བཅུ་རྩ་དྲུག་གི་རྒྱལ་པོ་དགུ་བཅུ་རྩ་དྲུག་འཁོར་དང་བཅས་པ་གདུལ་བྱའི་གཙོ་བོ་ཡིན་ལ། གཞན་དཀྱིལ་འཁོར་དུ་བཀོད་པ་དང་། ལྷ་དང་མི་མ་ཡིན་པ་དཔག་ཏུ་མེད་པ་དང་བཅས་ཏེ་ནག་པའི་ཉ་ལ་འཛོམ་ནས། ཡང་དེ་ཉིད་དུ། ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཟླ་བ་བཟང་པོ་དེ་ཡིས་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་བོ། །དེ་བཞིན་གཤེགས་པས་ཀྱང་ཆུ་བོ་ཤཱི་ཏའི་བྱང་ཕྱོགས་ཤམྦྷ་ལ་ལ་སོགས་པ་ཡུལ་རྣམས་ཀྱི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ཀྱི་སེམས་རྣམ་པར་དག་པ་སྐལ་བ་དང་ལྡན་པ་ཉིད་དུ་གནས་པར་གཟིགས་ནས། རྡོ་རྗེའི་ཚིག་ཁ་མ་ཕྱེ་བ་མེད་པ། རྡོ་རྗེའི་ཚིག་རབ་ཏུ་གསལ་བར་བྱེད་པ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ཡང་དག་པར་བསྟན་ཏོ་ཞེས་པས་གསུངས་ལ། ངེས་པའི་དོན་དུ་ནི། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་པ་ལྟར་ཏེ། དཔལ་ལྡན་རྒྱུད་ཉིད་ལས། དཔལ་ལྡན་ཟླ་བ་ཟླ་བ་ཆུ་ཤེལ་རྣམ་པར་རྟོག་པ་མེད་པའི་རང་བཞིན་ལས་ནི་ཆུ་འབྱུང་བ། །དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་བརྟེན་ཐམས་ཅད་མཁྱེན་པའི་ཆོས་འཛག་སྟེ། །ཆུ་ནི་སེམས་ཅན་ཁམས་ལ་ཀུན་ཏུ་བརྟེན་ནས་རོ་མཉམ་གྱུར་པ་ཇི་བཞིན་ཉིད་དུ་ཆོས་དག་ནི། །སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱི་རྣམ་པ་མང་པོར་འགྱུར་ཏེ་སྔོན་གྱི་ལས་ཀྱི་མཐུ་ལས་སོ། །སྲིད་གསུམ་གནས་ན་སེམས་ཅན་དོན་གྱི་བྱེད་པོ་དང་ནི་ཡིད་བཞིན་ནོར་བུ་ལ་ཡང་བསམ་པ་མེད། །སེམས་ལ་གནས་མེད་མི་དགེའི་འབྲས་བུའི་དབང་གིས་སྡིག་པའི་ལས་ཅན་སེམས་ཅན་རྣམས་ཀྱིས་མི་མཐོང་སྟེ། །ཡིད་བཞིན་ནོར་བུའི་སྐྱོན་མིན་མི་དགེ་བ་དང་དགེ་བའི་འབྲས་བུ་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད། །སེམས་དེ་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། །ཞེས་རང་སྣང་མ་དག་གི་བར་ལ་རིམ་པ་དང་དུ་མ་འཐད་པས་དུས་དེའི་ཉིན་རང་ལ་གསང་སྔགས་ཐམས་ཅད་བཤད་པ་དང་། རང་སྣང་དག་ན་འཆད་པ་པོ་ཉན་པ་པོ་བཤད་བྱ་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པས་གཅིག དེ་ཡང་བདག་ཅག་རང་དགེ་ལས་ཀྱི་མཐུ་གྲུབ་པ་ན་དམ་པའི་ཆོས་ཚིག་རེ་ཡང་ཆོས་ཀྱི་སྒོ་ཐམས་ཅད་པར་འཆར་བས། བཀའ་བརྒྱུད་རིན་པོ་ཆེ་རྣམས་གསུང་བའི་གཅིག་ཤེས་ཀུན་གྲོལ་དེ་མིང་དུ་མ་ལས། དེ་ཡང་རང་སེམས་སངས་རྒྱས་སུ་སོང་བས་རང་ཉིད་ཆོས་ཐམས་ཅད་ཀྱི་བདག་པོར་འགྱུར་བ་འདི་ཀའོ། །དེ་བས་དོན་ལ་རིགས་སུ་མ་ཆད་པས་ལྟ་བ་པོ་མང་པོའི་ངོར་ཇི་ལྟར་བལྟས་པ་དང་མཐུན་པ་རེ་འཆར་བས་སྐུ་མཐའ་ཡས་པ་མཐའ་ཡས་པ་དང་། གསུང་མཐའ་ཡས་པ་མཐའ་ཡས་པ་དང་། ཐུགས་མཐའ་ཡས་པ་མཐའ་ཡས་པ་དེ་ལ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ། གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཞེས་བྱའོ། །དེ་ཡང་འགྲེལ་ཆེན་ལས། ཕ་རོལ་ཏུ་ཕྱིན་པ་བཅུ་བསྒྲུབས་པས་ས་བཅུའི་དབང་ཕྱུག་ཐོབ་པའི་བྱང་ཆུབ་སེམས་དཔའ་གཅིག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པའི་སྐུ་དུ་མ་དག་གིས་བྱང་ཆུབ་སེམས་དཔའི་གདུལ་བྱ་རྣམས་ལ་བྱང་ཆུབ་སེམས་དཔའི་ཆོས་སྟོན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་དེ་དུ་མ་ནི་མ་ཡིན་ནོ། །དེ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཤིང་། མི་འཇིགས་པ་ལ་སོགས་པའི་དབང་ཕྱུག་གི་ཡོན་ཏན་ཕུན་སུམ་ཚོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་སངས་རྒྱས་ཀྱི་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྒྱུ་མའི་སྤྲུལ་པའི་སྐུ་སྒྲིབ་པ་དང་བྲལ་བ་མཐའ་ཡས་ལ་མཐའ་ཡས་པ་དག་གིས་སེམས་ཅན་མཐའ་ཡས་པ་མཐའ་ཡས་པ་དག་གི་སྐད་མཐའ་ཡས་པ་མཐའ་ཡས་པ་དག་གི གསོལ་བ་འདེབས་པ་པོ་སྣ་ཚོགས་ཀྱིས་གསོལ་བ་བཏབ་པ་ན། སེམས་ཅན་ཐམས་ཅད་ཀྱི་སྐད་ལ་རབ་ཏུ་འཇུག་པ་ཐམས་ཅད་མཁྱེན་པའི་སྐད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པར་མཛད་དེ། ཐམས་ཅད་མཁྱེན་པ་དེ་ནི་དུ་མ་མ་ཡིན་ནོ་ཞེས་པས་སོ། །དེ་བས་ན་སྐུ་གཉིས་འབྲལ་མི་ཤེས་པའི་གནད་དེ་ལྟ་བུ་གོ་ན་ཆོས་གང་དུ་བཤད་པ་དེ་ཀ་གནས་གཙང་གི་འོག་མིན་ལས་འདས་པ། འོན་མིན་སྟུག་པོ་བཀོད་པའམ་དབང་ཕྱུག་ཆེན་པོའི་གནས་ཞེས་རྒྱན་སྟུག་པོ་བཀོད་པའི་མདོར་གསུངས་པ་དེར་གོ་བ་ཡིན་ལ། མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་སོགས་ནི་སྤྲུལ་པ་སྐུའི་ཞིང་རང་ཡིན་ནོ། །དེ་བས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་པ་ལྟ་བུ་འདིའི་མཚན་གཞིར་འཛིན་རིགས་སོ། །ཁ་ཅིག དེ་གནས་གཙང་གི་སྟེང་ན་ཡོད་དེ། ཐོགས་མེད་ཀྱིས་གནས་གཙང་གི་འོག་མིན་བགྲངས་ནས། དེའི་སྟེང་དུ་ཞེས་ཕྱི་མ་བགྲངས་པས་སོ་སྙམ་ན་མ་ཡིན་ཏེ། དཔེར་ན་མི་གྲངས་བཅུ་བགྲངས་ནས། དེའི་སྟེང་དུ་འདི་ཡོད་ཅེས་པ་ལྟ་བུ། དེ་ཡང་གཟུགས་ཀྱི་ཆས་བསྡུས་པས་གསུངས་པར་ཟད་ལ། གཟུགས་དེའང་ཁམས་གསུམ་གྱིས་མ་བསྡུས་ལ། ཁམས་གསུམ་དུ་སྣང་བ། ཨེ་ཡིག་ལ་སོགས་པའི་མིང་སྣ་ཚོགས་ཀྱིས་བསྟན་པ་སྟོང་ཉིད་དང་སྙིང་རྗེར་ཕྱེ་བའི་དང་པོ་དེའོ། །དེའི་ཕྱིར་གནས་འདི་ལྟ་བུ་ལ་སྒྲ་བསྒྱུར་མར་པའི་ཞལ་སྔ་ནས། ཤེས་བྱ་རང་གི་མཚན་ཉིད་ཀྱི་གནས་ཞེས་གསུངས་ལ། མཚན་ཉིད་དམ་ངོ་བོ་ཡིན་པས་ཆོས་ཅན་ཐམས་ཅད་དེ་དང་མི་འབྲལ་ལ། ཆོས་ཅན་རེ་རེ་ལ་ལྟོས་ནས་ཇི་སྙེད་པར་བཞག་གོ །གནས་དེ་ལྟ་བུར་བཞུགས་པའི་སྟོན་འཁོར་ཀྱང་དེ་ལྟ་བུ། དེ་བས། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་གསུངས་པ་ཡིན་ནོ། །དེ་བས་ན་གླེང་གཞི་རང་གཞུང་དུ་འཆད་པ་ངེས་དོན་དུ་དེས་འགྲོ་བ་ཡིན་ནོ། །དྲང་དོན་ལ་སྡུད་པ་པོའི་ཚིག་སྟེ། དྲང་ངེས་ཀྱང་བློ་ངོ་བ་དང་ཡིན་ལུགས་རང་བསྟན་པའི་ཁྱད་དོ། །ད་ནི་ཅུང་ཟད་དཔྱད་པ་སྟོན་པའི་འཁྲུངས་དུས་ས་གའི་ཉར་འདོད་པ་ནི་འདུལ་བ་གཞུང་དམ་པའི་བམ་པོ་སོ་བདུན་པ་ལས། བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་ཟླ་བ་གང་ལ་བཙས། ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག དཔྱིད་ཟླ་ཐ་ཆུང་ལ་བཙས་སོ། །ཞེས་འབྱུང་བ་ཉིད་ཚད་མར་རིགས་ལ། དེའི་ཚེ་མངལ་དུ་ཟླ་བ་བཅུ་གཉིས་བཞུགས་དགོས་པར་ཐལ་བས་ནི་འདི་ལ་མི་གནོད་དེ། ནང་ལེའི་འགྲེལ་ཆེན་ལས། དེ་ནས་བུག་པ་ཞེས་པ་སྟེ། ཟླ་བ་དགུ་པ་རྫོགས་པར་གྱུར་པ་འམ། ཁ་ཅིག་ཏུ་བཅུ་པ་དང་། བཅུ་གཅིག་པ་དང་། བཅུ་གཉིས་པ་ལ་ཕག་པའི་དངོས་པོའི་ཞེས་འབྱུང་བ་དང་། མདོ་སྡེར། སངས་རྒྱས་དང་འཁོར་ལོ་སྒྱུར་བ་དབང་པོ་ཡོངས་སུ་སྨིན་པའི་དོན་དུ་ཟླ་བ་བཅུ་གཉིས་བཞུགས་པར་བཤད་པ་དང་། རྒྱ་རོལ་སོགས་ལས་ཀྱང་ཟླ་བ་བཅུ་འདས་པ་ཞེས་འབྱུང་ལ། བཅུ་གཉིས་མ་སྨོས་པ་ནི། འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །ཅེས་པ་ལྟ་བུ་ལུང་ལ་སྒྲ་ཉམས་པས་བཤད་པ་མང་བའི་ཕྱིར་རོ། །དུས་ཀྱི་འཁོར་ལོ་བསྟན་པའི་དུས་ཀྱང་། སངས་རྒྱས་པའི་ཕྱི་ལོར་འདོད་པ་མང་མོད། དེ་དག་གི་འཁྲུལ་གཞི་སྔར་དྲངས་པའི་འགྲེལ་པ་ཟླ་བ་བཅུ་གཉིས་པ་ཞེས་པ་ལ་འཁྲུལ་བར་སྣང་ལ། ལུང་དེ་ནི་ས་ག་ལ་སངས་རྒྱས་ཀྱི་དུས་སྟོན་ཡོད་པས་ངེས་སླ་ལ། དེས་དེ་ནས་བགྲངས་པའི་བཅུ་གཉིས་པ་ནག་པའི་ཟླ་བ་དེ་ལ་དུས་འཁོར་གསུངས་པ་བསྒྲུབས་པ་ཡིན་ཏེ། དེང་སང་ཡང་ས་ག་དེ་སངས་རྒྱས་ཀྱི་དུས་ཆེན་ཞེས་འཇོག་པས་ཀུན་གྱིས་གོ་བར་ནུས་སོ། །གཞན་ཡང་དེ་ལ་རྩ་བའི་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གསུངས་པའི་རྗེས་སུ་བཤད་པར་བསྟན་པའི་ལུང་གིས་གནོད་དོ། །རྩ་རྒྱུད་འདིའི་ཐོག་མ་རང་དུ། །ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ། །ཉི་མའི་སྐུ་གང་མི་ཟད་པ། །དཔལ་ལྡན་པད་འདབ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲིར་བཞུགས་པ། །སྐུ་གསུང་ཐུགས་དང་ཆགས་པ་ཡི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་དང་ཆགས་པའི་བདག །རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །མི་ཕྱེད་རྡོ་རྗེའི་རྣལ་འབྱོར་ནི། །དུས་ཀྱི་འཁོར་ལོ་མི་འགྱུར་བདེ། །ཞེས་འདི་སྐད་བདག་གིས་ཐོས་པ་མི་སྦྱོར་བའི་དགོས་པ་གཅིག་ནི། དེ་ཉིད་དུ། །འདི་སྐད་བདག་གིས་ཐོས་པ་འདིས། །དྲང་སྲོང་རྣམས་ལ་ཆོས་བསྟན་ན། །གཞན་ལས་ཐོས་ཕྱིར་ཀུན་མཁྱེན་མིན། །ཞེས་པའི་རྩོད་པ་འབྱུང་བར་འགྱུར། །ཞེས་པ་བསྡུས་རྒྱུད་ཀྱི་གདུལ་བྱ་དག་མི་མོས་པར་འགྱུར་བས་མ་བསྟན། དེ་དག་མ་མོས་ན་དམ་པའི་ཆོས་ཀྱི་གདུལ་བྱར་མི་འགྱུར་བས་སོ། །དེ་བས་སྟོན་པའི་བསྟན་པ་འདི་ཐམས་ཅད་གདུལ་བྱའི་ངོ་བཟུང་ནས་བཤད་པ་སྟེ། དེ་ཉིད་དུ། །རྣམ་པ་གང་དང་གང་དག་གིས། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །རྣམ་པ་དེ་དང་དེ་དག་གིས། །ཆོས་ནི་བསྟན་པར་བྱ་བ་ཡིན། །ཞེས་སོ། །དེའི་ཕྱིར་དཔའ་བོས་ཀྱང་། སངས་རྒྱས་རྫུན་པས་ཁྲིད་ནས་ནི། །བདེན་པ་ཉིད་ལ་སྦྱར་བར་མཛད། །ཅེས་དང་། རྗེ་བཙུན་གྱི་མཐའ་ཚིག་གི་མགུར་དུའང་། ཡ་གི་མི་མངོན་དབྱིངས་ཤིག་ན། །རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན། །དྲང་དོན་གྱི་བློ་འདྲིད་གསུངས་གསུངས་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །ཅེས་གསུངས་པ་ལྟ་བུ། དགོས་པ་གཅིག་ནི་ལེགས་པར་སྦྱར་བའི་སྐད་འབའ་ཞིག་གིས་བཤད་ན་ཉི་ཚེ་བ་ཡིན་པས་གསུང་རྣམ་པ་ཐམས་ཅད་པར་མི་འགྱུར་བས་འདིར་སྐད་ཐམས་ཅད་ཀྱིས་བཤད་པ་ཤེས་པའི་ཕྱིར་ཏེ། དེ་ཉིད་དུ། སྒྲ་དང་སྒྲ་ཉམས་དག་གི་ཆོས། །རྣལ་འབྱོར་པ་ཡིས་འབད་པས་འཛིན། །ཡུལ་གྱི་སྒྲ་ཡིས་དོན་རྙེད་པ། །དེ་ལ་བསྟན་བཅོས་སྒྲ་ཡིས་ཅི། །ཞེས་གང་ལས་དོན་གོ་བ་དེ་ཙམ་གྱིས་ཆོག་པ་ཡིན་ཏེ། བྱཱ་ཀ་ར་ཎ་ལྟ་བུ་ཐམས་ཅད་དུ་ཚད་མར་མི་འགྱུར་བར་སྟོན་པ་དང་། ཡང་དངོས་པོ་གཅིག་ལ་མིང་སྣ་ཚོགས་ཡོད་པས་མིང་གང་ནས་སྨོས་ཀྱང་འདྲའོ་ཞེས་སྟོན་པ་སྟེ། དེ་ཉིད་དུ། ཇི་ལྟར་ས་ལ་རིན་ཆེན་མིང་། །དབྱེ་བ་ཐ་དད་ཐ་དད་ནི། །ཡུལ་དང་ཡུལ་གྱི་དབང་གིས་བརྗོད། །རིན་ཆེན་དབྱེ་བ་འགར་ཡང་མེད། །དེ་བཞིན་བདག་གིས་དག་པའི་ཆོས། །སྡུད་པར་བྱེད་པ་སྣ་ཚོགས་ཀྱིས། །སེམས་ཅན་བསམ་པའི་དབང་གིས་མིང་། །སྣ་ཚོགས་ཐ་དད་ཐ་དད་བརྗོད། །དེས་ན་སྙིང་པོའི་དོན་བསྡུས་འདི། །ཐམས་ཅད་མཁྱེན་སོགས་བདག་འདོད་དོ། །ཞེས་གསེར་དང་སོ་ན་ཞེས་དངོས་པོ་གཅིག་ལ་ཡུལ་གྱི་དབང་གིས་མིང་སོ་སོར་བྱུང་བ་ལྟ་བུ་ལས། བོད་ལ་སོ་ན་ཞེས་སྨོས་ཀྱང་དམངས་མས་མི་གོ རྒྱ་གར་ན་གསེར་ཞེས་བརྗོད་ན་ཕལ་གྱིས་མི་གོ་བས་བོད་དུ་གསེར། རྒྱ་གར་དུ་སོ་ན་ཞེས་བརྗོད་ན་ལེགས་སོ་ཞེས་པ་ལྟ་བུ་དང་། གཞན་ཡང་རྩ་བའི་རྒྱུད་ཐམས་ཅད་ལ་དེ་སྐད་བཤད་པས་མ་ཁྱབ་པ། བདེ་མཆོག་རིག་པ་རྒྱ་མཚོའི་རྒྱུད་ལྟ་བུས་ཀྱང་ཤེས་པས། རྩ་བའི་རྒྱུད་ལ་ཨེ་ཝཾ་ཡིག་གཉིས་མེད་ཅེས་སོགས་ལྟ་བུའི་དགག་པ་ནི་དཔྱད་ཤེས་ཁོ་ནར་ཟད་དེ། སྔ་ནས་དཔྱད་ཟིན་ན་རང་དཔེ་བྲི་བ་ལ་མི་ངལ་བ་ཙམ་མོ་ཞེས་ཤེས་པར་བྱེད་པའོ། །གཉིས་པ་དེ་ལས་བསྡུས་པའི་རྒྱུད་ཕྱུང་ཚུལ་ནི། གནས་གར་ཞེ་ན། ལྷ་ཆེན་པོས་གཟུང་བའི་ཕྱིར་ཤམྦྷ་ལ། བོད་ཀྱི་སྐད་དུ་བདེ་འབྱུང་གི་གླིང་སྟེ། ཡུལ་དེ་ཡང་། བསིལ་རི་ནས་ལྷོར་གཞལ་བའི་སའི་དཀྱིལ་འཁོར་གྱི་ཕ་མཐའི་བར་ན་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཡོད་པ་དེ་ཕྱེད་དུ་གཤགས་པའི་ཕྱེད་བྱང་མ་ལ་སྟོང་ཕྲག་ཕྱེད་དང་བཅུ་གསུམ་བྱུང་བའི་བྱང་ཕྱོགས་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ལྷག་པའི་སྟོང་ཕྲག་དྲུག་གི་ས་ལ་ཡོད་དེ། ས་དེ་ཐམས་ཅད་ལ་འདིས་ཁྱབ་པ་ནི་མ་ཡིན་ནོ། །འདིའི་རྒྱ་ཡང་ཁོར་ཡུག་གི་གངས་རིའི་མཐའ་ཤར་ནས་ནུབ་གྱི་བར་ལ་སྟོང་ཕྲག་གསུམ། མཐའ་གངས་རིས་ཀུན་ནས་ཟླུམ་པོར་བསྐོར་བའི་ནང་ནས་པད་འདབ་བརྒྱད་ཀྱི་དབྱིབས། དེའི་ལྟེ་བའི་ཕྱོགས་ཕྱོགས་སུ་དཔག་ཚད་ལྔ་བརྒྱས་བསྐོར་བ་ནི་ལྟེ་བའི་ཆ། དེ་ཡང་གངས་རིས་མུ་ཁྱུད་ལྟ་བུར་བསྐོར་བ། དེའི་ནང་ན་ལྷས་རྩིགས་པའི་ཕོ་བྲང་ཀ་ལཱ་པ་ཚངས་པའི་དྲང་སྲོང་དག་གནས་པའི་ཐུབ་པ་མཆོག་གི་གྲོང་ཁྱེར་ཞེས་གྲགས་པ་གྲོང་ཁྱེར་བྱེ་བ་ཕྲག་བཅུ་གཉིས་ཡོད་པ། དེའི་ཆུ་ཞེང་དཔག་ཚད་བཅུ་གཉིས་པ། དེའི་ལྷོ་ཕྱོགས་ཀྱི་དབུས་ན་མཱ་ལ་ཡའི་སྐྱེད་མོས་ཀྱི་ཚལ་དང་། ཚལ་དེའི་གཡས་གཡོན་ན་ཉེ་བའི་ཡིད་ཀྱི་མཚོ་དང་པདྨ་དཀར་པོའི་མཚོ། གསུམ་ཀའང་དཔག་ཚད་བཅུ་གཉིས་པ། ཕྱི་རོལ་གྱི་འདབ་མ་བརྒྱད་ལ་ཡུལ་ཆེན་པོ་བཅུ་གཉིས་བཅུ་གཉིས། དེ་རེ་རེ་ལ་རྒྱལ་པོ་ཆེན་པོ་རེ་རེ། ཡུལ་དེ་དག་གི་བར་ཆུས་བཅད་པས་གླིང་གི་ཡུལ་ཀྱང་ཟེར་ཏེ། ཆུའི་གླིང་ཁ་བཞིན། ཡུལ་རེ་རེ་ལ་ཡང་ཡུལ་འཁོར་བརྒྱ་ཕྲག་རེ་རེ་ཡོད་པ་སྟེ། ཡུལ་འཁོར་རེ་ཡང་གྲོང་འབུམ་ཕྲག་རེ་ལ་བྱེད་པ་ཡིན་པས། རུག་མ་ལ་སོགས་པའི་ཡུལ་རེ་རེར་བྱེ་བ་རེའོ། །དེའི་མཱ་ལ་ཡའི་སྐྱེད་མོས་ཚལ་ན་དཔལ་དུས་ཀྱི་འཁོར་ལོའི་བློས་བསླང་རིན་པོ་ཆེ་ལྔའི་རང་བཞིན་གྲུ་བཞི་པ། རྒྱར་ཁྲུ་བཞི་བརྒྱ་ཡོད་པ་དེའི་ཤར་གྱི་སྒོ་དེ་དང་ཉེ་བ་ནོར་བུ་རིན་པོ་ཆེའི་ཁྱམས་ཆེན་པོའི་སེང་གེའི་ཁྲིའོ། །སྟོན་པ་པོ་སུ་ཡིན་ཞེ་ན། ནམ་མཁའ་སྙིང་པོའི་སྤྲུལ་པའི་སྐུ་ལྷའི་དབང་ལྡན་དང་། དེའི་ལྷ་མོ་སྣ་ཚོགས་ཡུམ་གྱི་མངལ་དུ་འཇམ་པའི་དབྱངས་འཁྲུངས་པ། ལྷ་དང་ལྷ་མ་ཡིན་དང་། ཀླུའི་སྤྲུལ་པའི་སྐུ་རྒྱལ་པོའི་རིགས་ཆེན་པོ་དགུ་བཅུ་རྩ་དྲུག་ཏུ་སྐྱེས་པ་རིན་པོ་ཆེའི་ཅོད་པན་ཆེན་པོ་བཅིངས་པ་གྲོང་བྱེ་བ་བྱེ་བའི་བདག་པོ་རྣམས་ཀྱིས་ཞབས་ཀྱི་པདྨོ་ལ་ཕྱག་བྱས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྐུ་རྒྱལ་པོ་ཆེན་པོ་གྲགས་པའོ། །གདུལ་བྱ་གང་གི་ཆེད་དུ་ཞེ་ན། ཉི་མའི་ཤིང་རྟ་ལ་སོགས་པ་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་དང་ཡུལ་དགུ་བཅུ་རྩ་དྲུག་པའི་རྒྱལ་པོ་འཁོར་བཅས་དངོས་ཀྱི་གདུལ་བྱ་ཡིན་ལ་གཞན་སྙིགས་མའི་དུས་ཀྱི་མི་སྐལ་བ་དང་ལྡན་པ་ཐམས་ཅད་གདུལ་བའི་ཕྱིར་དུ་ཡང་ཡིན་ནོ། །དུས་ཅི་ཙམ་ན་ཡིན་ཞེ་ན། སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་ནས་ལོ་དྲུག་བརྒྱ་ནས་འཇམ་དཔལ་གྲགས་པས་རྒྱལ་སྲིད་བཟུང་། དེས་ལོ་གོ་དགུ་རྒྱལ་སྲིད་བསྐྱངས་ཟིན་པའི་ཕྱི་མའི་ལོའི་ནག་པའི་ཉ་ལའོ། །དེ་ཡང་འགྲེལ་པར། བྱང་ཆུབ་སེམས་དཔའ་སེང་གེའི་ཁྲི་དེ་ལ་ལོ་བརྒྱའི་བར་དུ་ཆོས་བསྟན་ནོ། །དེ་ནས་ལོ་བརྒྱ་རྫོགས་པའི་རྗེས་ལ་དེ་བཞིན་གཤེགས་པས་ལུང་བསྟན་པའི་བྱིན་གྱིས་རླབས་ཀྱི་སྟོབས་ཀྱིས་དྲང་སྲོང་རྣམས་ཡོངས་སུ་སྨིན་པའི་དུས་སུ་ཞེས་གསུངས་པས་སོ། །ཚུལ་ཇི་ལྟ་བུས་བསྟན་པ་ཡིན་ཞེ་ན། འཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔ་ཡིས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །ཞེས་ལུང་བསྟན་པའི་དུས་ལ་བབ་པར་གཟིགས་ནས་དབོའི་ཟླ་བའི་ཉ་ལ་ཉི་མའི་ཤིང་རྟ་ལ་སོགས་པའི་ཚངས་པའི་དྲང་སྲོང་རྣམས་ལ་བཀའ་ནན་ཆེན་པོ་མགོ་བོར་རྡོ་རྗེ་ལྷུང་བ་ལྟར་ཕབ་པས་དེ་དག་གིས་ཀ་ལཱ་པའི་གྲོང་སྤངས་ཏེ་འཕགས་པའི་ཡུལ་དུ་དོན་ཕྱིན་ཏོ། །ཉི་མ་བཅུ་བགྲོད་པའི་མཐའ་ལ་ནགས་ཚལ་འཐིབས་པོར་ཞུགས་པ་ན། རྒྱལ་པོ་གྲགས་པས། ཇི་ལྟར་ཚངས་པའི་དྲང་སྲོང་འདི་དག་འཕགས་པའི་ཡུལ་དུ་སོང་ན་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པའི་སེམས་ཅན་མི་བཟད་པའི་སེམས་དང་ལྡན་པར་འགྱུར་ཏེ། འདིར་རྒྱུ་གང་ཞིག་གིས་རྡོ་རྗེའི་ཐེག་པར་གསུངས་པ་ཡང་དག་པའི་ཡེ་ཤེས་ཀྱི་ལམ་མ་ཡིན་པའི་རྒྱུ་དེས། དྲང་སྲོང་ཐར་པ་དོན་དུ་གཉེར་བ་འདི་དག་ཐམས་ཅད་དཔལ་རྒྱལ་པོ་གྲགས་པའི་འཇིགས་པས་གནས་ཡོངས་སུ་བཏང་སྟེ། རང་གི་གཉེན་བཤེས་བཟུང་ནས་འཕགས་པའི་ཡུལ་དུ་སོང་ངོ་ཞེས་རྒྱལ་རིགས་ལ་སོགས་པའི་སྐྱེ་བོ་རྣམས་སེམས་པར་བྱེད་ཅིང་སྐལ་བ་ངན་པར་འགྱུར་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་ལ་སེམས་ལེགས་པ་དང་མི་ལྡན་པའི་ཕྱིར་རོ་སྙམ་དགོངས་ནས། ཁྱབ་འཇུག་དང་ཚངས་པ་དང་། དྲག་པོའི་རིགས་ཐམས་ཅད་རྨོངས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དང་ལྷའི་བྱིན་གྱིས་རླབས་དེའི་སྟོབས་ཀྱིས་དྲང་སྲོང་དེ་དག་ནགས་ཚལ་དུ་རྨོངས་ནས་དེར་གནས་པའི་རི་ཁྲོད་པ་དག་གིས་བཅིངས་ཏེ་རྒྱལ་པོ་གྲགས་པའི་འདུན་སར་བོར་བ་དང་སད་ནས། ཅི་བདག་ཅག་ནགས་ཚལ་ཆེན་པོ་ནས་སླར་དཀྱིལ་འཁོར་གྱི་ཁང་པ་འདིར་སླེབ་པར་གྱུར་སྙམ་ཅ་ཅོར་བསྒྲགས་པ། མིའི་དབང་ཕྱུག་དེའི་བློན་པོ་སྤྲུལ་པའི་སྐུ་རྒྱ་མཚོའི་བློ་གྲོས་ཀྱིས་ཐོས་ཏེ་སྨྲས་པ། ཀྱེ། ཉི་མའི་ཤིང་རྟ་ལ་སོགས་པ་ཚངས་པའི་དྲང་སྲོང་རྣམས། རྒྱལ་པོ་གྲགས་པ་འདི་ནི་ཕྱོགས་གཅིག་པ་མ་ཡིན་ཏེ། ཁྱེད་རྣམས་རྗེས་སུ་གཟུང་བའི་དོན་དུ་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་གོ །དེའི་ཕྱིར་འདིའི་ཞབས་ལ་སྐྱབས་སུ་སོང་ལ་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་ལམ་དབང་བསྐུར་བར་གསོལ་བ་ཐོབ་ཅིག་ཅེས་བསྒོའོ། །རྒྱ་མཚོའི་བློ་གྲོས་ཀྱི་ཚིག་དེ་དང་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་དྲང་སྲོང་རྣམས་རིགས་སད་ནས་ཉི་མའི་ཤིང་རྟ་སྦྲན་ཏེ་མིའི་དབང་ཕྱུག་དེ་ལ་གསོལ་བ་བཏབ་སྟེ། དེས་ཀྱང་ཞལ་གྱིས་བཞེས་ཏེ་ཟླ་བ་ཕྱི་མ་ནག་པའི་དཀར་པོའི་ཕྱོགས་ལ་དབང་བསྐུར་བས་ཐམས་ཅད་ཀྱང་རྡོ་རྗེའི་རིགས་གཅིག་ཏུ་མཛད་པའི་རིགས་ལྡན་ཞེས་གྲགས་སོ། །དེས་ཉི་མ་དེ་ཀ་ལ་རྩ་བའི་རྒྱུད་ལས་འཕྲེང་བ་འཛིན་པའི་སྡེབ་སྦྱོར་གྱིས་ཤློ་ཀ་སྟོང་ཕྲག་གཅིག་དང་སུམ་ཅུ་ལྷག་པས་དཔལ་ལྡན་རྒྱུད་བསྡུ་བར་མཛད་དོ། །རྒྱུད་ཉིད་ལས། འདི་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་ལྷ་ཡི་མཆོག་གི་རྒྱུད་ལ་རྡོ་རྗེའི་རིགས་ཀྱི་རིགས་ལྡན་ཏེ། །རྡོ་རྗེའི་དབང་བསྐུར་བྱིན་ནས་མཐའ་དག་ཐུབ་པའི་རིགས་རྣམས་དག་ནི་རིགས་གཅིག་དག་ཏུ་བྱེད་པར་འགྱུར། །ཞེས་པ་དང་། འགྲེལ་པར་དབང་བསྐུར་ནས་ཉི་མའི་ཤིང་རྟ་ལ་འདི་གསུངས་སོ། །ཉི་མའི་ཤིང་རྟ་ཁྱེད་ཚངས་པའི་དྲང་སྲོང་གི་རིགས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཐོབ་པར་བྱ་བའི་སླད་དུ་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་དམ་པའི་དངོས་པོ་མཉན་པར་འདོད་ཅིང་ཡང་དག་པར་བརྩོན་པ་གང་ཡིན་པ་དེ་ནི་ལེགས་སོ་ལེགས་སོ། །ཁྱོད་ཀྱི་འདི་ལེགས་པས། དེ་བས་ན་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་དམ་པའི་དངོས་པོ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དུས་ཀྱི་འཁོར་ལོ་རྡོ་རྗེའི་རྣལ་འབྱོར་ཁྱོད་ཀྱིས་དྲིས་པ་དེ་ཐམས་ཅད་བདག་གིས་བསྟན་པར་བྱའོ་ཞེས་འབྱུང་སྟེ། བསྡུས་པ་ཅི་ལྟ་བུ་ཞེ་ན། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། །ཞེས་པ་ལ་སོགས་པས་སོ། །རྒྱུད་ཀྱི་གཞུང་ཤླཽ་ཀ་གྲངས་དེ་ཙམ་ནི་རྩ་རྒྱུད་བསྡུས་པ་ལ་ཡིན་གྱི། གཞན་ནི་ཉི་མའི་ཤིང་རྟས་འཇམ་དཔལ་ལ་བསྟོད་པ་ལྟ་བུ་སོགས་སྡུད་པ་པོས་རྗེས་སུ་བཅུག་པ་ཡིན་ནོ། །དེའི་ཕྱིར་འདིའི་སྡུད་པ་པོ་ཡང་འཇམ་དབྱངས་རང་དེ་སྡུད་པར་བྱེད་པ་པོ་ཡང་འདི། །ཞེས་འབྱུང་བས་སོ། །མཆོག་མི་འགྱུར་གྱི་འགྲེལ་ཆེན་ལས། འཇམ་པའི་དབྱངས་ཀྱང་ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན་ཤམྦྷ་ལའི་ཡུལ་དུ་ཞེས་འབྱུང་བ་དང་། ཟླ་བཟང་གི་ལོ་གཉིས་ལྷག་མའི་རྒྱལ་པོ་དྲུག་ལོ་བརྒྱ་བརྒྱར་ཆོས་སྟོན་པར་བཤད་པ་ཤིན་ཏུ་གསལ་བའི་ཕྱིར། ལོ་འདི་ནས་ནི་ཞེས་པ་མྱ་ངན་ལས་འདས་པའི་ཕྱི་ལོ་ལ་བྱ་དགོས་སོ། །འོ་ན་དེ་རང་གི་འགྲེལ་པར། ལོ་འདི་ཞེས་པ་ནི། དེ་བཞིན་གཤེགས་པས་ཆོས་བསྟན་པའི་ལོ་སྟེ། ལོ་དེ་ནས་ལོ་དྲུག་བརྒྱ་ན་ཞེས་འབྱུང་བ་ཇི་ལྟར་བགྲང་ཞེ་ན། ཆོས་བསྟན་པ་ནི་རྡོ་རྗེའི་ཐེག་པ་ཁོ་ན་བསྟན་པའི་དུས་ལ་མི་བྱེད་ཀྱི། འཇིག་རྟེན་རྗེས་འཇུག་བཅད་ནས་ནི། །འཁོར་ལོ་སྐོར་ནས་མྱ་ངན་འདའ། །ཞེས་གང་གིས་འདུལ་བའི་ཐོག་མ་ལ་བསྟན་པ་ནས་མཐའ་མ་ལ་ཆོས་མཐའ་མ་བསྟན་པའི་དུས་ཀྱི་བར་ཞེས་བྱ་ཡི། གཞན་དུ་ལུང་དང་འགལ་བ་དང་། རིག་པའི་གནོད་པ་ཡང་ཡོད་པའི་ཕྱིར་རོ། །འགའ་ཞིག་མྱ་ངན་ལས་འདས་པའི་ལོ་རང་ལ་འདོད་མོད། མི་རིགས་ཏེ་ཟླ་བཟང་གི་དུས་ལོ་གཅིག་ལྷག་པས་སོ། །བསྡུས་རྒྱུད་བསྡུས་པའི་ལོ་རང་པད་དཀར་རྒྱལ་སར་ཕེབས་པ་ཡིན་ནོ། །གསུམ་པ་དེ་དག་ལ་འཆད་ཉན་མཛད་པ་ཇི་ལྟར་བྱུང་བའི་ཚུལ་ནི། འགྲེལ་པར། སེམས་ཅན་ཐམས་ཅད་ཀྱི་སྐད་ཐ་དད་པ་དག་གིས་དེ་བཞིན་གཤེགས་པས་ཆོས་གསུངས་པ་རྣམས་ཡང་དག་པར་སྡུད་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉན་པ་པོར་གྱུར་པ་ནི་གསང་བའི་བདག་པོ་སྟེ། གསང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ལས་མཆོག་ཏུ་གྱུར་པ་རྡོ་རྗེའི་ཐེག་པའོ། །དེའི་ཡང་དག་པར་སྡུད་པ་པོ་ཡིན་པས་ན་བདག་པོ་སྟེ། གསང་བའི་བདག་པོའོ་ཞེས་སྔགས་ཐམས་ཅད་ཀྱི་སྡུད་པ་པོ་དེ་ཡིན་པར་གསུངས་ལ། འགྲེལ་ཆེན་ལས། རྩ་བའི་རྒྱུད་གྱི་རྒྱལ་པོ་སྟོང་ཕྲག་བཅུ་གཉིས་པ་དང་། འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་ཡང་། ཤམྦྷ་ལ་ལ་སོགས་པའི་ཡུལ་གྱི་སྐད་གཞན་གྱིས་གླེགས་བམ་ལ་བྲིས་ནས་རྒྱལ་པོ་ཟླ་བ་བཟང་པོས་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ལ་རབ་ཏུ་བསྟན་ནོ། །དེ་དག་ཉིད་དེ་ལ་མོས་པ་རྣམས་ཉན་ཅིང་བཀླགས་ཏེ་རང་གི་སེམས་ལ་བཟུང་ཞིང་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་བསྟན་ཏོ། །རྒྱུད་བསྟན་པའི་དུས་དེ་ནས་ལོ་གཉིས་པ་ལ་སེམས་ཅན་རྣམས་ཀྱི་དངོས་གྲུབ་ཀྱི་རྒྱུའི་སླད་དུ་དཀྱིལ་འཁོར་གྱི་འཁོར་ལོ་དང་རྫུ་འཕྲུལ་བསྟན་ནས་སྤྲུལ་པའི་སྐུ་ཡིས་གང་ནས་བྱོན་པ་དེ་ཉིད་དུ་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་གཤེགས་སོ་ཞེས་ཞུ་བ་པོ་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཡིན་པའི་ཕྱིར་ཟླ་བ་བཟང་པོ་དེས་བསྡུས་ཏེ་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད། མཱ་ལ་ཡའི་སྐྱེད་མོས་ཚལ་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དུས་ཀྱི་འཁོར་ལོའི་བློས་བསླང་བཞེངས་ནས་རྒྱུད་བསྟན་པའི་དུས་དེ་ནས་ལོ་གཉིས་པ་དེ་ཉིད་ལ་སྲས་ལྷའི་དབང་པོ་ལ་རྒྱལ་སྲིད་གཏད་དེ་གཤེགས་སོ། །གང་དུ་གཤེགས་ན། གང་ནས་བྱོན་པ་དེར་ཞེས་པ་ལྕང་ལོ་ཅན་ནམ་རོ་ལྡན་ཞེས་པའི་མིང་ཅན་རི་རབ་ཀྱི་རྩེའི་ཆར་ཡོད་པ་དེར་བྱོན་པ་སྟེ། རོ་ལྡན་ན་གནས་པ་གནོད་སྦྱིན་ཆེན་པོ་རྣམས་ཀྱི་བདག་པོའི་ཞེས་གསུངས་པས་སོ། །ནང་དུ་རོ་ལྡན་ནི་ཆོས་ཀྱི་སྤྲིན་གྱི་སར་བཞག་པས་དེར་བྱོན་པ་ཡིན་ནོ། །འདི་ཡང་དྲང་བའི་དོན་ཏེ། ཐུབ་པ་གངས་ཅན་མཚོ་ཞེས་པའི་རྒྱལ་ཚབ་ཀུན་ཏུ་བཟང་པོ། དེ་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་ཀྱི་བསྟན་པ་སྲུང་བར་བྱེད་པའི་ཕྱིར་གནོད་སྦྱིན་རྣམས་ཀྱི་བདག་པོ་ནོར་བུ་བཟང་པོ་ཞེས་བྱ་བར་སྤྲུལ་པ་དེ་ཡིན་ལ། ངེས་པའི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་ནུས་པའོ། །གཞན་ཡང་རྣ་བའི་དག་པ་ཕྱག་ན་རྡོ་རྗེར་བཤད་པས་ཀྱང་ངོ་། །རྒྱལ་པོ་དེས་ཀྱང་ཤམྦྷ་ལར་གནས་པ་ཐམས་ཅད་ལ་བསྟན་པ་ནི་མ་ཡིན་ཏེ། དེ་ཉིད་ལ་མོས་པ་ཞེས་དགར་ཚིག་གིས་བསྟན་པ་དང་། དེ་བཞིན་ལྷག་མ་དྲུག་གིས་ཀྱང་སྟེ། གྲགས་པས་ཐམས་ཅད་རིགས་གཅིག་ཏུ་བྱེད་པར་བཤད་པའི་རིག་པས་སོ། །དེ་ནས། །རྒྱུད་འདིར་དྲང་སྲོང་རིགས་སོགས་ལ། །སངས་རྒྱས་ལམ་ནི་གསལ་བྱེད་པ། །ཟླ་བ་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷ་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །ཞེས་དང་། འདས་པའི་རྒྱལ་པོ་ཉི་མའི་འོད། །དེ་ནི་བགེགས་དགྲའི་སྤྲུལ་པ་སྟེ། །ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ས་སྙིང་གཤིན་རྗེ་མཐར་བྱེད་དང་། །སྒྲིབ་པ་ཐམས་ཅད་རྣམ་སེལ་དང་། །རྨུགས་བྱེད་ཁེངས་བྱེད་རིམ་པ་སྟེ། །ནམ་མཁའི་སྙིང་པོ། ཞེས་གསུངས་པས། རྒྱལ་པོ་ཉི་མའི་འོད་ཅེས་བྱ་བ་ཟླ་བཟང་གི་ཡབ་དེ་བགེགས་མཐར་བྱེད་ཀྱི་སྤྲུལ་པར་བསྟན་ཀྱང་། སེང་གེའི་ཁྲི་ལ་བཞུགས་ཏེ་ཆོས་སྟོན་པ་པོ་ནི་མ་ཡིན་ནོ། །ཟླ་བ་བཟང་པོ་བཤད་ཟིན། དེའི་སྲས་སའི་སྙིང་པོའི་སྤྲུལ་པ་ལྷ་དབང་། དེའི་སྲས་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་གཟི་བརྗིད་ཅན། དེའི་སྲས་སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བས་བྱིན། དེའི་སྲས་ཁྲོ་བོ་རྨུགས་བྱེད་ཀྱི་སྤྲུལ་པ་ལྷའི་དབང་ཕྱུག དེའི་སྲས་རྟ་མགྲིན་ནམ་ཁེངས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས། དེའི་སྲས་ནམ་མཁའི་སྙིང་པོའི་སྤྲུལ་པ་ལྷའི་དབང་ལྡན་ཏེ། འདི་དྲུག་ནི་རྩ་བའི་རྒྱུད་དང་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་ལ་འཆད་ཉན་མཛད་མཁན། གྲགས་པ་པད་དཀར་རིམ་པས་སོ། །ཞེས་དང་། འཇམ་དབྱངས་དང་། འཇིག་རྟེན་མགོན་པོ་གོ་རིམ་བཞིན། རྒྱལ་པོ་འཇམ་དབྱངས་གྲགས་པས་བསྡུས་པའི་རྒྱུད་ལན་གཅིག་བསྟན་ཏེ། གང་གི་སྲས་ལྷ་མོ་སྒྲོལ་མའི་མངལ་དུ་འཁྲུངས་པ་འཇིག་རྟེན་དབང་ཕྱུག་པདྨ་དཀར་པོ་ལ་རྒྱལ་སྲིད་གཏད་ཅིང་། དེས་བསྡུས་པའི་རྒྱུད་ལ་སྟོན་པའི་ལུང་བསྟན་ཇི་ལྟ་བར་འགྲེལ་བཤད་རྩོམ་པར་སྐུལ་ལོ། །ལུང་བསྟན། འདི་ཡི་སྒྲོལ་མ་ལྷ་མོ་ཆེ། །སྲས་ནི་པད་འཛིན་འཇིག་རྟེན་དབང་། །ཞེས་གསུངས་ཤིང་རྒྱལ་པོ་དེ་ཐམས་ཅད་ཤཱཀྱའི་རིགས་ཏེ། བདག་གི་ཤཱཀྱའི་རིགས་བརྒྱུད་ལ། །བྱུང་བ་ཟླ་བཟང་ཁྱོད་རིགས་ལའོ། །ཞེས་དང་། འགྲེལ་བཤད་བྱེད་པ་པད་དཀར་འཛིན། །ཞེས་པས་སོ། །བཟང་པོ་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་རྒྱལ་ལོ། །བཤེས་གཉེན་བཟང་པོ་ཕྱག་དམར་དང་། །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་གྲགས་དང་ཤིན་ཏུ་བཟང་། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང་། །རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་དང་། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང་། །ཞེས་པའི་བར། གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །དེ་བར་བྱང་ཆུབ་སེམས་དཔའ་གཞན། །བཅུ་གསུམ་དེ་དག་རིམ་པ་ཡིས། །རིགས་ལྡན་རིགས་ལས་འབྱུང་བར་འགྱུར། །ཞེས་དང་པོ་ཁྲོ་བོ་མཐར་བྱེད་དང་། ཁྲོ་བོའི་བར་དུ་བྱང་སེམས་འབྱུང་བ་ཙམ་གསུངས་པ་ལ་བརྟེན་ནས་པདྨ་དཀར་པོའི་སྲས་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་བཟང་པོ་དང་། དེའི་སྲས་ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་དང་། དེའི་སྲས་རྨུགས་བྱེད་ཀྱི་སྤྲུལ་པ་བཤེས་གཉེན་བཟང་པོ་དང་། སྒྲིབ་སེལ་གྱི་སྤྲུལ་པ་ཕྱག་དམར་དང་། ཁེངས་བྱེད་ཀྱི་སྤྲུལ་པ་ཁྱབ་འཇུག་སྦས་པ་དང་། ནམ་སྙིང་གི་སྤྲུལ་པ་ཉི་མ་གྲགས་དང་། བགེགས་དགྲའི་སྤྲུལ་པ་ཤིན་ཏུ་བཟང་དང་། ཕྱག་རྡོར་གྱི་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ་དང་། གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ་དང་། ས་སྙིང་གི་སྤྲུལ་པ་ཉི་མ་དང་། རྨུགས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས་དང་། སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བའི་འོད་དང་། ཁེངས་བྱེད་ཀྱི་སྤྲུལ་པ་མཐའ་ཡས་དང་། ནམ་སྙིང་གི་སྤྲུལ་པ་ས་སྐྱོང་དང་། བགེགས་དགྲའི་སྤྲུལ་པ་དཔལ་སྐྱོང་དང་། ཕྱག་རྡོར་གྱི་སྤྲུལ་པ་སེང་གེ་དང་། གཤིན་རྗེ་གཤེད་ཀྱི་སྤྲུལ་པ་རྣམ་གནོན་དང་། ས་སྙིང་གི་སྤྲུལ་པ་སྟོབས་པོ་ཆེ་དང་། རྨུགས་བྱེད་ཀྱི་སྤྲུལ་པ་མ་འགགས་པ་དང་། སྒྲིབ་སེལ་གྱི་སྤྲུལ་པ་མིའི་སེང་གེ་དང་། མཁའ་སྙིང་གི་སྤྲུལ་པ་དབང་ཕྱུག་ཆེན་པོ་དང་། ཕྱག་རྡོར་གྱི་སྤྲུལ་པ་མཐའ་ཡས་རྣམ་རྒྱལ་ཞེས་འདོན་པ་དང་། ཐར་ལོ་ས་སྙིང་བཟང་པོར་བྱེད་པ་སོགས་སྤྲུལ་གཞི་གང་དང་སྤྲུལ་པ་དེའི་ངོས་འཛིན་མི་མཐུན་པ་མང་སྟེ་ལུང་གིས་དངོས་སུ་མ་སྦྱར་བའི་སྐྱོན་ནོ། །གྲངས་ཀྱང་འགའ་ཞིག་རིགས་ལྡན་ཉི་ཤུ་རྩ་ལྔ་འཆད་ལ། དེ་ལྟ་ན་སྔར་གྱི་ལུང་དོན། འགྲེལ་ཆེན་ལས། དེ་བཞིན་རིམ་པ་ཇི་ལྟ་བར་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུ་དང་། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་རྣམས་ཏེ། གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དེ་དག་གི་བར་དུ་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་དེ་དག་ལུང་བསྟན་ནོ། །ཞེས་པད་དཀར་ནས་དྲག་པོ་འཁོར་ལོ་ཅན་གྱི་བར་ལ་ཉེར་གསུམ་བཤད་པ་མི་འགྲིག་པས། རང་ལུགས་མཐའ་ཡས་དང་རྣམ་རྒྱལ་སོ་སོ་པས་ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་ཞེས་འདོན་ནོ། །དེ་ཡང་། དེ་ཡི་དབུས་སུ་གདན་ནི་ཉི་ཤུ་རྩ་ལྔ་རིམ་པར་ཡོངས་སུ་བགྲངས་པ་དག་གི་དུས་ཀྱི་མཐར། །ཞེས་རིགས་ལྡན་གྲགས་པའི་གདན་རབས་ཉི་ཤུ་རྩ་ལྔ་རྫོགས་པའི་མཐར་དྲག་པོ་འཁོར་ལོ་ཅན་འབྱུང་བར་གསུངས་པས་ཀྱང་ཤེས་པར་བྱའོ། །བི་བྷཱུ་ཏི། དཔལ་སྐྱོང་དང་སེང་གེ་གཅིག་ཏུ་བསྡུ། །མཐའ་ཡས་དང་རྣམ་རྒྱལ་གཅིག་ཏུ་བསྡུས་ཏེ། དེའི་རྗེས་ལ་གྲགས་པ་ཞེས་བགྲངས། དེ་ནས་དྲག་པོ་འདོད་པ་ནི་ནོར་བའོ། །རྒྱུ་མཚན་གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་གསུངས་པ་ལ་འཁྲུལ་པར་སྣང་བས་སོ། །ལུང་འདིར་ནི་རིགས་ལྡན་འཇམ་དཔལ་གྲགས་པ། སླར་རྣམ་རྒྱལ་གྱི་སྲས་པོ་དྲག་པོ་འཁོར་ལོ་ཅན་དུ་འཁྲུངས་པར་ལུང་བསྟན་པ་སྟེ། ཡང་དག་ཐེག་པར་མངོན་འཛེགས་ལྷ་མིན་རིགས་ལ་འཇིགས་སྟེར་དཔལ་ལྡན་གྲགས་པ་ཕྱག་ན་མདུང་ཐུང་ཅན། །སེམས་ཅན་རྣམས་ལ་ཐར་པའི་སླད་དུ་ས་ལ་དུས་ཀྱི་འཁོར་ལོ་རབ་ཏུ་གསལ་བར་བྱེད་པར་འགྱུར། །ཞེས་པས་སོ། །འདི་ཕྱག་རྡོར་གྱི་སྤྲུལ་པར་བཤད་པ་ནོར་བའོ། །འགའ་ཞིག་གྲགས་པས་རྩ་རྒྱུད་ལོ་བརྒྱ་བསྟན། བསྡུས་རྒྱུད་ལོ་བརྒྱ་བསྟན་ལ། གཞན་རྣམས་ཀྱིས་དྲུག་ཅུ་དྲུག་ཅུར་ཆོས་བསྟན་པར་འདོད་པ་དང་ཕྱོགས་པ་སོགས། རྒྱ་མཚོ་རྣམ་རྒྱལ་གྱི་དུས་བརྒྱ་གྱ་གཉིས་དང་། རྒྱལ་དཀའི་དུས་ཉིས་བརྒྱ་ཉེར་གཅིག་ཏུ་འདོད་པ་དང་། ཕལ་ཆེར་རིགས་ལྡན་རྣམས་ཀྱི་སྐུ་ཚེའི་ཚད་ལོ་བརྒྱར་འདོད་པ་ཐམས་ཅད་ནི་མ་དག་པ་སྟེ། འགྲེལ་ཆེན་ལས། དེ་ནས་ལྷས་དབང་གིས་ལོ་བརྒྱའི་བར་དུ་རྒྱུད་སྟོན་པར་མཛད་དེ། དེ་བཞིན་དུ་གཟི་བརྗིད་ཅན། ཞེས་ནས། བྱང་ཆུབ་སེམས་དཔའི་སེང་གེའི་ཁྲི་དེ་ལ་ལོ་བརྒྱའི་བར་དུ་ཆོས་བསྟན་ཏོ། །ཞེས་པས་དང་། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱི་ཞེས་ནས་རྒྱལ་དཀའི་བར་གྱི་ལོ་གྲངས་ལུང་ལས་ཆེས་གསལ་བ་དང་། ཐ་མ་དྲག་པོ་ལ་ཡང་། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོ་སྒྱུར། ཞེས་འདིའི་གདན་ཡང་ཆོས་རྒྱལ་ཟླ་བཟང་སོགས་བདུན། རིགས་ལྡན་གྲགས་པ་ནས་རྣམ་རྒྱལ་གྱི་བར་ཉེར་ལྔས་སོ་གཉིས་སོ། །ཚེ་ལོ་བརྒྱ་ཞེས་པའང་མི་ལོ་བརྒྱར་ཞེས་པའི་དོན་དུའོ། །རིགས་ལྡན་ཉེར་དྲུག་པ་འདི་རང་འབྱོན་པའི་དུས་ནི་རྩོད་དུས་ཡིན་ཏེ། གང་དུ་ཆོས་ནི་རྣམ་པར་ཉམས་ཤིང་རྩོད་དུས་འཇུག་པ་དེ་དང་དེར་ནི་རབ་ཏུ་བགྲོད་པར་བྱེད། །ཀླ་ཀློ་རྣམས་ཀྱང་གཡུལ་དུ་བཅོམ་སྟེ་རང་གི་ཆོས་ལ་དགོད་པ་བྱས་ནས་མདུན་དུ་རྣམ་པར་རྒྱུ། །རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དག་དང་རྩོད་དུས་གཞན་ནི་དུས་ཀྱི་སྦྱོར་བ་དག་གིས་འབྱུང་བར་འགྱུར། །དུམ་བུ་གང་དུ་སྟོབས་ལྡན་འཁོར་ལོ་ཅན་དེ་རབ་ཏུ་ཞུགས་པ་དེར་ནི་རྫོགས་ལྡན་དུས་བགྲོད་དེ། །རྒྱལ་པོའི་རྒྱབ་ཏུ་གསུམ་ལྡན་རྩོད་པའི་དུས་ཀྱང་མདུན་དག་ཏུ་སྟེ་གཉིས་ཀྱི་བར་དུ་གཉིས་ལྡན་ནོ། །ཞེས་གསུངས་པའི་མདུན་ཞེས་པ་རང་གི་དུས་དང་། རྒྱབ་ཅེས་པ་ཕྱི་ནས་ཞེས་པའི་དོན་ནོ། །དེས་ན་དུས་བཞི་ལ་བསྐལ་པའི་དུས་བཞི། སངས་རྒྱས་ཀྱི་བསྟན་པའི་དུས་བཞི། གཟའ་རྣམས་ཀྱི་ལོངས་སྤྱོད་རགས་པའི་ཚད་ཀྱི་སྟོང་པར་འཇུག་པའི་ལོ་གྲངས་མི་ལོ་ས་ཡ་བཞི། འབུམ་ཕྲག་གསུམ། ཉི་ཁྲི་དང་བཅས་པ་ལ་དུས་བཞི་ཆེན་པོ་དང་། དུས་བཞི་ཆུང་ངུ་རིགས་ལྡན་གྱི་དུས་བཞི་སྟེ་བཞི་ཡོད་པའི་དང་པོ་ནི། ཆོས་མངོན་པར། ཡར་གྱི་ཡ་ཐོག་རིང་མོ་གཅིག་ལ་བཤད་པ་སྟེ། མི་རྣམས་ཀྱི་ལོ་ནི་དཔག་མེད་ནས། ཚེ་ལོ་བཅུ་པའི་བར་དུའོ། །ཞེས་འབྱུང་ལ། དེའི་དབང་དུ་བྱས་པའི་རྩོད་དུས་ལ་འོ་སྐོལ་གྱི་སྟོན་པ་བྱོན་པས་བསྟན་པའི་དུས་བཞི་ཐམས་ཅད་ནི་དེའི་རྩོད་དུས་ལ་གཏོགས་སོ། །རྒྱལ་པོ་འབྱོན་པའི་རྩོད་དུས་ནི་འདིའི་རྩོད་དུས་ཀྱི་མཐའ། ཀླ་ཀློ་འཛམ་བུ་གླིང་དུ་ཞུགས་ནས་ལོ་སྟོང་བདུན་བརྒྱ་ནའོ། །རྒྱལ་པོ་དེ་རང་གི་ལོ་བརྒྱ་ཡང་དེ་དག་གི་གྲུབ་མཐའི་གནས་ཚད་ཀྱི་ལོར་གཏོགས་པས་ཀླ་ཀློའི་ཆོས་གནས་ཚད་སྟོང་བརྒྱད་བརྒྱའོ། །དེས་ཀླ་ཀློ་བཅོམ་ནས་དུས་བཞི་ཆུང་ངུའི་རྫོགས་ལྡན་གསུམ་ལྡན་གཉིས་ལྡན་རྩོད་པའི་དུས་ཏེ་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། དེ་རེ་ལ་ལྔ་སྟོང་བཞི་བརྒྱ་རེ་རེ་སྟེ། དུས་རྣམས་དག་གི་ལོ་ཡི་ཚད་ནི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་དག་དང་བཅས་པ་སྟེ། །རེ་རེ་དག་གི་ཚད་ནི་དུས་དང་མདའ་ཡིས་བསྒྱུར་བའི་མི་རྣམས་དག་གི་ལོ་བརྒྱ་གང་ཡིན་པའོ། །ཞེས་པས་སོ། །འདིའི་རྫོགས་ལྡན་ནི་སངས་རྒྱས་ཀྱི་བསྟན་པ་རྫོགས་པར་ལྡན་པ་སྟེ། འགྲེལ་ཆེན་ལས། རྫོགས་ལྡན་དུས་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་བགྲོད་དོ་ཞེས་པའི་དོན་ཏོ་ཞེས་དང་། བསྟན་པ་ཡང་གཙོ་བོར་རྡོ་རྗེའི་ཐེག་པའོ། །རྫོགས་ལྡན་གྱི་མཐར་ཆོས་ཀྱི་རྐང་པ་གཅིག་མེད་པ་དང་། གསུམ་ལྡན་གྱི་མཐར་གཉིས་དང་། གཉིས་ལྡན་གྱི་མཐར་ཆོས་ཀྱི་རྐང་པ་གསུམ་མེད་པ་རྩོད་པའི་དུས་སོ། །དེ་ལ་འགྲེལ་ཆེན་ལས། རྩོད་པའི་དུས་ཀྱང་རྒྱལ་པོའི་མདུན་དག་ཏུ་སྟེ་བསྐལ་པའི་མཐར་ཆོས་ཀྱི་རྐང་པ་བཞི་མེད་པའོ་ཞེས་དུས་བཞི་འདི་ཉིད་ཀྱི་རྩོད་དུས་དེར་གྱུར་པ་ནི་མ་ཡིན་ལ། བསྟན་པའི་གནས་ཚད་དང་འདིའི་དུས་བཞི་ཡང་བསྟན་པའི་ཉམས་འགྲིབ་འདྲ་བ་ལ་དགོངས་སོ། །གཞན་དུ་ན་དུས་བཞི་ཆུང་ངུ་རང་གི་རྩོད་དུས་སྔར་འོངས་ནས་རྫོགས་ལྡན་ཕྱིས་འོང་ཞེས་ཁས་ལེན་དགོས་པར་འགྱུར་ཏེ་རྒོད་བྲོའོ། །ཇི་ལྟར་བསྟན་པ་རྒྱས་པ་བཞིན་སེམས་ཅན་རྣམས་ཀྱི་ཚེ་དང་ལོངས་སྤྱོད་ཀྱང་འཕེལ་ཏེ། དེ་ཡི་དུས་སུ་འཛིན་མ་དག་ལ་མཐའ་དག་སྐྱེ་བོའི་རིགས་ནི་ཆོས་དང་འདོད་པ་ནོར་རྣམས་རྫོགས། །འབྲུ་རྣམས་དགོན་པར་སྐྱེ་བ་དང་ནི་ཤིང་རྣམས་འབྲས་བུ་བརྟན་པོས་དུད་པ་དེ་དག་འབྱུང་བར་འགྱུར། །ཞེས་སོ། །དེ་ནས་བརྒྱ་པའི་བར་བྲི་བ་དེའི་རྩོད་དུས་ཏེ། རིགས་ལྡན་མཐར་ནི་ཇི་སྲིད་བརྒྱ་ཕྲག་གཅིག་གི་ལོ་ཡི་གྲངས་ཀྱི་སྐྱེ་བོའི་ཚེ་རུ་རབ་ཏུ་འགྱུར། །ཞེས་འབྱུང་བས་སོ། །དེ་ནས་འདིའི་རྩོད་དུས་རྫོགས་ཏེ། འདི་བསྟན་པའི་རྩོད་དུས་ཡིན་ལ། བསྟན་པ་གནས་པ་ལ་དུམ་བུ་འགའ་ཞིག་ཏུ་བསྟན་པའི་བྱ་བྱེད་ཡོད་དགོས་པ་ཡིན་ནོ། །རྒྱལ་པོ་དེས་དུམ་བུ་གང་གིས་ཀླ་ཀློ་འཇོམས་པ་ཞེ་ན། དུམ་བུ་བཅུ་གཉིས་ཀའི་ཀླ་ཀློ་འཇོམས་པ་ཡིན་ཏེ། ལྷུན་པོའི་རྒྱབ་གྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་རྣམས་ཀྱི་རྒྱལ་བར་དཀའ་བ་འཁོར། འདིའི་སྔ་འགྲེལ་དུ། ད་ནི་ས་དུམ་བུ་བཅུ་གཉིས་ལ་འཁོར་ལོས་སྒྱུར་བ་ཆེན་པོ་འཁོར་བ་གསུངས་པ་ཞེས་དང་། ས་གཞི་དག་ལ་དུས་བཞི་ནུས་པའི་ཚད་དུ་འཇུག དུམ་བུ་དུམ་བུར་ཞི་བའི་གོ་འཕང་འཁོར་ལོ་ཅན་བགྲོད་ཉིན་ཞག་གཅིག་ལ་ཉི་མ་བཅུ་གཉིས་སོ། །ཞེས་པའི་འགྲེལ་པར། ཚད་འདི་དག་ལས་ནུས་པའི་ཚད་ནི་འོག་མིན་གྱི་ལྷའི་ཚད་དེ་ས་གཞི་དག་ལ་འཁོར་ལོ་ཅན་གྱི་དུས་བཞི་ནུས་པའི་ཚད་དུ་འཇུག་ཅེས་སོ། །དུམ་བུ་དུམ་བུར་ཞི་བའི་གོ་འཕང་འཁོར་ལོ་ཅན་བགྲོད། དུམ་བུ་སོ་སོར་སངས་རྒྱས་ཀྱི་ཆོས་རབ་ཏུ་བསྐོར་ནས་ཞི་བའི་གོ་འཕང་བདེ་བ་ཆེན་པོའི་གནས་བགྲོད་དོ། །ཉིན་ཞག་གཅིག་ལ་ཉི་མ་བཅུ་གཉིས་སོ། །དུམ་བུ་སོ་སོ་རེ་རེར་འཁོར་ལོས་བསྒྱུར་བ་ཆོས་རབ་ཏུ་སྟོན་པ་པོ་ཡང་སོ་སོར་རེ་རེས་ཏེ། ཉིན་ཞག་གཅིག་ལ་འཁོར་ལོས་སྒྱུར་བ་བཅུ་གཉིས་སུ་འགྱུར་རོ། །ནུས་པའི་དབུགས་དང་མི་རྣམས་ཀྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་བཅོ་བརྒྱད་ཀྱི་རེ་རེ་བགྲོད་དེ། དེ་ལྟར་ན་ཆོས་ཀྱི་ཉིན་མོར་བྱེད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ལམ་རབ་ཏུ་སྟོན་པའི་ཉི་མ་བཅུ་གཉིས་སོ་ཞེས་བཤད་པས་སོ། །ལུང་འདིའི་དོན་ལ། དཔལ་ཡིད་བཟང་རྩེ་པས། ཆོས་རྒྱལ་གྱི་གྲངས་ཇི་ཙམ་འབྱོན་སྙམ་ན། ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བདག་ཉིད་ཅན་གྱི་དུས་བཞི་ཆུང་བ་གཅིག་རྩོམ་པ་ནས་ཡོངས་སུ་རྫོགས་པའི་བར་ལ་ཆོས་རྒྱལ་ཉིས་བརྒྱ་བཅུ་དྲུག་འབྱུང་། དེ་དག་ལས་དང་པོ་ཉི་ཤུ་རྩ་བཞི་ལ་ཉ་ཞེས་བརྗོད་ཅིང་། དེ་བཞིན་དུ་ཉེར་བཞི་པ་ཆ་བརྒྱད་པ་ལྷག་མ་རྣམས་ལ་གོ་རིམ་བཞིན་དུ། རུས་སྦལ་དང་། ཕག་པ་དང་། མིའི་སེང་གེ་དང་། མིའུ་ཐུང་དང་། ཡ་མ་ཨགྣི་དང་། རཱ་མ་དང་། ནག་པོ་དང་། རིགས་ལྡན་ཞེས་བྱ་ལ། སླར་ཡང་དུས་བཞི་ཆུང་བ་གཞན་ལ་འཇུག་པ་ན་སྔར་བཞིན་ཉ་ནས་རིགས་ལྡན་གྱི་བར་དུ་འབྱུང་བས་ཆོས་རྒྱལ་རབ་ཏུ་མང་བར་འབྱོན་ཏེ། དུས་བཞི་ཆུང་བ་ཡང་དང་ཡང་དུ་འཁོར་བའི་ཕྱིར་རོ། །ཆོས་ཀྱི་རྒྱལ་པོ་རྣམས་དུམ་བུ་བཅུ་གཉིས་སུ་འཁོར་བའི་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། དེ་ལ་ཇི་སྐད་བཤད་པའི་ཉ་ལ་སོགས་པའི་མིང་ཅན་ཆོས་རྒྱལ་ཉིས་བརྒྱ་བཅུ་དྲུག་པོ་ནི་ཤམྦྷ་ལ་ཉིད་དུ་རིམ་པར་འབྱོན་གྱི་དུམ་བུ་གཞན་དུ་གཏན་རྒྱུ་བར་མི་མཛད་ལ། འོན་ཀྱང་དུམ་བུ་འདིར་རྫོགས་ལྡན་བརྩམས་ནས་ལོ་སྟོང་བརྒྱད་བརྒྱ་ན་གཡས་སྐོར་གྱིས་དུམ་བུ་གཉིས་པར་ཤམྦྷ་ལའི་རྒྱལ་པོ་མིན་ཡང་དེའི་རྒྱལ་པོའི་རིགས་ལས་བྱུང་བའི་རྒྱལ་པོ་གཞན་ཞིག་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་ལ། ལྷག་མ་བཅུ་ཡང་དེ་བཞིན་བཤད་ནས། ཅི་དུམ་བུ་འདིར་ཤམྦྷ་ལར་དུས་བཞི་ཆུང་བའི་བར་ལ་ཆོས་རྒྱལ་ཉིས་བརྒྱ་དང་བཅུ་དྲུག་འབྱུང་བ་དེ་ཁོ་ན་ལྟར་མི་འབྱུང་ངམ་ཞེ་ན་མི་འབྱུང་སྟེ། དུམ་བུ་གཞན་དག་ཏུ་ནི་དུས་བཞི་རེ་འཁོར་བའི་བར་དུ་འཁོར་ལོས་བསྒྱུར་བ་རེ་རེ་ཁོ་ན་ལས་གཞན་འབྱུང་བ་མེད་དོ་ཞེས་བཤད་པ་བླ་མ་གོང་མའི་གསུང་དུ་སྣང་ཡང་མི་རིགས་ཏེ། དུས་བཞི་ཆུང་བའི་རྫོགས་ལྡན་གྱི་རྒྱལ་པོ་ཚངས་པའི་དུས་ལ་སོགས་པའི་མི་ལོ། ཚངས་པ་སོགས་ལ་མི་རྣམས་ལོ་ནི་བརྒྱ་ཕྲག་བཅོ་བརྒྱད་དང་ལྡན་མི་རྣམས་དག་གི་ཚེ། །དེ་ཡི་ཕྱེད་ནི་འོད་སྲུངས་ཀྱི་འོ་རབ་མཆོག་ས་ཡི་སྟེང་དུ་དཔལ་ལྡན་མི་ཡི་སེང་གེ་ཕྱེད། །དྲུག་ཅུས་དམན་པ་དེ་བཞིན་ཉིད་དུ་དུས་བཞི་སོ་སོའི་དུས་སུ་མི་ཐུང་སོགས་ལ་འཕྲོག་བྱེད་ཀྱི། །རིགས་ལྡན་མཐར་ནི་ཞེས་སོགས་གསུངས་པས་དེ་དུས་ཀྱི་མི་ལས་རྒྱལ་པོ་ཚེ་ཐུང་བ་ནི་གཏན་མི་འཐད། རྒྱལ་པོ་དང་མི་ཚེ་མཐུན་ན་རྒྱལ་པོའི་གྲངས་དེ་འོང་བའི་གཞི་མི་སྣང་བ་དང་། དུས་བཞི་ཆུང་ངུ་འདི་ཤཱཀྱ་ཐུབ་པའི་སྨོན་ལམ་གྱི་མཐུ་ལས་ཡིན་གྱི། དེའི་བསྟན་པ་ལ་ཡང་ཡང་འཁོར་བ་མེད་པ་དང་། བསྟན་པ་གཞན་ལ་གསང་སྔགས་མི་འབྱུང་བར་སྔར་དྲངས་པའི་ལུང་གིས་ཀྱང་ནོད་ལ། བྱམས་པ་འབྱོན་པ་སོགས་ཀྱང་ཚེ་ལོ་བརྒྱད་ཁྲི་བར་གཞོག་མི་ནུས་པར་འགྱུར་བས་དང་། འཁོར་ལོ་ཅན་ས་དུམ་བུ་བཅུ་གཉིས་སུ་འཁོར་བར་བཤད་པ་ལ་དེ་མིན་པའི་རྒྱལ་པོ་བཅུ་གཅིག་ཡོད་པར་བཤད་པས་འབྲེལ་མེད་དུ་སོང་ངོ་། །འོ་ན། ལོ་ནི་བརྒྱད་བརྒྱ་རྣམས་སུ་ཚངས་པ་བཞག་ནས། ཞེས་གསུངས་ན། དེ་དུས་ཀྱི་མི་ལས་དེ་སྐུ་ཚེ་ཐུང་ངོ་སྙམ་ན་མིན་ཏེ། འདིར་བརྒྱད་བརྒྱ་གསུངས་པའང་དེ་དང་བཅས་པའི་སྟོང་ལ་སྙེག་དགོས་ཏེ། འདིར་ཡི་གེ་ཉམས་པར་བཤད་པ་འདི་ལྟ་བུ་ལ་སོགས་པ་མང་བའི་ཕྱིར་རོ། །རྗེ་བྱམས་པ་གླིང་པ། དེ་ལྟར་འཁོར་ལོ་སྒྱུར་བ་དེ་ཉིད་དུམ་བུ་རེ་རེར་ལོ་སྟོང་བརྒྱད་བརྒྱ་རེ་ལས་མི་གནས་ཀྱང་། དང་པོ་བྱོན་པ་ནས་དུམ་བུ་གསུམ་པ་དེ་མ་རྒལ་གྱི་བར་ལོ་ལྔ་སྟོང་བཞི་བརྒྱ་དེའི་རྫོགས་ལྡན་ཉིད་ཡིན་གྱི། གསུམ་ལྡན་སོགས་ཀྱིས་སླེབ་པར་ནི་མི་གཟུང་ངོ་ཞེས་དང་། མི་ཐ་མལ་པའི་དབུགས་ཉིས་བརྒྱ་བཅུ་དྲུག་རེ་ལ་འཁོར་ལོ་ཅན་གྱི་དབུགས་རེ་རེར་བྱས་པའི་ལོ་བརྒྱ་ནི་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འགྱུར་རོ། །དེ་ལ་ལོ་བརྒྱར་བཏགས་པའི་དགོས་པ་ཡང་གདུལ་བྱའི་གཙོ་བོ་ཉི་མའི་ཤིང་རྟ་ལ་སོགས་པའི་ཚངས་པའི་དྲང་སྲོང་རིག་བྱེད་ཚད་མར་འདོད་པ་དེ་དག་གཞུག་པའི་དོན་དུ་ཡིན་ཏེ་ཞེས་གསུངས་པའང་རིགས་ལྡན་རང་གི་སྐུ་ཚེས་དུས་བཞི་ཆུང་བ་རྫོགས་ན་ཚངས་པ་ལ་སོགས་པའི་རྒྱལ་པོ་འབྱུང་བའི་དུས་དེ་གང་ཡིན་བཞག་ཏུ་མེད་པ་དང་། རྒྱལ་པོ་དེ་འདི་ནས་ས་དུམ་བུ་གཉིས་པར་འཕོ་དུས་འདིར་ཚངས་པ་བཀོད་དོ་སྙམ་ན། དེ་དུམ་བཅུ་གཉིས་ལ་དབང་སྒྱུར་མཁན་དུ་མི་འགྲུབ་སྟེ། དུམ་བུ་དང་པོ་ལ་ཚངས་པ་རྒྱལ་པོར་སོང་ཟིན་པའི་ཕྱིར་རོ། །ལུང་ཡང་། ཚངས་པ་བཞག་ནས་བདེ་བའི་གནས་སུ་འགྲོ་བར་འགྱུར། །ཞེས་ཚངས་པ་རྒྱལ་སྲིད་ལ་བཀོད་ནས་རང་ཉིད་གཤེགས་པར་བཤད་པས་སོ། །འོ་ན་འགྲེལ་པར། ལོ་བརྒྱ་ཕྲག་བཅོ་བརྒྱད་བརྒྱད་ཀྱི་རེ་རེ་བགྲོད་དོ་ཞེས་པ་ཇི་ལྟར་དྲངས་སྙམ་ན། གླིང་ཐམས་ཅད་དུ་ཀླ་ཀློ་ཞུགས་མཉམ། དེས་ན་རྩོད་དུས་འཇུག་མཉམ་ཡིན་པས་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱ་པ་རེ་རེར་གྲུབ་སྟེ། རེ་རེ་ལ་འཁོར་ལོ་སྒྱུར་བས་ཕྱིན་ཏེ་དུམ་བུ་རེ་རེ་འཇོམས་ཐེང་རེ་དགོས་པ་ལ་དགོངས་པ་བསྟན་པའི་གནས་ཚད་ཀྱི་རྫོགས་ལྡན་གྱི་དབུ་སྟོན་པ་བཞུགས་པ་ནས་བརྩི་དགོས་པས་ཀྱང་ལེགས་པར་བཤད་དོ། །གཞན་དུ་ན། གཅིག་གཉིས་གསུམ་དང་ཆུ་གཏེར་དབྱེ་བ་མདའ་རོ་ཐུབ་པ་ལྔ་དང་འཇིག་རྟེན་ལ་སོགས་དབྱེ་བ་ཡིས། །ཕྱེ་བ་མི་དབང་འཁོར་ལོ་ཅན་ནི་ས་གཞི་དག་ལ་འཁོར་ཏེ་རྣམ་ཤེས་ལྡན་པས་བཙལ་བར་བྱ། །དུམ་བུ་འདིར་ཀླ་ཀློ་འཇོམས་པའི་དུས་ལོ་གཅིག དུམ་བུ་གཉིས་པ་ལོ་གཉིས་དང་། གསུམ། བཞི། ལྔ། དྲུག བདུན། ལྔ། གསུམ་གླིང་དགུ་ལ་སོ་དྲུག ལྷག་མ་གསུམ་ལ་ལོ་བཅུ་གསུམ་མཉམ་པར་བགོས་པས། གླིང་ཐམས་ཅད་བསྡོམས་པས་མི་ལོ་ཞེ་དགུའོ། །དེ་ཡང་གྲངས་འདི་ཙམ་གྱི་ཚད་ཀྱང་། བུ་མཆན་དུ་གཉིས་མེད་ཡེ་ཤེས་ཀྱི་རང་བཞིན་གཅིག་དང་། ཐབས་ཤེས་ཀྱི་ཆ་གཉིས་དང་། སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་། ཡེ་ཤེས་རྡོ་རྗེ་དང་ལྷན་ཅིག་པ་ཆུ་གཏེར་ཏེ་བཞི་དང་། ཕུང་པོ་ལྔ་རྣམ་པར་དག་པའི་ལྔ་དང་། ཡེ་ཤེས་ཀྱི་ཕུང་པོ་དང་ལྷན་ཅིག་དྲུག་དང་སོགས་གསུངས་པས་སོ། །ལྔ་བཅུ་པ་ལ་ཤམྦྷ་ལར་ཕེབས་སྲས་ཚངས་པ་འདིར་དང་། ལྷ་དབང་གླིང་བཅུ་གཅིག་གི་རྒྱལ་པོར་བསྐོས་པ་སྟེ། རིམ་པ་བཞིན། ཀླ་ཀློའི་ཚོགས་ན་འཁོར་གྱི་སྐྱེ་བོ་དང་བཅས་རབ་ཏུ་བཅད་ནས་མི་ཡི་ལོ་ནི་བརྒྱ་ཕྱེད་ན། །རིགས་ལྡན་གྲུབ་པར་འགྱུར་ཏེ་ལྷ་ཡི་བཀོད་པའི་ཕོ་བྲང་མཐོ་བ་ཀཻ་ལ་ཤ་ཡི་རྒྱབ་ཏུའོ། །ལྷ་དང་མི་ཡི་བླ་མའི་སྲས་ནི་ཚངས་པ་ལྷ་ཡི་དབང་པོ་ཟུང་གི་ཆོས་ལ་འབྱུང་བ་དག །ཚངས་པ་རྒྱབ་ཏུ་དུམ་བུ་གཅིག་ལ་མི་ཡི་བདག་པོར་འགྱུར་ཏེ་ས་ཀུན་ལ་ནི་ལྷ་ཡི་དབང་། །ཞེས་པས་བསྟན་ཏོ། །དེ་ལ་ཚངས་པ་ནི་འཇམ་དཔལ་དང་། ལྷ་ཡི་དབང་པོ་ནི་སྤྱན་རས་གཟིགས་སོ། །ཚངས་པའི་སྲས་འོད་སྲུངས། དེའི་སྲས་མིའི་སེངྒེ། དེའི་སྲས་མིའུ་ཐུང་། དེ་ནས་སོགས་སྒྲས་རྒྱལ་པོ་དུ་མ་འབྱུང་བར་བསྟན་གྱི། ལྷ་དབང་ལ་སྲས་འདི་ལྟ་བུ་ཞེས་གསལ་བར་མ་བསྟན་ནོ། །དེ་བས་ན་དུས་བཞི་འདིར་གཙོ་བོར་རྡོ་རྗེ་ཐེག་པ་དང་། གཞན་རྒྱུའི་ཐེག་ཆེན་དག་ཀྱང་དར་བ་ཡིན་ནོ། །དེ་བས་ན་འཁོར་ལོ་སྒྱུར་བ་ཞེས་པའང་ཆོས་ཀྱི་འཁོར་ལོ་སྒྱུར་བ་ཡིན་གྱི། ལྕགས་ཟངས་དངུལ་གསེར་གྱི་འཁོར་ལོ་སྒྱུར་བ་ནི་མ་ཡིན་པས་རྩོད་དུས་འཁོར་ལོས་སྒྱུར་བ་མི་འབྱུང་བར་བཤད་པ་དང་མི་འགལ་བའི་གནད་ཀྱང་དེའོ། །འཁོར་ལོ་ཅན་དང་ཕྱེད་ཅན་དུམ་བུ་ཅན་ནི་ཡུལ་གྱི་མི་བདག་ཕྱག་རྒྱའི་ལག་ནི་དེ་ལས་གཞན། །ཕྱི་རོལ་ཏུ་ནི་དུས་ཀྱི་དབྱེ་བས་ངེས་པར་འགྱུར་ཏེ་ཇི་ལྟར་འཇིག་རྟེན་མགོན་གྱི་དེ་བཞིན་ནོ། །ཞེས་པས། གླིང་བཅུ་གཉིས་ལ་དྲག་པོ་ཆོས་ཀྱི་འཁོར་ལོ་སྒྱུར་བས་འཁོར་ལོ་ཅན། སྲས་གཉིས་ནི་ཕྱེད་ཅན། འོད་སྲུང་མན་ནི་དུམ་བུ་ཅན་ཏེ་ཐ་མའི་རྒྱལ་པོ་དེ་དག་གླིང་འདི་ལ་དབང་སྒྱུར་བས་སྟོབས་ཀྱིས་འཁོར་ལོས་སྒྱུར་བ་ནི་ཡིན་ནོ། །ད་ནི་རྒྱལ་པོས་གཞོམ་བྱ་ཀླ་ཀློ་ནི། ཨ་དྲ་ཨ་ནོ་གྷ་དང་ཕག་ལྡན་ལྷ་མིན་ལག་འགྲོའི་རིགས་ལ་མུན་པ་ཅན་ནི་གཞན་ཡང་ལྔ། །བྱི་བ་དབང་པོ་གོས་དཀར་ཅན་དང་སྦྲང་རྩིའི་བློ་གྲོས་འཇོམས་བྱེད་བརྒྱད་པ་གང་དེ་མུན་པ་ཅན། །ཞེས་པས་དེ་དག་གི་ཐོག་མ་ཀླ་ཀློ་སྦྲང་རྩིའི་བློ་གྲོས་ཏེ། འགྲེལ་ཆེན་ལས། ཀླ་ཀློ་ནི་སྦྲང་རྩིའི་བློ་གྲོས་ཏེ། རའི་འཇུག་པ་ཀླ་ཀློའི་ཆོས་སྟོན་པ་པོ་ཀླ་ཀློ་སྟག་གཟིག་པ་རྣམས་ཀྱི་བླ་མ་དང་རྗེ་བོའོ། །ཞེས་འབྱུང་བས་སོ། །གང་དུ་འབྱུང་བ་ནི་གསལ་བར། མ་ཁའི་ཡུལ་གྱི་བཱ་ག་ད་སོགས་གྲོང་ཁྱེར་དུ་ནི་བདུན་པ་ཡང་དག་སྐྱེས་པ་སྟེ། །ཞེས་པ་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་མ་ཁ་སྟེ་ལི་ཡུལ་དུ་གྲགས་པ་དེང་སང་སྟོད་ཧོར་གྱི་ཡུལ། དེ་ཡང་གཙོ་བོ་ནུབ་བྱང་གི་ཌི་ལི་ཞེས་གྲགས་པ་འདིར་བཱ་ག་ད་ཞེས་བཤད་པ་སྟེ། ཡུལ་འདི་ཐམས་ཅད་གྲོང་བྱེ་བ་གཅིག་འཆགས་རུང་བའི་སའི་ཁྱོན་ཚད་དོ། །ལུགས་ཀྱང་། གང་དུ་འཇིག་རྟེན་ལྷ་མིན་ཡན་ལག་སྟོབས་དང་ལྡན་པར་གནས་ཤིང་བརྩེ་བ་མེད་པ་ཀླ་ཀློའི་གཟུགས། །སོགས་ཀྱིས་བསྟན་པ་ལྟར་རོ། །ཇི་ལྟར་འཇོམས་པའི་ཚུལ་ནི། དེ་ཡི་དུས་སུ་གཉིས་པོ་དག་ཀྱང་ས་ཡི་སྟེང་གི་གནས་སུ་འཁྲུག་པ་དྲག་པོ་འབྱུང་བར་འགྱུར། །དེ་དག་གི་རྒྱལ་པོ་བརྒྱད་པ་འཇོམས་བྱེད་དམ། །བྱིས་པའི་བློ་གྲོས་སམ། བྱེད་པའི་བློ་གྲོས་སུ་གྲགས་པ་དམག་དཔོན་ཟླ་བ་ཆེན་པོའི་བུ་དང་། དབང་པོའི་མགོན་པོ་ཞེས་པ་དང་བཅས་པའི་དཔུང་ཡན་ལག་བཞི་པ་དག་གོ །གཡུལ་དུ་ཀླ་ཀློ་དག་ལ་སྣུན་བྱེད་མཐའ་དག་ས་ཡི་སྟེང་དུ་རང་གི་དཔུང་གི་ཡན་ལག་བཞི། །དུས་མཐའ་ཀེ་ལ་ཤ་ཡི་རི་བོ་ལྷ་ཡི་བཀོད་པའི་གྲོང་ནས་འཁོར་ལོས་སྒྱུར་བ་འབྱུང་བར་འགྱུར། །ཞེས་པས། དེ་ནས་ཀླ་ཀློའི་རྫུ་འཕྲུལ་གྱིས། །ཤམྦྷ་ལར་ནི་དམག་འདྲེན་འགྱུར། །ཞེས་པ་རྫ་ཆག་ཏུ་སོང་སྟེ་རིགས་ལྡན་གྱིས་འཛམ་བུའི་གླིང་དུ་ཀླ་ཀློ་འཇོམས་པར་འོངས་ནས་མ་ཁའི་ཡུལ་རང་དུ་འཁྲུག་པ་བྱེད་པར་བཤད་པས་སོ། །ཀླ་ཀློ་དེ་ཡང་འཛམ་བུའི་གླིང་ཕལ་མོ་ཆེ་ལ་དབང་བྱེད་པ་སྟེ་ཐམས་ཅད་དེའི་ལུགས་ཀྱིས་ཁྱབ་པར་བྱས་པའི་དུས་ཡིན་པས་སོ། །རྒྱལ་པོ་འཁོར་ལོ་ཅན་ཡང་རྒྱལ་སྲིད་བཟུང་ནས་ལོ་ང་གཅིག་པ་ལ་ཉིན་མོར་བྱེད་པའི་འོད་ཅན་རྟ་མཆོག་གི་ཏིང་ངེ་འཛིན་ལ་བཞུགས་པ་ཕྱག་ན་མདུང་ཐུང་བསྣམས་པ། དབང་ཕྱུག་དང་གདོང་དྲུག་ལ་སོགས་པ་ལྷ་ཆེན་པོ་བཅུ་གཉིས་ཀྱི་གྲོགས་དང་། དམག་དཔོན་ཆེན་པོ་ཧ་ལུ་མན་དང་དྲག་པོ། གཞན་མིའི་དབང་པོ་དགུ་བཅུ་རྩ་དྲུག རྡོའི་རྟ་ཤིན་ཏུ་མགྱོགས་པའི་རླུང་གི་ཤུགས་ཅན་བྱེ་བ་དགུ སྣ་ཚོགས་པའི་ཁ་དོག་ཅན་ཆང་གིས་དྲེགས་པས་གཡུལ་དུ་ཚམ་ཚོམ་མེད་པར་འཇུག་པའི་གླང་ཆེན་འབུམ་ཕྲག་བཞི། གསེར་གྱིས་བརྒྱན་པའི་ཤིང་རྟ་འབུམ་ཕྲག་ལྔ། ཨཀྵོ་ཧི་ཎི་ཞེས་པ་མཐོང་ཚད་ཅེས་བསྒྱུར་བས་དཔུང་བུ་ཆུང་མིག་གིས་མཐོང་ཚད་དྲུག་དང་བཅས་པའི་དཔུང་ཚོགས་ཆེན་པོས་རིགས་ལྡན་ཉིད་ཀྱི་ཀླ་ཀློའི་དབང་པོ་བློན་པོས་བློན་པོ་ལ་སྣུན་པ་སོགས་ཀྱིས་དེ་དག་སྤ་འཁུམས་ནས་འབངས་སུ་བཅུག་པ་ཡིན་གྱི། སྲོག་དང་ཕྲལ་བ་གཅིག་ཀྱང་མེད་ཅིང་ནང་དུ་སྤང་བྱ་གཉེན་པོས་འཇོམས་པ་ལ་བཤད། དེའི་ཕྱིར་འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཆེན་པོའོ། །དེ་ལྟར་དུམ་བུ་ཐམས་ཅད་དུ་རིགས་ལྡན་གྱིས་ཀླ་ཀློ་འཇོམས་པ་སྔར་བཤད་པས། འཕགས་པའི་ཡུལ་གྱི་བར་དུ་ཡང་། སངས་རྒྱས་བསྟན་པ་སྤེལ་བར་གསུངས། །མཚམས་བཅད་ཀྱང་འབྲེལ་མེད་དོ། །དེ་ནི་རྒྱ་བོད་དུ་བྱོན་པའི་ཚུལ་ལ། ཙི་ལུ་བ་ཆེན་པོས་སྤྱན་དྲངས། དེ་ལ་སློབ་མ་གསུམ་བྱུང་བའི་པིཎྜྻོ་ཨཱ་ཙཱརྻ་ཞེས་པ་དུས་ཞབས་པར་བཤད་པ་དང་། སློབ་དཔོན་དེ་ཀླུའི་བྱང་ཆུབ་ཀྱི་དངོས་སློབ། སྒྲོལ་མས་དངོས་སུ་བྱིན་གྱིས་བརླབས་པ་རྫུ་འཕྲུལ་ཅན་ཞིག་སྟེ། དེ་ལ་རྗེ་བཙུན་མས་ལུང་བསྟན་ཏེ་ཤམྦྷ་ལར་བྱོན་ནས་སྤྱན་དྲངས། སློབ་དཔོན་དེས་ན་ལནྜར་བྱོན་ནས་གཙུག་ལག་ཁང་གི་སྒོ་ཁང་དུ་རྣམ་བཅུ་དབང་ལྡན་བྲིས། དེའི་གཤམ་དུ། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་ནི་དུས་ཀྱི་འཁོར་ལོ་མི་ཤེས་སོ། །གང་གིས་དུས་ཀྱི་འཁོར་ལོ་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གི་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང་། ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱ་བའོ། །ཞེས་བྲིས་པ། ཇོ་བོ་ནཱ་རོ་ཏ་པ་དེ་དག་གི་གཙོ་བོར་བཞུགས་པ་དེ་ལ་སོགས་པ་པཎྜྻི་ཏ་ལྔ་བརྒྱས་བརྩད་པས་ཕུལ་དུ་ཕྱིན་པར་མཐོང་ནས་ཞབས་ལ་བཏུད་དེ་དང་པོའི་སངས་རྒྱས་ཉན་པས་ཆེས་དར་བར་གྱུར་ཏོ། །དེས་ན་ཇོ་བོ་ནཱ་རོ་པ་དང་དུས་ཞབས་ཆུང་བ་དོན་གཅིག དེ་ཡང་དབང་གི་ཆོ་ག་དཔའ་བོ་ཡིད་འོང་བ་རྩམ་མཁན་དེ་དང་། གཞན་དུས་ཞབས་པའི་མཚན་མང་སྟེ་ཞེས་ནགས་རིན་གྱི་ཞལ་རྒྱུན་ལས་འོངས་པ་ལྟར་འདོད་ལ། དེའི་སློབ་མ་གནས་བརྟན་བྱང་ཆུབ་བཟང་པོ་དང་རྡོ་རྗེ་གདན་པ། ཨ་བྷ་ཡཱ་ཀཱ་ར་ཡང་ཡིན་ལ། དེ་དག་ལས་རིམ་པར་བརྒྱུད་པ་རྒྱ་གར་ཤར་ཕྱོགས་སད་ནག་རའི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན་ལ། རྒྱལ་དབང་རྗེས་ཟླ་བ་གཉིས་སུ་བསྟེན་ཏེ་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་དང་བདེ་མཆོག་ལ་སོགས་པ་མང་དུ་གསན་པས་ཇི་སྙེད་པའི་ཕྱོགས་ལ་པཎྜྻི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་བཀའ་དྲིན་ཆེ་གསུང་ལ། དེས་སྙེ་ཐང་བཀྲ་ཤིས་སྒང་གི་ཆོས་རྗེ་བསམ་གཏན་པ་དང་། དགེ་སློང་ཨ་ཝ་དྷཱུ་ཏཱི་པ་གཉིས་ལ་སྩལ་ཞིང་། ཕྱི་མས་འཇམ་པའི་དབྱངས་ཆོས་ཀྱི་གྲགས་པ། དེས་རྗེ་བཙུན་ཡོན་ཏན་ཡེ་ཤེས་དང་། བྱ་པཎྜྻི་ཏ་བཀྲ་ཤིས་རྣམ་རྒྱལ་གཉིས་ལ་གནང་ཞིང་། དེ་གཉིས་ཀར་ཁོ་བོས་ཐོས་ལ། བོད་དུ་ཁ་ཆེ་པཎྜྻི་ཏ་ཆེན་པོ་ཟླ་བ་མགོན་པོ་ནས་དེང་སང་གི་བར་ལ་འགྱུར་མཛད་ཉི་ཤུ་རྩ་ལྔ་ཙམ་བྱུང་། དེའི་ཙ་མི་ལུགས་གྲུབ་ཐོབ་ཨུ་རྒྱན་པ་ནས་བརྒྱུད་པ་དང་། འབྲོ་རྭ་ནས་བརྒྱུད་པ་བུ་དོལ་གཉིས་ནས་ཆེས་དར་བ་རྒྱལ་དབང་རྗེས་དཔལ་ཡེ་བཟང་རྩེ་པ་ལ་སྐད་གཉིས་ཤན་སྦྱར་གྱི་བཤད་པ་ཞིབ་མོ་དང་། བྱམས་གླིང་པ་ཆེན་པོ་བསོད་ནམས་རྣམ་པར་རྒྱལ་བ་ལ་ཡང་གསན་ཅིང་འགྲེལ་བཤད་པོ་ཏི་བདུན་རྩོམ་པའི་བསྐུལ་བ་པོ་ཡང་མཛད། ཡང་སྐུ་ཞང་ཆོས་རྗེ་སངས་རྒྱས་བཀྲ་ཤིས་པའི་ཞལ་སློབ་དུས་ཞབས་པ་ཤཱཀྱ་དབང་ཕྱུག་ལ་རྗེ་གོང་མ་དཔོན་སློབ་གསུམ་ཀས་གསན་པ་ནི་བུ་ལུགས་ཁོ་ན་སྟེ། བརྒྱུད་པ་རྣམ་གྲངས་ལ་དགའ་བ་དག་ལ་ཅི་འདྲེན་ཀྱང་དེ་ཡོད་དོ། །ཞེས་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས་བཤད་པ་ལ་འཇུག་པའི་སྐབས་ཏེ་དང་པོའོ།། །། གཉིས་པ་ཞུགས་པའི་མདོར་བསྡུས་དངོས་བཤད་པ་ལ། མཚན་དོན་གྱིས་རྒྱུད་གསུམ་གྱི་གསང་བ་བསྟན། དེ་བདེན་པ་གཉིས་ཀྱིས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྡོ་རྗེ་འཕྲེང་བའི་ལེའུ་ཉེར་གསུམ་པར། ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ཐུབ་པ་ཆེ། །ཞེས་གསུངས་པས། རྡོ་རྗེ་འཕྲེང་བ་རྒྱུད་ཚད་མར་འདོད་བཞིན་དུ། དུས་ཀྱི་འཁོར་ལོ་རྒྱུད་རྣམ་དག་མ་ཡིན་ནོ་ཞེས་པ་རང་ལ་གཟན་པའི་གཏམ་མོ། །དེ་བཞིན་དཔལ་ལྡན་དུས་འཁོར་རྡོ་རྗེ་དང་། །ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། །ཞེས་དང་། འགྲེལ་པར། ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །ཨེ་ཝཾ་ཡིག་གེ་དེ་ལ་འདུད། །གསུངས་པ་ནི། འདིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དང་པོའི་སངས་རྒྱས་རིས་མེད་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་བརྗོད་པར་བྱ་བ་ཡིན་ལ། དེ་བརྗོད་བྱེད་ལེའུ་ལྔའི་ཚོགས་སུ་གནས་པ་སྟེ། དེའི་ཕྱིར་བརྗོད་བྱ་དོན་གྱི་རྒྱུད་དང་། རྗོད་བྱེད་ཚིག་གི་རྒྱུད་གཉིས་སུ་བཞག་ནས། དང་པོ་ཨེ་ཝཾ་གཟུགས་ཀྱི་བསྒྲུབ་གཞི། གཉིས་པ་ཨེ་ཝཾ་སྒྲའི་བསྒྲུབ་གཞི། ཆོས་ཐམས་ཅད་དེ་ལས་བྱུང་བས་བསྟན་པ་རིན་པོ་ཆེ་ཐམས་ཅད་ཀྱི་གླེང་གཞི་གཅིག་ཏུ་སྦྱར་བའི་བརྡ་ཡང་ཕྱོགས་སུ་འཛིན་པ་དགག་པའི་ཆེད་ཁོ་ནའོ། །དེའི་ཕྱིར་མཆོག་མི་འགྱུར་གྱི་འགྲེལ་ཆེན་ལས། བརྗོད་པའི་རིམ་པ་འདིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་ཉིད་ཨེ་ཝཾ་གི་ཡི་གེ་རྡོ་རྗེ་སེམས་དཔའ་རྒྱལ་བ་རྣམས་ཀྱིས་རྒྱུད་ཐམས་ཅད་ལས་ཡང་དག་པར་བརྗོད་པའོ། །བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ཀྱི་ལེའུ་ལྔ་པ་ལས་གསུངས་པ་ཡང་། ཡེ་ཤེས་ཀུན་ནས་བཅད་དུ་མེད། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །སྲིད་གསུམ་གཅིག་ཉིད་སེམས་དཔའ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །ཅེས་སོ། །བརྗོད་པའི་རིམ་པ་འདི་ཞེས་པ་ནི་འདིར་འཆད་འགྱུར་གྱི་གཞི་ལམ་འབྲས་བུའི་དུས་འཁོར་དེའི་སྔར་གསུངས་པ་དག་དང་། དེ་བས་ན་བརྗོད་བྱ་དོན་གྱི་རྒྱུད་བསམ་བརྗོད་ཐམས་ཅད་ལས་འདས་པ་བཞིན་དུ་རྗོད་བྱེད་ཚིག་གི་རྒྱུད་ཀྱང་དེ་བཞིན་ཏེ། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་དང་། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་གསུངས་ཤིང་། དེ་གཉིས་སྦྱར་བ་ཡང་། རྡུལ་མེད་རྡུལ་བྲལ་དམ་པའི་གཟུགས། །ཞེས་པར་སོང་བས། སྤྱིར་རྡོ་རྗེ་ཐུགས། དྲིལ་བུ་གསུང་། ཕྱག་རྒྱ་སྐུར་བཤད་པའི་དེ་ཉིད་གསུམ་ཡང་འདི་ཡིན་པས། གཉུག་མའི་ཡིད། གཉུག་མའི་ངག གཉུག་མའི་ལུས་ཏེ་རིས་མེད་པ་ཉིད་ཀྱི་ཕྱིར་རྐྱེན་གདུལ་བྱའི་མོས་པ་ཇི་ལྟ་བར་འགྱུར་བ་སྐུ་མཐའ་ཡས་པ་སོགས་སུ་འགྲོ་བ་ཡིན་ལ། དེའི་ཚེ་གཅིག་དང་དུ་མར་བཞག་ཏུ་མེད་པ་ནི། ཁབ་ལེན་རྐྱེན་ཁབ་ལྟ་བུ་དང་ཕྲད་ན་དེ་འདྲེན་གྱི། དེའི་ཚེ་དེ་ལ་ནུས་པ་དེ་གསར་དུ་འོངས་བ་མ་ཡིན། ཁབ་གཅིག་ལས་མེད་ན་དེ་འདྲེན་པས། དེའི་ཚེ་ནུས་པ་ཉུང་བ་མིན། ཁབ་མང་པོ་དང་ཕྲད་ན་ཐམས་ཅད་འདྲེན་པས་ནུས་པ་མང་དུ་མ་སོང་། རྐྱེན་ཁབ་ལྟ་བུ་དང་མ་ཕྲད་ན་དེ་ལ་འདྲེན་པའི་ནུས་པ་མ་མཐོང་ཡང་དེའི་ཚེ་ནུས་མེད་དུ་མ་སོང་བ་ལྟ་བུའོ། །དེ་བས་ན་གཉུག་མར་གནས་པ་འདིའི་ཚེ་ནི་རྐྱེན་དང་མ་ཕྲད་པའི་ཁབ་ལེན་ལྟ་བུ། སྤྱི་སྐད་ན་རང་བཞིན་རྣམ་དག ཇོ་བོ་ནཱ་རོ་པའི་ལུགས་སུ་སེམས་དངོས་པོའི་གནས་ལུགས་ཞེས་གྲགས་པ་ཡིན་ལ། འདི་ལ་ཡང་སྐུ་བཞི་ལ་སོགས་པའི་རྣམ་གཞག་འཐད་པ་ནི། འགྲེལ་ཆེན་དུ། ཀ་སོགས་ཡི་གེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི། །དང་པོའི་སངས་རྒྱས་རིས་མེད་གང་གི་སྤྲུལ་པ་དང་། །ལོངས་སྤྱོད་རྫོགས་པ་བཟང་པོའི་ཆོས་དང་དག་པ་སྟེ། །སྐུ་བཞི་གསུངས་པ་དེ་ལ་སྤྱི་བོས་རབ་བཏུད་ནས། །ཞེས་གསུངས་པས་ཡིན་ནོ། །དེ་བས་ན་སོ་སོར་རྟོག་པའི་ཡེ་ཤེས་དང་བྱ་བ་གྲུབ་པའི་ཡེ་ཤེས་ལོངས་སྤྲུལ་དུ་བཞག་པ་དང་མཐུན་གྱི། བརྡའི་སྐུ་འམ། ཀུན་རྫོབ་པའི་སྐུ་འམ། གཞན་དོན་གྱི་སྐུ་ཞེས་བཞག་པ་ལྟ་བུ་དང་མི་མཐུན་ནོ། །དེ་ནི་རྐྱེན་གྱི་ངོ་བོ་ཁོ་ན་བས་གཟུགས་བརྙན་དཔེར་གྱུར། བསམ་རྒྱུ་ཡོད། འདི་ནི་དཔེ་མེད་བསམ་པ་ལས་འདས་སོ། །དེའི་ཕྱིར། ཀཱ་ལ་ཙཀྲའི་མངོན་བརྗོད་ཀྱི། །གང་ལ་རྒྱུ་དང་མཚན་ཉིད་མེད། །གཡོ་དང་དེ་བཞིན་རིམ་པ་མེད། །གཉིས་མེད་དེ་ལ་བཏུད་བྱས་ཤིང་། །ཞེས་གསུངས་སོ། །དེ་བས་འདི་ཨེ་ཝཾ་གཟུགས་སྒྲའི་བསྒྲུབ་གཞི་ཡིན་ལ། །བསྒྲུབ་པ་ནི་རྣམ་འགྱུར་ལ་ལྟོས་པ་ཡིན་ནོ། །དེས་ནས་ཀཱ་ཡིག་འདི་ལ་རྒྱུ་ཞི་བ་ཀཱ་ར་ཎ་ཤནྟི་བྱེད་པ་གློ་བུར་གྱི་དྲི་མ་དང་བཅས་པ་རྒྱུ་དང་། དེ་ལྟ་ན་ཡང་གཞི་དེ་ཉིད་མ་འགྱུར་བ་ཞི་བ་སྟེ། དཔལ་རྒྱལ་བའི་དབང་པོས། གཞི་ལ་འཁྲུལ་པ་མེད་དེ་དུས་གཞི་དུས་ནས་འཁྲུལ་པ་ཞེས་གསུངས། དེ་ཡང་ཐག་ཁྲ་སྦྲུལ་དུ་མ་འགྱུར་ཏེ་སྦྲུལ་དུ་འཁྲུལ་པའི་བློས་སྦྲུལ་དུ་བཏགས་པ་བཞིན་ནོ། །དེ་བཞིན་གནས་ཚུལ་ལས་གཞན་དུ་སྒྲོ་འདོགས་པ་ནི་འཁྲུལ་པར་བྱེད་དུ་འཇུག་མཁན་དེ་ལ་ཞེན་པས་དེར་ཡང་སྣང་སྟེ། རང་གི་ཡིད་ཀྱི་བསམ་ཁྱེར་ལས། ཕ་རོལ་ཏུ་མི་བཏང་སྙོམས་པར་འདུག་པ་ལ་དགྲའམ་གཉེན་དུ་འཆར་བ་ལྟ་བུའོ། །དེའི་ཕྱིར་སྦྱང་གཞིའི་སྟེང་ན་སྦྱང་བྱ་བསལ་དུ་མེད་པ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་མདོར་གསུངས་པ་དེ་བཞིན། རྩ་རྒྱུད་ལས། དེ་ཕྱིར་ཀ་ཡི་བསལ་བྱ་ནི། །ཅི་ཡང་བཞག་བྱ་ཅི་ཡང་མེད། །དག་པ་དེ་ཉིད་འགྱུར་མེད་ཆེ། །ཞེས་གསུངས་སོ། །དྲི་མ་མེད་པ་དྲི་མ་མཐོང་བའི་རྒྱུ་ཡང་འཕོ་བའི་བག་ཆགས་ཀྱིས་ཡིན་ལ། དེ་རྒྱུད་ལ་ཞེན་པས་ཁམས་གསུམ་པ་འདི་ཐམས་ཅད་སྣང་སྟེ་དྷ་དྷུ་ར་ཟོས་པའི་ནུས་པ་ལོངས་པ་ལྟ་བུའོ། །སྣང་ཡང་དེར་གྲུབ་མི་སྲིད་པས་གློ་བུར་བ་སྟེ་རྫུན་བཞིན་ནོ། །འཕོ་བ་ཡང་ཕྱི་དབུགས་ཐིམ་ཀའི་སྣང་བ་ནུབ་པ་ལ་བྱེད་ཅིང་། དེ་ཡང་ཚེ་དེའི་དགེ་སྟོབས་སམ་སྡིག་པའི་སྟོབས་གང་ཆེ་བ་དེར་ལྡང་བ་སྟེ། ཚེ་དེའི་དགེ་སྡིག་ཀྱང་སྐྱེ་བ་སྔོན་མའི་བག་ཆགས་ཀྱིས་བསྒྲུབས་པས་སྲིད་པ་འདི་ལ་འཁོར་བ་ཞེས་བྱའོ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །གང་ལ་སྣང་བ་དག་ན་འཕོ་བ་མེད་དེ་འགྱུར་མེད་དུ་འབྱོངས་པའི་ཕྱིར་རོ། །དེས་ན་བག་ཆགས་མ་བཞག་པས་སྲིད་པར་མི་ལྡོག་སྟེ། སྐྱེ་བ་ཟད་པའི་ཕྱིར་རོ། །ལས་དང་ཉོན་མོངས་ཟད་པ་ཐར་པ་སྟེ། རྩ་རྒྱུད་ལས། ཆགས་སོགས་དྲི་མ་ལྡན་པའི་སེམས། །འབྱུང་བ་འཁོར་བའི་རྒྱུ་ཡིན་ཏེ། །དེ་དང་བྲལ་བས་རྣམ་པར་དག །རང་བཞིན་དྲི་མེད་དག་པའོ། །ཞེས་དང་། འགྲེལ་ཆེན་ལས། དེའི་ཕྱིར་བདུད་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་འཁོར་བའི་སེམས་ཀྱི་བག་ཆགས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི་འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ་ཞེས་རང་བཞིན་འོད་གསལ་བར་གསུངས་ཏེ། དེ་ཉིད་ནི་འཁོར་བའི་བག་ཆགས་དང་བྲལ་བའོ། །དེའི་ཕྱིར་བདུད་ནི་དྲི་མ་དང་བཅས་པའི་སེམས་ཡིན་ལ། སངས་རྒྱས་ཉིད་ནི་དྲི་མ་མེད་པའི་སེམས་སོ། །འདིར་ཕྱི་རོལ་ཏུ་སངས་རྒྱས་ཀྱིས་བདུད་བཅོམ་པ་གང་ཡིན་པ་དེ་ནི་རྨི་ལམ་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་སྣང་བ་ཡིན་ནོ། །དོན་དམ་པར་དེ་བཞིན་གཤེགས་པའི་ཐུགས་ནི་ལེའུ་ལྔ་པར་རྒྱས་པར་བརྗོད་པར་བྱའོ་ཞེས་གསུངས། ཐར་པ་ཡང་འདུས་བྱས་ཀྱི་འཁོར་བ་ལས་གྲོལ་བ་ཙམ་མ་ཡིན་གྱིས། འདུས་མ་བྱས་པའི་འཁོར་བའང་དག་པ་ལ་བྱེད་དགོས་ཏེ། སཾ་པུ་ཊར། ཐར་པ་ཞེས་བྱ་གཅིག་པུ་ཉིད། མང་པོ་དམིགས་པར་མི་འགྱུར་རོ། །ཞེས་སོ། །དེ་བས་ན་ངེས་འབྱུང་གཅིག་པུ་འདིར་ཐེག་པའི་མིང་ཅན་གཞན་གཉིས་ཀྱང་ངེས་འབྱུང་བྱེད་དགོས་པའི་གནད་ཀ་དེའོ། །དེའི་ཕྱིར་བག་ཆགས་དང་བཅས་པ་ལ་སྦྱང་གཞི་དང་། བག་ཆགས་དག་པ་ལ་སྦྱངས་འབྲས་ཞེས་རྒྱུད་སྔ་ཕྱིར་བཞག་པས། རྡོ་རྗེ་རྩེ་མོར། འཁོར་བ་རྒྱུད་དུ་འདོད་པ་ཡིན། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་དང་། རྩ་རྒྱུད་ལས། ཇི་སྲིད་འགྱུར་བ་ཐོབ་གྱི་བར། །རྟེན་དང་བརྟེན་པའི་འབྲེལ་པས་གནས། །སེམས་ཀྱི་འགྱུར་མེད་ཐོབ་ནས་ནི། །རྟེན་དང་བརྟེན་པའི་འབྲེལ་པ་མེད། །ཅེས་གསུངས་སོ། །ཇི་ལྟར་ཐག་ཁྲ་སྦྲུལ་དུ་འཛིན་མཁན་དེས་བལྟ་གཞི་ཐག་པར་ཤེས་ན་སྦྲུལ་སྣང་གར་སོང་ཆ་མེད་པར་འགྲོ་བས། དེ་ཐག་པར་ཤེས་པར་རྣམས་ཀྱིས་དེ་ལ་སྦྲུལ་འཛིན་འདོར་བའི་ཕྱིར་ཐག་ཁྲའི་མ་བཅོས་པ་སྟོན་པ་བཞིན། བླ་མ་རྣམས་ཀྱིས་སེམས་ཀྱི་རྣལ་མ་བསྟན་པས་འཁྲུལ་པ་འཇིག་གོ །དེ་བས་ན་རྣལ་མ་ཞེས་པ་བཟོ་བཅོས་མ་བྱས་པའི་མིང་ཡིན་ནོ། །དེ་དང་མ་བཅོས་པ་ཞེས་པ་དོན་གཅིག དེའི་མ་བཅོས་པ་དེ་རང་ལ་བལྟོས་པའི་གནས་ལུགས་ཡིན་པས། དེའི་རང་བཞིན་ནམ་ངོ་བོར་བརྟགས་ཏེ། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་བལྟོས་པ་མེད་པ་ཡིན། །ཞེས་དང་། དེ་ཀ་མ་ཡེངས་པ་སྟེ་མ་གཡོས་པའོ། །གང་ལ་གཡོ་བ་མེད་པ་དེ་མི་འགྱུར་བ་ཡིན་པས། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་སྲིད་པ་མ་ཡིན་ནོ། །ཞེས་དང་། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །དེའི་ཕྱིར་མ་ཡེངས་པ་ལམ་ངོ་མ་སྟེ། རྩ་རྒྱུད་ལས། ཡེ་ཤེས་ཀྱིས་ནི་སེམས་ཕུག་ན། །འགར་ཡང་བག་ཆགས་མེད་པའོ། །མདོར་ཡང་། ཡང་དག་ཉིད་ལ་ཡང་དག་བལྟ། །ཞེས་སོ། །དེ་ལ་བཀྲི་བའི་རིམ་པ་དུ་མ་ཞིག་གསུངས་མོད་ནའང་། ཙ་ཡིག་གིས་གཡོ་བའི་སེམས། །ཞེས་པ་ཀུན་རྫོབ་ཀྱི་བདེན་པ་དང་། ཀྲ་ཡིག་རིམ་པར་བཅིངས་ལས་སོ། །ཞེས་དོན་དམ་པའི་རིམ་པ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་བསྟན་པ་ནི་དེ་གཉིས་སུ་འདུས་ཏེ། འགྲེལ་ཆེན་ལས། སྔགས་ཀྱི་ཚུལ་འདི་ལ་རྡོ་རྗེའི་ཚིག་རྣམ་པ་གཉིས་ཏེ། གཅིག་ནི་འཇིག་རྟེན་པའི་ཀུན་རྫོབ་ཡིན་ལ། གཉིས་པ་ནི་དོན་དམ་པའོ། །དེ་དག་འཇིག་རྟེན་ཀུན་རྫོབ་ཀྱི་རྡོ་རྗེའི་ཚིག་ནི་གསོད་པ་ལ་སོགས་པའི་ལས་ལ་དམ་ཚིག་གྲུབ་པར་སྟེར་བར་བྱེད་པའོ། །དོན་དམ་པའི་རྡོ་རྗེའི་ཚིག་ནི། བཞི་པ་དེ་ཡང་དེ་བཞིན་ཏེ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་པའོ། །ཞེས་གསུངས་སོ། །དང་པོ་ལ་མཚན་ཉིད་ཀྱི་ལུགས་ནས་ཕ་རྒྱུད་ཀྱི་བར་དུ་ཐབས་སུ་བཤད་ཅིང་། ཕྱི་མ་ཐབས་བྱུང་ཤེས་རབ། འདི་ལ་རྣལ་འབྱོར་མའི་རྒྱུད་དུ། དང་པོ་ལ་ཤེས་རབ། གཉིས་པ་ལ་ཐབས་སུ་བཤད་དེ། དུས་ནི་འགྱུར་མེད་བདེ་ཡེ་ཤེས། །ཐབས་དང་སྙིང་རྗེའི་བདག་ཉིད་དོ། །འཁོར་ལོ་ཤེས་བྱའི་རྣམ་འགྲོ་དཔལ། །ཤེས་རབ་སྟོང་ཉིད་བདག་ཉིད་དེ། །དེ་ནི་དཔལ་ལྡན་དུས་འཁོར་ལོ། །ཞེས་གསུངས་སོ། །སྤྱིར་རྡོ་རྗེའི་ཐེག་པ་ཐམས་ཅད་ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། གནས་སྐབས་སུ་ཕ་དང་མར་འཇོག་པ་ཡང་གདུལ་བྱའི་བློ་ངོ་གཟུང་བའི་ཕྱིར་ཏེ། འགྲེལ་ཆེན་ལས། རྒྱུད་གང་ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་བརྗོད་པར་བྱ་བ་ཡོད་པའི་རྒྱུད་དེ་ནི་དོན་དམ་པར་ཤེས་རབ་ཀྱི་རྒྱུད་མ་ཡིན་ལ་ཐབས་ཀྱི་རྒྱུད་ཀྱང་མ་ཡིན་ནོ། །འཇིག་རྟེན་ཀུན་རྫོབ་ཏུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་དབྱེ་བས་ཕུང་པོ་དང་ཁམས་རྣམ་པར་དག་པ་ལས་ཐབས་དང་ཤེས་རབ་ཀྱི་ཕྱོགས་སུ་དབང་པོ་རཏལ་པོའི་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པས་གསུངས་སོ། །དེ་བཞིན་དུ་རྣལ་འབྱོར་མའི་མིང་ཅན་ལ་ཡང་ངོ་། །འདིར་འདི་ལ་རྣལ་འབྱོར་གྱི་ངང་ཚུལ་ཡོད་པའི་ཕྱིར་རྣལ་འབྱོར་པའོ། །དེ་བཞིན་དུ་རྣལ་འབྱོར་མ་ཡང་ངོ་། །དེའི་ཕྱིར་གཞན་ལ་བལྟོས་པ་ཉིད་ལས་རྣལ་འབྱོར་གྱི་རྒྱུད་དང་རྣལ་འབྱོར་མའི་རྒྱུད་དུ་ཡང་འགྱུར་རོ། །དེས་ན་དོན་དམ་པའི་བདེན་པས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་རྣལ་འབྱོར་གྱི་རྒྱུད་རིས་མེད་པ་དུས་ཀྱི་འཁོར་ལོའོ་ཞེས་གསུངས་སོ། །དེས་ན་དུས་ཀྱི་འཁོར་ལོ་ལྟ་བུ་གཉིས་མེད་ཀྱི་རྒྱུད། བདེ་གསང་ལ་སོགས་མ་དང་ཕའོ། །དེ་བས་ན་ཆེས་དུས་ཀྱི་འཁོར་ལོ་ཟབ་བོ་སྙམ་པ་ཡང་། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །ཞེས་པའི་རྒྱུར་ཉེའོ། །དོན་རྡོ་རྗེ་ཐེག་པ་ནང་ལྟ་ཞོག་མཚན་ཉིད་ཀྱི་ཐེག་པ་ཡང་། སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལའོ། །ཞེས་ཐེག་ཆེན་དུ་འགྱུར་བའི་གནད་དེ་ལྟ་བུ་ལ་རག་ལས་པའི་ཕྱིར་རོ། །གནས་སྐབས་ཕ་མར་ཕྱེ་བའི་ཚེ་རྒྱུད་སྡེ་ནང་མའི་གསང་འདུས་སོགས་ལ་རྣལ་འབྱོར་བླ་མ་ཞེས་དང་། མ་རྒྱུད་རྣམས་ལ་རྣལ་འབྱོར་བླ་མེད་ཅེས་གསུངས་ཤིང་། ཕ་རྒྱུད་ནི་རྩ་བ་རིགས་གསུམ་རྒྱས་པ་རིགས་ལྔར་ཕྱེ་བ་དང་། མ་རྒྱུད་དུ་རྩ་བ་རིགས་བཞི། རྒྱས་པ་རིགས་དྲུག་སོགས་བསྟན་པས་ལུང་གི་དངོས་ཟིན་གྱིས་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་ལ་སྦས་པ་དང་མ་སྦས་པའི་ཁྱད་བྱུང་བས། འགྲེལ་ཆེན་ལས། འདིར་རིགས་གསུམ་གྱི་བདག་ཉིད་ཀྱི་རྒྱལ་པོ་ལ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་ཞལ་གསུམ་པ་བརྗོད་པར་བྱའོ། །རིགས་བཞིའི་བདག་ཉིད་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཞལ་བཞི་པ་བརྗོད་པར་བྱའོ། །ཞེས་དང་། རྩ་རྒྱུད་ལས། རིགས་གསུམ་དང་ནི་རིགས་ལྔ་འདི། །རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལ་རྡོ་རྗེའི་ཚིག་ཏུ་སྦས་ཏེ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །བཞི་པ་ནི་གསུམ་པ་མ་ཡིན་ཏེ། བཞི་པ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་དེ་བཞིན་ནོ་ཞེས་གསུང་བའི་ཕྱིར་ཤེས་རབ་ཡེ་ཤེས་བཞི་བར་འགྱུར་རོ། །ཞེས་པ་དང་། འདི་ཉིད་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མངོན་སུམ་དུ་འགྱུར་བ་ཞེས་པས་བསྟན་ལ། གང་དུ་སྦས་པ་དེ་ནི་ཡེ་ཤེས་ཀྱི་རྡོ་རྗེ། འདིར་གསལ་བར་བསྟན་རྒྱུ་ཡང་དེ། དེས་ན་གཞི་དུས་སུ་ཡེ་ཤེས་སྦས་པས། སྨིན་ལམ་དུ་དབང་བཞི་པ་དང་། གྲོལ་ལམ་དུ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་། དམ་ཚིག་ཏུ་ཡེ་ཤེས་ཀྱི་དམ་ཚིག་དང་། འབྲས་བུ་ལྷ་ལ་ཡང་ཁྱབ་བདག་རྡོ་རྗེ་འཆང་སྦས་པར་སོང་། གཞི་དུས་སུ་ཡེ་ཤེས་མ་སྦས་ན་རྒྱས་བཤད་དུ་ཕུང་སོགས་དྲུག་དྲུག་དགོས་པ་ལ་ལྔ་ལས་མ་བྱུང་ངོ་། །འདིར་དེ་ཕྱུང་ནས་སྔར་གྱི་གསུམ་མམ་ལྔའི་ཁར་བསྣན་པར་བཞི་འམ་དྲུག་ཏུ་གྱུར་ཏོ། །དེ་ཡང་འགྲེལ་ཆེན་ལས། རིགས་བཞི་ལ་རྡོ་རྗེ་ཉི་མ་སྣང་བ་ཆེ། །ནས། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །འགྱུར་མེད་མཆོག་སྟེ་རྣམ་པར་དག །ཅེས་པའི་བར་དང་། ལྔ་ལ། གདོང་ལྔ་ཟུར་ཕུད་ལྔ་དང་ལྡན་གྱི་ཚིག་བཅད་དང་། དྲུག་ནས་རིགས་བརྒྱའི་བར་ལ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ནས། ཧ་ལ་ཧ་ལ་གདོང་བརྒྱ་པ། །ཞེས་པའི་བར་བགྲངས་ཏེ། བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་རྒྱུད་དང་རྒྱུད་གཞན་དག་ཏུ་བརྗོད་པར་བྱ་བ་ནི་ཞལ་གསུམ་པ་དང་། ཞལ་བཞི་པ་དང་། ཞལ་ལྔ་པ་དང་། ཞལ་དྲུག་པ་དང་། ཞལ་བརྒྱ་པར་རྟོགས་པར་བྱའོ་ཞེས་གསུངས་པས། རྣམ་པར་རྟོག་པ་དང་བཅས་པས་ཨེ་ཝཾ་གཟུགས་ལ་སོགས་པ་བསྒྲུབ་པ་དགོས་པ་ཡང་། དེ་ཉིད་དུ། འདིར་སྟོང་པ་ཞེས་བྱ་བ་ལ་སོགས་པའི་མིང་རྣམས་ཀྱིས་མ་མཐོང་བ་དང་མཐོང་བའི་དངོས་པོ་ཉི་ཚེ་བའི་དབང་པོའི་སྤྱོད་ཡུལ་རྣམས་རབ་ཏུ་སྟོན་ཏོ་ཞེས་དང་། སྟོང་པ་ཞེས་བྱ་བ་ལ་སོགས་པའི་མིང་རྣམས་ཀྱི་བསྟན་པ་ལ་རྣལ་འབྱོར་པ་རྣམས་ཀྱི་མིང་གིས་ཁམས་དྲུག་གི་སྐྱེས་བུ་ཆེན་པོའི་འདི་བསྡུས་པ་འདི་ལྟ་སྟེ། ཡེ་ཤེས་ཀྱི་ཕུང་པོ་དང་སོགས་ནས། དེ་ལྟར་ཝཾ་ཡིག སྟོང་པ་ཆེན་པོ་ཡི་གེ་ལྔ་པོ། དམིགས་པ་མེད་པ་སྙིང་རྗེའི་བདག་ཉིད། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ། པྲ་ཕབ་པའི་རང་བཞིན་དང་མཚུངས་པ་རྣལ་འབྱོར་པས་རྟོགས་པར་བྱའོ་ཞེས་ནས། སྟོང་པ་ཆེན་པོ་ཡི་གེ་ལྔ་སུམ་ཅུ་རྩ་དྲུག་གི་བདག་ཉིད་དེ་རྒྱལ་བ་རྣམས་ཀྱི་རྡོ་རྗེར་བརྗོད་དོ། །དེ་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པའོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་ཨེ་ཡིག་ཆོས་འབྱུང་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་སོ། །འདི་ལྟ་སྟེ་ཞེས་ནས། པྲ་ཕབ་པའི་རང་བཞིན་ནོ་ཞེས་པའི་བར་རྒྱས་པར་གསུངས་ལ། བརྗོད་དུ་མེད་པའི་ཡི་གེ་དབུས་སུ་གྲི་གུག བྱང་དུ་ཐིག་ལེ། ལྷོར་རྣམ་བཅད། ཤར་དུ་དབྱུག་པ། ནུབ་ཏུ་ཐོང་གཤོལ་གྱི་རྣམ་པ་ལྔ་དང་། ཐིག་ལེ་སྟོང་པའི་གཟུགས་ཤད་ཙམ་འབྱུང་བའི་ཁ་དོག་གི་ཕྱེ་བ་བཤད་པ་ནི་རྣམ་པར་འགྱུར་བར་གྱུར་ནས་བལྟ་བར་བཟོད་པར་བསྟན་ལ། དེ་ཡང་སྟོང་ཆེན་ཡི་གེ་ལྔ་རྣམས་ཁྱབ་བྱེད་དང་། ཐིག་ལེ་སྟོང་པ་དྲུག་ཁྱབ་བྱ། ཁྱབ་བྱ་ཁྱབ་བྱེད་མེ་ཏོག་དང་མེ་ཏོག་གི་དྲི་ལྟ་བུ་ཡིན་པའི་ཕྱིར། ཨེ་ཡིག་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཞེས་གཟུགས་བརྙན་གྱི་དུས་ཨེའི་ནང་དུ་ཝཾ་ཡིག་ཆུད་པ། དེ་བཞིན་ཡང་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་དབྱངས་ཀྱི་ཚོགས་ཏེ་ཁུ་བ་དང་ཟླ་བ་ཞེས་བརྗོད་དོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི་གསལ་བྱེད་ཀྱི་ཚོགས་ཏེ་རྡུལ་དང་ཉི་མ་ཞེས་བརྗོད་དོ། །འདིར་ཁུ་བ་དང་ཟླ་བ་ནི་ཝཾ་ཡིག་སྟེ་རྡོ་རྗེའོ། །རྡུལ་དང་ཉི་མ་ནི་ཨེ་ཡིག་སྟེ་པདྨའོ། །རྡོ་རྗེ་དང་པདྨ་འདི་དག་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་ནི་མཆོག་གི་བདེ་བ་དང་ཡེ་ཤེས་དང་ཁུ་བའོ། །སེམས་དཔའ་ནི་རྣམ་པ་ཐམས་ཅད་པ་དང་། ཤེས་རབ་ཀྱི་གཟུགས་དང་། ཤེས་བྱ་དང་། ཉི་མ་དང་། ཡེ་ཤེས་དང་། རྣམ་པར་ཤེས་པས་བྱིན་གྱིས་བརླབས་པ་དང་། སྒྲིབ་པ་དང་བྲལ་བ་དང་། གཅིག་ཏུ་འདྲེས་པར་གྱུར་པ་དང་། དེ་ཉིད་དང་། འགྲོ་བའི་དོན་བྱེད་པ་པོ་ཡིན་ནོ། །སྐུ་དང་། གསུང་དང་། ཐུགས་དང་། ཡེ་ཤེས་གཅིག་ཏུ་སྦྱོར་བ་འདི་ཉིད་ཞལ་བཞིའི་རྒྱུར་འགྱུར་ཏེ། ཡེ་ཤེས་ནི་ནུབ་ཀྱི་ཞལ་སེར་པོའོ། །རྣམ་པར་ཤེས་པ་ནི་ཤར་གྱི་ཞལ་ནག་པོའོ། ཟླ་བ་དང་སྐུ་ནི་བྱང་གི་ཞལ་དཀར་པོའོ། །ཉི་མ་དང་གསུང་ནི་ལྷོའི་ཞལ་དམར་པོའོ། །ཟླ་བ་དང་ཉི་མ་འདི་དག་ནི་གཙོ་བོ་དང་ཕལ་པའི་དབྱེ་བས་ཁམས་དྲུག་དྲུག་ཏུ་རྟོགས་པར་བྱ་སྟེ། དེ་དག་ཀྱང་ས་དང་། ཆུ་དང་། མེ་དང་། རླུང་དང་། རོ་དང་། རོ་ཆེན་པོའི་ཆ་ཤས་སོ། །འདི་རྣམས་ལ་ཁུ་བ་ལས་བྱུང་བ་གསུམ་དང་། བྱུང་བ་མ་ཡིན་པ་གསུམ་སྟེ། ཆུའི་ཁམས་དང་། རླུང་གི་ཁམས་དང་། རོའི་ཁམས་ཏེ། ཁམས་འདི་དག་ནི་ཁུ་བ་ལས་བྱུང་བའོ། །རོའི་ཁམས་ནི་ནམ་མཁའི་ཁམས་ཀྱི་མིང་ངོ་། །རྡུལ་ལས་བྱུང་བ་གསུམ་དང་། བྱུང་བ་མ་ཡིན་པ་གསུམ་སྟེ། སའི་ཁམས་དང་། མེའི་ཁམས་དང་། རོ་ཆེན་པོའི་ཁམས་ཏེ། ཁམས་འདི་དག་ནི་རྡུལ་ལས་བྱུང་ངོ་། །འདིར་རོ་ཆེན་པོ་ནི་ཡེ་ཤེས་ཀྱི་ཁམས་ཀྱི་མིང་ངོ་། །ཁམས་ལྷག་མ་ནི་ཁུ་བ་དང་རྡུལ་ལས་བྱུང་ངོ་། །དེ་ལྟར་ཟླ་བ་དང་ཉི་མ་དག་ལས་བྱུང་བའི་ཁམས་གསུམ་པོ་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི་ལུས་དང་ངག་དང་སེམས་སུ་འགྱུར་ཏེ། ཟླ་བའི་ཁམས་རྣམས་ཐབས་ཀྱི་ལུས་དང་། ངག་དང་། སེམས་དང་། ཉི་མའི་ཁམས་རྣམས་ཤེས་རབ་ཀྱི་ལུས་དང་། ངག་དང་། སེམས་ཏེ། ཁུ་བ་དང་རྡུལ་ལས་བྱུང་བའི་རྒྱུའི་ཕྱིར་རོ། །ཁམས་འདི་དག་ནི་དབང་པོ་དྲུག་ལ་སོགས་པ་རྣམས་ཀྱི་རིགས་དྲུག་གོ །དེ་བཞིན་དུ་སྐུ་དང་། གསུང་དང་། ཐུགས་ཀྱི་རིགས་ནི་ངོ་བོ་ཉིད་ཀྱི་རིགས་དང་ལྷན་ཅིག་རིགས་བཞིར་འགྱུར་རོ། །སྐུ་གསུམ་སྐུ་བཞིར་འགྱུར་རོ། །གནས་སྐབས་གསུམ་གནས་སྐབས་བཞིར་འགྱུར་རོ། །དེ་བཞིན་དུ་ཁམས་ལྔའི་རིགས་ནི་ཡེ་ཤེས་ཀྱི་རིགས་དང་ལྷན་ཅིག་རིགས་དྲུག་ཏུ་འགྱུར་རོ། །དེ་བཞིན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི་ཕུང་པོ་ལྔའི་རིགས་ནི་ཡེ་ཤེས་ཀྱི་ཕུང་པོ་དང་ལྷན་ཅིག་རིགས་དྲུག་ཏུ་འགྱུར་རོ། །བུ་མོ་ལ་ལོ་བཅུ་གཉིས་དང་། སྐྱེས་པ་ལ་ལོ་བཅུ་དྲུག་གིས་ཏེ། བུ་མོ་ལ་རྡུལ་གྱི་དུས་ཇི་སྲིད་པར་རིགས་གསུམ་དང་རིགས་ལྔར་རིག་པར་བྱའོ། །སྐྱེས་པ་ལ་ཁུ་བ་འཕོ་བའི་དུས་ཇི་སྲིད་པར་རིགས་གསུམ་དང་རིགས་ལྔར་རིག་པར་བྱའོ། །ཡེ་ཤེས་ཀྱི་ཁམས་བྱུང་བའི་དུས་ནས་འཆི་བའི་བར་དུ་གཉིས་ཀ་ལ་རིགས་བཞི་དང་རིགས་དྲུག་པོ་ཞེས་གསུངས་པས་ལུས་དངོས་པོའི་གནས་ལུགས་རྒྱས་པར་བསྟན་ཏེ། ཇི་སྐད་བསྒྲུབས་མ་ཐག་པའི་ཨེ་ཝཾ་ཁ་སྦྱོར་དེ་གའོ། །དེ་ལྟ་བུའི་ཞལ་བཞི་ལས། ཡེ་ཤེས་ལེའུར། ཤེས་རབ་རྒྱུད་ནི་ཤར་གྱི་ཞལ་ནས་རྣལ་འབྱོར་རྗེས་སུ་རིག་པ་ཉིད་ནི་ནུབ་ཀྱི་ཞལ་ནས་སོ། །ཞེས་ནས། འཁོར་ལོ་རྣམས་ཀྱི་ཞལ་གྱི་དབུས་ནས་ལུས་ལ་དངོས་པོ་སྤྲོ་བ་དང་ནི་སྡུད་པ་ཉིད་དུ་འགྱུར། །འཇིག་རྟེན་གསུམ་པོ་མཐའ་དག་རྣམས་ཀྱང་རྒྱལ་བ་སྐྱེད་བྱེད་ཞལ་གྱི་དབྱེ་བ་རྣམས་ཀྱི་ཡང་དག་གོ །ཞེས་གསུངས་ཀྱི། མུ་སྟེགས་བྱེད་དག་གི་ཚངས་པའི་གདོང་བཞིས་རིག་བྱེད་བཤད་ཟེར་བ་དང་ཚུལ་མི་མཐུན་ནོ། །རྒྱུའི་དུས་ན་དེ་ལྟ་བུས་འབྲས་བུའི་རྒྱུད་ཕྱི་མའི་སྐབས་སུ་ཡང་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ཕུང་པོ་དྲུག་སངས་རྒྱས། ཁམས་དྲུག་གཤེགས་མ། དབང་པོ་དྲུག་སེམས་དཔའ། ཡུལ་དྲུག་སེམས་མ། ལས་ཀྱི་དབང་པོ་དྲུག་ཁྲོ་བོ། ལས་དབང་གི་བྱ་བ་དྲུག་ཁྲོ་མོ་བསམ་གྱིས་མི་ཁྱབ་པའི་རིགས་ཅན་གསང་བ་ཆེན་པོའི་དཀྱིལ་འཁོར་ཐམས་ཅད་པར་འགྱུར་རོ། །དེ་ཡང་མུ་སྟེགས་བྱེད་འཇུག་པའི་ཕྱིར་དུ་རང་བཞིན་ཉི་ཤུ་རྩ་བཞི་དང་། སྐྱེས་བུ་སྟེ་དེ་ཉིད་ཉི་ཤུ་རྩ་ལྔར་ཡང་བཤད་དོ། །དེ་ལ་རྩ་བའི་རང་བཞིན་རྣམ་པར་འགྱུར་བ་མ་ཡིན་ཏེ་ནམ་མཁའི་ཁམས་ཡིན་པའི་ཕྱིར་དང་། ཆེན་པོ་བདུན་ནི་རང་བཞིན་དང་། རྣམ་པར་འགྱུར་བ་གཉིས་ཀ་བ། དེ་ཡང་འབྱུང་བཞི་ཡིད་བློ་ང་རྒྱལ་བདུན། རྣམ་པ་བཅུ་དྲུག་ནི་རྣམ་པར་འགྱུར་བ་ཁོ་ན་བ་སྟེ། དབང་པོ་ལྔ། ཡུལ་ལྔ། ལས་དབང་ལྔ། མཆོག་གི་དབང་པོ་སྟེ་བཅུ་དྲུག སྐྱེས་བུ་ནི་ཁྱབ་བྱེད་ཡིན་པའི་ཕྱིར་རང་བཞིན་ཡང་མ་ཡིན། རྣམ་པར་འགྱུར་བ་ཡང་མ་ཡིན་ཏེ་ངོ་བོ་ཉིད་དང་བྲལ་བའོ། །ཕྱི་རོལ་ཏུ་ཁམས་ལྔ་དང་། སྒྲ་གཅན་དང་ཉི་ཟླ་རང་བཞིན། གཟའ་ལྔ། ཡུལ་ལྔ། རོ་དྲུག་ནི་རྣམ་འགྱུར་བཅུ་དྲུག ཟད་བྱེད་པ། དབང་པོ་རྣམས་དང་འཚོ་བའི་ལུས་དྲུག་ཟེར་རོ། །དེ་ཙམ་བཤད་པས་མུ་སྟེགས་པར་ཡང་མི་འགྱུར་ཏེ་གདུལ་བྱ་ལ་དགོངས་ནས་བདག་ཡོད་པར་གསུངས་པས་མུ་སྟེགས་ཀྱི་ལུགས་ཁས་བླངས་པ་མ་ཡིན་པ་བཞིན་ནོ། །དེ་བས་ན་གཞི་དུས་ཀྱི་འཁོར་ལོ། ལམ་དུས་ཀྱི་འཁོར་ལོ། འབྲས་བུ་དུས་ཀྱི་འཁོར་ལོ་འམ། དངོས་པོར་གནས་པའི་དུས་འཁོར་ལོ། ལམ་གྱི་རིམ་པའི། འབྲས་བུ་སྐྱེ་བའི་རིམ་པའི་དུས་འཁོར་གསུམ། དང་པོ་འགྲེལ་ཆེན་ལས། འདིར་མཆོག་ཏུ་མི་འགྱུར་བའི་ཤེས་པ་སྒྲིབ་པ་ཐམས་ཅད་ཟད་པའི་རྒྱུར་གྱུར་པ་ནི་དུས་ཞེས་བརྗོད་པ་དེ་ཐབས་སོ། །ཁམས་གསུམ་པའི་ཤེས་བྱ་དངོས་པོ་མཐའ་ཡས་པའི་མཚན་ཉིད་ནི་འཁོར་ལོ་སྟེ། དེ་ཉིད་ནི་ཤེས་རབ་བོ། །ཤེས་དང་ཤེས་བྱ་གཅིག་པ་འདི་དག་ཉིད་ནི་དུས་ཀྱི་འཁོར་ལོ་ཞེས་གསུངས་སོ། །དེ་ཡང་སྐྱེས་བུ་ཆེན་པོའི་གང་ཟག་དེ་ལྟར་དུ་གྲུབ་ན། དེའི་གནས་འཇིག་རྟེན་གྱི་ཁམས་གྲུབ། སྐྱེས་བུའི་ལུས་བཞིན་འཇིག་རྟེན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་ཀྱི་ཆོས་དེ་ལུས་ལ་ཡང་ཡིན་པས། རྩ་བའི་རྒྱུད་མང་པོར། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཇི་ལྟར་ནང་བཞིན་ཕྱི་དེ་བཞིན། །ཞེས་གསུངས་སོ། །དེ་བས་འཇིག་རྟེན་གྱི་ཁམས་ལ་ཕྱི་དང་ལུས་ལ་ནང་དུ་བྱས་ནས་རྣམ་འགྱུར་ཀུན་རྫོབ་ཀྱི་བདེན་པ། གཞི་དུས་ཀྱི་འཁོར་ལོ་དེ་ཡང་ཕྱི་དུས་ཀྱི་འཁོར་ལོ་དང་ནང་དུས་ཀྱི་འཁོར་ལོ་གཉིས་སུ་བཞག་སྟེ། འགྲེལ་ཆེན་ལས། ཉི་མ་དང་ཟླ་བ་དང་། ཉིན་མོ་དང་མཚན་མོའི་དབྱེ་བས་ཉིན་མཚན་ནི་དུས་ཞེས་གསུངས་ཏེ། དེའི་འཁོར་ལོ་ནི་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་བདག་ཉིད་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་ཀྱི་ཁྱིམ་གྱི་འཁོར་ལོ་སྟེ། འཇིག་རྟེན་ཀུན་རྫོབ་པའི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་པའོ། །དེ་བཞིན་དུ་ཡང་གསུངས་སོ། །དུས་ཀྱི་འབྱུང་པོ་རྣམས་སྤྲོ་ཞིང་། །དུས་ཀྱི་འབྱུང་པོ་སྡུད་པར་བྱེད། །དུས་ནི་བཅོམ་ལྡན་རྡོ་རྗེ་ཅན། །ཉིན་མཚན་རང་བཞིན་ཅན་ཡིན་ནོ། །ཞེས་སོ། །དེ་ལ་ནང་དུ་ཞག་གཅིག་གི་དབུགས་ཀྱི་ཚོགས་ནི་དུས་ཞེས་བྱ་ལ། དེའི་འཁོར་ལོ་ནི་གཡས་གཡོན་གྱི་བགྲོད་པ་གཉིས་དང་འཕོ་ཆེན་བཞིའི་བདག་ཉིད་ཀྱི་དུས་གསུམ་དང་། འཕོ་བ་གསུམ་གྱི་བདག་ཉིད་ཀྱི་དུས་བཞི་དང་། འཕོ་བ་གཉིས་ཀྱི་བདག་ཉིད་ཀྱི་དུས་དྲུག་དང་། འཕོ་ཆུང་ལྔའི་བདག་ཉིད་ཀྱི་འཕོ་བ་བཅུ་གཉིས་དང་། འཕོ་ཆེན་ཕྱེད་པའི་རང་བཞིན་ཕྱོགས་ཉི་ཤུ་རྩ་བཞི་དང་ཕྱོགས་དེའི་བཅོ་ལྔའི་ཆར་གྱུར་པ་དབུགས་དྲུག་ཅུ། ཉིན་མཚན་དུ་བཏགས་པ་སུམ་བརྒྱ་དྲུག་ཅུའོ། །དེའི་ཕྱིར་དུས་ནི་ལོ་གཅིག དེའི་འཁོར་ལོ་ནི་ལྷོ་བྱང་གི་བགྲོད་པ་གཉིས་དང་། དུས་ཚིགས་གསུམ་དང་། བཞི་དང་། དྲུག་དང་། ཉི་མ་ཁྱིམ་རེ་རེ་བགྲོད་པའི་དུས་ཀྱི་དབྱེ་བ་ཟླ་བ་བཅུ་གཉིས་དང་། དེ་རེ་རེའང་དཀར་ནག་གི་དབྱེ་བས་ཕྱོགས་ཉི་ཤུ་རྩ་བཞི་དང་། དེ་རེ་རེ་ཆ་བཅོ་ལྔར་ཕྱེ་བའི་ཞག་སུམ་བརྒྱ་དྲུག་ཅུའོ། །དེ་དག་ཀྱང་ཡང་ཡང་འཁོར་བའི་ཕྱིར་འཁོར་ལོར་བཞག་པ་ནི། སྲིད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་བཞིན་ནོ། །དེ་བས་ན། དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་འགྲོ་སྤྲོས་པ་མེད་པ་སྟེ། །བརྩེགས་པ་ལ་གནས་རྣ་བ་སྣ་དང་ཁ་དང་མིག་དང་མགོ་དང་ཐམས་ཅད་ནས་ནི་ཕྱག་དང་ཞབས། །འབྱུང་པོའི་མཐའ་དང་འབྱུང་པོའི་མགོན་པོ་སྲིད་པ་གསུམ་པོ་མཆོག་འཛིན་རྒྱུ་རྣམས་དག་གིས་བྱེད་པ་སྟེ། །རིག་པ་ལ་སོགས་རྣལ་འབྱོར་རྟོགས་བྱ་མཆོག་གི་དང་པོའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། ཞེས་དང་། གང་དུ་འཇིག་རྟེན་གསུམ་པོ་མཐའ་དག་ཏུ་འགྱུར་མི་ཡི་བདག་པོ་སླར་ཡང་གོང་དུ་ཐིམ་པའོ། །ཞེས་སོ། །དེ་བས་ན་དངོས་པོའི་གནས་ལུགས་དེ་རྒྱས་པར་སྟོན་པ་ལ་འཇིག་རྟེན་ཁམས་ཀྱི་ལེའུ་དང་ནང་གི་ལེའུ་གསུངས་སོ། །གཉིས་པ་ལམ་དུས་ཀྱི་འཁོར་ལོར་བཞག་པའི་དུས་དེ་གང་། འཁོར་ལོ་དེ་གང་ཞེ་ན། དང་པོ་ནི། རང་བཞིན་དག་པ་དེ་ཀ གཉིས་པ་ནི་རྣམ་པར་འགྱུར་བ་དུ་མའི་དབྱིངས་ཏེ། རྣམ་འགྱུར་རང་རང་གི་སྟེང་དུ་རང་རང་གི་དབྱིངས་མཐོང་ན་རྣམ་འགྱུར་ཞིག་ནས་སྔར་གྱི་དག་པ་དེ་ཀ་རིག་པར་འགྱུར་བས་ཏེ། དེའི་ཕྱིར་སྔ་མ་མཚོན་བྱ་ཕྱི་མ་མཚན་ཉིད། དེས་དཀའ་སླ་ནི་རྣམ་འགྱུར་མ་སྦྱངས་པ་དེ་སྲིད་སྔ་མ་དེ་རྟོགས་པར་མི་ནུས་པས་སོ། །དེ་ཡང་། མཆོག་མི་འགྱུར་གྱི་འགྲེལ་པར། ཤེས་བྱའི་རང་བཞིན་དུས་ཀྱི། ཤེས་བྱའི་མཚན་ཉིད་ནི་འཁོར་ལོ་སྟེ། ཤེས་པ་དང་ཤེས་བྱ་འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོའོ། །ཞེས་སོ། འདི་ནི་དབུ་མ་པས། གང་ཕྱིར་དེ་ཡི་རང་བཞིན་ཏེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང་། །ཞེས་པ་དེར་གདའ། མཚན་མཚོན་དུ་སོང་བ་ཡང་། ཏིལླི་པས། རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་པས་སོ། །དེ་བས་ན་འདོད་ཆགས་ལྟ་བུ་ཞིག་གི་དུས་སུ་གཉེན་པོ་གཞན་བསྟེན་ན་འདོད་ཆགས་འགགས་ནས་དེ་འཆར་རུང་སྡོད་དགོས་པ་སྤང་བྱ་མངོན་དུ་རྒྱུ་དང་གཉེན་པོ་ཕྲད་མི་སྲིད། དེས་ན་གཉེན་པོས་དེའི་ས་བོན་འཇོམས་མི་ནུས་ཏེ་སྤང་བྱ་འགག་དུས་བག་ཆགས་བཞག་ཟིན་པས་སོ། །དེས་ཕུགས་ཕན་པ་ཙམ་ཡིན་པས་ཐག་རིང་། རྡོ་རྗེ་ཐེག་པར། དེ་རང་གི་དུས་དེ་ཀ་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་དུ་ཁྱེར་བས་ས་བོན་བཞག་ཏུ་མེད་དེ་རང་གྲོལ་བའི་ཕྱིར་རོ། །དེ་བས་ན་ཉོན་མོངས་ཆེ་བདོ་བ་ཉམས་ལེན་ཤེད་ཆེ། རྟ་བཟང་གིན་འགྲོས་མགྱོགས་པ་ལྟ་བུ། དེའི་ཕྱིར་རྩ་རྒྱུད་ལས། དུག་ནི་དུག་མེད་ཅེས་བརྗོད་ཅིང་། །དུག་མེད་པ་ནི་དུག་ཉིད་ཀྱང་། །དྲུག་གི་དེ་ཉིད་ཅེས་པར་བརྗོད། །འཕྲལ་དུ་ཡིད་ཆེས་བྱེད་པ་ནི། །དེ་ཉིད་གསུམ་སྟེ་འགྱུར་མེད་བདེ། །ཞེས་གསུངས་སོ། །དེ་བས་ན་ཉོན་མོངས་མི་སྤོང་བར་ལམ་དུ་ཁྱེར་བ་ཉོན་མོངས་ཡེ་ཤེས། རྣམ་རྟོག་ཆོས་སྐུ། འཁྲུལ་པ་འཁྲུལ་མེད། དུག་ཉིད་བདུད་རྩི་ཡིན་པ་བློར་མི་འཆུན་པར་དུས་ཀྱི་འཁོར་ལོའི་ངེས་དོན་འཆད་དོ་སྙམ་པ་ནི་ཚངས་པ་མེས་པོར་རློམ་པ་བཞིན་ནོ། །དམ་པ་སངས་རྒྱས་ཀྱིས་ཀྱང་། ཉོན་མོངས་སྐྱེས་ཚེ་གཉེན་པོས་མ་ཟིན་ན། །ཆོས་ཀྱི་དགོས་པ་སྟོར་རོ་དིང་རི་བ། །ཞེས་གསུངས། དེར་སློབ་རྒྱུ། དེ་ཉིད་དུ་མ་ཡེངས་པ་ཁོ་ན་སྟེ། དེས་འདོད་ཆགས་སུ་འགྱུར་བ་ངོས་ཟིན། དེ་ཟིན་ན་ཁོ་བཅོས་མ་ཡིན་པས་ཚུགས་མི་ཐུབ་པས་ཞི། དེ་འདྲ་བར་རྐྱེན་ཐམས་ཅད་ཀྱི་ཐོག་ཏུ་སྤུངས་པའི་བཟློག་སྒོམ་ཆོས་རྗེ་རས་པ་རྗེས་འབྲང་དང་བཅས་པའི་བགོ་སྐལ་དུ་བྱུང་བ་རྐྱེན་དང་མན་ངག་གཉེར་ཁ་ཐུབ་པ་ནི་དགོས་གདའ་འོ། །དེ་བས་ན་ཤེས་དང་ཤེས་བྱ་གཅིག་པའི་ལམ་གྱི་ཨེ་ཝཾ་དེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་པ་དབང་བདུན་གོང་མ་ཆེ་ཆུང་མཐའ་རྟེན་དང་བཅས་པ་དང་། དབང་གིས་གྲོལ་བར་མ་གྱུར་ན། རྗེས་སུ་དཔག་པ་དང་མངོན་སུམ་གྱི་ལྷའི་རྣལ་འབྱོར་གཉིས་སྟོན་པས་བདེན་པ་གཉིས་སམ་རིམ་པ་གཉིས་ཏེ། འགྲེལ་ཆེན་ལས། གང་འཇིག་རྟེན་ཀུན་རྫོབ་གྱིས་ཡིན་པ་དེ་ནི་ཁ་དོག་དང་ཕྱག་དང་མཚན་མ་དང་དབྱིབས་ཀྱི་མཚན་ཉིད་ཅན་ནོ། །གང་དོན་དམ་པའི་བདེན་པས་ཡིན་པ་དེ་ནི་ཁ་དོག་དང་ཕྱག་དང་མཚན་མ་དང་དབྱིབས་དང་བྲལ་བའོ། །འདི་དག་ལས་གང་འཇིག་རྟེན་པའི་ཀུན་རྫོབ་གྱིས་བསྟན་པ་དེ་ནི་ཕྱི་དང་ནང་ལ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་འཇིག་རྟེན་པའི་དངོས་གྲུབ་ཀྱི་འབྲས་བུ་སྟེར་བར་བྱེད་དོ། །གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་པྲ་ཕབ་པ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་གྱི་འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ་འདོད་པའི་དོན་གྱི་འབྲས་བུ་སྟེར་བ་སྟེ། འབྲས་བུ་ནི་འགྱུར་བ་མེད་པའི་སེམས་སོ། །སེམས་འདི་གཉིས་གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ། །མཚན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་སོ་ཞེས་སོ། །འདིས་བསྐྱེད་རྫོགས་ཟུང་འཇུག་དུས་འཁོར་གྱི་དགོངས་པ་མིན་པར་འདོད་པ་རྣམས་འཁྲུལ་པར་ཡང་བསྟན་ལ། འབྲས་བུ་ཕྱི་མ་དེའི་དབང་དུ་མཛད་ནས། འཕོ་བ་མེད་པའི་བདེ་བ་དུས་དང་། དེ་རྣམ་པ་ཐམས་ཅད་པར་བཞག་པ་འཁོར་ལོ་དང་། དེ་གཉིས་མི་ཕྱེད་པ་དུས་ཀྱི་འཁོར་ལོ་ཞེས་པ་བསྡམས་པའི་དོན་ཏེ། འགྲེལ་ཆེན་ལས། འགྱུར་བ་ནི་སྐྱེ་བ་དང་འགག་པའི་གནས་སྐབས་ཀྱི་མཚན་ཉིད་དེ་འཕོ་བའོ། །དེ་གང་ལ་འགགས་པར་གྱུར་པ་དེ་ནི་མཆོག་ཏུ་མི་འགྱུར་བའི་འཕོ་བ་མེད་པའི་སྐད་ཅིག་དུས་ཞེས་བརྗོད་ཅིང་། དེ་ཉིད་ནི་རྡོ་རྗེ་ཡེ་ཤེས་སོ། །དུས་དེའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་སྒྲིབ་པ་མེད་པ་ནི་འཁོར་ལོ་སྟེ། སྲིད་པ་གསུམ་གྱི་སྒྲིབ་པ་མེད་པ་གཅིག་ཉིད་དུ་ཤེས་པར་བྱའོ། །དེ་ཉིད་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བརྗོད་དེ། རྣམ་པ་ཀུན་ལྡན་དབང་པོ་ཐམས་ཅད་པ་ཐིག་ལེའི་གཟུགས་སྣ་ཚོགས་སྒྱུ་མ་འཛིན་པ་སྟེ་བཅོམ་ལྡན་འདས་ཀྱི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནོ་ཞེས་པས་སོ། །དེ་ལྟར་རིམ་པ་གཉིས་སུ་གཞོག་པ་ཡང་སྔགས་ལ་གཞོལ་བ་དང་། བསམ་གཏན་ལ་གཞོལ་བའི་གདུལ་བྱ་སྟེ། ཕར་ཕྱིན་པའི་ལུགས་ལ་རྒྱ་ཆེན་སྤྱོད་པ་ལ་མོས་པ་དང་། ཟབ་མོ་ལྟ་བ་ལ་མོས་པ་ཇི་བཞིན། དེ་དག་གི་སློབ་དཔོན་ཀྱང་སྔགས་ཀྱི་སློབ་དཔོན་དང་བསམ་གཏན་གྱི་སློབ་དཔོན། དང་པོའི་དབང་དུ་འཇིག་རྟེན་པའི་དངོས་གྲུབ་བརྒྱད་བསྒྲུབ་པ་ཙམ་དང་། འོག་མིན་གྱི་མཐར་ཐུག་པ་བསྒྲུབ་པའི་ཚུལ་གཉིས་ཀྱི་དབང་བདུན་ཙམ་དང་གོང་ཆུང་བསྣན་པ་བསྐྱེད་རིམ་ཡང་། རྡོ་རྗེ་རྣམ་པ་བཞི་ཙམ་དང་། ལུས་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག ངག་རྫོགས་པ་ལས་རྒྱལ་མཆོག ཡིད་རྫོགས་པ་ཕྲ་མོའི་རྣལ་འབྱོར། བདེ་བ་རྫོགས་པ་ཐིག་ལེའི་རྣལ་འབྱོར་བཞི་སྟེ་འགྲོས་གཉིས་སུ་བསྟན་དགོས་པའང་ཕྲ་མོའི་དངོས་གྲུབ་ཐམས་ཅད་དང་སྔགས་ཀྱི་སྐུ་འགྲུབ་པར་འདུས་པར་བཤད། དེ་ཡང་འདོད་པ་དང་འོག་མིན་པའི་དངོས་གྲུབ་ཁོ་ནའོ། །གང་ཟག་གཉིས་པའི་དབང་དུ་མཛད་ནས་དབང་གོང་ཆེན་ནམ་བདག་པོ་ཆེན་པོའི་དབང་། གྲོལ་ལམ་རྒྱལ་དབང་རྗེས། རྫོགས་པའི་རིམ་པ་བཤད་པར་བྱ་སྟེ། དེ་ཡང་ཤིན་ཏུ་རྣམ་པར་དག་པའི་རིམ་པ་གཅིག་པུ་དང་། དེ་ཉིད་ལས་ཐབས་ཤེས་གཉིས་ཀྱི་དབྱེ་བས་བདག་བྱིན་རླབས་དང་། དཔའ་བོའི་རིམ་པ་གཉིས་པ་དང་། སྒོ་གསུམ་སྐུ་གསུང་ཐུགས་སུ་སྦྱོར་བའི་ཕྱིར་རྡོ་རྗེ་གསུམ་དང་། དེ་རེ་རེ་ལ་མ་ཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་པ་མི་ཉམས་པའི་དབྱེ་བས་ཡན་ལག་དྲུག་ཏུ་དབྱེ་བ་རྣམས་སོ་ཞེས་གསུངས་སོ། །འབྲས་བུ་ལ་འདུས་པར། ཡེ་ཤེས་ཀྱི་སྐུ་ཞེས་གསུངས་པ་བཞིན། སྐུ་བཞིའི་བདག་ཉིད་ངོ་མའོ། །དེ་བས་ན་དངོས་གྲུབ་ལ་མཁའ་སྤྱོད་ཅེས་བཞག་ནས། ཆུང་ངུ་གཙོ་བོར་ལྷ་དང་སྐལ་མཉམ། དེ་ཡང་འདོད་གཟུགས་ཏེ། གཞན་མི་དང་ས་འོག་གི་རིག་འཛིན་བཤད་པས་སོ། །འབྲིང་བྱང་ཆུབ་སེམས་དཔའི་ས་བཅུ་གཉིས། མཆོག་རྫོགས་པའི་སངས་རྒྱས་ལ་བྱེད་པ་ཡིན་ནོ། །ཞེས་ལམ་དང་འབྲས་བུ་རྒྱས་པར་བཤད་པ་ལ་དབང་སྒྲུབ་ཐབས་ཡེ་ཤེས་ཀྱི་ལེའུ་གསུམ་བསྟན་ནོ་ཞེས་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས་མཚན་དོན་གྱིས་རྒྱུད་གསུམ་གྱི་གསང་བ་བསྟན་པའི་སྐབས་ཏེ་གཉིས་པའོ།། །། གཉིས་པ་དེ་བདེན་པ་གཉིས་ཀྱིས་རྒྱས་པར་བཤད་པ་ལ། བློ་ངོ་དབང་བཙན་པར་བྱས་ཏེ་བཤད་པ་ཀུན་རྫོབ་ཀྱི་བདེན་པ་དང་། ཡིན་ལུགས་ཡིན་བཞིན་པ་བཤད་པ་དོན་དམ་བདེན་པ་གཉིས་ལས། དང་པོ་ལ། སྦྱང་གཞི་ཕྱི་ནང་དུས་ཀྱི་འཁོར་ལོ། སྦྱོང་བྱེད་རྗེས་སུ་དཔག་པ་ལྷའི་རྣལ་འབྱོར། སྦྱངས་འབྲས་འཇིག་རྟེན་པའི་དངོས་གྲུབ་བཤད་པ་གསུམ། དང་པོ་ལ། ཕྱི་ནང་གི་འཇིག་རྟེན་བཞག་པ། དེ་ལ་དུས་འཁོར་ཚུལ། འཁོར་བ་ལ་གང་སྤྱོད་པའི་སྐར་རྩིས། ལོངས་སྤྱོད་པ་ལས་ཕན་གནོད་དུ་འགྱུར་བའི་དཔྱད་བཤད་པ་བཞི། དང་པོ་ལ། ཆགས་པའི་རྒྱུ། ཆགས་ཟིན་གྱི་བཀོད་པ། འཇིག་པའི་རྐྱེན་བཤད་པ་གསུམ་ལས། དང་པོ་ལ། རགས། ཕྲ། ཤིན་ཏུ་ཕྲ་བའི་རྒྱུ་གསུམ། དང་པོ་ནི། བདེན་པ་གཉིས་ལ་གནས་པ་འདི། །མངོན་པར་བརྗོད་པའི་རྗོད་བྱེད་གྱུར། །གང་རང་བཞིན་ལ་སྒྲིབ་མཁན་ཡིན་པས་ཀུན་རྫོབ་སྟེ། རྣལ་མ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བུ་མང་བ་ལ་ཐ་སྙད་རང་དུ་མི་བསླུ་བ་དེ་དེ་ལ་བདེན་པོ་ཡིན་པས་ན་ཀུན་རྫོབ་ཀྱི་བདེན་པ་ཞེས་བཏགས་སོ། །དེ་ཡང་གྲུབ་མཐའི་ཚུལ་རབ་ཏུ་མང་བས་མི་མཐུན་པ་མང་ན། འདིར་གང་གི་ལུགས་བསྟན་ཞེ་ན། འགྲེལ་པར། ཐེག་པ་གསུམ་ཡོངས་སུ་ཤེས་པར་བྱ་བའི་སླད་དུ་དང་པོར་བྱེ་བྲག་ཏུ་སྨྲ་བའི་གཞུང་ལ་བརྟེན་ནས་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་འཇིག་རྟེན་གྱི་ཁམས་ཡོད་ཅིང་། དེ་བཞིན་ཁུར་འཁུར་བའི་གང་ཟག་ཡོད་དེ། རྟག་པའམ་མི་རྟག་པར་བདག་མི་སྨྲའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །འཇིག་རྟེན་ཁམས་འབྱུང་བ་དང་། འགག་པ་དང་། ཆགས་པ་དང་འཇིག་པའི་དུས་ཀྱང་རིག་པར་བྱའོ་ཞེས་པའི་དགོངས་པ། བྱེ་བྲག་ཏུ་སྨྲ་བ་རྡུལ་དང་དབྱིབས་རྫས་སུ་གྲུབ་པར་འདོད་ཅིང་། འདུས་བྱས་ཐམས་ཅད་དང་པོ་རྒྱུ་ལས་སྐྱེ། བར་དུ་གནས། ཐ་མར་འཇིག་རྐྱེན་འོངས་ནས་འཇིག་པར་ཁས་ལེན་པས། དེ་དང་བསྟུན་པ་ཡིན་གྱི། ཆ་མེད་ཀྱི་རྡུལ་ཞལ་གྱིས་བཞེས་པ་སོགས་ཐམས་ཅད་འདྲ་བ་ནི་མ་ཡིན་ནོ། །དེ་ཙམ་ཞལ་གྱིས་བཞེས་པའི་དགོས་པ་ཡང་མཆོག་མི་འགྱུར་གྱི་འགྲེལ་ཆེན་ལས། ཀླ་ཀློ་འདི་རྣམས་ཀྱིས་འཛིན་པ་ནི་གཉིས་ཀ་སྟེ། རྡུལ་ཕྲ་རབ་ཚོགས་པའི་འཛིན་པ་དང་། སྐྱེ་བའི་ཆ་ཤས་ཀྱི་གང་ཟག་གི་འཛིན་པའོ། །ཞེས་ནས། དེ་ཁོ་ན་ཉིད་འདྲི་བའི་དུས་སུ། དེ་རྣམས་ཀྱིས་རང་གི་སེམས་ཀྱི་བསམ་པ་མངོན་པར་མཁྱེན་ནས། དེ་ཁོ་ན་ཉིད་སྨྲ་བ་པོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཁུར་འཁུར་བའི་གང་ཟག་ཡོད་དེ། རྟག་པའམ་མི་རྟག་པར་བདག་མི་སྨྲའོ་ཞེས་འབྱུང་བའི་ཕྱིར་དེའི་ལུགས་རེ་ཞིག་ཞལ་གྱིས་བཞེས་པའི་རྒྱུ་མཚན་ནི་དེ་ཡིན་ནོ། །འདིར་ཀླ་ཀློ་ནི་མུ་སྟེགས་བྱེད་ཐམས་ཅད་དེ། དེ་ཉིད་ཀྱི་སྔ་འགྲེལ་ལས་ཤེས་སོ། །དེ་ལྟར་འཇིག་རྟེན་ཞལ་གྱིས་བཞེས་ནས་དེའི་རྒྱུ་འཆད་པའི་ཕྱིར་དུ། དུས་ཀྱིས་སྟོང་པ་རྣམས་ལས་རླུང་དང་འབར་བྱེད་ཆུ་དང་འཛིན་མ་གླིང་དང་རི་བོ་རྒྱ་མཚོ་དང་། །ཞེས་ཚིགས་བཅད་གཅིག་གསུངས་ལ། འདི་ལ་གསུམ་སྟེ། སེམས་ཅན་སྤྱི་མཐུན་གྱི་ལས་འཕེན་བྱེད་དང་། སྟོང་པའི་རྡུལ་འགྲུབ་བྱེད། ལས་ཀྱི་རླུང་རྫོགས་བྱེད། དང་པོ་ནི། ལས་རྣམས་ཀྱི་བདག་པོའི་འབྲས་བུ་ཐུན་མོང་བ་ལ་བྱ་དགོས་ཏེ། རྣམ་པར་སྨིན་པ་སོགས་ནི་གཞན་གྱིས་བསགས་པ་གཞན་གྱིས་སྤྱོད་པ་མེད་པས་ཐུན་མོང་བར་མི་རུང་ངོ་། །ལས་དེ་ཡང་གང་འགྲུབ་འགྱུར་གྱི་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་ཐོག་མ་ནས་མཐའ་མར་སྐྱེ་བར་འགྱུར་བའི་སེམས་ཅན་ཐམས་ཅད་ཀྱི་སྟེ། ཡེ་ལེའི་འགྲེལ་ཆེན་ལས། དེས་ན་ཕྱི་རོལ་ཏུ་སངས་རྒྱས་ཀྱི་ཞིང་རྣམས་དང་འཇིག་རྟེན་གྱི་ཁམས་རྣམས་ཀྱི་ཡང་སྐྱེ་བ་དང་འཇིག་པ་རིག་པར་བྱའོ། །དེ་ཡང་སེམས་ཅན་གྱི་དགེ་བ་དང་མི་དགེ་བའི་འབྲས་བུ་ལོངས་སྤྱོད་པའི་རྒྱུ་ལས་འགྱུར་ཏེ། སེམས་ཅན་གྱི་ཕུང་པོ་ཇི་སྲིད་པ་དེ་སྲིད་དུའོ་ཞེས་པས་སོ། །གཉིས་པ་ལས་དེ་དུས་ཀྱིས་སྟོང་པ་ཞེས་པ་བར་སྣང་སྟོང་པའི་མིང་། དེ་ལ་ས་ཆུ་མེ་རླུང་རོ་སྟེ་ནམ་མཁའི་རྫས་རྡུལ་ཕྲ་རབ་གོ་རིམ་བཞིན་དུ་དྲི་རོ་གཟུགས་རེག་སྒྲའི་ཡོན་ཏན་ལྔ་པ་དང་། དྲི་བཞག་པའི་བཞི་པ་དང་། དྲི་རོ་གཉིས་བཞག་པའི་གསུམ་པ་དང་། རེག་སྒྲ་གཉིས་པ་དང་། སྒྲའི་ཡོན་ཏན་གཅིག་པ་རྣམས་དང་། ཡོན་ཏན་དྲུག་པ་ཆོས་ཀྱི་དབྱིངས་སམ། ཁམས་ཀུན་ཏུ་འགྲོ་བ་ནམ་མཁའ་ལྟར་ཐམས་ཅད་དུ་ཁྱབ་པར་བྱེད་པ་འགྲུབ་པའོ། །དེ་དག་ཐ་མལ་བའི་མིག་ཤེས་ཀྱིས་གཟུང་དུ་མེད་པའི་ཕྱིར་སྟོང་པའི་རྡུལ་ཞེས་བྱས་ཀྱི་རྟག་རྫས་སུ་འདོད་པ་ནི་མ་ཡིན་ནོ། །དང་པོར་རླུང་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་འདབ་འབྱར་བར་འགྱུར་ཏེ། དེ་ནམ་མཁའ་དང་རླུང་གཉིས་ལྡན་ཡིན་ལ། ཡང་ཞིང་གཡོ་བ་ཉིད་དུ་བགྲོད་པ་ནི། དང་པོའི་རླུང་ཡོན་ཏན་གཉིས་པ་ཞེས་བྱ། དེ་ཡང་འོག་གཞི་རླུང་གི་དཀྱིལ་འཁོར་རྩོམ་པའི་དང་པོའི་རྒྱུ་ཡིན་གྱི་དཀྱིལ་འཁོར་དངོས་ནི་མ་ཡིན་ནོ། །དེ་ནས་མེའི་རྡུལ་འབྱར་བ་གློག་གི་མེ་ལྟ་བུ་ནི། ནམ་མཁའ་དང་སྔར་གྱི་རླུང་གཉིས་དང་ལྡན་པའི་ཕྱིར་དང་པོའི་མེ་ཡོན་ཏན་གསུམ་པ། དེ་བཞིན་ཆུ་སྔར་གྱི་གསུམ་དང་བཅས་པས་ཆར་གྱི་ཆུ་ཡོན་ཏན་བཞི་པ། དེ་བཞིན་དུ་སའི་རྡུལ་ཕྲ་རབ་རྣམས་ཀུན་ཏུ་འབྱར་བ་ནམ་མཁའ་ལ་དབང་པོའི་གཞུ་ལྟར་སྣང་བ་ནི་སྔར་གྱི་བཞི་དང་ལྡན་པ་འཛིན་མ་ཡོན་ཏན་ལྔ་པ་ཞེས་བྱའོ། །དེ་དག་ཐམས་ཅད་ལ་རོའི་རྡུལ་ཕྲ་རབ་ནི་ཁྱབ་བྱེད་དུ་ཞུགས་སོ། །གསུམ་པ་ནི། དེ་ལྟར་སྟོང་པའི་རྡུལ་ལྔ་པོ་ལས་རླུང་མེ་ཆུ་སའི་དཀྱིལ་འཁོར་རྣམས་སུ་འགྱུར་ལ། དེའི་སྟེང་དུ་ཆོས་མངོན་པར་སེམས་ཅན་གྱི་ལས་ལས་གྲུབ་པའི་སྤྲིན་ལས་ཆར་གྱི་རྒྱུན་བབས་པ་རླུང་གིས་བསྲུབས་པ་ལས་རི་མཚོ་གླིང་རྣམས་ཁམས་དྭངས་སྙིགས་ལས་གྲུབ་པར་བཤད། འདིར། ཡང་དག་པར་འཛིན་པ་དང་། སྲུབ་པ་དང་། དབྱིབས་ཀྱི་རླུང་གི་མཐུ་ལས། གླིང་དང་རི་དང་རྒྱ་མཚོ་དང་། ཞེས་པས། སྤྲིན་གྱི་རླུང་གིས་ཆུའི་རྡུལ་ཕྲ་རབ་རྣམས་འཛིན་པ་བཞིན་དུ། རླུང་གང་གིས་ས་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་ཚོགས་འཛིན་པར་བྱེད་པས་ན་ཡང་དག་པར་འཛིན་པའི་རླུང་ཞེས་བྱ་བ་དང་། ས་ནས་རོའི་བར་གྱི་རྡུལ་ཕྲ་རབ་ཀྱི་ཚོགས་བསྲུབས་པས་ལན་ཚྭ་བཞིན་དུ་སྲ་ཞིང་འབྱར་བར་བྱེད་པ་སྲུབ་པའི་རླུང་ཞེས་བྱ། འབྱར་ནས་འཇིག་རྟེན་མཐའ་དག་གི་བཀོད་པ་རྣམ་པར་དགོད་པར་བྱེད་པ་དབྱིབས་བྱེད་པ་ཞེས་བྱའོ། །དེ་ལྟར་རླུང་གསུམ་གྱི་མཐུ་ལས་བཟོ་དབྱིབས་སྣ་ཚོགས་པ་འདི་དག་གྲུབ་པ་ཡིན་ནོ། །དེ་ལྟར་བརྟན་པ་བཤད་ནས་གཡོ་བ། འགྲེལ་པར། རྒྱུ་སྐར་དང་ནི་ཉི་ཟླ་སྐར་མ་གཟའ་ཡི་ཚོགས་དང་དྲང་སྲོང་ཞེས། །རྒྱུ་སྐར་དང་། གཟའ་དང་། ལྷ་དང་འབྱུང་པོ། ཀླུ། དུད་འགྲོ། དམྱལ་བ་ལ་སོགས་པའི་བར་དུ་ཡིན་ལ། དུད་འགྲོའི་སྐྱེ་བར་ལྗོན་པ་ལ་སོགས་པ་སྟེ་སའི་སྐྱེ་གནས་སོ་ཞེས་པ་ལ་གཅེར་བུ་པའི་ལུགས་སུ་ཐལ་བར་འཕང་བ་ནི། རང་ཉིད་ཀྱིས་ལྗོན་པ་ཞེས་བརྗོད་ན་ཤིང་ལས་འོས་མེད་དོ་སྙམ་པ་དང་། འགའ་ཞིག་གིས་པྲིཀྵ་དང་། ལིཀྵ་ཡི་གེ་པས་ནོར་བ་མ་གཏོགས་ཤིག་གོ་ཟེར། དེ་དག་ཀྱང་སྐྱོན་དང་བཅས་པ་སྟེ་ཆོས་མངོན་པར། དུད་འགྲོ་ལ་རིགས་སུམ་ཅུ་རྩ་བཞི་བཤད་པས་དུད་འགྲོའི་བྱེ་བྲག་འགའ་ཞིག་གི་མིང་ངོ་། །ཡང་ལྗོན་པ་རྟ་མགོ་ཅན་ལ་འདོད་པ་ཡང་མི་འཐད་དོ། །མིའམ་ཅི་ནི་དྲི་ཟའི་སྡེར་བསྡུས་པས་དེ་ནི་རྒྱལ་པོ་དང་པོའི་རིགས་སུ་གཏོགས་པས་སོ། །སྣོད་དེ་ལྟ་བུར་གྲུབ་ན། དེའི་ནང་དུ་བཅུད་ཀྱི་སེམས་ཅན་སྐྱེ་བས་འཁོར་བ་ནི་སྣོད་བཅུད་གཉིས་ཏེ། ཆོས་མངོན་པར་སེམས་ཅན་སྐྱེ་བ་དང་། སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ་ཞེས་པས་སོ། །དེ་བས་ན་འགྲེལ་ཆེན་ལས། སྟོང་པའི་དབུས་སུ་ཡང་དག་འབྱུང་སྟེ་ཆུ་ལ་ལན་ཚྭ་དང་ནི་སྒོ་ངའི་དབུས་སུ་སྒོང་སྐྱེས་བཞིན། །ཞེས་པ་ནི་འདིར་བརྟན་པ་རྣམས་བསྐྱེད་པ་ལ་ལན་ཚྭ་དང་། གཡོ་བ་རྣམས་བསྐྱེད་པ་ལ་སྒོ་ང་དཔེར་འགྱུར་ཏེ། དང་ཞེས་པ་ནི་སྡུད་པའོ། །དཔེར་ན་ཉི་མའི་འོད་ཀྱི་སྦྱོར་བ་ལས་ལན་ཚྭ་ཆུའི་རྡུལ་ཕྲ་རབ་རྣམས་ལན་ཚྭ་སྲ་བ་ཉིད་དུ་འགྱུར་བ་དེ་བཞིན་དུ་ལྷུན་པོ་ལ་སོགས་པ་བརྟན་པ་རྣམས་སོ། །དཔེར་ན་ཁུ་བ་ཞུ་བའི་རྡུལ་ཕྲ་རབ་རྣམས་སྒོ་ངའི་དབུས་སུ་གདོང་པའི་ལུས་ལ་སོགས་པ་ཆ་ཤས་ཉིད་དུ་འགྱུར་བ་དེ་བཞིན་དུ་གཡོ་བ་སེམས་ཅན་རྣམས་རིག་པར་བྱའོ་ཞེས་པས་སོ། །གཉིས་པ་ནི། རགས་པའི་རྒྱུ་ངོས་ཟིན་ན་དེའི་རྒྱུ་ཕྲ་བ་ངོས་ཟིན་པས་དེ་བསྟན་པའི་ཕྱིར། ལུས་དང་སོགས་ཚིགས་བཅད་ཀྱིས་ལུས་ཞེས་པས་ཟླ་བ་སྒྲིབ་བྲལ། ཡེ་ཤེས་ཞེས་པས་ཉི་མ་སྒྲིབ་བྲལ། ནམ་མཁའ་ཞེས་པས་ནམ་མཁའི་ཁམས་སྒྲིབ་བྲལ། དོན་འདུས་པར་བཤད་པའི་སྣང་མཆེད་ཐོབ་པ་གསུམ། དེ་ལས་འབྱུང་བ་བཞི། བརྟན་པ་སྣོད་སྒྲིབ་བྲལ་དང་། གཡོ་བ་ཁམས་དྲུག་གི་བདག་ཉིད་གང་ཟག་གི་ཁམས་སྒྲིབ་པ་བྲལ་བ། ལྷ་ནི་མཐོང་བ་སྐྱེད་མིན་དག་ཏུ་འགྱུར་བ་སྟེ། ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་ལས། སྟོང་པ་ཆེ། དེ་ལས་ཐབས་ཤེས་སྣ་ཚོགས་འབྱུང་། །ཞེས་གསུངས་པ་དང་གནད་གཅིག དེ་ལྟར་སྲིད་པ་རྣམ་པ་བཅུའི་དག་པའི་ཆ་ནི། ཐིག་ལེ་དང་། རྣམ་བཅད་དང་། ཨ་ཨི་རི་ཨུ་ལི། བརྟན་པའི་ཁམས་གསལ་བྱེད་མ། གཡོ་བའི་ཁམས་ཀྵ། ལྷ་ནི་མཐོང་བ་སྐྱེད་མིན་ཞེས་པ་གཟུགས་མེད་ཡིན། དེའི་ཁམས་ལས་ཧ་སྟེ། དབྱངས་རྣམས་སམ་པྲ་སཱ་ར་ཎ་ར་གཏོང་དེ་དག་གི་སྔ་མ་ཕྱི་མའི་སྟེང་དུ་དྲངས་པས་རྣམ་བཅད་ཟླ་ཕྱེད། ཐིག་ལེ་རྗེས་སུ་ང་རོར་ཡེ་ཤེས་ཤད་དུ་གཏང་བས་རྣམ་བཅུ་དབང་ལྡན་གྲུབ། དེ་ཡོན་ཏན་དང་འཕེལ་བ་དང་ཡ་ཎའི་དབྱེ་བས་དབྱངས་ཐམས་ཅད་དང་གསལ་བྱེད་ཐམས་ཅད་ཀྱང་གྲུབ་སྟེ། གཞི་ལ་གཡོ་བའི་ཆ་ནས་རླུང་། ངོ་བོའི་ཆ་ནས་སྔགས་ཞེས་པ་སྟེ། རླུང་སྔགས་མི་ཕྱེད་པ་འདི་སྣོད་བཅུད་ཀྱི་རྒྱུར་བསྟན་པ་ཡིན་ནོ། །དེ་ཡང་། ནམ་མཁའི་ཁམས་ལས་ཡ་ཡིག་རླུང་གི་དཀྱིལ་འཁོར་ནས། ར་མེ། ཝ་ཆུ། ལ་ས། མ་ལྷུན་པོ། ཀྵ་པདྨའི་ཚུལ་གྱིས་གཡོ་བའི་ཚོགས། གཟུགས་མེད་ཧ། ཟླ་ཚེས་ཉི་མ། ང་རོ་ཟླ་བ། ནཱ་ད་སྒྲ་གཅན་ཡེ་ཤེས་ཀྱི་ཁམས་སོ། །དེ་ལྟ་བུས་ཕྱི་འཇིག་རྟེན། ནང་སེམས་ཅན། གཞན་དཀྱིལ་འཁོར་ཡང་རྒྱུ་འདི་ལྟ་བུའོ། །དེ་བས་ན་རགས་འཛིན་ཞིག་ན་ཕྲ་བ་ལུས་ཆོས་སུ་མཐོང་། དེ་ཞིག་ན་གཞན་དཀྱིལ་འཁོར་གྱི་འཁོར་ལོ་འཆར་བ་ཡིན་ནོ། །འདི་དག་ཏུ་སྒྲིབ་བྲལ་ཞེས་པ་ནི། །འདུས་པར་བཤད་པའི་སེམས་རྣམ་པར་དབེན་པ་ཙམ་མམ་ཐིག་ལེ་སྐོར་གསུམ་དུ་མི་ཤིགས་པའི་དྭངས་མ་ཞེས་པ་དེའོ། །གཡོ་བའི་ཆ་རགས་སུ་སོང་བ་སྟེ། དེ་ནི་རླུང་གི་དེ་ཁོ་ན་ཉིད་དོ། །དེ་ཡང་། མཚན་བརྗོད་ལས། རྣམ་པ་བཅུ་པོ་དོན་བཅུའི་དོན། །ནས། མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཅེས་པའི་བར་གྱིས་གསུངས་སོ། །གསུམ་པ་ལ། ཤིན་ཏུ་ཕྲ་བ་དང་། ཕྱི་ནང་དུས་ཀྱི་འཁོར་ལོའི་རྒྱུ་བཅར་ཏེ་ངོས་འཛིན་པ་གཉིས། དང་པོ་ནི། དེ་ལྟར་ཕྲ་བ་ངོས་ཟིན་ནས། དེ་ཡང་ཤིན་ཏུ་ཕྲ་བ་ལས་འབྱུང་བས་ཟུང་བདུན་གྱི་རྣམ་གཞག་བཤད་པ། སྔར་ཝཾ་ཡིག་བསྒྲུབ་གཞིའི་བརྗོད་དུ་མེད་པའང་གཞོམ་དུ་མེད་པའི་གཡོན་གྱི་ཐིག་ལེའི་མཐར་འོད་ཟེར་དཀར་པོ་འབར་བ། དེ་ནང་གི་ཁུ་བའི་ཆ། དེ་ལས་སྒྲ་གཅན། ཟླ་བ། ལག་པ། པ་སངས། མཇུག་རིངས། ཆར། ཆུ་བདུན། གཡས་ཀྱི་རྣམ་བཅད་ཀྱི་མཐར་འོད་ཟེར་དམར་པོ། ནང་གི་རྡུལ། དེ་ལས་དུས་མེ། ཉི་མ། བཀྲ་ཤིས། ཕུར་བུ། སྤེན་པ། གློག མེ། རྒྱབ་ཏུ་ཐོད་པའི་རྣམ་པའི་མཐར་འོད་ཟེར་སེར་པོ། ནང་གི་ས་དེ་ལས་སྐར་མ་ཕྲ་མོ། སྐར་མ་སྦོམ་པོ། ལྷའི་གཞུ། ས་ཕྲ་མོ། ས་སྦོམ་པོ། རྡོ་ཕྲ་མོ། རྡོ་སྦོམ་པོ། མདུན་དུ་དབྱུག་པའི་རྣམ་པའི་མཐར་འོད་ཟེར་ནག་པོ། དོན་མཉམ་གནས། དེ་ལས་གྱེན་རྒྱུ། ཁྱབ་བྱེད། ཀླུ། རུས་སྦལ། རྩངས་པ་དང་། ལྷ་སྦྱིན། ནོར་རྒྱལ་འདྲེན་པ་འགྲེལ་ཆེན་བཞིན་ནོ། །སྟེང་དུ་འོད་ཟེར་ལྗང་ཁུ། དོན་སྟོང་པའི་ས་བོན་ལས་བྱུང་བ་སྲོག་རླུང་། འོག་ཏུ་འོད་ཟེར་སྔོན་པོ་སྟེ་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་ས་བོན་ལས་བྱུང་བ་ཐུར་སེལ། དེ་དག་གི་ས་བོན་གཡོན་དུ། ཨཾ་ཨུ་ཨཱུ་ཨོ་ཨཽ་ཝ་ཝཱ། གཡས་སུ། ཨཿརི་རཱི་ཨར་ཨཱར་ར་རཱ། ནུབ་ཏུ། ཨཱ་ལི་ལཱི་ཨལ་ཨཱལ་ལ་ལཱ། ཤར་དུ། ཨ་ཨི་ཨཱི་ཨེ་ཨཻ་ཡ་ཡཱ་འདིར་ཟུང་བདུན་གྱི་ས་བོན་རྫོགས་པའི་མཇུག་ཏུ་ཀྵ་ཡིག་སྨོས་པའི་དགོངས་པ། ཟུང་གི་ས་བོན་དབྱངས་ཡིག་སུམ་ཅུ་སྨོས་པ་དེ་ཐམས་ཅད་འདུས་པ་ལས་ཧཾ་དུ་འགྱུར་བའི་གཞི་བཀོད་པ་ཡིན་ལ། ཧཾ་དེ་ཀྵ་ཡིག་དང་ཟུང་དུ་སྦྱོར་བ་ཤེས་པའི་དོན་དུ་ཀྵ་ཞེས་སྨོས་ཏེ་ཟུང་དེ་དག་ཐབས་ཤེས་སུ་འགྲོ་ཚུལ་ནི་ཨེ་ཝཾ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ན་དབྱངས་ཐམས་ཅད་ཧཾ་དང་། གསལ་བྱེད་ཐམས་ཅད་ལས་ཀྵ་ཞེས་བསྒྲུབ་པར་བྱ་བ་ཡིན་ཏེ། ཨེ་ཝཾ་གཟུགས་བསྒྲུབ་ཀྱི་སྐབས་སུ་དབྱངས་ལས་ཝཾ་དང་། གསལ་བྱེད་ལས་ཨ་བསྒྲུབ་པའི་ཚུལ་བཤད་པ་བཞིན་ནོ། །རྩ་རྒྱུད་ལས། ནུབ་དང་ཤར་དུ་འཛིན་མ་རླུང་། །ཕན་ཚུན་ཤེས་རབ་ཐབས་ཡིན་ཏེ། །མཐེ་བོང་མིང་མེད་དག་གིས་ནི། །གང་ཕྱིར་ཁ་ལ་དབང་བསྐུར་བ། །གཡས་དང་གཡོན་དུ་མེ་དང་ཆུ། །ཕན་ཚུན་ཤེས་རབ་ཐབས་ཡིན་ཏེ། །ཞེས་སོ། །དེས་ན་ནང་སྐོར་འབར་བ་དྲུག་སྤྱི་དང་། ཕྱི་སྐོར་གྱི་ཟུང་དབྱེ་བ། ཕྱི་རོལ་ཏུ་གཟའ་སོགས་ལ་ཁམས་དྲུག་སྦྱར་བ། ནང་དུ་འབར་བ་དྲུག་རྩ་དང་སྦྱར་བ་རྡོ་རྗེ་སྙིང་འགྲེལ་གྱི་དགོངས་པ་སྟེ། ཟླ་ཉི་སྒྲ་གཅན་བཤང་གཅི་དང་། །ཁུ་བ་འབབ་པའི་ལམ་རྣམས་སུ། །ཆུ་མེ་སྟོང་པ་ས་རླུང་དང་། །ཡེ་ཤེས་ཁམས་རྣམས་བསྐྱེད་རྣམས་ལ། །ཞེས་པའོ། འགྲེལ་པར། སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་རྡོ་རྗེ་སེམས་དཔའི་ཡུལ་ལ་ཝཾ་ཡིག་སྟེ། རྡོ་རྗེ་ཡན་ལག་མེད་པའི་བསྒྲུབ་པ་ལ་ཧཾ་ཡིག་གོ །དེའི་ཕྱི་རོལ་ཏུ་ཐིག་ལེ་སྟོང་པ་ཡིག་དྲུག་ནི་ཝཾ་ཡིག་གི་ཕྱོགས་ལ་བརྟེན་ཨེ་ཡིག་ཅེས་བརྗོད་ཅིང་ཧཾ་ཡིག་གི་ཕྱོགས་ལ་སྐྱེ་གནས་ཀྵ་ཡིག་སྟེ་རྡོ་རྗེ་དང་པདྨ་ཡང་ངོ་། །ཞེས་པས། རྡོ་རྗེ་ཡན་ལག་མེད་པའི་ཕྱོགས་ལ་ཞེས་པས་ཀུན་རྫོབ་རྣམ་འགྱུར་གྱི་དབང་དུ་བྱས་པ་བསྟན་ཏེ་ཧཾ་ཡིག་ཐིག་ལེ་དང་ཀྵ་ཨ་ཤད་གཏུམ་མོ་ཡིན་པས་མི་ཤིགས་པ། ཅུང་རགས་པར་སོང་བ་ཟླ་ཉི། དེ་བཞིན་ཁམས་ལྷག་མ་ལ་ཡང་མཚུངས་པ་ཡིན་ནོ། །འོན་ཀྱང་མི་ཤིགས་པ་ཉིད་དུ་ད་དུང་འདུ་སྟེ། རྒྱུ་མཚན། དབུ་མའི་ནང་གི་ཁམས་ཡིན་པས་སོ། །ཕྲ་བ་འཆད་པའི་ཚེ་འདི་ཐམས་ཅད་མུན་ཅན་དུ་བསྡུ་ལ། རྣམ་བཅུ་དབང་ལྡན་དུ་བཤད་པའི་ཚེ། དེ་དབྱེ་གཞིར་བྱས་པའི་རླུང་ཁོ་ན་ལ་བྱེད་པས་འདི་གཉིས་ལའང་ཕྲ་རགས་བྱུང་ངོ་། །ཕྱི་མ་འདི་ཡང་། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཞེས་པའི་ཚིགས་བཅད་དང་། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཞེས་པའི་ཚིག་བཅད་གཅིག་གིས་སོ། །དེ་ཡང་ཆ་མེད་ཀུན་འགྲོ་ནི་རྩ་བའི་མི་ཤིགས་པར་ཐུན་མོང་བ་ཞེས་བདག་ཅག་འཆད་པ་དེའོ། །དེ་བས་ན་འདིར་རྒྱུ་རགས་རིམ་ནས་ངོས་གཟུང་བ་ནི། རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །ཞེས་པའི་དགོངས་པ་ཁོ་ནའོ། །འདིར་སྔར་བཤད་པའི་ས་བོན་རྣམས་ཀྱི་མགོར་ཚེག་དྲག་འོག་དང་ཐིག་ལེ་སྟེང་དུ་འདོན་པ་ནི་ལུས་གནས་པ་ལ་མེ་ཆུ་གོ་བཟློག་ཏུ་གནས་པ་མཚོན་ཞིང་། ལམ་དུས་དེ་ལྟར་སློབ་པ་དང་། འབྲས་དུས་སུ་དཀར་ཆ་གྱེན། དམར་ཆ་འོག་ཏུ་ནོན་པ་ཤེས་པའི་ཕྱིར། དེ་ཡང་ས་བོན་གྱི་མགོར་དགོད་པ་ནི་ཐིག་ལེའི་བཞོན་པ་རླུང་ཡིན་པ་ཤེས་པར་བྱ་བའི་ཕྱིར་དུའོ། །གཉིས་པ་ནི། ད་ནི་སྣོད་བཅུད་ཀྱི་རྒྱུ་དེ་ལྟ་བུ་ཡིན་ན། བྱེ་བྲག་ཏུ་ཕྱི་ནང་གི་དུས་འཁོར་བའི་རྒྱུ་གང་ཡིན་སྙམ་རྟོག་སྲིད་པ་དེའི་ངོར། ཨ་སོགས་སུམ་ཅུའི་དབྱངས་གང་ཧ་ཡར་ཝ་ལར་ལྡན་དེ་དག་ཟླ་བའི་ཆ་དང་། དེ་ལྟར་ཨ་སོགས་སུམ་ཅུའི་དབྱངས་ནི་ཡར་ངོ་མར་ངོའི་ཟླ་བའི་ཆའི་མིང་སྟེ། དཀར་པོའི་ཕྱོགས་ཀྱི་ཆ་ཤས་རྣམས་དང་། དེ་རྣམས་ལ་མུན་པ་ཞུགས་པ་ལ་ནག་པོར་ཉེ་བར་བཏགས་པ་རྣམས་སོ། །དེ་ལ་དབྱངས་ཐུང་དུ་བཅོ་ལྔ་ནི་སྤྲོ་བའི་རིམ་པས་དཀར་པོའི་ཕྱོགས་ལ་ཟླ་བ་ཁུ་བ་ཐབས་སྙིང་རྗེ་མཚོན་བྱེད་དུ་གྱུར་པའི་ཐིག་ལེ་བཅོ་ལྔས་བརྒྱན་པ་དཀར་ཆ་བཅོ་ལྔའི་བདག་ཉིད་ཅན། ཕྱི་མ་རིང་པོ་བཅོ་ལྔ་ནི་སྡུད་པའི་རིམ་པས་ནག་པོའི་ཕྱོགས་ལ་ཉི་མ་རྡུལ་ཤེས་རབ་སྟོང་ཉིད་མཚོན་བྱེད་དུ་གྱུར་བའི་རྣམ་པར་བཅད་པ་བཅོ་ལྔས་བརྒྱན་པ་ཟླ་བའི་དཀར་ཆ་བཅོ་ལྔ་སྒྲིབ་པར་བྱེད་པའོ། །དེས་ན་ཐུང་དུ་བཅོ་ལྔ་ནི་ཐབས་ཟླ་བའོ། །རིང་པོ་བཅོ་ལྔ་ནི་ཤེས་རབ་ཉི་མའོ། །དེ་བས་ན་སྙིང་རྗེ་བཅུ་དྲུག་དང་སྟོང་པ་ཉིད་བཅུ་དྲུག་བསྐྱེད་པ། ཐིམ་པ་མྱང་འདས་སུ་ཡང་། ཟླ་བའི་དུས་དང་ཞག་གི་ཡུད་ཙམ་གྱི་དུས་ཐམས་ཅད་ནང་གི་ཟླ་བ་རྒྱས་པ་དང་འགྲིབ་པས་ཡིན་ལ། ཕྱི་རོལ་ཏུ་གྲིབ་མའི་དབང་སྟེ་འོག་ཏུ་འཆད་དོ། །ཉིན་བྱེད་ཀྱང་ཀ་ལ་སོགས་པའི་སྡེ་རྣམས་དབྱངས་དང་བཅས་པ་ཉིད་ཞག་སྟོང་པ་དྲུག་གི་མེ་ཡི་ཚད་ཀྱིས་སྤྱོད་པར་བྱེད། ཀ་ལ་སོགས་པའི་སྡེ་པ་དྲུག་པོ། །ཀ་ཙ་ཊ་པ་ཏ་སའི་ཐོག་མ་ཅན་རྣམས་རིམ་པ་ཇི་བཞིན། ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཀྱི་རང་བཞིན་ཏེ། རྒྱུ་མཚན་ནི། སྡེ་པ་དང་པོ་ལྔ་རིམ་པ་བཞིན་མགྲིན་པ་དང་རྐན་སྤྱི་བོ་དང་མཆུ་དང་སོས་བརྗོད་པའི་དབང་གིས་དང་། དྲུག་པ་ནི་ྈྐ་ལ་སོགས་པའི་རིམ་པས་སོ་སོར་གནས་ལྡན་ནས་བརྗོད་པའི་དབང་ལས་ཁམས་ལྔའི་བདག་ཉིད། དེ་ལྟར་ན་སྡེ་པ་དྲུག་ཁམས་དྲུག རིགས་དྲུག རེ་རེའང་ལྔ་ལྔ་ནི་ཁམས་ལྔ་རིགས་ལྔའོ། །ཟླ་བ་གཅིག་ལ་ཚེས་ཞག་དྲུག་ཚན་ལྔའོ། །གསལ་བྱེད་དེ་གཉིས་དབྱངས་བཅུ་གཉིས་དང་བསྲེས་པས་དབྱངས་དང་བཅས་པའོ། །ཡི་གེ་སུམ་བརྒྱ་དྲུག་ཅུ་པ་དེ་རྣམས་ཉིན་ཞག་སུམ་བརྒྱ་དྲུག་ཅུས་སྤྱོད་པའི་དོན་ཏེ། ཉིན་ཞག་སྟོང་པ་དྲུག་མེའི་ཚད་དེ་དག་གི་ཁྱིམ་གྱི་ཟླ་བ་བཅུ་གཉིས། དེ་ལས་ལྷོ་བྱང་གི་བགྲོད་པ་གཉིས་སུ་འགྱུར་ཞིང་། དེ་རེ་རེ་ལ་ཉིན་ཞག་བརྒྱ་བརྒྱད་ཅུ། དེ་ཡང་ཁྱིམ་འཕོ་བའི་ཟླ་བའི་དབྱེ་བས་ཀརྐ་ཊ་ལ་སོགས་པ་ལྷོར་བགྲོད་པའི་ཟླ་བ་དྲུག་ལ་ནམ་མཁའ་ལ་སོགས་པ་སྤྲོ་བའི་རིམ་པས་དབྱངས་ཐུང་ངུ་དྲུག་དང་བཅས་པའི་སྡེ་པ་དྲུག་ཉི་མས་ཟླ་བ་དྲུག་གིས་སྤྱོད་དོ། །དེ་ནས་ཆུ་སྲིན་ལ་སོགས་པ་བྱང་དུ་བགྲོད་པའི་ཟླ་བ་དྲུག་ལ་ས་ལ་སོགས་སྡུད་པའི་དབྱེ་བས་དབྱངས་རིང་པོ་དང་བཅས་པ་སྡེ་པ་དྲུག་ཟླ་བ་དྲུག་གིས་རྫོགས་པར་སྤྱོད་དོ། །བགྲོད་པ་གང་དུ་དབྱངས་ཐུང་ངུ་དང་བཅས་པ་བརྒྱ་བརྒྱད་ཅུས་སྤྱོད་པ་དེར་མཚན་མོ་འཕེལ་བར་འགྱུར་རོ། །གང་དུ་དབྱངས་རིང་པོ་དང་བཅས་སྤྱོད་པ་དེར་ཉིན་མོ་འཕེལ་བར་འགྱུར་རོ། །འདིར་ལྷོར་བགྲོད་པ་ནི་མཚན་མོ་འཕེལ་བས་ཟླ་བའི་རང་བཞིན་ནོ། །བྱང་དུ་བགྲོད་པ་ནི་ཉིན་མོ་འཕེལ་བས་ཉི་མའི་རང་བཞིན་ནོ། །གསལ་བྱེད་གཅིག་པ་རྣམས་ཟླ་བའི་རང་བཞིན། གཉིས་བརྩེགས་པ་ཉི་མའི་རང་བཞིན། གསལ་བྱེད་གསུམ་བརྩེགས་པ་སྒྲ་གཅན། དེ་བཞིན་དབྱངས་ཐུང་དུ་ཟླ་བ། རིང་པོ་ཉི་མ། ཤིན་ཏུ་རིང་པོ་སྒྲ་གཅན་ནོ། །འདི་ཡང་། སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །སོགས་ནས། ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་པའི་བར་གྱི་གསུངས་ཏེ། ལོའི་དུས་ཐམས་ཅད་ཉི་མའི་འཕེལ་འགྲིབ་དེ་ཡང་ནང་དམར་ཆའི་རྒྱས་འགྲིབ་བོ། །དེའི་ཕྱིར་འཁོར་བར་བསྐྱེད་པའི་རྩ་བ་ནི། །འོད་དཔག་མེད་དང་རིན་ཆེན་འབྱུང་ཞེས་རྒྱུད་གཞན་ལས་ཀྱང་བཤད་པའི་དོན་འདིའོ། །དེ་བས་ན་གསང་ཆེན་རིགས་གཅིག དེ་ལས་ཐབས་ཤེས་རིགས་གཉིས། དེ་ལས་སྐུ་གསུང་ཐུགས་ནས་བསམ་གྱིས་མི་ཁྱབ་པའི་རིགས་ཀྱི་བར་དུ་འགྱུར་བའི་གནད་འདིའོ། །གཞིའི་རྣམ་པ་ཐམས་ཅད་པ་དེ་འདི་ཡིན་པས་རྒྱ་ཆེ་བའི་རྒྱུད་བཤད། དེ་བས་ན་ཟླ་ཉིའི་བླ་གནས་བརྩི་བ་ཡང་ལོ་བཅུ་གཉིས་དང་བཅུ་དྲུག་མན་དང་། དེ་ཡན་གོ་བཟློག་པ་ཞིག་ཡོད་དེ་གཞན་དུ་བཤད་ཟིན་ནོ། །གཉིས་པ་ལ། འཇིག་རྟེན་གྱི་ཁམས་འཇལ་བྱེད་ཀྱི་ཚད། དང་པོ་ལ། འདི་ཉིད་ཀྱི་ལུགས་བཀོད་པ་དང་། མཐའ་བཅད་ཀྱིས་བཤད་པའི་འཕྲུལ་འདོན་པ་གཉིས། དང་པོ་ནི། རླུང་གི་མཐའ་ནས་སོགས་ཀྱིས་དོན། འགྲེལ་པར། འཇིག་རྟེན་གྱི་ཁམས་ཀྱི་ཚད་ཀྱི་འཇིག་རྟེན་གྱི་ཁམས་དཀྱིལ་འཁོར་གྱི་དོན་དང་། ལུས་ཀྱི་ཚད་ལུས་ཀྱི་དཀྱིལ་འཁོར་གྱི་དོན་དུ་སྟེ་ཞེས་པས། དཀྱིལ་འཁོར་ལ་དཔལ་མཆོག་ལས། མི་མཉམ་མེད་པས་ཟུང་བཞི་པ། །ཞེས་ཐམས་ཅད་དུ་མི་མཉམ་པ་མེད་པའི་དོན་ཏེ། དེའི་ཕྱིར་རྒྱ་དཔངས་མཉམ། དེས་སྦྱང་གཞི་འཇིག་རྟེན་ཁམས་དང་ལུས་ཀྱང་ཤེས་པར་བྱ་བས་ན་སྲིད་དང་ཞེང་གཉིས་ཀར་དཔག་ཚད་འབུམ་ཕྲག་བཞི་པའོ། །དེ་ཡང་རླུང་གི་དཀྱིལ་འཁོར་ཟླུམ་པོ་མཎྜྻལ་གྱེན་དུ་བསླང་བ་ལྟ་བུ། སྲབ་འཐུག་དཔག་ཚད་སྟོང་ཕྲག་ལྔ་བཅུ། དེའི་ནང་དུ་ཚུད་པ་མེའི་དཀྱིལ་འཁོར་དེ་ལྟ་བུ། དེའི་ནང་དུ་ཆུའི་དཀྱིལ་འཁོར་དེ་ལྟ་བུ། དེའི་ནང་དུ་སའི་དཀྱིལ་འཁོར་ནི་རི་མེད་པའི་སྲབ་འཐུག་སྔ་མ་རྣམས་དང་མཚུངས་ལ། འདིའི་རྒྱར་འབུམ། ཆུའི་རྒྱར་འབུམ་ཕྲག་གཉིས། མེའི་རྒྱར་འབུམ་ཕྲག་གསུམ། རླུང་གི་རྒྱར་འབུམ་ཕྲག་བཞིའོ། །རླུང་གི་དཀྱིལ་འཁོར་གྱི་འོག་མཐའ་ནས་སའི་ཡ་མཐའི་བར་ལ་འབུམ་ཕྲག་གཉིས་དེ་ནས་ལྷུན་པོའི་རྩེའི་བར་ལ་འབུམ་ཕྲག་གཅིག དེ་ནས་ལྷུན་པོའི་གདོང་མགྲིན་གཙུག་ཏོར་གྱི་ཐ་སྙད་བྱས་པའི་བར་སྣང་སྲིད་རྩེའི་ལྷ་གནས་ཡོད་པའི་མཐར་ཐུག་པའི་བར་ལ་འབུམ་ཕྲག་གཅིག་སྟེ་བཞིའོ། །ཁོར་ཡུག་ལ་སོ་སོའི་ཐད་ཀའི་སུམ་འགྱུར། སའི་སྟེང་གི་ལྟེ་བ་ནས་ཕྱོགས་སུ་དཔག་ཚད་སྟོང་ཕྲག་བརྒྱད་བསྐོར་བའི་ཟླུམ་པོ་སྟོང་ཕྲག་བཅུ་དྲུག་རི་རབ་ཀྱི་རྨང་། ཁ་རྒྱ་ལ་ཕྱོགས་རེར་སྟོང་ཕྲག་ཉེར་ལྔ་པར། བསྡོམས་པས་ཤར་མཐའ་ནུབ་མཐའི་བར་དུ་དཔག་ཚད་སྟོང་ཕྲག་ལྔ་བཅུ། དབྱིབས་ནི་རྭ་ལྔ་པ་ཅན། རྭ་ཡང་འགྲེལ་ཆེན་ལས། རྭ་ནི་ལྔ་པོ་རྣམས་སྟེང་དང་ས་གཞི་དག་གི་གནས་ལ་ཕྱོགས་ཀུན་ཏུ་ནི་ཕྱིར་སོན་པའོ། །ཞེས་པས་རགས་འགག་གི་འགག་གི་རྣམ་པ་ལྟ་བུ་ལྔ་ལས་ཕྱི་མ་ཕྱི་མ་རིང་པའི་ལྔ་པ་དང་བསིལ་རི་ཁ་སྦྱར་བའོ། །དེ་ཡང་འགྲེལ་ཆེན་ལས། དེ་རྣམས་ལས་ཁ་བའི་རི་དང་རྭ་མཉམ་པའོ་ཞེས་འབྱུང་བས་སོ། །རྡོ་རྗེ་རྩེ་ལྔ་གྱེན་བསྟན་དུ་འདོད་པ་དང་། ཡང་དེ་ཐུར་དུ་ཟུག་པར་འདོད་པ་སོགས་ནི་ལུང་དེ་ཉིད་ཀྱིས་ཕྱོགས་ཀུན་ཏུ་ཞེས་པས་གནོད་ལ། ཁ་ཐུར་བསྟན་ནི་ཡིན་ནོ། །དེས་ན་རི་རབ་ཀྱི་རྨང་གི་མཐར་ཁོར་ཡུག་གི་དོན་དུ་དཔག་ཚད་སྟོང་ཕྲག་གཅིག་གིས་བསྐོར་ལ། དེ་ནས་ལྷག་མ་ཕྱོགས་རེ་ལ་སྟོང་ཕྲག་བཅུ་དྲུག་པ་རེ་ཡོད་པ་ལ། གླིང་དྲུག མཚོ་དྲུག རི་དྲུག་རྣམས་ཏེ། འགྲེལ་ཆེན་དུ། ཕྱོགས་ཀུན་ཏུ་ནི་ཁོར་ཡུག་ཀྱང་ངོ་། །དེའི་ཕྱི་རོལ་གླིང་དང་རི་བོ་དག་དང་ཞེས་པ་ནི་ཁོར་ཡུག་དེའི་ཕྱི་རོལ་རྭ་བཞིའི་ཁོང་སྐྱིབས་ཀྱི་གནས་སུ་གླིང་དྲུག་དང་། མཚོ་དྲུག་དང་། རི་དྲུག་སྟེ་ཞེས་གསུངས་པས་སོ། །དེ་དག་རེའི་རྒྱར་དཔག་ཚད་བརྒྱད་བརྒྱ་དང་བརྒྱད་ཅུ་རྩ་བརྒྱད། རྒྱང་གྲགས་གསུམ་དང་གཞུ་འདོམ་བརྒྱ་ཚོ་བཅུ་གཅིག་འདོམ་བཅུ། སོར་མོ་བཅུ་ནས་ལྔ་དང་སུམ་ཆ་ཐམས་ཅད་མཉམ་མོ། །ཁོར་ཡུག་གི་མཐར་ཟླ་བའི་གླིང་། དེའི་མཐར་སྦྲང་རྩིའི་མཚོ། དེའི་མཐར་འོད་སྔོན་གྱི་རི། ཁོར་མོར་འཁོར་བ་ལྷག་མ་རིགས་འདྲ། ཁོར་ས་ཆུ་འོབས་ལྕགས་རི་ཟླུམ་པོ་ལྟ་བུ། གླིང་གཉིས་པ་འོད་དཀར། གསུམ་པ་ཀུ་ཤ། བཞི་པ་མི་འམ་ཅི། ལྔ་པ་ཁྲུང་ཁྲུང་། དྲུག་པ་དྲག་པོའི་གླིང་ངོ་། །མཚོ་གཉིས་པ་མར་གྱི། གསུམ་པ་ཞོའི། བཞི་པ་འོ་མའི། ལྔ་པ་ཆུའི། དྲུག་པ་ཆང་གི་མཚོའོ། །རི་གཉིས་པ་མནྡ་རའི་རི། ཥ་ཌ། ནོར་བུའི་འོད་ཟེར། དྲོ་ཎ། བསིལ་བའི་རི་སྟེ་གངས་ཅན་གྱི་རིའོ། །དེ་ལྟ་བུའི་གླིང་དྲུག་ནི་ལོངས་སྤྱོད་ཆེན་པོའི་ས་པ་སྟེ་རང་གི་ལུས་ཀྱི་འོད་ཀྱིས་བྱ་བ་བྱེད་པའོ། །དེ་དག་ཀྱང་གླིང་བདུན་པ་ལས་གྱེན་དུ་འདི་ཙམ་འཕགས་མ་བཤད་ཀྱང་ཆེས་མཐོ་བ་ནི་རིགས་ཏེ་གཞན་མཚོ་དེ་དག་ལ་གཏིང་མེད་པར་འགྱུར་བས་སོ། །དེའི་མཐར་འཛམ་བུའི་གླིང་ཆེན་པོ་ལས་ཀྱི་ས་པ་སའི་དཀྱིལ་འཁོར་ཇི་སྲིད་པའི་མཐའ་སྟེ། བྱང་བསིལ་རི་ནས་ལྷོའི་བར་དུ་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་ཟླུམ་པོས་བསྐོར་བ་སའི་དཀྱིལ་འཁོར་གྱི་ལྷག་མ་ཡིན་ལ། དེ་དུམ་བུ་བཅུ་གཉིས་སུ་བགོས་པ་ནི་ས་དུམ་བུ་བཅུ་གཉིས། དེའི་དབུས་སུ་རང་རང་གི་ཚད་འབུར་དུ་དོད་ལ་གཞན་འདབ་ཆགས་ཀྱང་མི་ཕལ་པས་ཕན་ཚུན་བགྲོད་མི་ཐུབ་པ་ནི། ཆོས་མངོན་པར། རྒྱལ་པོ་ཆེན་པོ་བཞིའི་པུས་ནུབ་ཙམ་གྱི་ཆུས་ཁེངས་ལ། འཁོར་ལོ་སྒྱུར་བ་འབྱུང་བའི་དུས་སུ་དེ་བྲི་ནས་ཕན་ཚུན་དེ་ནས་ཕྱིན་ཆོག་པར་བཤད་པ་བཞིན་ཏེ། དུམ་བུའི་བར་དུ་ཆུ་མེད་ན་དུས་ཞབས་པ་སོགས་ཤམྦྷ་ལར་འབྱོན་པ་ལ་རྒྱ་མཚོར་འགྲོ་བའི་ཚོང་པ་དང་བསྡེབས་ཏེ་རྫིངས་ལ་འབྱོན་ཅི་དགོས་ཏེ། རྒྱ་མཚོ་ལྷོར་ལུས་ཤམྦྷ་ལ་བྱང་དུ་སྣང་བས་སོ། །དེ་ལྟ་བུའི་གླིང་རྣམས་ཀྱི་དབྱིབས་ཀྱང་། ཤར་ལུས་འཕགས་གསུམ་རླུང་གི་རང་བཞིན་ཟླུམ་པོ་ཕྱེད་པ། ལྷོ་འཛམ་བུ་གླིང་གསུམ་མེའི་རང་བཞིན་གྲུ་གསུམ། བྱང་སྒྲ་མི་སྙན་གསུམ་ཆུའི་རང་བཞིན་ཟླ་བ་ཉ་བ་ལྟ་བུ། ནུབ་བ་ལང་སྤྱོད་གསུམ་སའི་རང་བཞིན་གྲུ་བཞི། དེ་ལྟར་གླིང་བཞི་ཁམས་བཞི་དང་། ལྷུན་པོ་སྟོང་པའི་ཁམས་ཡིན་ལ། རི་རབ་ཀྱི་ཤར་ཨིནྡྲ་ནཱི་ལ། ལྷོ་པདྨ་རཱ་ག ནུབ་ཀརྐེ་ཏ་སེར་པོ། བྱང་ཟླ་བ་ཆུ་ཤེལ། དབུས་ནི་མརྒད་དེ་ལྗང་ཁུ། ཐེག་དམན་དག་ལྷུན་པོའི་མདོག་ལས་ནམ་མཁའི་མདངས་གྲུབ་པར་སྨྲ་མོད། དེ་ནི་མ་ཡིན་ལ། གནམ་གྱི་མདངས་ནི་གཟའ་སྐར་གྱི་འོད་དང་མུན་པའི་ནག་ཆ་གཉིས་འདྲེས་པ་ལས་ཁ་དོག་སྡོན་པོར་སྣང་བ་སྟེ། གླིང་ཐམས་ཅད་དུ་མདངས་མཐུན་པ་ཡིན་ནོ། །གླིང་དེ་དག་གི་རྒྱ་ཡང་། ཤར་ལ་དཔག་ཚད་སྟོང་ཕྲག་བདུན། ལྷོ་ལ་སྟོང་ཕྲག་བརྒྱད། ནུབ་ལ་སྟོང་ཕྲག་དགུ། བྱང་ལ་སྟོང་ཕྲག་བཅུ་འགའ་ཞིག་དཔངས་ལ་འདོད་ཀྱང་མི་ལེགས་སོ། །དེ་དག་ནི་འཛམ་གླིང་ཆེན་པོ་ལས་ཀྱི་ས་པ་ཞེས་གླིང་བདུན་པའི་དབྱེ་བའོ། །དེའི་ཕྱིར་མཚོ་བདུན་པ་ལན་ཚྭའི་རྒྱ་མཚོ་རྒྱར་དཔག་ཚད་སྟོང་ཕྲག་ལྔ་བཅུ་སྟེ། ཆུའི་དཀྱིལ་འཁོར་གྱི་མཐའ་མཎྜྻལ་བསླང་བའི་ར་ལྟ་བུ་ཡོད་པ་དེ་ཡིན། དེའི་ཕྱིར་སའི་དཀྱིལ་འཁོར་གྱི་ཕྱོགས་དང་འོག་ཐམས་ཅད་དེས་འཁོར་བ་ཡིན་ལ། དེའི་ཕྱིར་རི་བདུན་པ་རྡོ་རྗེའི་རི་ཞེས་པ་རྟ་གདོང་གི་མེའི་རིར་གྲགས་པ་མེའི་དཀྱིལ་འཁོར་གྱི་མཐའ་འདིས་ཆུའི་དཀྱིལ་འཁོར་ཐམས་ཅད་ལ་སྔ་མ་ལྟ་བུར་འཁོར་བ་ཡིན་ནོ། །དེ་ལྟ་བུའི་སྣོད་ཀྱི་འཇིག་རྟེན་དེ་ལ་བཅུད་གང་གར་གནས་ཤེ་ན། རི་རབ་ཀྱི་རྩེ་གཙུག་ཏོར་གྱི་ཆ་ལ་ཆོས་བཟང་བསྐལ་བའམ། ཟད་པར་ནམ་མཁའ་བསྒོམས་པ་ལས་བྱུང་བ་སྐྱེ་མཆེད་མུ་བཞི་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང་། ཅི་ཡང་མེད་དང་། རྣམ་ཤེས་མཐའ་ཡས་ཀྱི་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ། །སྐྲ་མཚམས་ནས་སྨིན་མའི་བར་ལ་ཚངས་པའི་བསྐལ་པ། འོག་མིན། ཤིན་ཏུ་མཐོང་། མི་གདུང་བ། མི་ཆེ་བ་བཞིའོ། །དེ་ནས་སྣ་རྩེའི་བར་ལ་འཇིག་རྟེན་ལས་འདས་པའི་བསྐལ་པ། འབྲས་བུ་ཆེ་བ། བསོད་ནམས་སྐྱེས། སྤྲིན་མེད། དགེ་རྒྱས་བཞི། དེ་ནས་ཨོག་སྐོའི་བར་ལ་དཔལ་གྱི་བསྐལ་པ། ཚད་མེད་དགེ དགེ་ཆུང་། འོད་གསལ། ཚད་མེད་འོད་བཞི། དེ་ནས་མགྲིན་པའི་བར་ཕྱེད་གཤགས་པའི་གོང་མ་ལ་དཀར་པོའི་བསྐལ་བ། འོད་ཆུང་། ཚངས་ཆེན། ཚངས་པ་མདུན་ན་འདོན། ཚངས་རིགས་བཞི་སྟེ། ཟད་པར་རླུང་མེ་ཆུ་ས་བསྒོམ་པའི་རྒྱུ་ལས་བྱུང་བ་གཟུགས་ཁམས་གནས་རིགས་བཅུ་དྲུག་གོ །ཕྱེད་འོག་མ་ལ་ཟད་པར་སྒྲ་གཅན་ཟད་པར་ཉི་མ། ཟད་པར་ཟླ་བ་སྒོམ་པའི་གནས་གཉིས་གཉིས་ཏེ། འདོད་ལྷ་གཞན་འཕྲུལ་དབང་བྱེད་འཕྲུལ་དགའ་གཉིས། དགའ་ལྡན་འཐབ་བྲལ་གཉིས། སུམ་ཅུ་རྩ་གསུམ་དང་རྒྱལ་ཆེན་རིས་བཞི་པ་གཉིས་དྲུག སུམ་ཅུ་རྩ་གསུམ་པ་ནི་གྲོང་ཁྱེར་ལྟ་ན་སྡུག དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་། ཕྱོགས་སུ་དགའ་བའི་ཚལ་སོགས་བཞི། མཚམས་སུ་ཤིང་ཡོངས་སུ་འདུ་ཆོས་བཟང་ཨརྨོ་ནིག་ཀའི་རྡོ་སོགས་རྩེ་ས། གཞན་ཡང་ལྗོངས་ཉམས་དགའ་བ་ཕྱོགས་མཚམས་ཀྱི་མཐའ་ལྕགས་རི་དང་ལྕོག་ལྟ་བུར་རོ་ལྡན་གྱི་གནས་ལྕང་ལོ་ཅན་ཡོད། རྒྱལ་པོ་བཞིའི་གནས་ནི་དེའི་ཐད་ཀའི་ནམ་མཁའ་འོ། །གླིང་རྣམས་མིའི་གནས། སའི་དཀྱིལ་འཁོར་གྱི་ཕྱེད་སྟེང་མ་གཉིས་སུ་བྱས་པའི་དང་པོ་རིན་ཆེན་སྣང་ཞེས་པའི་གོང་མ་ལྷ་མིན་འོག་མ་ཀླུ། དྲན་པ་ཉེར་བཞག་ལས། ལྷ་མིན་དུད་འགྲོ་ཀླུ་དུད་འགྲོ། འདིར་ལྷ་མིན་ལྷར་བསྡུས། སྲིད་པ་སུམ་ཅུ་རྩ་གཅིག་ཏུ་འབྱེད་པའི་ཚེ་སོ་སོར་ཕྱེ། འོག་མ་གསེག་མའི་དམྱལ་བ། ཆུའི་རྔམས་ཕྱེད་གཤགས་པའི་སྟེང་མ་ལ་བྱེ་མའི་ཆུ། འདམ་གྱི་ཆུ་སྟེ་གྲང་དམྱལ་གཉིས། མེའི་ཕྱེད་ལ་མི་བཟད་པའི་དུ་བ་དང་། མེའི་དམྱལ་བ་སྟེ་ཚ་དམྱལ་གཉིས། རླུང་གི་ཕྱེད་གོང་མ་མུན་པ་དང་། འོག་མ་ངུ་འབོད་མུན་པ་ཆེན་པོའི་དམྱལ་བ། འདིར་རྡོ་རྗེ་ཁབ་རྩེའི་དམྱལ་བ་ཡང་བཤད་ལ། དེ་ཐམས་ཅད་རྒྱ་སའི་དཀྱིལ་འཁོར་དང་མཉམ། ཡི་དྭགས་ལ་དངོས་སུ་གནས་མ་གསུངས་ཀྱང་རིགས་པས་དེད་ན་གཙོ་བོ་གཅིག་པ་དང་། དེའི་འཁོར་གྱི་ཡི་དྭགས་རྣམས་དམྱལ་སྲུངས་སུ་གསུངས་པས། དམྱལ་བ་དང་པོའི་ལྷོ་གཤིན་རྗེའི་རྒྱལ་པོ་གནས་པའི་ཁབ་ལ་བཞག་དགོས་ཏེ། འགྲེལ་ཆེན་ལས། །འཇིག་རྟེན་དབང་ཕྱུག་བདག་སེམས་ཅན་གྱི་དོན་ལ་དམྱལ་བར་ཞུགས་པའི་དུས་སུ་གཤིན་རྗེའི་ཕོ་ཉ་རྣམས་དང་གཤིན་རྗེའི་རྒྱལ་པོས་བསྟོད་པ་བརྗོད་པ་ཞེས་འབྱུང་བས་སོ། །དེ་དག་ཀྱང་གཙོ་བོའི་གནས་ཀྱི་དབང་དུ་བྱས་ཏེ། ཕལ་བའི་གནས་ནི་ལྷ་ཡུལ་ལ་སོགས་པར་དུད་འགྲོ་དང་། མི་ཡུལ་ན་ལྷའི་རིས་དང་། ཡི་དྭགས་མཐུ་ཆེ་བ་དག་གནས་པར་བཤད་ཅིང་། ལྷོ་ནུབ་ཀྱི་གླིང་ན་སྲིན་པོ་གནས་པར་ཆོས་མངོན་པར་བཤད། འདིར་འཁོར་ལོ་སྒྱུར་བའི་འཁོར་ལུགས་དང་བསྟུན་ནས་མི་རང་ངོ་། །དེ་བས་ན་འདོད་པའི་སྲིད་པ་བཅུ་གཅིག་དེ་ཐམས་ཅད་ཁམས་ཀྱི་སྒོ་ནས་གསུམ། འདོད་གཟུགས་གཟུགས་མེད་སྲིད་པ་གསུམ་སྟེ་མཐོ་རིས་མི་ས་འོག་གོ །དེ་ལྟ་བུའི་གླིང་བཞི་སྟོང་ལ་སྟོང་སྤྱི་ཕུད། དེ་སྟོང་ལ་སྟོང་བར་མ། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཞེས་བྱ་ལ། དེ་ལ་གླིང་བཞི་བྱེ་བ་ཕྲག་བརྒྱ་ཡོད་པས། གྲངས་དེ་མངོན་པ་དང་མཐུན་ལ། མངོན་པར་དེ་ཐམས་ཅད་ཀྱི་འོག་གཞི་རླུང་གི་དཀྱིལ་འཁོར་གཅིག་གིས་བྱེད་པར་བཤད་ལ། འདིར་ནི་འོག་གཞི་སོ་སོ་བ་སྟེ། སྟོང་རེའི་བར་དུ་ཁོར་ཡུག་རེ་དང་མཐའ་མ་གཅིག་གིས་བཅད་པར་ནི་འདོད་དོ། །འོན་ཀྱང་གླིང་འདི་དང་གླིང་བཞི་གཞན་གྱི་བར་ལ་གླིང་རེའི་ཐོབ་སྐལ་ནམ་མཁའ་དཔག་ཚད་སྟོང་ཕྲག་ལྔ་བཅུའི་ཡུལ་རེ་མུན་པར་གནས་ཏེ། ཡེ་ལེར། དེར་རླུང་གི་དཀྱིལ་འཁོར་དང་ནམ་མཁའི་མཐར་རོ་ཞེས་པ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་ལ་དཔག་ཚད་འབུམ་ཕྲག་ལྔ་ཇི་སྲིད་བར་རོ་ཞེས་པས་སོ། །དེ་ལྟ་བུའི་ཕྱིའི་དཔག་ཚད་འབུམ་དང་ནང་གི་ཁྲུ་འདྲ་བས་སྲིད་ཞེང་ལུས་འདོམ་གང་གྲུ་བཞི་ལ་ཁྲུ་ཚད་བཞི་བཞིའོ། །དེའི་པུས་མོ་ནས་རྐང་མཐིལ་གྱི་བར་ཁྲུ་ཕྱེད་འོག་མ་རླུང་། སྟེང་མ་མེ། དེ་ནས་ལྟེ་བའི་བར་ཕྱེད་འོག་མར་ཆུ། སྟེང་མར་ས་སྟེ་དེ་དག་ངན་འགྲོའི་གནས། དེ་ནས་མགྲིན་པར་ཐུག་གི་བར་ལ་རི་རབ། དེའི་རྩ་བ་མི། དེ་ནས་མགྲིན་པ་ནས་གཙུག་ཏོར་གྱི་བར་ཟད་པར་པའི་གནས་རྣམས་སོ། །དེ་ལྟར་སྲིད་པ་སུམ་ཅུ་རྩ་གཅིག དེ་དག་གི་ས་བོན་ཨ་སོགས་དང་། རྒྱུ་ཟད་པ་ལ་བཞག་པ་རྣམས་དང་། འགྲེལ་ཆེན་ལས། ལྷ་ལྷ་མ་ཡིན་སྦྱིན་པའི་སྟོབས་ལས། དགེ་བ་དང་མི་དགེ་བའི་སྟོབས་ཀྱིས་མི། སྡིག་པ་ཆུང་ངུ་དུད་འགྲོ། འབྲིང་ཡི་དྭགས། ཆེན་པོ་དམྱལ་བའོ་ཞེས་སོ། །དེ་དག་གི་ཚེ་ཚད་ཇི་ལྟ་བུ་སྙམ་ན། གཟུགས་མེད་བཞི་བསྐལ་ཆེན་བཞི་ནས་གཅིག་གི་བར། གཟུགས་ཁམས་བཅུ་དྲུག བསྐལ་འབྲིང་བཅུ་དྲུག་ནས་གཅིག་གི་བར། འདོད་ལྷ་བསྐལ་ཆུང་དྲུག་ནས་གཅིག་གི་བར། ལྷ་མིན། ཀླུ། དམྱལ་བ་དང་པོ་གསུམ་བསྐལ་ཆུང་། གྲང་དམྱལ་གཉིས་བསྐལ་འབྲིང་། ཚ་དམྱལ་གཉིས་བསྐལ་པ་མཆོག ལྷག་མ་གཉིས་བསྐལ་ཆེན། ཁབ་རྩེའི་དམྱལ་བ་འཇིག་རྟེན་ཉེ་བར་སྡུད་པའི་ཚེ་ཚད། ཡི་དྭགས་ཕལ་ཀླུ་དང་མཚུངས་པར་ཤེས་པར་བྱ་ལ། མི་རྣམས་ལ་ཚེ་ཚད་དངོས་སུ་མ་གསུངས་ཏེ། མ་ངེས་པས་དཔག་ཏུ་མེད་པ་ནས་ཚེ་ལོ་བཅུ་པའི་བར་ཐམས་ཅད་དུ་འགྱུར་བས་སོ། །འདི་གླིང་འདི་ཁོ་ནའི་ཡིན་གྱི་གཞན་གསུམ་ལ་ནི་མ་ཡིན་ནོ་སྙམ་ན་རྫོགས་ལྡན་ཆུང་ངུའི་ཚེ་ཚད་གླིང་ཐམས་ཅད་དུ་ཡིན་པས་སོ། །དེའི་རིགས་པས་དེད་དགོས་སོ། །གཉིས་པ་མཐའ་བཅད་ཀྱིས་བཤད་པའི་འཕྲུལ་འདོན་པ་ནི། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་འདི་དངོས་པོར་གནས་པ་ཞིག་གམ་རབ་བརྟགས་བཞིན་གསུངས་སྙམ་ན་གཉིས་ཀ་མ་ཡིན་ཏེ། འགྲེལ་ཆེན་ལས། དེའི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་རབ་ཏུ་སྣང་བ་སྟེ། དེ་བཞིན་གཤེགས་པས་མངོན་པར་ཞེན་ནས་འཇིག་རྟེན་གྱི་ཁམས་གཟིགས་ནས་གཟུང་བ་དང་འཛིན་པའི་ངོ་བོས་དངོས་པོའི་ཚད་གསུངས་པ་ནི་འགའ་ཡང་མེད་དོ་ཞེས་པས་དངོས་གནས་ལ་གྲུབ་ན་སངས་རྒྱས་ཀྱིས་ཅི་ལ་མི་གཟིགས། རབ་བརྟགས་ལྟ་བུར་བཤད་པ་པོས་བརྟགས་ན་སེམས་ཅན་གྱི་བག་ཆགས་ཀྱི་སྣང་བ་ཡིན་པ་མི་འགྲུབ་པའི་ཕྱིར་རོ། །དེས་ན་ཐ་སྙད་དུ་བདེན་པ་ཙམ་ཡིན་ལ། ཐ་སྙད་དེ་ཡང་སྔར་བཤད་པའི་ལས་ཐུན་མོང་རྒྱུར་བཞག་པའི་དུས་ཀྱི་སེམས་ཅན་དེ་དག་གི་སེམས་སྣང་ཙམ། སེམས་ཅན་རྣམས་ལས་སྟོབས་ཆེ་ཆུང་གི་མཐུ་གྲུབ་པ་ན་རང་སྣང་གི་འཇིག་རྟེན་དེ་ཡང་འགྱུར་བར་རིགས་པ་སྟེ། སོ་སྐྱེའི་དུས་ན་དངོས་པོར་གཟུང་བ་ལ་སྦྱངས་པ་ན་སྒྱུ་མ་ཙམ་དང་། དེ་ཡང་ཡོངས་སུ་དག་པར་སྣང་བའི་ཕྱིར་རོ། །སེམས་ཅན་གྱི་བསམ་པ་ལ་སྣང་ཁྱེར་ཡང་། སེམས་ཀྱིས་ལྷ་དཀར་པོ་ཕྱག་མང་པོ་ཞིག་བསྒོམས་ནས་དེ་ལ་རེག་མཐོང་དུ་གྱུར་བའི་ཚེ་དེ་ལྟར་སྣང་བ་སྟེ་ཏིང་ངེ་འཛིན་གྱི་མཐུ་ཡིན་གྱིས་ལོག་ཤེས་སུ་མི་འགྱུར་བ་བཞིན། ཡང་སྔོན་པོ་ཕྱག་གཉིས་པར་བསྒོམས་པས་དེར་འཆར། དེ་དུས་དཀར་པོ་བཙོ་བླག་མཁན་གྱིས་སྔོན་པོར་མ་བཏང་། ལག་པ་བྲེག་གཏུབ་མཁན་གྱིས་ཉུང་ངུར་བཏང་མ་དགོས། རང་གི་བསམ་པའི་བག་ཆགས་མཐུ་བརྟས་མ་བརྟས་ལ་རག་ལས་འདུག་པ་བཞིན་ཤེས་ན་འཇིག་རྟེན་གྱི་ཁམས་ཅི་གསུངས་པ་དེ་ཐམས་ཅད་ཁས་ལེན་པར་ནུས་ཀྱི། གཞན་ནི་གཞན་དེར་སྐྱེ་འགྱུར་གྱི་སེམས་ཅན་ཐམས་ཅད་ཀྱི་ལས་མཐུན་པའི་སྣང་བ་བྱས་ཙ་ན་ཤིག་གམ་གྲོག་སྦུར་ཚུན་ལ་འདི་ཀ་སྣང་ངམ་སྙམ་བསམ་པ་དང་དེ་ལ་རྩོད་པ་སྤོང་དགོས་པར་འགྱུར་བས་ཤིན་ཏུ་ངལ་ལོ། །དེ་ཡང་གདུལ་བྱ་གཞུག་པའི་ཕྱིར་ཚད་དེ་གསུངས་པས། འགྲེལ་པར། ཚད་འདི་ལ་སངས་རྒྱས་པའི་མཛོད་མཐོང་ནས་འཁྲུལ་པ་འདི་མི་བྱ་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་འབུམ་ཕྲག་སུམ་ཅུ་སོ་དྲུག་ལྷག་པ་དང་། ཇི་ལྟར་འཇིག་རྟེན་གྱི་ཁམས་དཔག་ཚད་འབུམ་ཕྲག་བཞིའི་ཚད་དུ་གསུངས། འདིར་བཅོམ་ལྡན་འདས་རྫུན་གསུང་བ་པོ་ཡིན་ནམ་ཅི་ཞེས་པའོ། །འགའ་ཞིག་འདོད་པར་གྱུར་ན་དེའི་ཚིག་མཁས་པ་རྣམས་ཀྱིས་ཁས་བླང་བར་མི་བྱ་སྟེ་སེམས་ཅན་གྱི་བསམ་པའི་དབང་གིས་སོ་ཞེས་དང་། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པ་གནད་གཅིག དེས་ན་འགྲོ་བ་སྣ་ཚོགས་པའི་མོས་པ་དང་། བསམ་པ་དང་། བག་ལ་ཉལ་མཁྱེན་ནས་ཆོས་ཀྱི་སྒོ་སྣ་ཚོགས་པ་གསུངས་སོ་ཞེས་འདོན་བཞིན་དུ་འཇིག་རྟེན་གྱི་ཁམས་མཛོད་ལས་གསུངས་པ་དང་འདིར་བཤད་པ་གཉིས་གང་དོན་ལ་གནས་སེམས་པའི་མཁས་པ་དག་ནི་ནེ་ཙོའི་པཎྜྻི་ཏའོ། །དེའི་ཕྱིར་རྩ་རྒྱུད་ལས། སེམས་ཅན་མོས་པ་སྣ་ཚོགས་པ། གྲུབ་མཐའ་སྣ་ཚོགས་རིག་པ་པོ། །ཞེས་ནས། སྡིག་པ་བྱེད་པ་དག་གིས་ཁྱིམ། །ཁབ་རྩེ་རི་ཡི་རྣམ་པར་རོ། །ས་འོག་དངོས་གྲུབ་ཐོབ་གྱུར་ན། །ལྷ་མོ་རྣམས་ཀྱིས་རབ་བསྟན་པ། །ཀུན་ནས་བུ་ག་བཅས་པར་མཐོང་། །ཞེས་སོ། །འདིར་མཛོད་ཅེས་པ་ནི་ཆོས་མངོན་པ་བྱེ་བྲག་ཏུ་བཤད་པའི་མཛོད་ལ་སོགས་པ་སྟེ། འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། །ཅེས་པ་དེའོ། །འགྲེལ་ཆེན་ལས། འདིར་བསྲེགས་བཅད་ཅེས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་དམ་བཅས་པ་ནི་མ་ཡིན་ཏེ། ཞེས་པ་ཡང་ཀུན་རྫོབ་གྱི་བདེན་པ་ནི་མ་བརྟགས་པའི་དོན་ཉམས་དགའ་བ་ཙམ་སྟེ། དེ་ལ་དཔྱད་ན་འཇིག་པར་བཤད་པའི་ཕྱིར་རོ། །དགོས་པ་ནི་རིག་བྱེད་ཀྱི་ལུགས་དགག་པའི་ཕྱིར་ཏེ། དེ་ནི་སེམས་ཅན་གྱི་ལས་ཀྱི་སྣང་བ་མ་ཡིན། གྲུབ་མཐའ་ངན་པས་རབ་བརྟགས་སུ་བྱས་པ་སྟེ། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བརྟགས་པ་དང་། །སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པ་གང་། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་འཇུག་པར་གསུངས་པ་དགོངས་པ་གཅིག དེ་ལྟར་ཡང་འགྲེལ་ཆེན་ལས། ཚངས་པའི་ཡུལ་ས་གཅིག་ནི་དཔག་ཚད་བྱེ་བའི་ཁྱོན་ནོ་ཞེས་རྫུན་དུ་སྨྲ་བའི་ཕྱིར། ཉི་མའི་ཤིང་རྟ་ལ་སོགས་པ་ཡོངས་སུ་སྨིན་པར་བྱ་བའི་སླད་དུ་ཚངས་པའི་ཡུལ་སའི་ཚད་དེ་རྣམ་པར་གཞོམ་པའི་དོན་དུ་གཟའ་དང་། རྩིས་དང་། ཁྱིམ་གྱི་འཁོར་ལོ་དང་ལྡན་པའི་འཇིག་རྟེན་ཀྱི་ཁམས་ཀྱི་ཚད་རབ་ཏུ་བཀོད་དོ་ཞེས་གསུངས་སོ། །འདི་ལྟ་བུའི་འཇིག་རྟེན་གྱི་རྣམ་གཞག་རྒྱུད་གཞན་ལས་མ་བཤད་པའང་མ་ཡིན་ཏེ། མཁའ་འགྲོ་རྒྱ་མཚོར། འཛམ་བུའི་གླིང་ནི་ཆེན་པོ་ཡི། །དུམ་བུ་བཅུ་གཉིས་ཀྱི་དབུས་སུ། །སོགས་དང་། རྡོ་རྗེ་མཁའ་འགྲོར། གླིང་བདུན་གྱི་ནི་དངོས་གྲུབ་འགྱུར། །སོགས་སོ། །གཞན་ཡང་གཟུགས་མེད་ལ་གནས་བཤད་པ་དང་། ཟད་པར་འདོད་གཟུགས་ཀྱི་རྒྱུར་བཤད་པ་སོགས་ཤིན་ཏུ་ལྐོག་གྱུར་ཡིན་པས་འགལ་སྤོང་གཞན་མི་བྱེད་པར་རྩ་འགྲེལ་ལས་གསུངས་པ་ཁོ་ན་རྟགས་སུ་དགོད་རིགས་པ་ནི། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་རིགས་པ་སྨྲ་བའི་ལུགས་ཡིན་པའི་ཕྱིར་རོ། །གཞན་དངོས་སྟོབས་འཇུག་པ་མེད་པས་ཀྱང་སྟེ། དེར་ནི་རྗེས་དཔག་འཇུག་མི་འགྱུར། །ཞེས་སོ། །རྩོད་པའང་ཟད་པར་དང་། ཟིལ་གནོན་དང་། རྣམ་པར་ཐར་པ་ལ་སོགས་པའི་མན་ངག་རྣམས་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་ཡིན་གྱིས། བསྟན་པ་ལ་མ་ཞུགས་པ་ལ་འདི་དག་མེད་པས་ཕྱི་རོལ་པ་ལ་སོགས་པ་རྣམས་ཁམས་གོང་དུ་སྐྱེ་བ་མེད་པར་ཐལ་ལོ་ཞེས་འཕངས་པ་ལྟ་བུ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་དངོས་ཟིན་ཁོ་ན་ལ་བློ་འཆེལ་བ་སྟེ། དེའི་ལུང་རིགས་རྣམ་པ་ཐམས་ཅད་དུ་ཁས་ལེན་མི་ཐུབ་པ་ནི་གཟུགས་ཁམས་ཀྱི་རྟེན་ལ་ཁ་སྦྱོར་གྱི་ལྷ་དང་རགས་པའི་འདོད་ཆགས་ལམ་ཁྱེར་བཤད་དེ་རྟེན་དེ་བསྒྲུབས་ནས་ཆགས་ཆེན་གྱི་སྤྱོད་པ་མཐར་དབྱུང་བ་བཤད་པ་དང་། མཁའ་འགྲོ་རྒྱ་མཚོར། བསྐལ་པ་བཟང་པོའི་དབུས་སུ་ཡང་། །རྫོགས་ལྡན་ལ་ནི་རྣམ་གཟིགས་སོགས། །དེ་ཡི་དུས་སུ་ཤེས་བྱ་བ། །དེ་བཞིན་རྣམ་གཟིགས་བྱང་གླིང་དུ། །ཞེས་དང་། ལྷག་མ་གླིང་ལྔ་རྣམས་སུ་ནི། །དེ་བཞིན་གཤེགས་རིགས་རིམ་པས་སོ། །ཞེས་པས། བྱང་གླིང་དབུས་མ་ནས་ལྷོ་གླིང་ཤར་མའི་བར་དུམ་བུ་དྲུག་ལ་སངས་རྒྱས་རྣམ་གཟིགས་ནས་འོད་སྲུང་གྱི་བར་དྲུག་བྱོན་པར་བཤད་ནས། སླར། འཛམ་བུ་གླིང་ནི་ཆུང་ངུ་འདིར། །བདག་ནི་ཤཱཀྱའི་རིགས་རྗེས་འགྲོ། །ཞེས་འདིར་ཡང་སངས་རྒྱས་བདུན་ཀ་བསྐལ་བཟང་འདི་ཀར་བྱོན་པར་བཤད་པ་དང་། དུས་བཞི་འཁོར་ཚུལ་ལས། གླིང་བྱང་མར་བསྟན་པ་རྫོགས་ནས་རྩོད་པའི་དུས་ཀྱི་བར་འབྱུང་བར་བཤད་པ་སོགས་ཡོད་ལ། ཀླུའི་བྱང་ཆུབ་ཀྱི་རྣམ་གཞག་རིམ་པར། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་ལོངས་སྤྱོད་ཆེན་པོ་དང་ལྡན་ཏེ་དེ་ལྟ་མོད་ཀྱི་བླུན་ཞིང་རྨོངས་པས་མི་དཔྱོད་ཅིང་མི་འབྱེད་དོ། །འཛམ་བུའི་གླིང་པ་འདི་ནི་ལས་ཀྱི་ས་པ་ཡིན་ཏེ། དེས་ན་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པས་མཆོག་དང་། འབྲིང་དང་། ཐ་མའི་སེམས་ཅན་རྣམས་སུ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདིར་སྣང་བར་འགྱུར་རོ། །འདི་ལྟ་སྟེ། ཡང་འཛམ་བུའི་གླིང་པའི་མི་རྣམས་གཡོ་དང་། སྒྱུ་དང་། དྲེགས་པ་དང་། ཕྲག་དོག་དང་། གདུག་པའི་བསམ་པས་རིམས་ནད་ལ་སོགས་པས་ཡོངས་སུ་གཟིར་བར་འགྱུར་རོ། །འོན་ཀྱང་འགོ་སྨོས་པས་གོ་བ་དང་། དབང་པོ་རྣོ་ཞིང་བསྒྲིན་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་རྣམས་འཛམ་བུའི་གླིང་གི་སྐྱེ་བོའི་གནས་ཀྱི་དབུས་སུ་འཁྲུངས་ཤིང་ཆོས་སྟོན་པར་འགྱུར་རོ། །ཞེས་དང་། རྡོ་རྗེ་མཁའ་འགྲོའི་འགྲེལ་པར་བྷ་བ་བྷ་དྲས་ཀྱང་བཤད་པ་དངོས་སུ་མི་མཐུན་པ་བྱུང་ནའང་། དོན་དེ་དག་རང་ལའང་དམན་མཆོག་ཡོད་པ་ལ་དགོངས་པ་སྟེ། སྡོམ་འབྱུང་ལས། ཤར་གྱི་ལུས་འཕགས་བ་ལང་སྤྱོད། །དེ་བཞིན་བྱང་གི་སྒྲ་མི་སྙན། །གླིང་གསུམ་པོ་ཡི་མི་རྣམས་ནི། །ལོངས་སྤྱོད་ཆེན་པོས་ཡང་དག་འཚོ། །རྣམ་རྟོག་མེད་ཅིང་རྟོག་དཔྱོད་མེད། །བླུན་རྨོངས་བྱེ་བྲག་མི་ཕྱེད་པའོ། །ཞེས་དང་། འཛམ་བུའི་གླིང་དུ་ལེགས་སྐྱེས་པ། །ལས་ཀྱི་ས་པར་རབ་ཏུ་གྲགས། །ལེགས་བྱས་ཉེས་པར་བྱས་པའི་ལས། །མཆོག་དང་འབྲིང་དང་ཐ་མ་ཡི། །སྐྱེ་བ་སྔ་མའི་རྣམ་སྨིན་འདིར། །སྐྱེ་བོ་ཀུན་ལ་མཐོང་བར་འགྱུར། །ཞེས་དང་། འཛམ་བུ་གླིང་པའི་གཙོ་བོ་མཆོག །ཡུལ་དབུས་སུ་ནི་སྐྱེས་པ་སྟེ། །ཞེས་བཤད་པས། ལས་ཀྱི་ས་དེ་རང་གི་མཆོག་དམན་ཡིན་ཞིང་། འཛམ་བུ་གླིང་པ་བསྔགས་པ་ནི་ཤཱཀྱ་ཐུབ་པའི་གདུལ་བྱའི་གཙོ་བོ་དང་། བསྟན་པ་འདི་དེའི་དབང་དུ་བྱས་པས་སོ་གསུངས། འདིས་རྡོ་རྗེ་ཐེག་པ་བསྐལ་པའི་དུས་བཞིའི་རྩོད་དུས་སུ་ཆེས་དར་བར་འགྱུར་པའི་གནད་ཀྱང་ཤེས་པ་ཡིན་ནོ། །གཉིས་པ་འཇལ་བྱེད་ཀྱི་ཚད་ནི། ཕྲ་རབ་བརྒྱད་རྣམས་དག་གི་ཕྲ་མོ་འདི་གཅིག་སོགས་ཀྱི་དོན། རྡུལ་ཕྲ་རབ་བརྒྱད་འཕྲེང་བར་གནས་པ་རྡུལ་ཕྲ་མོ་གཅིག དེ་བརྒྱད་སྐྲའི་རྩེ། དེ་བརྒྱད་སྐེ་ཚེ་འདི་ལ་ཉི་རྡུལ་ཞེས་པའི་ཐ་སྙད་བྱུང་། སྲོ་མ་ཞེས་པར་ཡང་བསྒྱུར། དེ་བརྒྱད་ཤིག དེ་བརྒྱད་ནས། ནས་གཤིབས་པ་བརྒྱད་སོར་ཚད། སོར་མོ་བཅུ་གཉིས་མཐོ། དེ་གཉིས་ཁྲུ། ཁྲུ་བཞི་གཞུ་འདོམ། དེ་སྟོང་ཕྲག་གཉིས་ལ་རྒྱང་གྲགས། དེ་བཞི་ལ་དཔག་ཚད་ཅེས་བྱའོ། །ད་ནི་སྲིད་གསུམ་བསྐལ་པའི་ཚེ་ཚད་འཇལ་བྱེད་བཤད་ན། རེ་ཞིག་དང་པོར་ཆུ་ཞེང་དཔག་ཚད་གཅིག་པའི་དོང་ཡོངས་སུ་གང་བའི་སྐྲ་རྩེ་ལ། མི་ལོ་བརྒྱ་བརྒྱ་ན་རེ་རེ་དོར་བས་ན་མ་ཟད་པའི་དུས་བསྐལ་པ་ཆུང་ངུའི་ཉིན་ཞག དེ་སུམ་ཅུ་ཟླ་བ། དེ་བཅུ་གཉིས་ལོ། དེ་བརྒྱ་བསྐལ་པ་ཆུང་ངུ་ཡིན་པས། དེའི་སྐྲ་རྩེ་ལ་ཇི་སྙེད་འབྱུང་བ་ངེས་དགོས་ལ། དེ་ཡང་འདི་ལྟར་ཤེས་པར་བྱ་སྟེ། གོང་དུ་ཕྲ་རབ་བརྒྱད་རྣམས་ཀྱིས་ནི་ཕྲ་མོ་འདི་གཅིག་ཅེས་སོགས་གསུངས་པ་དེ་དག་དྲན་པར་བྱས་ལ། དེ་ལྟར་ན་དཔག་ཚད་གཅིག་བཞིས་བསྒྱུར་བའི་བཞི་ནི་རྒྱང་གྲགས་ཀྱི་གྲངས་སོ། །དེ་ཉིས་སྟོང་གིས་བསྒྱུར་བའི་སྟོང་ཕྲག་བརྒྱད་ནི་གཞུའི་གྲངས་སོ། །དེ་བཞིས་བསྒྱུར་བ་སུམ་ཁྲི་ཉིས་སྟོང་ནི་ཁྲུའི་གྲངས་སོ། །དེ་ཉེར་བཞིས་བསྒྱུར་བ་བདུན་འབུམ་དྲུག་ཁྲི་བརྒྱད་སྟོང་ནི་སོར་མོའི་གྲངས་སོ། །དེ་བརྒྱད་ཀྱིས་བསྒྱུར་བ་ས་ཡ་ཕྲག་དྲུག་ཆིག་འབུམ་བཞི་ཁྲི་བཞི་སྟོང་ནི་ནས་ཀྱི་གྲངས་སོ། །དེ་བརྒྱད་ཀྱིས་བསྒྱུར་བ་བྱེ་བ་ཕྲག་བཞི། ས་ཡ་དགུ ཆིག་འབུམ། ལྔ་ཁྲི། ཉིས་སྟོང་ནི་ཤིག་གི་གྲངས་སོ། །དེ་བརྒྱད་ཀྱིས་བསྒྱུར་བ་དུང་འཕྱུར་གསུམ། བྱེ་བ་དགུ ས་ཡ་གསུམ་ཉིས་འབུམ། ཆིག་ཁྲི། དྲུག་སྟོང་ནི་སྐེ་ཚེའི་གྲངས་སོ། །དེ་ཡང་བརྒྱད་ཀྱིས་བསྒྱུར་བ་དུང་འཕྱུར་ཕྲག་སུམ་ཅུ་རྩ་གཅིག བྱེ་བ་བཞི། ས་ཡ་ལྔ། བདུན་འབུམ། ཉི་ཁྲི་བརྒྱད་སྟོང་རྣམས་ཏེ། དེ་ལྟར་ན་དེ་དག་ནི་དཔག་ཚད་གཅིག་གི་དཀྱུས་ལ་སྐྲ་རྩེ་ཟླུམ་པོ་ཆིག་སྦྲེངས་ཀྱི་འཕྲེང་བར་བསྒྲིགས་པའི་གྲངས་ཀྱི་ཚད་དོ། །འདི་རྣམས་སླར་ཡང་འདི་ཉིད་ཀྱིས་བསྒྱུར་བ་ནི་དཔག་ཚད་གཅིག་གི་རྒྱར་གྲུ་བཞིར་ཡོད་པའི་ས་ལ་གོ་མཚམས་མེད་པར་ལེབ་གཅིག་ཏུ་ཁྱབ་པའི་སྐྲ་རྩེའི་གྲངས་ཡིན་ཏེ། དེ་ལ་ནི། སྟོང་པ་དྲུག་དང་ཆུ་ཀླུ་བུག །བུ་ག་ཆུ་རོ་ཆུ་མཁའ་མཚམས། །མདའ་བུག་ཀླུ་དང་བུ་གའོ། །དེ་ནི་སྟེང་དུ་སྐྲ་རྩེ་ཅུང་ཟད་ཀྱང་བརྩེགས་པ་མེད་པའི་དབང་དུ་བྱས་པའོ། །དེ་ལྟ་བུའི་ལེབ་དེ་དག་བགྲང་གཞིར་གཟུང་སྟེ་གོང་ནས་གོང་དུ་རྩེག་དགོས་ལ། དེ་བརྩེགས་པའི་གྲངས་ཀྱང་སྔར་གྱི་ཆིག་སྦྲེངས་ཀྱི་འཕྲེང་བར་བསྒྲིགས་པའི་སྐྲ་རྩེའི་གྲངས་དེ་དག་དང་མཉམ་པ་ཞིག་དགོས་ཏེ། རྒྱ་དཔངས་ཚད་རེ་རེར་མཉམ་པའི་དོང་གྲུ་བཞི་པ་དེ་དག་ཁེངས་དགོས་པའི་ཕྱིར་རོ། །དེ་བས་སྒྱུར་བྱེད་སྔར་གྱི་སྐྲ་རྩེ་ཆིག་སྦྲེངས་ཀྱི་གྲངས་དེ་ཉིད་ཀྱིས་བསྒྱུར་བྱ་ས་གཞི་དེ་ཉིད་ཁེབས་པའི་སྐྲ་རྩེའི་གྲངས་སྟོང་པ་དྲུག་ལ་སོགས་པ་བསྒྱུར་བ་ལས་བྱུང་བའི་གྲངས་གང་ཡིན་པ་དེ་ནི་དོང་དེ་དག་གང་བའི་སྐྲ་རྩེའི་གྲངས་ཡིན་ཏེ། དེ་ཡང་། ཐིག་ལེ་དགུ་དང་དེ་ནས་མིག །མདའ་མེ་ཀླུ་རོ་ཀླུ་ཆུ་ནོར། །མིག་མཚོ་མིག་རོ་མཁའ་ནོར་ཀླུ། །ཀླུ་མིག་དྲག་པོ་ཡོན་ཏན་ནོ། །ཞེས་པ་འབྱུང་ངོ་། །ཡེ་ཤེས་ལེའུ་ཚིགས་བཅད་བརྒྱ་ཞེ་བཞི་པའི་འགྲེལ་པ་ལས། དེ་ལ་གཅིག་གི་སྡེ་ནི་གཅིག་སྟེ། གཉིས་ཀྱི་སྡེ་ནི་གཉིས་ཏེ་ཞེས་དང་། གསུམ་གྱི་སྡེ་ནི་དགུའོ། །ཞེས་དང་། བཞིའི་སྡེ་ནི་བཅུ་དྲུག་དང་། ཞེས་དང་། ལྔའི་སྡེ་ནི་ཉི་ཤུ་རྩ་ལྔ་སྟེ། ཞེས་དང་། དྲུག་གི་སྡེ་ནི་སུམ་ཅུ་རྩ་དྲུག་སྟེ། ཞེས་དང་། བདུན་གྱི་སྡེ་ནི་བཞི་བཅུ་རྩ་དགུ་སྟེ། ཞེས་དང་། བརྒྱད་ཀྱི་སྡེ་ནི་དྲུག་ཅུ་རྩ་བཞི་སྟེ། ཞེས་དང་། དགུའི་སྡེ་ནི་བརྒྱད་ཅུ་རྩ་གཅིག་དང་། ཞེས་དང་། བཅུའི་སྡེ་ནི་བརྒྱ་སྟེ། ཞེས་གསུངས་པ་ལ་བརྟེན་ནས་བསྒྱུར་བྱ་སྒྱུར་བྱེད་གྲངས་མཚུངས་པས་བསྒྱུར་བ་ལས་བྱུང་བའི་གྲངས་དེ་ལ་སྒྱུར་བྱེད་དེའི་སྡེ་ཞེས་བྱའོ། །དེ་ལྟར་ན་བསྐལ་ཆུང་གཅིག་གི་མི་ལོའི་གྲངས་ཐིག་ལེ་བཅུ་བཞི་ལ་སོགས་པའི་གནས་གཞན་སུམ་ཅུ་རྩ་དྲུག་པོ་དེ་ཉིད་ཀྱིས། སླར་ཡང་དེ་ཉིད་བསྒྱུར་བ་ལས་བྱུང་བའི་གྲངས་ནི་བསྐལ་པ་ཆུང་ངུ་དེའི་སྡེ་སྟེ་བསྐལ་པ་བར་མའི་ཚད་དོ། །གྲངས་དེ་ལ་མི་ལོ་གྲངས་ཀྱི་གནས་གཞན་དྲུག་ཅུ་རྩ་གཅིག་འབྱུང་ངོ་། །བར་མའི་བསྐལ་པའི་ཚད་ཀྱི་མི་ལོའི་གྲངས་དེ་ཉིད་སླར་ཡང་དེ་ཉིད་ཀྱིས་བསྒྱུར་བ་ལས་བྱུང་བའི་ལོ་གྲངས་ནི་བསྐལ་པ་བར་མའི་སྡེ་སྟེ་མཆོག་གི་བསྐལ་བའི་ཚད་དོ། །མཆོག་གི་བསྐལ་པའི་ལོ་གྲངས་དེ་ཉིད་ཀྱིས་བསྒྱུར་བ་བསྐལ་པ་མཆོག་གི་སྡེ་སྟེ་བསྐལ་ཆེན་གྱི་ཚད་དོ། །དེའི་སྡེས་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པའི་ཚེ་སྟེ་ཁབ་རྩེའི་དམྱལ་བའོ། །དེ་བས་ན་བསྐལ་པ་མཆོག བསྐལ་ཆེན་གཅིག་པར་འདོད་པ་ནོར་བའོ། །གསུམ་པ་འཇིག་པའི་རྐྱེན་ནི། འབྱུང་བ་མི་མཉམ་པས་དར་རྒུད་དང་། ཐུན་མོང་བའི་སྔར་གྱི་ལས་ཀྱིས་འཕངས་འབྲས་མཐུ་རྡུགས་པ་ན། ལས་ཀྱི་རླུང་གི་རྡུལ་གཞན་གསུམ་སོ་སོར་བྱེ་ནས་སའི་རྡུལ་ཆུ་ལ་འཇུག དེ་ནས་ཆུ་རྡུལ་རྣམས་ལས་གཞན་གསུམ་བྱེ་ནས་མེ་ལ། དེ་བཞིན་མེ་དང་རླུང་། རླུང་ཐ་མལ་པའི་མིག་ཤེས་ཀྱིས་གཞལ་བའི་སྟོང་པར་ཐིམ་པས་འཇིག་པ་ཡིན་ནོ། །ནང་ལུས་ལ་ཡང་རླུང་མཁྲིས་བད་ཀན་གསུམ་ཆ་མ་སྙོམས་པ་ལས་ནད་དང་འབྱུང་བའི་ཐིམ་རིམ་དེ་ལས་འཆི་བར་འགྱུར་བ་ཡིན་ནོ། །དེ་ཡང་འགྲེལ་ཆེན་ལས། དེས་ན་འཇིག་རྟེན་ཀྱི་ཁམས་ཉེ་བར་སྡུད་པའི་དུས་སུ་ལས་ཀྱི་རླུང་འདི་ནི་གང་གིས་སྔོན་འཇིག་རྟེན་གྱི་ཁམས་དང་སངས་རྒྱས་ཀྱི་ཞིང་བསྐྱེད་པའོ། །འདིའི་རང་བཞིན་རྣམ་པ་གཉིས་ཏེ། གཅིག་ནི་ནམ་མཁའ་ལ་བརྟེན་པའི་སྐར་མ་བཞིན་དུ་གཡོ་བ་མེད་པ་སྟེ། འཇིག་རྟེན་གྱི་ཁམས་དང་སངས་རྒྱས་ཀྱི་ཞིང་གང་དུ་ཡང་འགྲོ་བར་མི་བྱེད་དོ། །གཉིས་པ་ནི་ནམ་མཁའ་ལ་ཁྱིམ་གྱི་འཁོར་ལོ་བཞིན་དུ་འཁོར་བའི་རང་བཞིན་ནོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱི་ནང་དུ་འདུས་པའི་བརྟེན་པ་རྣམས་ནི་མི་གཡོ་བའི་རང་བཞིན་ནོ། །སྲོག་ཆགས་རྣམས་ནི་གཡོ་བའི་རང་བཞིན་ཏེ། ལས་ཀྱི་རླུང་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཆོས་ཉིད་དོ། །ཞེས་གསུངས་པས། འཇིག་རྟེན་ཁམས་ཀྱི་རྡུལ་དེ་ཉིད་དུ་ཐིམ་ནས་གཞན་དུ་འཕོ་བ་མེད་པའི་ཕྱིར་སྣོད་ཀྱི་འཇིག་རྟེན་ལ་བརྟན་པའམ་མི་རྒྱུ་བའི་འཇིག་རྟེན་ཞེས་དང་། བཅུད་ཀྱི་སེམས་ཅན་རྣམས་གནས་གཞན་དུ་འཕོ་བའི་ཕྱིར་གཡོ་བའམ་རྒྱུ་བའི་འཇིག་རྟེན་ཞེས་ཐ་སྙད་བཞག་གོ །དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས་འཇིག་རྟེན་རྣམ་པར་གཞག་པའི་སྐབས་ཏེ་གསུམ་པའོ།། །། གཉིས་པ་དེ་ལ་དུས་འཁོར་བའི་ཚུལ་ལ། འཁོར་ས་གོ་ལའི་རབ་དབྱེ། འཁོར་བྱེད་གཟའི་བགྲོད་ཚུལ། འཁོར་བ་དུས་ཀྱི་རྣམ་གཞག་བཤད་པ་གསུམ། དང་པོ་ལ། རྒྱུ་སྐར་གྱི་གོ་ལ། ཁྱིམ་གྱི། འཇིག་རྟེན་སྤྱི་ལུགས་ཀྱི། སའི་གོ་ལ་བཤད་པ་དང་བཞི། དང་པོ་ནི། གོ་ལ་ཞེས་པ་རྣམ་པ་མང་པོར་བསྒྱུར་ཀྱང་ཕྱོགས་རེ་བར་ཟད་པས་མ་བསྒྱུར་བ་ཉིད་སྐབས་ཀྱི་དོན་དུ་འོས་ཏེ་གཎྜྻི་བཞིན་ནོ། །ཐ་སྐར་ལ་སོགས་ཞེས་སོགས་ཀྱི་དོན། ཐ་སྐར་གྱི་སྟེང་དུ་ཉི་མས་སླེབ་པ་ན་སའི་དུམ་བུ་དང་པོ་འདིར་དཔྱིད་ཉིན་མཚན་མཉམ་པ་ཡིན་པས་དེའི་དབང་དུ་བྱས་ཏེ། ཉི་མ་ཐ་སྐར་ལ་གནས་པ་དེ་ནས་ནག་པའི་ཕྱེད། སྔ་མའི་བར་སྐར་མ་ཕྱེད་དང་བཅུ་བཞི་ལ་ལུག་ལ་སོགས་པ་བྱང་གི་ཁྱིམ་དྲུག་གོ །ཡང་ནག་པའི་ཕྱེད་ཀྱི་ཕྱི་མ་ལ་ཉི་མས་སླེབ་པ་ན་འདིར་སྟོན་ཉིན་མཚན་མཉམ་པས་དེའི་དབང་དུ་བྱས་ཏེ། ནག་པའི་ཕྱེད་དེ་ནས་ནམ་གྲུའི་མཐར་ཐུག་པའི་བར་སྐར་མ་ཕྱེད་དང་བཅུ་བཞི་ལ་སྲང་ལ་སོགས་ལྷོ་ཕྱོགས་ཀྱི་ཁྱིམ་དྲུག་གནས་ཤིང་། དེ་བཞིན་དུ་སའི་དུམ་བུ་གཞན་རྣམས་སུ་གླང་དང་སྡིག་པ་ལ་སོགས་པ་ལ་ཉི་མ་གནས་པ་ལ་དཔྱིད་སྟོན་གྱི་ཉིན་མཚན་མཉམ་པ་སོགས་རིགས་འགྲེའོ། །གཉིས་པ་ནི། རྒྱུ་སྐར་ཉེར་བདུན་པོ་རེ་རེ་ལ་ཡུལ་གྱི་ཆུ་ཚོད་དྲུག་ཅུ་ཡོད་པས་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་འབྱུང་། དེ་ལ་བཅུ་གཉིས་ཀྱིས་བགོས་པས་བརྒྱ་སོ་ལྔ་འབྱུང་བ་ནི་ཁྱིམ་རེའི་ཁྱོན། ཐ་སྐར་ནས་གཟུང་སྨིན་དྲུག་བཞི་ཆ་ལུག །མགོ་ཕྱེད་གླང་དང་ནབ་སོའི་བཞི་གསུམ་འཁྲིག །སྐག་རྫོགས་སྦལ་པ་དབོ་ཡི་བཞི་ཆ་སེང་། །ནག་ཕྱེད་བུ་མོ་ས་གའི་བཞི་གསུམ་སྲང་། །སྣོན་རྫོགས་སྡིག་པ་ཆུ་སྨད་བཞི་ཆ་གཞུ། །མོན་གྲེའི་ཕྱེད་ནི་ཆུ་སྲིན་ཁྱིམ་དུ་བཤད། །ཁྲུམས་སྟོད་བཞི་གསུམ་བུམ་པའི་ཁྱིམ་ཡིན་ཞིང་། །ནམ་གྲུ་རྫོགས་པ་ཉ་ཡི་ཁྱིམ་དུ་བསྟན། །ཞེས་སོ། །དུམ་བུ་སོ་སོའི་གངས་ཅན་ནས་བ་ཚྭའི་རྒྱ་མཚོའི་བཞི་ཆ་གཉིས་པའི་བར་གྱི་ཕྱེད་གཤགས་པའི་མཚམས་མས་བསྐོར་བའི་ཟླུམ་ཐིག་དང་ཚངས་ཐིག་འཛོམས་སར་ཉི་མ་དགུང་གི་དུས་སུ་ཉི་མ་ནམ་གནས་པའི་ཚེ་དུམ་བུ་རང་རང་གི་ཉིན་མཚན་མཉམ་པ་འབྱུང་ངོ་། །ཁྱིམ་འདི་དག་ཀྱང་མདོག ལུག་དང་བུ་མོ་དཀར་པོ། སྲང་ཉ་དམར་པོ། སྡིག་བུམ་ནག་པོ། གླང་སེང་སེར་པོ། སྦལ་འཁྲིག་སྔོན་པོ། གཞུ་ཆུ་སྲིན་ལྗང་ཁུའོ། །ཉི་མ་ལུག་ཏུ་ཞུགས་པའི་ཚེ་གླིང་འདིའི་ཉིན་དགུང་གི་ཉི་མ་གོ་ལའི་གཡོན་ནམ་བྱང་དུ་འཁོར་བ་ཁྱིམ་དྲུག སྲང་ལ་ཞུགས་པའི་ཚེ་ཉིན་དགུང་ནས་གཡས་སམ་ལྷོ་ཕྱོགས་སུ་འཁོར་བ་ཁྱིམ་དྲུག་རེ་རེའང་ཁྱིམ་གསུམ་གྱི་རིང་ཕར་འགྲོ་གསུམ་གྱི་རིང་སླར་ལྡོག་པའོ། །དེ་ཡང་གཡོན་སྐོར་དུ་ཟླུམ་སྐོར་བཅུ་གཉིས་ཀྱི་ཟླུམ་སྐོར་དང་པོ་ལ་ལུག་གླང་སོགས་བཅུ་གཉིས་སོ། །དེ་དག་ཀྱང་གཟའ་རྣམས་བགྲོད་པར་གྱུར་བའི་གནས་ཡིན་པས་ཁྱིམ་དེའི་དབྱིབས་ཀྱང་རྩིབས་བཅུ་གཉིས་པའི་རྣམ་པར་ཡོད་པས་འཁོར་ལོ་སྟེ། དེའི་ཕྱིར་ཁྱིམ་གྱི་འཁོར་ལོ་ཞེས་བརྗོད་དོ། །རྩིབས་ཀྱང་ཁྱིམ་དང་པོ་དྲུག་པད་འདབ་བཟང་པོ་དང་། ཕྱི་མ་དྲུག་གཞུའི་རྣམ་པ་ལྟ་བུའོ། །མཉམ་པའི་སྔ་དྲོའི་ཚེ་ཁོ་ན་ཕྱོགས་མཚམས་མ་ནོར་བ་འཁོར་ལ། དེ་ཡང་ནམ་མཁའི་ཕྱོགས་ཀྱི་ཆ་ཤས་སུ་རླུང་ཆ་ཤས་དེ་ལྟ་བུར་གནས་པ་ལ་བྱེད་པས་གནམ་གྱི་གོ་ལ་ཞེས་བཤད། སྔ་མ་དང་གཉིས་ཁྱད་ཆོས་ཀྱིས་དབྱེ་བ་ཙམ་མ་གཏོགས་གཞི་ཐ་དད་པ་མེད་དོ། །གསུམ་པ་ནི། དུམ་བུ་སོ་སོའི་བྱང་གི་བསིལ་རི་ནས་ལྷོའི་མེ་རིའི་བར་དུ་ཁྱབ་པའི་ཁྱིམ་གྱི་འཁོར་ལོ་རྩིབས་ཀྱི་ཞེང་དུ་ཇི་ཙམ་ཡོད་པའི་ཆ་དེ་ཉིད། འགྲེལ་པར། ལྷོ་ལྟེ་བའི་དཀྱིལ་འཁོར་ནས། བྱང་ཁ་བ་ཆེན་པོའི་མཚམས་སུ་གོ་ལའི་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔའོ་ཞེས་པས། གོ་ལའི་རི་མོས་བྱང་དུ་བསིལ་རི་དང་། ལྷོར་རྟ་གདོང་གི་མེ་ལ་རེག་པར་བཤད་པ་དེའོ། །འདི་ཙམ་གོ་ལས་ཁྱབ་པ་ནི་སྐར་མའི་འཁོར་ལོས་ཤེས་ཏེ། ལྷོ་བྱང་མཐར་ཐུག་པའི་ཟླ་བ་ལས་རྒྱུ་སྐར་གཡས་གཡོན་དུ་ཆེས་རིང་མོར་མཐོང་བས་སོ། །བཞི་པ་ནི། གང་ཕྱིར་རི་ལ་ཉིན་མཚན་མཉམ་པར་འགྱུར་ཏེ་སོགས་ཀྱིས། སྟེང་དུ་ཉི་མ་འཁོར་བའི་དབང་གིས་ས་གཞི་ལ་དུས་བཞི་དང་། ཕྱོགས་དང་ཟླ་བ་བཅུ་གཉིས་འཁོར་བར་གསུངས་ཏེ། འདི་ལུག་ཁྱིམ་དུ་ཉི་མ་ཐོག་མར་ཞུགས་པའི་ཉིན་མཚན་དེ་དཔྱིད་ཉིན་མཚན་མཉམ་པར་བཞག དེ་དབོའི་ཟླ་བ་ཡིན་པ་བཞིན། དེ་ནས་བགྲངས་པའི་བདུན་པ་སྒྲ་མི་སྙན་དུ་སྲང་ལ་སྟོན་ཉིན་མཚན་མཉམ་པའོ། །དེས་དུམ་བུ་ལྷག་མ་རྣམས་ཀྱང་རྟོགས་པར་བྱ་ཞིང་། དེ་བཞིན་ཟླ་བ་བཅུ་གཉིས་པོ་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །གཉིས་པ་འཁོར་བྱེད་གཟའི་བགྲོད་ཚུལ་ནི། ཁྱིམ་ལ་ལོངས་སྤྱོད་པའི་སྒྲ་གཅན་གདོང་འཇུག་གཉིས་ཁྱིམ་འགྲོས་སམ། རླུང་འགྲོས་དང་། རང་གི་རྒྱུ་སྐར་ལ་ལོངས་སྤྱོད་པའི་རང་འགྲོས་གཉིས་ཀ་གཡས་སྐོར་དུ་འགྲོ་སྟེ། དཔེར་ན་གདུགས་རྩིབས་མ་ཉི་ཤུ་རྩ་བདུན་པ་གཡས་སུ་འཁོར་བའི་སྟེང་དུ་སྲོག་ཆགས་གཡས་སྐོར་དུ་འགྲོ་བ་ཞིག་བཞག་པ་ལྟ་བུ། ཉི་མ་ལ་སོགས་པ་གཟའ་གཞན་རྣམས་རླུང་འགྲོས་གཡས་སུ་འཁོར་ཡང་རྒྱུ་སྐར་ལ་ལོངས་སྤྱོད་པའི་རང་འགྲོས་གཡོན་སྐོར་དུ་འགྲོ་བ། དཔེར་ན་གདུགས་གཡས་སུ་སྐོར་བའི་སྟེང་དུ་སྲོག་ཆགས་གཡས་སྐོར་དུ་འགྲོ་བ་ཞིག་བཞག་པ་ལྟ་བུ། དེ་ཡང་འགྲེལ་བར། ཇི་ལྟར་ཁྱིམ་གྱི་འཁོར་ལོ་འཁོར་བ་དེ་བཞིན་དུ་སྒྲ་གཅན་ཡང་ནུབ་ཏུ་མངོན་པར་ཕྱོགས་ནས་རི་རབ་ལ་གཡས་སྐོར་བྱེད་ཅིང་ཡང་དག་པར་རྒྱུའོ། །ཤར་ནུབ་ཏུ་ཕྱོགས་པའི་གཟའ་རྣམས་ནི་ལྷུན་པོ་ལ་གཡས་མིན་དུ་སྐོར་བ་བྱེད་ཅིང་ཁྱིམ་གྱི་འཁོར་ལོ་ལ་ཡང་དག་པར་བགྲོད་པར་བྱེད་དོ། །སྒྲ་གཅན་ནི་གང་གིས་ཉི་མ་དང་ཟླ་བ་ཡང་འཛིན་པའམ་ཟ་བར་ནུས་ཤིང་། སྐབས་གསུམ་པ་ལྷ་རྣམས་ཀྱང་འཇིགས་ཤིང་སྐྲག་པར་བྱེད་ལ། རང་གི་ངོ་བོ་ནི་དྲག་པོའི་གཟུགས་ཅན་རྒྱུ་སྐར་གྱི་འཁོར་ལོའི་ཕྱེད་ལུས་ཀྱིས་ནོན་པས་གཟུགས་ཤིན་ཏུ་ཆེ་ལ། ཁ་དོག་ནི་མིག་སྨན་གྱི་མདོག་ལྟར་ཤིན་ཏུ་གནག་ཅིང་ས་ལ་གང་ཞིག་ཉིན་དང་མཚན་མོ་ཕྲུགས་གཅིག་གིས་ཀྱང་ཤར་དང་། ནུབ་དང་། ལྷོ་དང་། བྱང་གི་ཕྱོགས་ཀྱི་ཆ་སྟེ་ཕྱོགས་རྣམས་སུ་འཁོར་བའི་མཐུ་དང་ལྡན་པའི་ཕྱིར་རོ། །གདོང་སྤྱང་ཀི་ལྟ་བུ་དང་མཇུག་མ་དུས་ཀྱི་མེ། གཞན་སྦྲུལ་ལྟ་བུར་བཤད་དོ། །ཉི་ཟླ་ནི་སའི་དངོས་གཞིར། འོག་གཞི་ཕྱི་ངོས་ལ་བསྟན་པ་ནི་རིན་པོ་ཆེ་མེ་ཤེལ་དང་ཆུ་ཤེལ་ལས་གྲུབ་ཅིང་གཉིས་ཀའི་མཐིལ་གྱི་སྟེང་གསེར་གྱི་ར་བས་བསྐོར་བ། དངུལ་དང་། བཻཌཱུརྻ་དང་། ཤེལ་དང་། གསེར་གྱི་རྩིབས་སྐྱབས་བཞི་དང་། མདའ་ཡབ་དང་། ཟམ་པ་བརྒྱུད་མ་བཞི་དང་ལྡན་པ། གཞལ་ཡས་ཁང་དང་། སྐྱེད་མོས་ཚལ་དང་། དཔག་བསམ་གྱི་ཤིང་ལ་སོགས་པའི་འབྱོར་བ་དུ་མ་དང་བཅས་པ་སྟེ་ལྷའི་བུ་ཉི་མ་དང་ཟླ་བ་འཁོར་དང་བཅས་པའི་གནས་སུ་བཤད་པ་དང་། ཡང་ཟླ་བའི་དཀྱིལ་འཁོར་ནི་ཡིད་ཙམ་གྱིས་སྟེང་དུ་འཛུར་པ་ན་ཟླ་གམ་དུ་སྣང་སྟེ། དེའི་ཕ་རོལ་གྱི་ངོས་དེ་ཚུར་རོལ་གྱི་ངོས་ཀྱིས་བསྒྲིབས་པའི་ཕྱིར་མི་སྣང་ལ། ཇི་ལྟ་ཇི་ལྟར་འཛུར་བ་དེ་ལྟ་དེ་ལྟར་ཤིན་ཏུ་གང་བར་སྣང་ངོ་། །མར་གྱི་ངོ་ལ་ནི་ཇི་ལྟ་ཇི་ལྟར་ཐུར་དུ་འཛུར་པ་དེ་ལྟ་དེ་ལྟར་བྲི་བར་སྣང་ངོ་། །རྒྱ་མཚོ་ཆེན་པོ་ན་ཉ་དང་རུས་སྦལ་ལ་སོགས་པ་གནས་པའི་གཟུགས་བརྙན་འབྱུང་བའི་ཕྱིར། ཟླ་བའི་ནང་ན་ར་རི་ཡོད་པར་སྣང་ངོ་། །ཞེས་འབྱུང་ཞིང་། ཟླ་བའི་དཀྱིལ་འཁོར་གྱི་མཐའ་སྐོར་ཟླུམ་པོ་མཎྜྻལ་ལྟར་ཡོད་པ་དེ་ཉིད་གང་གི་ཚེ་མི་རྣམས་ཀྱི་ཕྱོགས་ལ་མཎྜྻལ་གྱི་ངོས་ཀྱི་མཐའི་ཟུར་ལྟ་བུ་དེ་ཉིད་ཐུར་དུ་བསྟན་པའི་ཚུལ་དུ་གནས་པ་ཡར་ངོའི་ཚེས་གཅིག་ནས་ཡིད་ཙམ་སྟེང་དུ་བཏེག་པ་ན་ཟླ་གམ་ཕྲ་མོར་སྣང་བ་དང་། རིམ་པས་སྟེང་དུ་བཏེག་པ་ན་མཐིལ་རྫོགས་པར་མཐོང་བས་ཉ་གང་བར་སྣང་ངོ་། །སླར་མར་ངོ་ལ་ཟུར་དེ་ཅུང་ཟད་ཅུང་ཟད་ཐུར་དུ་འཛུར་ཞིང་ངོས་སྟེང་དུ་ཕྱོགས་པས་འགྲིབ་པར་སྣང་བའི་དོན་ཏོ། །དེ་བས་འཕགས་པ་ཐོགས་མེད། ཟླ་བའི་ཕྱེད་ཆུ་ཤེལ་དང་ཕྱེད་བཻཌཱུརྻ་ལས་གྲུབ་པ། དེ་བླ་འོག་ཏུ་བསྒྱུར་བའི་ཁྱད་ལས་འཕེལ་འགྲིབ་ཏུ་བཞེད་པའི་སྨྲ་བ་ནོར་བའོ། །དེ་བས་ན་འཕེལ་འགྲིབ་ནི་ཉི་མ་དང་རིང་བ་དང་ཉེ་བའི་གྲིབ་མའི་དབང་གིས་ཡིན་ཏེ། དབང་མདོར་བསྟན་ལས། རིམ་པ་ཇི་ལྟར་ཟླ་བ་ཤར། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །འཕེལ་འགྲིབ་གྲིབ་མའི་དབང་གིས་ཏེ། །ཟླ་བ་ཆད་དང་རྫོགས་པ་མིན། །ཞེས་དང་། བྲམ་ཟེ་ཆེན་པོའི་མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བ་ཞེས་བྱ་བ་ལས། ཟླ་བ་འགྲིབ་དང་རྒྱས་པ་ནི། །ཟླ་བ་འགྱུར་བ་མ་ཡིན་ཏེ། །ཉི་མའི་རྐྱེན་གྱིས་འཕེལ་འགྲིབ་སྣང་། །ཞེས་གསུངས་པ་རྣམས་དགོངས་པ་གཅིག་ཏུ་སྣང་ངོ་། །དེ་ཡང་ཉི་མའི་རླུང་འགྲོས་ཀྱི་ཚད་གསུངས་པ་ལས་དཔགས་ནས་ཉི་ཟླ་གཟའ་སྐར་གྱི་ཚད་རགས་པ་དཔོག་ནུས་ཏེ། མི་ཁམས་སྙོམས་པའི་དབུགས་གཅིག་ལ་དཔག་ཚད་བཅུ་བདུན་རྒྱང་གྲགས་གཅིག གཞུ་འདོམ་བརྒྱད་བརྒྱ་དང་བརྒྱད་ཅུ་རྩ་བརྒྱད། ཁྲུ་གསུམ། སོར་བཅུ་གསུམ། ནས་གཉིས། ཤིག་ལྔ། སྐེ་ཚེ་གཉིས། སྐྲ་རྩེ་ལྔ། ཕྲ་མོ་གཉིས། ཕྲ་རབ་ལྔ། དེའི་སུམ་ཆ་གཅིག་རྣམས་བགྲོད་ནུས་པར་མཐོང་ལ། དེ་ལྟ་ན་ཉི་མ་སོགས་འཆར་བའམ་ནུབ་པའི་བར་དེ་ལ་དབུགས་ཀྱི་གྲངས་ཇི་ཙམ་འགྲོ་བ་བརྟགས་པས་སོ། །དེས་ན་ཉི་མ་ལ་དབུགས་བརྒྱད་ཅུ་རྩ་གཅིག་ཙམ་ལ་རྫོགས་པ་སྙོམས་པ་ཡིན་ལ། དེས་དཀྱིལ་འཁོར་ལ་ཐད་ཀའི་རྒྱར་དཔག་ཚད་སྟོང་ཕྲག་གཅིག་བཞི་བརྒྱ་དང་དྲུག རྒྱང་གྲགས་གཅིག ཟླ་བའི་དཀྱིལ་འཁོར་ལ་དབུགས་བདུན་ཅུ་རྩ་གསུམ་ཙམ་ཡོད་པས་དཔག་ཚད་སྟོང་དང་ཉིས་བརྒྱ་ལྔ་བཅུ། ཟླ་བའི་རང་འགྲོས་ཉི་མ་ལས་བཅུ་གསུམ་འགྲོས་ཀྱིས་མགྱོགས་པས་དབུགས་གཅིག་མྱུར་ཁྱད་ཙམ་སྟོན་པས་མི་བགྲང་། སྐར་མ་ཆེ་བ་དབུགས་བདུན་བརྒྱད་ཙམ་དང་། ཆུང་བ་དབུགས་བཞི་ལྔ། ཤིན་ཏུ་ཆུང་བའང་གསུམ་ཙམ་ལ་རྫོགས་པས་སོ། །སྒྲ་གཅན་ལ་དེས་བརྟག་མི་ནུས་ཀྱང་ཟླ་བའི་རང་འགྲོས་ཀྱིས་བརྟག་པར་ནུས་ཏེ། གདོང་མཇུག་གང་རུང་གཅིག་གི་རྒྱར་དཔག་ཚད་ཉིས་སྟོང་བཞི་བརྒྱ་སྟེ། ཟླ་བ་རིལ་འཛིན་དུ་བགྲོད་པ་ལ་གཟུང་བྱ་དང་འཛིན་བྱེད་གཉིས་ཀའི་དཀྱིལ་འཁོར་ངོ་རེ་རེ་ཟླ་བའི་རང་འགྲོས་ཀྱི་དགོས་པའི་ཕྱིར་རོ། །དེ་བས་ན་མངོན་པར། དཔག་ཚད་ལྔ་བཅུ་གཅིག་དང་བཅས། ཞེས་པའི་ཉི་མ་ལ་ང་གཅིག་ཟླ་བ་ལ་ལྔ་བཅུ་བཤད་པ་ལས། འདིའི་སྐར་མའང་ཆེ། མཐོ་དམན་གྱིས་ཚད་སོགས་ཀྱང་དེའི་ལུགས་ཀྱིས་བཞག་ཏུ་མེད་དོ། །དེ་བཞིན་གཟའ་དང་སྐར་མ་ཐམས་ཅད་ད་ལྟར་མཐོང་བ་འདི་སོ་སོའི་གཞལ་ཡས་ཁང་། རྒྱུ་སྐར་ཉེར་བདུན་གཞན་སྐར་ཕྲན་བསམ་གྱིས་མི་ཁྱབ་པ་རྣམས་ཁྱིམ་ལ་གཟེར་བཏབ་པ་ལྟ་བུས་རང་འགྲོས་མེད། གཟའ་རྣམས་རྒྱུ་བས་རང་འགྲོས་བྱུང་བ་ཡིན་ནོ། །དེ་ཡང་མངོན་སུམ་དུ་ཟླ་བ་རེ་ལ་ཁྱིམ་རེ་འཆར་བ་ཇེ་སྔ་ནི། ཞག་བཅུ་བཞི་ཙམ་རེ་ན་སྐར་མ་རེ་རེས་འཆར་བ་སྔར་འགྲོ་བས་རྟོགས་སོ། །སའི་དཀྱིལ་འཁོར་ལས་བྱང་བགྲོད་ཉི་མ་སྟེང་དུ་འགྲོ་བའི་ཚད་མཐར་ཐུག་པ་ནི་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་དྲུག་ཡོད་ཅིང་། དེའི་ཚེ་ཉི་མའི་གདུང་བྱེད་རི་རབ་ཀྱི་རྭ་ལ་རེག་ཅིང་གངས་རིའི་སྟེང་དུ་འགྲོ་བར་བཤད་པས། བསིལ་རི་ས་ནས་གྱེན་དུ་འཕགས་པའི་ཚད་ཀྱང་དེ་ཙམ་ཡིན་པ་རྟོགས་པར་བྱའོ། །ལྷོ་བགྲོད་མཐར་ཐུག་པའི་ཚེ་ཉི་མ་དང་རྒྱ་མཚོའི་ཁའི་བར་ལ་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔ་སྟེ། རྟ་གདོང་གི་མེ་རིའི་སྟེང་དུ་རྒྱུ་བར་བཤད་པས་རྟ་གདོང་གི་མེ་རི་རྒྱ་མཚོ་ནས་གྱེན་དུ་དེ་ཙམ་ལོངས་པ་ཤེས་དགོས་ལ། དེ་དག་གིས་རླུང་དང་མེའི་དཀྱིལ་འཁོར་གྱི་སྲིད་འབུམ་ཕྲག་གཉིས་དང་ཕྱེད་གཉིས་སུ་བཤད་པའང་རིགས་པར་མ་མཐོང་སྟེ་མེའི་སྲིད་རིར་བགྲངས་པས་སོ། །དེ་གལ་ཏེ་ཆུ་ལས་གྱེན་དུ་མ་འཕགས་ན་ནི་མཐའ་མར་ཡང་གང་གིས་འགྲུབ་བསམ་པར་བྱའོ། །གོ་ལ་མཐོ་དམན་བཤད་པའི་མཐོ་དམན་གྱི་འབབ་འཛེག་བསྡོམས་པ་དཔག་ཚད་སྟོང་ཕྲག་བཅུ་གཅིག་རེ་ཡིན་ནོ། །སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་ལྔ་བརྒྱས་དམན་པ་མཉམ་དུས་ཀྱི་མཐོ་དམའི་ཚད་དོ། །ལན་ཚྭའི་རྒྱ་མཚོ་འགོང་ནས་ཉིན་མོར་བྱེད་པ་དག་ནི་ལྷོ་རུ་མེ་ཡི་བར་དུ་འགྲོ་བར་བྱེད། །ལན་ཚྭའི་རྒྱ་མཚོ་འགོང་ནས་ཞེས་པ་ནི་རྒྱ་མཚོའི་བཞི་ཆ་འགོང་པ་ཡིན་ལ། མེའི་བར་དུ་ཞེས་པ་ནི་མེ་ལ་རེག་གི་བར་དུའོ། །དེ་བཞིན་བྱང་དུ་ཡང་ཤེས་པར་བྱའོ། །འདིར་རེག་པ་ཞེས་པ་ནི་བསིལ་རི་དང་རྟ་གདོང་དང་དཔངས་ཚད་མཉམ་པ་ལ་བྱེད་དེ། གཟུགས་བསྡུར་བ་ན་སྔ་མ་ལ་ཕྱི་མས་སྙོགས་པ་ན་རེག་བྱུང་ཞེས་བརྗོད་པ་བཞིན། དེ་བས་ན་ཉི་མའི་དཀྱིལ་འཁོར་རང་འགྲོ་འོང་བྱེད་ས་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ། དེས་ན་འདིར་བྱང་བགྲོད་མཐར་ཐུག་པའི་ཚེ་རྡོ་རྗེ་གདན་གྱི་ཐད་རང་དུ་ཡོད། དེ་ལས་བྱང་དུ་འགྲོ་མི་སྲིད། ལྷོར་བགྲོད་པའི་ཚེ་རྒྱ་མཚོ་བཞིར་བགོས་པའི་བཞི་ཆ་ནང་མའི་ཕྱི་ཟུར་གྱི་ཁར་ཡོད། དེ་ལས་ཕར་འགྲོ་མི་སྲིད། དེས་ན་གདུང་བྱེད་ཉི་མའི་དཀྱིལ་འཁོར་རང་ཡིན། འོད་ཟེར་ལ་བྱས་ན་བྱང་བགྲོད་ཀྱི་ཚེ་བསིལ་རི། ལྷོ་བགྲོད་ཀྱི་ཚེ་དེས་མེ་རི་ལ་རེག་གོ་ཞེས་པ་ནི་འབྲེལ་མེད་དེ། ལམ་ཕྱེད་འབུམ་ཕྲག་གསུམ་པོ་དག་ལ་ཉི་མའི་མདུན་དུ་ཉིན་མོ་དང་ནི་རྒྱབ་ཏུ་མཚན་མོའོ། །ཞེས་ཉི་མའི་འོད་ཀྱི་ཕྱོགས་ཕྱོགས་སུ་དཔག་ཚད་འབུམ་ཕྲག་ཕྱེད་གཉིས་ཁྱབ་པར་བཤད་པས། ལྷོར་བགྲོད་པའི་ཚེ་དེའི་འོད་ཀྱིས་གངས་རི་དང་། བྱང་བགྲོད་མཐར་ཐུག་པའི་ཚེ་ཡང་ལྷོ་རྟ་གདོང་ལ་ཁྱབ་པ་ཡིན་ཏེ། དེ་གཉིས་ཀྱི་བར་དུ་མུན་པར་ལས་ས་ཅུང་ཟད་ཀྱང་མེད་པས་སོ། །ཉི་མའི་དཀྱིལ་འཁོར་རྭ་དེ་ལ་རེག་པར་བཤད་ན་དབྱར་ཉི་ལྡོག་དུས་འདིར་བྱང་དུ་གྲིབ་མ་ཅུང་ཟད་ལུས་པའི་རིགས་པས་གནོད། དེས་ན་ལྷོ་བྱང་གི་འོད་ཀྱིས་བྱ་བ་བྱེད་པ་སྤྱིའི་གོ་ལའི་རྒྱ་དེ་ཙམ་སྟེ། དེ་ནས་སྒྲིབ་བྱེད་ཡོད། རྒྱབ་མདུན་ནམ་ཤར་ནུབ་ཏུ་སྒྲིབ་མཁན་མེད་པས་རིང་བ་ཡིན་ནོ། །ཉི་མ་འགྲོ་བའི་མགྱོགས་ཚད་ནི། ཆུ་ཚོད་ཀྱི་དུས་ནི་དབུགས་སུམ་བརྒྱ་དྲུག་ཅུའི་གྲངས་ལས་དཔག་ཚད་ཉི་བརྒྱ་ལྔ་བཅུ་ལྷག་པའི་སྟོང་ཕྲག་དྲུག་སྤྱོད་པས་ཆུ་ཚོད་དྲུག་ཅུ་ལ་འབུམ་ཕྲག་གསུམ་དང་སྟོང་ཕྲག་བདུན་ཅུ་རྩ་ལྔའི་གྲངས་འཁོར་ཏེ་ཉིན་མཚན་གཅིག་གི་རིང་ངོ་། །དེ་ལྟར་དྲུག་ཅུ་ལ་ནི་མེ་འབུམ་དག་དང་ལྔ་དང་རི་བོ་སྟོང་ཕྲག་ཉིན་དང་མཚན་མོ་དག་ཏུ་འཁོར། །ཞེས་གསུངས་པས་སོ། །འདིར་ཡང་ཉི་མའི་རྒྱུ་ལམ་རྒྱ་མཚོའི་བཞི་ཆ་ནང་དུ་གཅིག་དོར་བའི་ཟླུམ་པོ་ཁོ་ན་རིང་མཐར་བསྟན་ཏེ། སའི་དཀྱིལ་འཁོར་འབུམ་ཕྲག་གཅིག་གི་ཁར་ཆུའི་སྟོང་ཕྲག་ཉེར་ལྔ་བསྣན་པ་གསུམ་འགྱུར་དང་འགྲིགས་པས་སོ། །གསུམ་པ་འཁོར་བ་དུས་ཀྱི་རྣམ་གཞག་ལ། སྤྱིར་བསྟན། ཡུལ་དྲུག་གི་འགྱུར་ཚུལ། དབྱངས་འཆར་ལས་བཤད་པ་བླངས་པ་གསུམ། དང་པོ་ནི། ཉི་མའི་རང་འགྲོས་ཀྱི་དབང་གིས་བྱུང་བའི་དུས་བཞི་ལ་སོགས་པའི་རྣམ་གཞག་ཐམས་ཅད་ལོ་གཅིག་ལ་རྫོགས་པར་བཤད་པ་དང་། ཡང་ཉི་མའི་རླུང་བགྲོས་ཀྱི་དབང་གིས་བྱུང་ཞིང་ཉི་མ་མཐོ་དམན་ལ་སོགས་པའི་རྣམ་གཞག་ཐམས་ཅད་ཉིན་ཞག་གཅིག་ལ་རྫོགས་པའི་ཚུལ་གཉིས། དང་པོ། ཉི་མ་ལྡོག་དུས་མཉམ་དུས་བཞི། ཉིན་ཞག་གཅིག་ལ། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པའི་དུས་བཞི་ལ་བརྩི་བས་རིགས་འགྲེའོ། །ཁྱིམ་གཅིག་ལ་ནི་སོགས་ཀྱིས། འདིར་ལུག་ཁྱིམ་དུ་ཉི་མ་གནས་པས་དཔྱིད་ཉིན་མཚན་མཉམ་པ་བཞིན་དུམ་བུ་བཅུ་གཅིག་ཏུ་ཁྱིམ་ལྷག་མ་བཅུ་གཅིག་ལ་གནས་པས་དུས་དྲུག ཟླ་བ་བཅུ་གཉིས། ཟླ་ཕྱེད་པ་ཉེར་བཞི། དེ་ཡང་དུས་བཞི་གཡས་སུ་འཁོར་བ་ནི། འགྲེལ་ཆེན་ལས། ལྷུན་པོའི་ལྷོའི་དུམ་བུ་འདིར་ལུག་ལ་ཉི་མ་གནས་པ་དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་བྱེད་དོ། །མེའི་ཟུར་གྱི་ཕྱེད་དུམ་བུ་གཉིས་པ་ལ་སྣྲོན་གྱི་ཟླ་བ་བྱེད་དོ་སོགས་ཀྱིས་སོ། །ལུག་ཁྱིམ་ལ་གནས་པ་ནི་དཔྱིད་ར་དབོ་ནག་པ་འབྲིང་ཡིན་པས་ཞར་བསྟན། ས་ག་ཐ་ཆུང་དེ་བཞིན་ལྷག་པ་ལ་ཡང་འདྲའོ། །དེ་ལྟ་བུའི་ཟླ་བ་གཉིས་གཉིས་ཀྱིས་དཔྱིད་དང་སོ་ཀ དེ་བཞིན་དབྱར་དང་སྟོན། དགུན་སྟོད་དགུན་སྨད་དེ་དུས་དྲུག གཡས་སྐོར་ཞེས་པའང་རི་རབ་ལ་ཡིན་ཏེ། དེ་ནི་གླིང་ཐམས་ཅད་ཀྱི་བྱང་དུ་གནས་པ་སྟེ། གླིང་རང་གི་ཉི་མ་འཆར་ས་མདུན་དུ་བྱེད་པའི་རིགས་པས་སོ། །ཡང་དབྱར་དགུན་ཉི་མ་དང་ཉེ་བ་འམ་རིང་བས་བྱེད་པ་ནི་ནམ་མཁའ་དང་སའི་ཉེ་རིང་མ་ཡིན། ཉི་མ་ལྷོ་ཕྱོགས་དང་བྱང་དུ་ཉེ་བའི་དབང་ཁོ་ན་སྟེ། ལྷོའི་ཚེ་རྒྱ་མཚོའི་ཐད་ལ་ཕར་འགྲོ། བྱང་བགྲོད་ཀྱི་ཚེ་སའི་ཐད་དུ་ཚུར་ལྡོག་པས་སོ། །གླིང་རེར་ཟླ་བ་བཅུ་གཉིས་འཁོར་བའི་ཚུལ་ཡང་ཅུང་ཟད་རགས་པ་ཡིན་གྱི། ཤིན་ཏུ་ཞིབ་པར་ནི་གླིང་རེའང་དུམ་བུ་སུམ་ཅུ་རེར་བགོས་ནས། དཔྱིད་མཉམ་སྟོན་མཉམ་དབྱར་ལྡོག་དགུན་ལྡོག་ཡོད་པས་ཉི་ལྡོག་སུམ་བརྒྱ་དྲུག་ཅུ་ཟེར་བ་དེ་འོང་ངོ་། །འདིར་དབྱར་ཉི་ལྡོག་དུས་ཉིན་མོ་ཆུ་ཚོད་ཉིན་མཚན་གྱི་དབྱེ་བས། ཉིན་མོ་རིང་ཡང་རུང་། མཚན་མོ་ཐུང་ཡང་རུང་སྟེ། དུས་སྦྱོར་དྲུག་དང་། སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་རེ་འཆར་བ་ལ་ཁྱད་མེད། འོ་ན་ཉིན་མཚན་རིང་ཐུང་སྣ་ཚོགས་འབྱུང་བ་ཅི་ཡིན་ཞེ་ན། དུས་སྦྱོར་རིང་བ་རྣམས་འཆར་ན་རིང་བ་དང་། ཐུང་བ་རྣམས་འཆར་ན་ཐུང་བར་འགྱུར། སྤེལ་མར་འཆར་བས་མཉམ་པ་ཡིན་ནོ། །དེ་བཞིན་དུ་མཉམ་པའི་ཚེ་ཡང་སྔ་དྲོ་དང་ཕྱི་དྲོ་དང་ཐོ་རངས་གཉིས་ལ་དུས་སྦྱོར་གསུམ་གསུམ་འཆར་ནུབ་བྱེད་པར་འདྲ་ཡང་རིང་ཐུང་གི་ཁྱད་པར་འབྱུང་བ་ཡང་དེ་བཞིན་ཏེ། སྟོན་མཉམ་གྱི་ཚེ་དུས་སྦྱོར་རིང་བ་རྣམས་ཐོ་རངས་དང་སྔ་དྲོ་འཆར་བས་ཆུ་ཚོད་བཅོ་བརྒྱད་རེ་དང་ཐུང་བ་རྣམས་ཕྱི་དྲོ་དང་སྲོད་ལ་འཆར་བས་ཆུ་ཚོད་བཅུ་གཉིས་རེར་འགྱུར་ཞིང་། དེ་གཉིས་བསྡོམས་པས་ཉིན་མཚན་ཆུ་ཚོད་སུམ་ཅུ་རེར་མཉམ་མོ། །དཔྱིད་མཉམ་གྱི་ཚེ་རིང་བ་རྣམས་ཕྱི་དྲོ་དང་སྲོད་ལ་འཆར་བས་བཅོ་བརྒྱད་རེ་དང་། ཐུང་བ་རྣམས་ཐོ་རངས་དང་སྔ་དྲོ་འཆར་བས་བཅུ་གཉིས་རེ་རེ། བསྡོམས་པ་ཉིན་མཚན་སུམ་ཅུ་རེར་མཉམ་པ་ཡིན་ནོ། །འོ་ན་དུས་སྦྱོར་འདི་རྣམས་ཡུལ་གྱི་ཆུ་ཚོད་བརྒྱ་སོ་ལྔ་རེ་ཁྱད་པར་མེད་པ་ལ་འཆར་བ་དང་ནུབ་པའི་ཡུན་ཚད་ལ་ཁྱད་པར་ཆེན་པོ་འབྱུང་བ་ཅི་ཡིན་ཞེ་ན། སྟེང་དུ་གྲལ་ཡངས་དོག་དང་། འགྲོས་མགྱོགས་བུལ་དང་། ཞག་གཅིག་གིས་ལྷོར་བགྲོད་བྱང་བགྲོད་དང་། འོག་ཏུ་རང་གང་ན་གནས་པའི་མཐོང་གང་ཟླུམ་པའི་ཁྱད་པར་དང་། དེའང་གསེག་དང་ཐད་ཀར་འཆར་ནུབ་བྱེད་པའི་ཁྱད་པར་ལས་སོ། །གཉིས་པ་ནི། ལྷོ་གླིང་དབུས་མའི་ལྟེ་བ་ནས་ཕྱེད་བྱང་མ་ཆ་མཉམ་དྲུག་ཏུ་བགོས་པའི་ལྷོ་ནས་རིམ་པ་བཞིན་འཕགས་ཡུལ། བོད། ལི། རྒྱ་ནག ཤམྦྷ་ལ། གངས་ཅན་ཞེས་བཞག དེ་རེའི་ལྷོ་བྱང་གི་ཞེང་ལ་དཔག་ཚད་སྟོང་ཕྲག་གཉིས་དང་། དཔག་ཚད་གཅིག་གི་བཅུ་གཉིས་ཆ་རེ་ཡོད་ལ། དེ་རྣམས་ལ་གྲིབ་མའི་ངེས་པ་ནི་ཉིན་མཚན་གཅིག་གི་ཆུ་ཚོད་དྲུག་ཅུ་ལ་བཅུས་ཐོབ་པ་ནི་ཆུ་ཚོད་དྲུག་ཡིན་ལ། དེ་ནི་རྒྱ་གར་དུ་ལྷོ་བགྲོད་མཐར་ཐུག་ནས་བྱང་བགྲོད་མཐར་ཐུག་གི་བར་ཉིན་མོ་འཕེལ་ཞིང་མཚན་མོ་འགྲིབ་པ་ཡིན་ལ། བྱང་བགྲོད་མཐར་ཐུག་པའི་ཚེ་ཉིན་ཆུ་ཚོད་སོ་གསུམ་དང་མཚན་ཆུ་ཚོད་ཉེར་བདུན། དེ་བཞིན་བོད་དུ་དགུ་ཆ། ལི་ཡུལ་དུ་བརྒྱད་ཆ། རྒྱ་ནག་ཏུ་བདུན་ཆ། ཤམྦྷ་ལར་དྲུག་ཆ། གངས་ཅན་དུ་ལྔ་ཆར་བཤད། གངས་ཅན་པའི་བགྲོད་པ་རེའི་འཕེལ་འགྲིབ་ཆུ་ཚོད་བཅུ་གཉིས་ཡིན་པས་བྱང་བགྲོད་མཐར་ཐུག་པའི་ཚེ་ཉིན་ཆུ་ཚོད་སུམ་ཅུ་རྩ་དྲུག་མཚན་ཉེར་བཞི་འབྱུང་ངོ་། །ཞག་རེ་ལ་ཆུ་ཚོད་འཕེལ་འགྲིབ་ཅི་ཙམ་བྱེད་ན། ཆུ་ཚོད་ལ་སོགས་པ་ཆ་ཕྲ་བར་གསིལ་ཏེ་བགྲོད་པ་རེའི་ཞག་བརྒྱ་དང་བརྒྱད་ཅུས་བགོས་པའི་ཐོབ་ནོར་ནི་རང་རང་གི་ཞག་རེའི་འཕེལ་འགྲིབ་གྱི་ཆུ་ཚོད་ཡིན་ཏེ། དཔེར་ན་ཀེ་ལ་ཤའི་དུམ་བུ་ལ་ཆུ་སྲང་གསུམ་དང་དབུགས་གཉིས་རེ་འབྱུང་བ་ཡིན་ཏེ། འགྲེལ་ཆེན་ལས། ཉི་མ་རི་བོང་ཅན་གྱི་ཉིན་མཚན་ཆུ་ཚོད་དྲུག་ཅུ་དག་ལས་འགྲིབ་དང་འཕེལ་བ་དྲུག་ཆས་སོ། །ཞེས་འཕེལ་འགྲིབ་ཀྱི་ཚད་ཆུ་ཚོད་དྲུག་ཅུའི་དྲུག་ཆ་བཅུ་ཡིན། དེས་ཆུ་སྲིན་ནས་འཁྲིག་པའི་མཐར་ཐུག་པའི་བར་དུ་མཚན་མོ་འགྲིབ་ཅིང་ཉིན་མོ་འཕེལ་ལོ། །ཀརྐ་ཊ་ནས་གཞུའི་བར་དུ་ཉིན་མོ་འགྲིབ་ཅིང་མཚན་མོ་འཕེལ། འོ་ན་ཡུལ་དྲུག་པོ་ལ་གྲིབ་མའི་ཁྱད་པར་འབྱུང་བ་ཅི་ཡིན་ཞེ་ན། བྱང་བགྲོད་མཐར་ཐུག་པའི་ཚེ་ཉི་མ་ཤར་ནུབ་གཉིས་ཀ་མཐོ་བས་དང་། ལྷོ་བགྲོད་མཐར་ཐུག་པའི་ཚེ་ཉི་མ་ཤར་ནུབ་གཉིས་ག་དམའ་བའི་ཁྱད་པར་གྱིས་སོ། །འདིར་ཉི་མ་འཕགས་ཡུལ་བ་ལ་ཐག་རིང་བ་དང་གངས་ཅན་པ་ལ་ཉེ་བར་བཤད་པ་ནི་མི་རིགས་ཏེ། ཉི་མ་བོད་ཀྱི་ཐད་ལས་མི་འདའ་བར་རང་ཉིད་བཞེད་པས་སོ། །དེས་ན་མཐོ་དམའ་ཁོ་ནས་བཤད་པ་ལེགས་སོ། །རྒྱུད་ལས། ཀེ་ལ་ཤའི་དུས་སྦྱོར་བཤད་པ་དེ་ནི་ཤམྦྷ་ལ། དེའི་ནང་ནས་ཀ་ལ་པའི་གྲོང་ཁྱེར་ཁོ་ན་གཟུང་ལ། ཡུལ་དྲུག་ཏུ་བཤད་པ་ནི་དེའི་བྱང་ཕྱོགས་ཀྱི་འདབ་མ་ནས་བསིལ་རིའི་བར་གྱི་ས་སྟོང་དང་བཅས་པ་སྟེ། དོན་འདིར་དུམ་བུ་དྲུག་ཤར་ནུབ་ཐལ་ཐིག་ཏུ་བཞག་པ་འདི་ལྟ་བུ་གྲུབ་པ་མ་ཡིན་ནོ། །གྲུབ་ན་ཁ་ཆེ་ནས་ཁ་བྱང་དུ་བལྟས་ཏེ་ཕྱིན་ན་རྒྱ་ནག་དང་། ཨ་མདོའི་ཡུལ་ནས་བྱང་དུ་བལྟས་ཏེ་ཕྱིན་ན་ལི་ཡུལ་དུ་སླེབ་དགོས་པར་འགྱུར་རོ། །ལི་དང་རྒྱ་ནག་སྟོད་སྨད་ལས་ད་དུང་རྒྱ་ནག་བྱང་དུ་ཕྱོགས་ལ། དེའི་ཐད་དྲང་པོའི་ནུབ་ཏུ་ཤམྦྷ་ལའི་སྣེ་མོ་སླེབ་དགོས་ཏེ། དེའི་ཚད་དང་བསྟུན་དགོས་པའི་ཕྱིར་རོ། །དེས་ན་འདིར་ཐོབ་སྐལ་བགོས་པ་ཙམ་སྟེ། འདི་ལྟ་བུ་ནི་དུམ་བུ་ཐམས་ཅད་དུ་ཡིན་ལ། འཕགས་ཡུལ་ལ་སོགས་པ་ནི་དེ་དག་ན་མེད་པས་སོ། །འདི་ལ་ཁ་ཅིག དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། ཆུ་བོ་ཤཱི་ཏིའི་བྱང་ཕྱོགས་ན། །རི་བོ་གངས་ཅན་ཡོད་པར་གསུངས། །དེ་ཡི་འགྲམ་ན་ཤམྦྷ་ལ། །ཞེས་ཟེར་བ་འདི་མི་འཐད་དེ། རི་བོ་གངས་ཅན་ལོགས་སུ་བཤད། དེའི་ཞོལ་ལྟ་བུ་གང་ཡང་མ་གསུངས་པ་དང་། འདིར་ཀེ་ལ་ཤ་ཞེས་པ་བསིལ་རི་ལ་བཤད་པ་དང་། དེ་ཉིད་ཀྱི་ཁོར་ཡུག་རིམ་པ་གཉིས་ལ་བཤད་པ་གསུམ་བྱུང་བས་གནོད་ཅིང་། ཀེ་ལ་ཤའི་དུས་སྦྱོར་གསུངས་པ་དེ་ནི་ཤམྦྷ་ལ་རང་ཡིན་པས། རི་བོ་གངས་ཅན་ཞེས་པ་མཚོ་མ་དྲོས་པ་ཡོད་ས་དེ་ན་ཡོད་ན་ཆུ་བོ་ཤཱི་ཏའི་བྱང་དུ་ཤམྦྷ་ལ་ཡོད་པའི་གཞི་མེད་དེ། ཆུ་བོ་བཞི་མ་དྲོས་པ་ལ་བསྐོར་བ་བདུན་བགྱིས་ནས་ཕྱོགས་བཞིར་འབབ་པ་ལས་ཆུ་བོ་འདི་དེའི་བྱང་དུ་འབབ་རྒྱུ་ཡིན་ལ། དེ་ལྟ་ན་ཤམྦྷ་ལ་དེའི་ལྷོར་ཡོད་པའི་ཕྱིར། རྨ་བྱ་ཆེན་མོའི་མདོ་ལས་ཀྱང་། གངས་ཅན་ཏི་སེ་ཐ་དད་གསུངས། འདི་ཡང་རིགས་པ་ལྟར་སྣང་སྟེ། ཀེ་ལ་ཤ་ལོ་ཙཱ་བ་འགའ་ཞིག་གིས་ཏི་སེར་བསྒྱུར། འགའ་ཞིག་གིས་གངས་ཅན་དུ་བསྒྱུར་བས་ཀྱང་རྒྱ་སྐད་ལ་ཁྱད་མ་བྱུང་བས་སོ། །དེ་ཡང་། གྱི་ཇོ་འགྱུར་དུ། ཀེ་ལ་ཤ་ནི་ཏི་སེ་ཞེས་དང་། རྨ་འགྱུར་དུ། ལྷོ་དང་དེ་བཞིན་བྱང་དུ་སྟེ། །ཏི་སེ་ཡི་ནི་མཐར་ཐུག་པར། །ཉི་མ་ཡིས་ནི་བགྲོད་པར་འགྱུར། །དཔག་ཚད་སྟོང་ཕྲག་ལྔ་བཅུའོ། །ཞེས་འབྱུང་བས་དང་། ཡང་ཏི་སེ་དང་གངས་ཅན་གཉིས་གསུངས་བྱུང་བའི་ཤེས་བྱེད་ཀྱིས་ཏི་སེ་གངས་ཅན་མ་ཡིན་པར་གྱུར་ན། གངས་ཅན་གསུམ་བཤད་པའི་རྒྱུ་མཚན་གྱིས་ཤམྦྷ་ལའི་བར་འགྲམ་གྱི་གངས་ཅན་གངས་ཅན་མ་ཡིན་པར་ཐལ་བ་ཡང་མཚུངས་སོ། །སྔ་མ་ནི་དོན་ཐ་དད་དོ་སྙམ་ན་ཕྱི་མ་ཡང་དོན་ཐ་དད། ཚིག་གིས་ཐ་དད་དུ་བཤད་དགོས་པའང་མ་ཆགས་མི་ཆགས་ཆགས་པ་མེད་ཅེས་སྐད་དོད་གཅིག་ལན་གསུམ་དུ་བལྡབས་པ་ལོ་ཙཱ་བས་རྣམ་གྲངས་སུ་བསྒྱུར་བ་བཞིན་འདིར་ཡང་ཡིན་ནོ། །དེས་ན་ཆུ་བོ་བཞི་འདུས་ཀྱི་མགོ་བོ་གངས་ཅན་ཞེས་བཞག་པ་ད་ལྟའི་ཏི་སེ་ལས་གཞན་དུ་མེད་ཅིང་། མ་དྲོས་པ་མ་ཕམ་ལས་ལོགས་སུ་མེད་ལ། དེ་ལ་ཆུ་ཞེང་གི་ཚད་སོགས་མི་སྣང་ངོ་སྙམ་ན། སྔོན་བོད་ཐམས་ཅད་ཆུས་ཁྱབ་པ་དང་། དེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་ན་བསྐམས་ཏེ་སཱ་ལའི་ནགས་ཚལ་ཆགས་པར་འཇམ་དཔལ་རྩ་རྒྱུད་ལས་བཤད་པས། དེ་ཕན་དེ་ལྟར་ཡོད་ད་ལྟར་མེད་ཅེས་བརྗོད་པས་ཅི་སྐྱོན། །ལར་མདོ་གསུང་དུས་ཀྱི་གནས་དུས་ད་ལྟ་བསྡད་ན་ཚེ་དང་ལོངས་སྤྱོད་སོགས་འགྲིབ་པ་གཏན་མེད་དུ་ཐལ་ལོ། །དེས་ན་མུ་སྟེགས་གྲོག་མཁར་གྱི་ལུགས་ལ་ཏི་སེ་འདི་མིན། འདི་སྤྲེའུ་ཧ་ལུ་མན་དས་དེ་ནས་འཕངས་པའི་ཚལ་དུ་འདོད། ཁྱེད་དེའི་རྗེས་སུ་འབྲངས་ནས་སངས་རྒྱས་པའི་ལུགས་དགག་པར་བཞེད་པས་ན་ཡ་མཚན་ཅན་གསང་པའི་གྲངས་སུ་བདག་གིས་གཞུག་གོ །ད་ནི་ཀེ་ལ་ཤའི་དུས་སྦྱོར་གསུངས་པ་དེ་དག་གི་འཆར་དུས་ནི། འདིར་ལུག་གི་དུས་སྦྱོར་དང་པོར་ཤར་བ་ནས་བརྩམས་ཏེ་དུས་སྦྱོར་ཕྱི་མ་གླང་གི་དུས་སྦྱོར་འཆར་བའི་བར་གྱི་དུས་ཀྱི་རིང་ལ་ཆུ་སྲང་དགུ་ཅུ་ལྷག་པའི་ཉིས་བརྒྱ། དེས་ན་ཆུ་ཚོད་དྲུག་ཅུའི་ཆས་ཆུ་ཚོད་བཞི་དང་ཆུ་སྲང་ལྔ་བཅུ་ནི་ལུག་གི་དུས་སྦྱོར་འཆར་བའི་དུས་སོ། །དེ་བཞིན་ས་དུམ་བུ་ཐམས་ཅད་ཀྱི་བྱང་དུ་བགོས་པའི་ལྔ་པ་ཐམས་ཅད་ཀྱི་དུས་སྦྱོར་སོ་སོ་ཡང་ངོ་། །གླང་ལ་ཆུ་སྲང་ཉིས་བརྒྱ་དྲུག་ཅུ་འམ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ། འཁྲིག་པ་ལ་ཆུ་སྲང་ཉིས་བརྒྱ་འམ་ཆུ་ཚོད་གསུམ་དང་ཆུ་སྲང་ཉི་ཤུ། ཆུ་ཚོད་ལྔ་ནས་ཀརྐ་ཊ་དང་། ཆུ་ཚོད་དྲུག་སེངྒེ། བུ་མོ་ལ་ཆུ་ཚོད་དང་ཆུ་སྲང་སུམ་ཅུའོ། །དུམ་པོ་འདིར་རིམ་གྱི་དུས་སྦྱོར་དྲུག་འཆར་བའི་དུས་ནི། སྲང་ལ་ཆུ་ཚོད་དྲུག་དང་ཆུ་སྲང་སུམ་ཅུ། སྡིག་པ་ལ་དྲུག གཞུ་ལ་ལྔ། ཆུ་སྲིན་གསུམ་དང་ཆུ་སྲང་ཉི་ཤུ། བུམ་པ་ལ་བཞི་དང་ཆུ་སྲང་ཉི་ཤུ། ཉ་ལ་བཞི་དང་ཆུ་སྲང་ལྔ་བཅུའོ། །དེ་བཞིན་བོད་སོགས་ལ་རིག་པས་བརྟགས་ཏེ་ཤེས་པར་བྱའོ། །འདི་ཡང་འབྲིང་དུ་བརྩིས་པ་ཡིན་ལ་ཞིབ་པར་ནི་མ་ཡིན་ནོ། །གསུམ་པ་དབྱངས་འཆར་ལས་བཤད་པ་བླང་བ་ནི་དུས་སྦྱོར་སོ་སོའི་ཉིན་མཚན་གྱི་ཚད་ནི། ལུག་ལ་ཉིན་མཚན་དབྱུག་གུ་ནི། ནམ་མཁའ་མེ་ཞེས་ཡོངས་སུ་གྲགས། །སུམ་ཅུ་སོ་གཉིས་ཉི་ཤུ་བརྒྱད། །གླང་གི་ཉིན་མཚན་ལ་ཤེས་བྱ། །འཁྲིག་པའི་ཉིན་མོ་སུམ་ཅུ་བཞི། །ཉི་ཤུ་རྩ་དྲུག་མཚན་དུ་དྲན། །ཀརྐ་ཉིན་མོ་སུམ་ཅུ་དྲུག །མཚན་མོ་ལ་ནི་ཉེར་བཞི་ཟེར། །སེང་གེ་ཉིན་མོ་སུམ་ཅུ་བཞི། །ཉི་ཤུ་རྩ་དྲུག་མཚན་མོའི་ཚད། །བུ་མོར་གྲགས་པའི་ཉིན་མཚན་ལ། །སུམ་ཅུ་སོ་གཉིས་ཉི་ཤུ་བརྒྱད། །སྲང་ནི་ལུག་དང་འདྲ་བ་ཡིན། །སྡིག་པའི་ཉིན་ལ་ཉི་ཤུ་བརྒྱད། །མཚན་མོ་སུམ་ཅུ་རྩ་གཉིས་ཟེར། །གཞུ་ཡི་ཁྱིམ་ལ་ཉི་ཤུ་དྲུག །ཉིན་ཡིན་མཚན་ལ་སུམ་ཅུ་བཞི། །ཆུ་སྲིན་ཉིན་མོ་ཉི་ཤུ་བཞི། །མཚན་མོ་སུམ་ཅུ་རྩ་རྩ་དྲུག་གྲགས། །བུམ་པའི་ཉིན་མོ་ཉི་ཤུ་དྲུག །སུམ་ཅུ་རྩ་བཞི་མཚན་དུ་དྲན། །ཉི་ཤུ་རྩ་བརྒྱད་ཉ་ཡི་ཉིན། །མཚན་མོ་སུམ་ཅུ་རྩ་གཉིས་ཟེར། །དེ་ལྟར་ཆུ་ཚོད་ཤེས་པར་བྱ། །ཞེས་པ་ནི་གོ་སླའོ། །ཡང་ན་འོག་ནས་འཆད་པའི་དུས་སྦྱོར་སོ་སོའི་སྲང་ཚད་ལ། ཁྱིམ་ཟླ་གང་ཡིན་དེ་ནས་ཁྱིམ་དྲུག་གི་ཆུ་སྲང་རྣམས་བསྡོམས་ནས་ཆུ་ཚོད་དུ་དྲིལ་བས་ཉིན་མོའི་ཆུ་ཚོད་དང་། དེའི་ཕྱི་མའི་ཁྱིམ་དྲུག་གི་ཆུ་སྲང་རྣམས་དྲིལ་ན་མཚན་མོའི་ཆུ་ཚོད་སོགས་སྔར་བཤད་པ་དང་ཁྱད་པར་མེད་པར་འཆར་རོ། །དུས་སྦྱོར་ངེས་པ་རྟོགས་པའི་ཕྱིར། །ཉི་དག་སྐར་མ་མཁའ་རོས་བསྒྱུར། །དེའི་དོན་དུ་ཉི་དག་གི་སྐར་མ་དྲུག་ཅུས་བསྒྱུར་བ་དེ་ཆུ་ཚོད་དུ་གསིལ་བ་ཡིན། འོག་གི་ཆུ་ཚོད་དང་ལྡན་པ། དེ་ལ་འོག་གི་ཆུ་ཚོད་བསྲེ་སྟེ་ཆུ་ཚོད་དུ་རིགས་མཚུངས་པས་སོ། །མདའ་ཡོན་ཟླས་ཐོབ་འདས་པའི་ཁྱིམ། །རྒྱུ་སྐར་ཉེར་བདུན་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ལ་བགོ་བྱེད་ཁྱིམ་བཅུ་གཉིས་ཀྱིས་བགོས་པས་བརྒྱ་སོ་ལྔ་ཐོབ་པ་ནི་ཁྱིམ་རེའི་ཡུལ་གྱི་ཆུ་ཚོད་ཀྱི་ཚོགས་སོ། །དེའི་ཕྱིར་གྲངས་དེས་བགོས་ནོར་ནི་ཉི་མས་ད་ལྟ་ཡན་དུ་ལུག་ལ་སོགས་པ་འདས་པའི་ཁྱིམ་དུ་ལོངས་སྤྱོད་པ་རྣམས་རི་མོར་འཆར་བ། ལྷག་མ་སུམ་ཅུས་བསྒྱུར་བ་ལ། །ཆུ་སྲང་གཉིས་ཀྱིས་བགོས་ཐོབ་གཞུག །མདའ་ཡོན་ཟླས་ཐོབ་འདས་པའི་ཞག ཁྱིམ་དུ་ལོངས་པ་དེའི་ལྷག་མ་ནི་ཁྱིམ་ཞག་སུམ་ཅུའི་ཆ་ཤས་ཡིན་པས་དེ་གཟུང་བའི་ཕྱིར་སུམ་ཅུས་བསྒྱུར། འོག་གི་ཆུ་སྲང་ནི་གཉིས་ཀྱིས་བགོས་པས་ཐོབ་པ་དེ་ཆུ་ཚོད་ཀྱི་སུམ་ཅུ་ཆར་ཤེད་མཚུངས་པའི་ཕྱིར། སྟེང་མ་ལ་བཅུག དེ་ལ་ཁྱིམ་རེ་རེ་ཆུ་ཚོད་བརྒྱ་སོ་ལྔས་བགོས་པས་ཐོབ་པ་ནི་ད་ལྟ་བའི་ཁྱིམ་དུ་སླེབ་ནས་ཞག་ཇི་ཙམ་འདས་པའི་གྲངས་ཤེས་པའི་དོན་ཏོ། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །ཆུ་ཚོད་ལ་སོགས་རིམ་བཞིན་བྱ། །ཞག་རེ་ལ་ཆུ་ཚོད་དྲུག་ཅུ་རེ་ཡོད་པས་འདས་པའི་ཞག་གི་ལྷག་མ་དྲུག་ཅུས་བསྒྱུར་ཏེ་བགོས་པས་ཐོབ་པ་ནི་འདས་པའི་ཆུ་ཚོད་དོ། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར་བ་ལ་བགོས་པས་ཐོབ་པ་ནི་ཆུ་སྲང་། དེའི་ལྷག་མ་དྲུག་གི་བསྒྱུར་བ་ལ་བགོས་པས་ཐོབ་པ་དབུགས་ཏེ། དེ་ལ་འདས་པའི་ཁྱིམ་ནི་ཉི་མ་དག་པ་གང་ཡིན་པ་དེའི་ཚེས་དེའི་མཚམས་ཡན་ཆད་ལ་འདས་པའི་ཡུལ་གྱི་ཆུ་ཚོད་ཀྱིས་ཁྱིམ་དུ་ལོངས་པ་རྣམས་ཡིན་ལ། འདས་ཞག་ལ་སོགས་པ་ནི་དངོས་སུ་དུས་ཀྱི་ཆུ་ཚོད་སོགས་དང་། ཞར་ལ་ཡུལ་སྟེང་ནས་ཇི་ཙམ་འདས་པ་བརྟག་པའོ། །ཉིན་ཞག་རེ་ལ་ཉིན་མཚན་གྱི་འཕེལ་འགྲིབ་ཇི་ཙམ་བྱེད་ཅེ་ན། འདས་པའི་ཞག་གྲངས་ཇི་སྙེད་པ། །གནས་གཉིས་སྟེང་མ་ཆུ་ཡིས་བསྒྱུར། །ཆུ་སྲང་ཉི་ཤུ་རྩ་ལྔ་ཡིས། །འོག་མ་བསྒྱུར་ལ་དྲུག་ཅུས་བགོ །རྙེད་པ་སྟེང་དུ་སྦྱིན་པར་བྱ། །ཕྱེད་པས་ལྷག་ན་གཅིག་སྦྱིན་བྱ། །སྟེང་མ་དྲུག་ཅུས་ཐོབ་པ་རྣམས། །སྔར་བཙལ་བའི་འདས་ཞག་དེ་ཉིད་གནས་གཉིས་སུ་བཞག་ལ། ཉི་མའི་ཉིན་ཞག་གི་རྟག་ལོངས་ཆུ་ཚོད་ཆུ་སྲང་ཉེར་དྲུག་རྗེས་འབྲང་དང་བཅས་པ་སྤྱོད་པ་དེ་འདི་དབང་དུ་བྱས་ཏེ། སྟེང་མ་བཞིས་བསྒྱུར་འོག་མ་བྱེད་སླ་བའི་ཕྱེད་དུ་ཉེར་ལྔས་བསྒྱུར་ལ་དྲུག་ཅུས་བགོས་པའི་ནོར་སྟེང་དུ་སྦྱིན་ཞིང་ལྷག་མར་བགོད་བྱེད་ཀྱི་ཕྱེད་སུམ་ཅུ་ལས་ལྷག་ན་སླར་ཡང་སྟེང་དུ་གཅིག་སྦྱིན། སྟེང་མ་དེ་ལ་དྲུག་ཅུས་བགོས་པའི་ཐོབ་ནོར་རྣམས་ཞག་རེའི་འཕེལ་འགྲིབ་ཀྱི་ཚད་དོ། །ཆུ་སྲིན་ལ་སོགས་བྱང་བགྲོད་ལ། །སྦྱིན་པ་ཉིད་དུ་བྱ་བ་ཡིན། །ཀརྐ་ཊ་སོགས་ལྷོ་བགྲོད་ལ། །དོར་བས་ཉིན་མོའི་ཆུ་ཚོད་ཤེས། །འཕེལ་འགྲིབ་ཀྱི་ཚད་དེ་རྣམས་ཆུ་སྲིན། བུམ་པ། ཉ། ལུག གླང་། འཁྲིག་པ་སྟེ་བྱང་བགྲོད་ཀྱི་ཁྱིམ་དྲུག་པོའི་ཉིན་ཚད་ལ་སྟེར་ཞིང་། ཀརྐ་ཊ། སེང་གེ བུ་མོ། སྲང་། སྡིག་པ། གཞུ་སྟེ། ལྷོ་བགྲོད་ཀྱི་ཁྱིམ་དྲུག་པོའི་ཉིན་ཚད་ལ་ཕྲི་བས་ཉིན་མོའི་ཆུ་ཚོད་ཤེས་སོ། །སྟེང་མ་དྲུག་ཅུ་ལ་ཕྲི་བས་དེ་ལས་གཅིག་ཕབ་ལྷག་མ་ཕྲི་ན། དེས་ནི་མཚན་མོའི་ཆུ་ཚོད་ཤེས་སོ། །ཉིན་ཚད་དེ་རྣམས་ཉིན་ཞག་གཅིག་གི་ཆུ་ཚོད་དྲུག་ཅུ་ལ་ཕྲི་བས་མཚན་མོའི་ཆུ་ཚོད། དེ་ལས་གཅིག་ཕབ་ཆུ་སྲང་གི་འཁོར་ལོ་དྲུག་ཅུ་ལ་ཕྲི་བས་ཆུ་སྲང་དུ་འགྱུར་རོ། །དེས་ཉིན་ཞག་དེ་ལ་ཉིན་མཚན་ཀྱི་ཆུ་ཚོད་ཅི་ཙམ་ཡོད་པ་ཤེས་སོ། །འདས་པའི་ཞག་གྲངས་རང་རང་གི །ཆུ་སྲང་གིས་ནི་བསྒྱུར་བར་བྱ། །ཁྱིམ་དེར་འདས་པའི་ཞག་གྲངས་གོང་གི་དེ་རྣམས་ལོགས་སུ་བཀོད་པ་ལ་ད་ལྟ་བའི་ཁྱིམ་རང་རང་གི་ཁྱིམ་འོག་ནས་འཆད་པའི་ནམ་མཁའ་མཁའ་ཟུང་ལ་སོགས་པ་རྣམས་ཀྱིས་བསྒྱུར་བར་བྱའོ། །བསྒྱུར་བ་དེ་ལ་མཁའ་མེས་བགོ །ཐོབ་པ་ཁྱིམ་དེར་འདས་པ་ཡི། །ཆུ་སྲང་ཡིན་ནོ་ཤེས་ལྡན་དག །རང་རང་གི་ཆུ་སྲང་གིས་བསྒྱུར་བ་དེ་ལ། ཁྱིམ་ཞག་སུམ་ཅུས་བགོས་པ་ཐོབ་པ་ནི་ཁྱིམ་དེར་ཉི་མས་སྔར་ལོངས་སྤྱོད་ཟིན་པའི་ཡུལ་གྱི་ཆུ་ཚོད་རྣམས་ནམ་ལངས་གོང་དུ་འཆར་བ་ངེས་པས་ན་ནམ་ལངས་པའི་སྔ་རོལ་ཏུ་འདས་པའི་ཆུ་སྲང་ཡིན་ནོ། །དེ་ཡི་ཁྱིམ་གྱི་ཆུ་སྲང་ལ། །ཕྲི་བའི་ལྷག་མ་མ་འོངས་པ། །འདས་པའི་ཆུ་སྲང་དེའི་ཁྱིམ་ད་ལྟ་བའི་ཆུ་སྲང་གི་ཕུང་པོ་ལ་སྦྱངས་པའི་ལྷག་མ་ནི་ནམ་ལངས་དུས་ལས་མ་འོངས་པའི་ཆུ་སྲང་ངོ་། །རྒྱ་མཚོ་ཆུ་དང་ཟླ་བ་ལ། །ཉི་མ་དགུང་དང་བུ་མོའི་ཁྱིམ་དུ་ཞུགས་པའི་དུས་ཀྱི་སྔ་དྲོ་དང་པོ་ནས་བརྩམས་ཏེ་ཉི་མ་ཕྱེད་ཡན་ཆད་ཀྱི་ཆུ་ཚོད་དགུ་ཆར་གསིལ་བའམ་དགུ་འགྱུར་དུ་སྤེལ་བའི་གྲངས་ཡིན། དེའི་རྒྱུ་མཚན་ནི་དེ་ལ་དགུས་བགོས་པའི་ནོར་ཆུ་ཚོད་བཅུ་དྲུག་འབྱུང་ཞིང་། དེ་ལ་ཉིན་མོའི་ཆུ་ཚོད་སུམ་ཅུ་རྩ་གཉིས། མཚན་མོ་ཉེར་བརྒྱད་ཀྱི་དབང་དུ་བྱས་ནས། ཉི་མོའི་ཡང་སྔ་དགོང་གཉིས་ལ་རིང་ཐུང་མེད་པའི་དབང་དུ་བྱས་ཏེ་ཉི་མ་དགུང་གི་དུས་སུ་ཆུ་ཚོད་བཅུ་དྲུག་རི་མོར་འཆར་བ་ཡིན་ལ། དགུས་བགོས་པའི་རྒྱུ་མཚན་ཡང་ཉི་མ་གཞུའི་མཐར་ཐུག་པའི་དུས་ཀྱི་ཉི་མ་དགུང་ལ་ཐུར་མ་སོར་བདུན་པའི་གྲིབ་མ་ལ་སོར་དྲུག་བྱུང་། དེ་ནས་ཁྱིམ་ཟླ་རེ་རེ་འདས་པ་ན་གྲིབ་མ་སོར་རེ་རེ་འབྲི་སྟེ། དེས་བུ་མོ་དང་གླང་གི་དུས་སུ་ཐུང་ལ་གྲིབ་མ་སོར་གཉིས་དང་ཐུར་མ་སོར་བདུན་བསྡོམས་པས་དགུ་བྱུང་ཞིང་དེས་བགོད་པ་ཡིན་ནོ། །ལུག་དང་སྲང་ལ་དྲུག་སྦྱིན་ཞིང་། །རྒྱ་མཚོ་ཆུ་དང་ཟླ་བ་ལ་དྲུག་སྦྱིན་པའི་བརྒྱ་ལྔ་བཅུ་ནི་ཉི་མ་སྲང་དང་ལུག་གི་ཁྱིམ་ན་ཡོད་པའི་དུས་ཀྱི་སྔ་དྲོའི་ཆུ་ཚོད་བཅུ་ཆར་གསིལ་བའི་གྲངས་སམ་བཅུ་འགྱུར་དུ་སྤེལ་བའི་གྲངས་ཡིན་ཏེ། དེ་ཡང་དེའི་དུས་ཀྱི་ཉིན་དགུང་གི་གྲིབ་མ་སོར་གསུམ་དང་ཐུར་མའི་སོར་གྲངས་བསྡོམས་ནས་བཅུས་བགོས་པས་བཅོ་ལྔ་འཐོབ། གླང་དང་བུ་མོ་རང་སོར་བཞག གླང་དང་བུ་མོའི་ཁྱིམ་དུ་ཉི་མ་གནས་པའི་དབང་དུ་བྱས་པའི་ཕྱིར་རང་སར་བཞག་པ་ཉིད་ཀྱིས་རྣམ་པར་དག་པའོ། །འཁྲིག་པ་སེང་གེར་གདེངས་ཅན་དོར། །བརྒྱ་ཞེ་བཞི་ལས་བརྒྱད་ཕྲི་བའི་བརྒྱ་སོ་དྲུག་ནི་ཁྱིམ་དེ་གཉིས་སུ་ཞུགས་པའི་དུས་ཀྱི་ཉིན་དགུང་ཐུར་ཤིང་གི་གྲིབ་མ་སོར་གཅིག་དང་བསྡོམས་པས་བརྒྱད་བྱུང་། དེས་བརྒྱ་སོ་དྲུག་ལ་བགོས་པས་བདུན་ཐོབ་པ་ནི་དེའི་དུས་ཀྱི་ཉིན་ཕྱེད་ཡན་ཅད་ཀྱི་ཆུ་ཚོད་ཀྱི་གྲངས་སོ། །ཀརྐ་ཊ་རུ་བཅོ་བརྒྱད་དབྲི། བརྒྱ་ཞེ་བཞི་ལ་བཅོ་བརྒྱད་ཕྲི་བའི་ལྷག་མ་བརྒྱ་ཉེར་དྲུག་ལ་ཐུར་ཤིང་ཉིན་དགུང་གྲིབ་མ་མེད་པའི་ཕྱིར་ཐུར་ཤིང་ཉིད་ཀྱིས་བགོས་པས་བཅོ་བརྒྱད་ཐོབ་པ་ནི་དེའི་དུས་ཀྱི་ཉིན་མོ་ལ་སོ་དྲུག་ཏུ་བྱས་པའི་ཉིན་ཕྱེད་ཡན་ཅད་ལ་བཅོ་བརྒྱད་ཐོབ་པའོ། །སྡིག་པ་ཉ་ལ་བཅུ་ཡང་སྦྱིན། །བརྒྱ་ཞེ་བཞི་ལ་བཅུ་སྦྱིན་པའི་བརྒྱ་ང་བཞི་ལ་ཁྱིམ་དེ་གཉིས་ཀྱི་ཉིན་ཕྱེད་ན། གྲིབ་མ་སོར་བཞི་དང་ཐུར་ཤིང་བསྡོམས་པའི་བཅུ་གཅིག་གིས་བགོས་པས་བཅུ་བཞི་ཐོབ་པ་ནི། དེ་གཉིས་ཀྱི་དུས་སུ་ཉིན་མཚན་ཉེར་བརྒྱད་བརྒྱད་དུ་བརྩིས་པའི་ཕྱེད་གོང་ཡན་ཅད་ལ་ཆུ་ཚོད་བཅུ་བཞིར་བཞག་པའོ། །གཞུ་དང་ཆུ་སྲིན་བུམ་པ་ལ། །བཅུ་གཉིས་ནོར་དུ་མཁས་པས་སྦྱིན། །ཞེས་པ་ནི་བརྒྱ་ཞེ་བཞི་ལ་བཅུ་གཉིས་བསྲེས་པའི་བརྒྱ་ང་དྲུག་ལ་ཉི་མ་ཐུང་དུས་ཀྱི་ཐུར་ཤིང་གྲིབ་མ་སོར་དྲུག་དང་བསྡོམས་ནས་བཅུ་གསུམ་གྱིས་བགོས་པས་བཅུ་གཉིས་འཐོབ། དེ་ནི་དེ་དུས་ཀྱི་ཉིན་མོའི་ཆུ་ཚོད་ཉེར་བཞིའི་ཕྱེད་ཉིན་ཕྱེད་ཡན་ཆད་ལ་བཅུ་གཉིས་སུ་རྣམ་གཞག་བྱས་པའོ། །དེ་ལ་ཐུབ་པ་ཤིང་བུ་དང་། །གྲིབ་མར་བཅས་པས་བགོ་བར་བྱ། །དེ་ལྟར་རྒྱ་མཚོ་ཆུ་ཟླ་ལ་ཉི་མ་གང་ན་ཡོད་པའི་ཁྱིམ་དེ་དང་རྗེས་སུ་མཐུན་པའི་སྣོན་འབྲིད་བྱས་པ་དེ་ལ་སོར་བདུན་དང་ལྡན་པའི་ཤིང་བུ་ནི་ཐུབ་ཤིང་སྟེ། དེ་གྲིབ་མའི་སོར་གྲངས་དང་བཅས་པ་བསྡོམས་པས་བསྒོ་བར་བྱའོ། །ཐོབ་པའི་ནོར་ནི་ཆུ་ཚོད་དེ། །སྔ་དྲོ་འདས་པ་ཕྱི་དྲོ་ལུས། །སྔ་དྲོའི་དུས་རྒྱ་མཚོ་ཆུ་དང་ཟླ་བ་ལ་ཐུར་ཤིང་གྲིབ་མ་དང་བཅས་པས་བགོས་པའི་ཐོབ་ནོར་དེ་ཉིད་འདས་པའི་ཆུ་ཚོད་ཀྱི་གྲངས་ཡིན་པས། དེ་དྲུག་ཅུས་བསྒྱུར་བ་ཆུ་སྲང་དུ་སོང་བ་ལ་ཐོག་མར་ཁྱིམ་ད་ལྟ་བའི་སྟེང་ནས་ནམ་ལངས་གོང་དུ་འདས་པའི་ཆུ་སྲང་གི་སྦྱངས་པའི་ལྷག་མའི་མ་འོངས་པའི་ཆུ་སྲང་གིས་འབྲིད་ཅིང་། ལྷག་གིས་མ་ལྡང་ན་ཁྱིམ་དེའི་ཕྱི་མ་ཕྱི་མ་རྣམས་ཀྱི་ཆུ་སྲང་གིས་སྦྱང་བར་བྱ་ཞིང་། གལ་ཏེ་ཕྱི་དྲོ་ཡིན་ན་བགོས་པའི་ཐོབ་ནོར་དེ་ལུས་པ་མ་འོངས་པའི་ཆུ་སྲང་གི་ཚོགས་ཡིན་པས། དེས་དེའི་དུས་ཀྱི་ཉིན་མོའི་ཆུ་ཚོད་དྲུག་ཅུས་བསྒྱུར་བ་ལ་རིམ་པ་བཞིན་སྦྱངས་པས་ནམ་མ་ལྡང་བ་དེའི་ཚེ་དེ་ཉིད་ད་ལྟ་བར་ཤེས་པར་བྱའོ། །དེ་ཡང་སྔ་དྲོ་དང་ཕྱི་དྲོ་གང་ཡིན་ཡང་། འདས་པའི་ཆུ་ཚོད་དྲུག་ཅུས་བསྒྱུར། །དེ་ལ་མ་འོངས་ཆུ་སྲང་གིས། །ཕྲི་བས་མ་ལྡང་ཏཏ་ཀཱ་ལ། །ཏཏ་ཀཱ་ལ་ནི་དེའི་དུས་ཞེས་པ་ཡིན་ལ། དེ་ནས་བགྲངས་པའི་བདུན་པ་ནི་ནུབ་པའི་དུས་སྦྱོར་གྱི་དུས་ཏེ། ལྷག་མ་ནི་གོ་སླའོ། །ལུག་སོགས་དྲུག་ལ་རིམ་པ་སྟེ། །སྲང་སོགས་དྲུག་ལ་ལྡོག་པ་དབྲི། །གལ་ཏེ་མ་ལྡང་ཐིག་ལེ་ཤར། །དེ་ནི་དུས་སྦྱོར་ཏཏ་ཀཱ་ལ། །དེ་ལ་རང་རང་ཆུ་སྲང་གི །ནམ་མཁའ་མཁའ་ཟུང་ལུག་གི་ཚད། །ནམ་མཁའ་རིག་བྱེད་མཚོ་མེ་གླང་། །སྟོང་པ་ནོར་ལྷ་ཟུང་འཁྲིག་པ། །མཁའ་སོ་ཀརྐ་ཊ་རུ་དྲན། །མཁའ་དུས་མི་རྣམས་སེང་གེ་ལའོ། །ནམ་མཁའ་མཁའ་མཚོ་བུ་མོ་སྟེ། །རིམ་པའོ་རིམ་པ་མིན་པ་ལས། །སྲང་སོགས་ལྡོག་གོ་གངས་རིའི་བདག །ཅེས་པའོ། །ད་ནི་དུས་སྦྱོར་དུམ་བུ་དྲུག་པ་བཤད་པར་བྱ་སྟེ། །དུས་སྦྱོར་གཅིག་དང་ཕྱེད་པ་དང་། །སུམ་ཆ་དགུ་ཆ་བཅུ་གཉིས་ཆ། །སུམ་ཅུའི་ཆ་ཡི་བྱེ་བྲག་རྣམས། །ཤེས་པར་གྱིས་ཤིག་ལྷ་མཛེས་མ། །ཉིན་ཞག་གཅིག་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དུས་སྦྱོར་བཅུ་གཉིས་ཀྱིས་ཕྱེ་བས་དུས་སྦྱོར་གཅིག་ལ་སྟོང་བརྒྱད་བརྒྱ་འབྱུང་། དེ་ལ་ཕྱེད་དང་། སུམ་ཆ། དགུ་ཆ། བཅུ་གཉིས་ཆ། སུམ་ཅུ་ཆའི་དབྱེ་བས་དྲུག་ཏུ་ཕྱེའོ། །ཕྲི་བའི་ལྷག་མ་སུམ་ཅུས་བསྒྱུར། །དེ་ལ་ཏཏ་ཀཱལ་ཆུ་སྲང་གིས། །བགོས་པས་ཐོབ་པ་ཆ་ཤས་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །ཆུ་སྲང་གིས་ཐོབ་དབྱུག་གུ་ཡིན། །ཡང་ལྷག་དྲུག་ཅུས་བསྒྱུར་བ་ལ། །ཆུ་སྲང་གིས་ཐོབ་ཆུ་སྲང་ཡིན། ཡང་ལྷག་དྲུག་བསྒྱུར་བགོས་དབུགས་ཏེ། །ཏཏ་ཀཱལ་ཆ་ཤས་དབྱུག་སྲང་དབུགས། །དུས་སྦྱོར་གྱིས་ནི་གནས་ལྔར་བཞེད། །ཏཏ་ཀཱལ་གྱི་དུས་མ་འོངས་པའི་ཆུ་སྲང་གིས་འབྲིད་པར་མ་ལྡང་བའི་ལྷག་དེ་དེ་དུས་གྱི་དུས་སྦྱོར་དང་པོ་ཡིན་པས་ཐོག་མར་བཞག དེ་འདྲ་བ་གཅིག་ལོགས་སུ་བཀོད་ལ་སུམ་ཅུ་ཆར་སུམ་ཅུས་བསྒྱུར། དེ་ལ་ཏཏ་ཀཱལ་གང་ཡིན་གྱི་ཆུ་སྲང་གིས་བགོ དཔེར་ན་ཏཏ་ཀཱལ་ལུག་ཡིན་ན་ཉིས་བརྒྱས་བགོ་བ་བཞིན་ནོ། །ཐོབ་པ་དེ་ཆ་ཤས་ཡིན་པས་སྔར་ཐོག་མར་བཞག་པ་དེའི་འོག་ཏུ་བཞག ལྷག་མ་ཆུ་ཚོད་ཀྱི་དོན་དུ་དྲུག་ཅུས་བསྒྱུར། སྔར་བཞིན་བགོས་པས་ཐོབ་པ་དབྱུག་གུ ལྷག་མ་སྲང་གི་དོན་དུ་དྲུག་ཅུས་བསྒྱུར་ལ་བགོས་པས་ཆུ་སྲང་། ལྷག་མ་དབུགས་ཀྱི་དོན་དུ་དྲུག་གིས་བསྒྱུར་ལ་བགོས་པས་དབུགས་སོ། །དེ་ལྟར་ན་ཏཏ་ཀཱལ་དང་། ཆ་ཤས། དབྱུག་གུ། ཆུ་སྲང་། དབུགས་རྣམས་ཏེ་གནས་ལྔའོ། །དུས་སྦྱོར་ཐོག་མར་བཞག་པའི་ཕྱིར། །ཏཏ་ཀཱལ་ནི་སུམ་ཅུས་བསྒྱུར། །འོག་གི་ཆ་ཤས་སྟེང་དུ་གཞུག །དེ་ཡང་དྲུག་ཅུས་བསྒྱུར་བྱ་སྟེ། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མཁའ་མཁའ་བརྒྱད་དང་གཟུགས་ཀྱིས་བགོད། །ཐོབ་པ་དུས་སྦྱོར་ཏཏ་ཀཱལ། ཐོག་མར་བཞག་པའི་ཏཏ་ཀཱལ་དེ་དག་པར་ངེས་པ་སྐྱེ་བའི་ཕྱིར་གནས་ལྔའི་ཐོག་མར་བཞག་པའི་ཏཏ་ཀཱལ་དེ་ཆ་ཤས་སུ་གསིལ་བའི་ཕྱིར་སུམ་ཅུས་བསྒྱུར་ལ་འོག་གི་ཆ་ཤས་བཅུག སླར་ཆུ་ཚོད་དུ་གསིལ་བའི་ཕྱིར་དྲུག་ཅུས་བསྒྱུར་ལ་ཆུ་ཚོད་བཅུག་སྟེ། དུས་སྦྱོར་གཅིག་གི་ཐོབ་སྐལ་སྟོང་བརྒྱད་བརྒྱས་བགོས་པའི་ནོར་ཐོག་མར་བཞག་པའི་ཏཏ་ཀཱལ་དེ་དང་ཁྱད་པར་མེད་པའི་རི་མོ་འཆར་བ་དུས་སྦྱོར་གཅིག་པ་དེ་ཀའོ། །དུས་སྦྱོར་ཕྱེད་པ་བལྟ་བའི་ཕྱིར། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །འོག་གི་ཆུ་ཚོད་སྟེང་དུ་གཞུག མཁའ་མཁའ་བུ་གས་དགོས་པ་ལ། །ཕྱེད་པས་ལྷག་ན་གཅིག་སྦྱིན་བྱ། །གཉིས་ལས་མང་བ་མི་སྲིད་དེ། །གཅིག་གི་བདག་པོ་ཉི་མ་སྟེ། །གཉིས་ཀྱི་བདག་པོ་ཟླ་བ་ཡིན། །དུས་སྦྱོར་ཕྱེད་པ་ནི། སྔར་བཙལ་བའི་ཆ་ཤས་ཆུ་ཚོད་དུ་གསིལ་བའི་ཕྱིར་དྲུག་ཅུས་བསྒྱུར་ལ་ཆུ་ཚོད་བསྲེས། དུས་སྦྱོར་གཅིག་གི་སྟོང་བརྒྱད་བརྒྱའི་ཕྱེད་དགུ་བརྒྱས་བགོས་པའི་ལྷག་ལ་བགོད་བྱེད་ཀྱི་ཕྱེད་ལས་ལྷག་ན་ཐོབ་ནོར་དེ་ལ་གཅིག་སྦྱིན། ཐོབ་ནོར་ལ་གཉིས་ལས་མང་བ་མི་སྲིད་པས། གཅིག་ཉི་མ་དང་། གཉིས་བྱུང་ན་ཟླ་བ་ཡིན་པས་དུས་སྦྱོར་ཕྱེད་པའི་གཟར་ཤེས་པར་བྱའོ། །དེ་ནས་དུས་སྦྱོར་སུམ་ཆ་བརྟག སྔར་བཞིན་ཆ་ཤས་དྲུག་ཅུས་བསྒྱུར། །ཆུ་ཚོད་སྟེང་གཞུག་དྲུག་བརྒྱས་བགོད། །ཇི་སྲིད་ལྷག་ན་གཅིག་སྦྱིན་བྱ། །རྙེད་པ་གསུམ་ལས་མང་མི་སྲིད། །གཅིག་ནི་ཏཏ་ཀཱལ་ཡིན་ཏེ། །གཉིས་ནི་ཏཏ་ཀཱལ་གྲངས་ལྔ། །གསུམ་བྱུང་དགུ་པའི་དུས་སྦྱོར་བཤད། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །དུས་སྦྱོར་སུམ་ཆ་བརྟག་པ་ནི། །ཆ་ཤས་དྲུག་ཅུས་བསྒྱུར་འོག་གི་ཆུ་ཚོད་བསྲེ་བ་དུས་སྦྱོར་ཕྱེད་པར་བཤད་པ་བཞིན་བྱས། དུས་སྦྱོར་གཅིག་གི་སྟོང་བརྒྱད་བརྒྱའི་སུམ་ཆ་དྲུག་བརྒྱས་བགོས་པས་ལྷག་མར་བགོ་བྱེད་ཀྱི་ཕྱེད་ལས་ལྷག་ན་ཐོབ་ནོར་ལ་གཅིག་སྦྱིན་ལ། རྙེད་པ་གསུམ་ལས་མང་བ་མི་སྲིད་པས། གཅིག་བྱུང་ན་ཏཏ་ཀཱལའི་ཞིང་བདག་གི་གཟའ་དང་། གཉིས་བྱུང་ན་ཏཏ་ཀཱལ་ནས་བགྲངས་པའི་ཁྱིམ་ལྔ་པའི་ཞིང་བདག་གི་གཟའ། གསུམ་བྱུང་ན་ཏཏ་ཀཱ་ལ་ནས་བགྲངས་པའི་ཁྱིམ་དགུ་པའི་ཞིང་བདག་གི་གཟར་རིག་པར་བྱའོ། །དེ་ནས་དགུ་ཆ་བརྟག་པར་བྱ། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །ཆུ་ཚོད་སྟེང་གཞུག་མཁའ་སྟོང་མིག །བགོས་པས་ལྷག་ན་གཅིག་སྦྱིན་བྱ། །དེ་ནི་དུས་སྦྱོར་དགུ་ཆ་སྟེ། །ཐོག་མར་ཏཏ་ཀཱལ་གང་ཡིན་ནས། །གཟུང་ལ་དགུ་ཆ་གང་ཡིན་བལྟ། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །ལུག་སེང་གཞུ་རྣམས་ལུག་ནས་བགྲང་། །ཆུ་སྲིན་བུ་མོ་གླང་རྣམས་ནི། །ཆུ་སྲིན་ནས་ནི་ཐོག་མར་བྱ། །འཁྲིག་པ་བུམ་པ་སྲང་རྣམས་ནི། །དང་པོ་སྲང་ནས་གྲངས་བཟུང་ངོ་། །ཀརྐ་ཊ་དང་སྡིག་པ་ཉ། །ཀརྐ་ཊ་ཉིད་ཐོག་མར་བཞག །དུས་སྦྱོར་དགུ་ཆ་བརྟག་པ་ནི། །ཆ་ཤས་དྲུག་ཅུས་བསྒྱུར་བ་སྔར་བཞིན་ལ། དུས་སྦྱོར་གཅིག་གི་སྟོང་བརྒྱད་བརྒྱའི་དགུ་ཆ་ཉིས་བརྒྱས་བགོས་ལྷག་བྱུང་ན་ཐོབ་ནོར་ལ་གཅིག་སྦྱིན། ནོར་དུ་ཙམ་བྱུང་ཡང་། ཏཏ་ཀཱལ་ལུག སེང་གེ གཞུ་གསུམ་གང་རིགས་ལ་བྱུང་ན། ལུག་ནས་ཐོག་མར་འགོ་འཛིན། དེ་བཞིན་དུ་ཆུ་སྲིན། བུ་མོ། གླང་གསུམ་ལ་ཆུ་སྲིན་ནས་འཁྲིག་པ་བུམ་པ་སྲང་གསུམ་ལ་སྲང་ནས་ཀརྐ་ཊ། སྡིག་པ། ཉ་གསུམ་ལ་ཀརྐ་ཊ་ནས་བགྲངས་པའི་ཁྱིམ་གང་ལ་བབས་པ་དེའི་ཞིང་གི་བདག་པོའི་འབྲས་བུ་འབྱུང་ངོ་། །བཅུ་གཉིས་ཆ་ནི་བལྟ་བ་ན། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །ཆུ་ཚོད་སྟེང་གཞུག་མཁའ་ཚེས་ཀྱིས། །ཐོབ་ལ་ལྷག་ན་གཅིག་སྦྱིན་བྱ། །ཏཏ་ཀཱལ་ནས་བགྲངས་པ་ཡི། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །དུས་སྦྱོར་བཅུ་གཉིས་ཆ་བརྟག་པ་ནི། ཆ་ཤས་དྲུག་ཅུས་བསྒྱུར་བ་སྔར་བཞིན་ལ། དུས་སྦྱོར་གཅིག་གི་སྟོང་བརྒྱད་བརྒྱའི་བཅུ་གཉིས་ཆ་བརྒྱ་ལྔ་བཅུས་བགོས་པའི་ལྷག་བྱུང་ན་ཐོབ་ནོར་ལ་གཅིག་སྦྱིན། ནོར་དེས་ཏཏ་ཀཱལ་ནས་བགྲངས་པའི་ཁྱིམ་དེའི་ཞིང་གི་བདག་པོའི་གཟའ་འབྲས་སོ། །གཞན་ཡང་སུམ་ཅུའི་ཆ་ལ་ཡང་། །ཆ་ཤས་སྔར་བཞིན་བསྒྱུར་བ་ལ། །ཆུ་ཚོད་བཅུག་ལ་མཁའ་རོས་བགོ །ལྷག་ན་ཐོབ་ལ་གཅིག་སྦྱིན་བྱ། །མིག་དམར་སྤེན་པ་ཕུར་བུ་དང་། །གཟའ་ལྷག་པ་སངས་རིམ་བཞིན་བཞག །ལྔ་དང་ལྔ་དང་བརྒྱད་བདུན་ལྔ། །གནས་གཉིས་དག་ནི་བཀོད་པ་ལས། །ལུག་སོགས་མི་མཉམ་པ་ཡི་ཁྱིམ། །རིམ་པ་བཞིན་དུ་བགྲངས་པ་ཡིས། །དབུས་ཀྱི་བདག་པོའི་འབྲས་བུ་འབྱུང་། །གླང་སོགས་མཉམ་པ་རིམ་མིན་ཏེ། །དེ་ལྟར་ཤེས་བྱ་མཛེས་མ་ཀྱེ། །དུས་སྦྱོར་སུམ་ཅུ་ཆ་བརྟག་པ་ནི། ཆ་ཤས་བསྒྱུར་བ་སྔར་བཞིན་ལ། །དུས་སྦྱོར་གཅིག་གི་སྟོང་བརྒྱད་བརྒྱའི་སུམ་ཅུའི་ཆ་དྲུག་ཅུས་བགོས་པའི་ལྷག་བགོད་བྱེད་ཀྱི་ཕྱེད་ལས་ལྷག་ན་ཐོབ་ནོར་ལ་གཅིག་སྦྱིན་ཏེ། གྱེན་དུ་རེ་ཁཱ་བཞི་དང་འཕྲེད་དུ་དྲུག་བྱས་པའི་དབུས་ཀྱི་རེ་མིག་སྟེང་རིམ་བཞིན། མིག་དམར། སྤེན་པ། ཕུར་བུ། ལྷག་པ། པ་སངས་རྣམས་བཞག དེའི་གཡས་གཡོན་གཉིས་སུ་སྟེང་ནས་རིམ་པ་བཞིན་ལྔ་དང་ལྔ། བརྒྱད། བདུན། ལྔ་རྣམས་བཀོད་ལ། སྔར་དྲུག་ཅུས་བགོས་པའི་ཐོབ་ནོར་ལ་ཏཏ་ཀཱ་ལ་ལུག་སོགས་མི་མཉམ་པའི་ཁྱིམ་དྲུག་གི་སྟེང་ནས་རིམ་པར་ལྔ་ནས་ལྔ་ལ་སོགས་པས་ཕྲི་བས་དབུས་ཀྱི་གཟའི་འབྲས་བུ་འབྱུང་། དཔེར་ན་ཐོབ་ནོར་ལ་བཅུ་ཡོད་ན་ལྔ་སོགས་ཀྱི་ཕྲི་བས་དབུས་ཀྱི་སྤེན་པ་འབྱུང་བ་བཞིན་ནོ། །ཏཏ་ཀཱ་ལ་གླང་སོགས་མཉམ་པའི་ཁྱིམ་དྲུག་གི་འོག་ནས་རིམ་བཞིན་དུ་ལྔ་ནས་བདུན་ལ་སོགས་པས་ཕྲི་བས་དབུས་ཀྱི་གཟའི་འབྲས་བུ་འབྱུང་། དཔེར་ན་ཐོབ་ནོར་ལ་བཅུ་གཉིས་ཡོད་ན་རིམ་བཞིན་གྱིས་ལྔ་ལ་སོགས་པས་ཕྲི་བས་དབུས་ཀྱི་ལྷག་པ་འབྱུང་བཞིན་པ་བརྩི་བར་བྱས་པས་སུམ་ཅུ་ཆའི་གཟར་འགྱུར་རོ། །དེ་ཙམ་སྤྱོད་པའི་རྒྱུ་མཚན་ཡང་ནང་གི་ཡིན་པས་ལོ་བརྒྱའི་དབུ་མའི་དབུགས་སུ་དུས་ཀྱི་འཁོར་ལོ། དེས་དམན་པའི་ལོ་བརྒྱའི་ལྷག་མ་གཟའ་བརྒྱད་ཀྱི་སྤྱོད་ཚུལ་བཤད་དེ། དབང་མདོར་བསྟན་ལས། དུས་སྦྱོར་འཆར་བའི་སྔོན་མཚམས་སུ། །དབུ་མ་ནས་ནི་མཉམ་པ་འབབ། །རྐང་པ་དང་བཅས་ལྔ་བཅུ་དྲུག །འབྱུང་དང་འཇུག་གོ་མི་ཡི་བདག །བདུན་ཅུ་རྩ་ལྔས་ལྷག་པ་ཡི། །དྲུག་བརྒྱ་ཉིན་དང་མཚན་མོ་ལའོ། །དྲུག་བརྒྱ་རྣམས་ཀྱིས་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ། །འདི་ཡིས་དམན་པ་གང་དེ་རྣམས། །གཡོན་དང་གཡས་པའི་རྩར་འབབ་བོ། །ཞེས་པས། ལོ་བརྒྱའི་བར་གྱི་མཉམ་རྒྱུ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡམས་པས་ལོ་གསུམ་ཕྱོགས་གསུམ་བྱུང་། ལྷག་མའི་ལོ་གོ་བདུན་ཟླ་ཕྱེད་པ་གསུམ་གྱིས་དམན་པ་རོ་རྐྱང་གི་རླུང་གི་ཐོབ་སྐལ། དེ་ཡང་ཉི་མའི་ཡེ་ཤེས་ཀྱི་ཆ་རགས་པ་སུམ་ཅུ་ཆ། ཞིབ་ཏུ་བརྩིས་པ་སོ་གཉིས་ཕྱེད་དང་བཅས་པའི་ཆ། འདིར་འབྲིང་པོའི་དབང་དུ་བྱས་ནས་སོ་གཉིས་ཀྱིས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་བགོས་པས་དྲུག་བརྒྱ་དང་དོན་ལྔ་ཐོབ་པ་ནི་ཞག་གཅིག་གི་ཡེ་ཤེས་ཀྱི་རླུང་གི་གྲངས་ཡིན། དབུགས་ཀྱི་གྲངས་དེ་ལ་བཅུ་གཉིས་ཀྱིས་བགོས་པས་སྟོང་བརྒྱད་བརྒྱ་ཐོབ་པ་ནང་གི་དུས་སྦྱོར་འཕོ་བ་རེའི་གྲངས་དེ་ལྔས་བགོས་པས་སུམ་བརྒྱ་དྲུག་ཅུ་ཐོབ་པ་འཕོ་ཆུང་ངམ་དབྱུག་གུའི་ཆུ་ཚོད་རེའི་གྲངས་སོ། །ཕྱི་མ་དེ་ཕྱེད་མའི་ཕུང་པོ་སྟོང་པའི་དོན་དུ་གཉིས་ཀྱིས་བསྒྱུར། དེ་དྲུག་ཅུ་རེ་ལྔས་བགོས་པས་བཅུ་གཅིག་ཐོབ་ལ། ལྷག་མ་བཅུ་གསུམ་གྱིས་བསྒྱུར་བ་ལ་རེ་ལྔས་བགོས་པས་གཅིག་ཐོབ་སྟེ་རྐང་བཅས་སོ། །ང་དྲུག་རྐང་བཅས་འཚོལ་ཁྱེར་ནི་འཕོ་ཆེན་གཅིག་གི་དབུགས་ལ་སོགས་གཉིས་ཀྱིས་བགོས་པས་ང་དྲུག་འཐོབ། ལྷག་མ་བརྒྱད་བྱུང་། དེ་བཞི་ཆར་གསིལ་བའི་དོན་དུ་བཞིས་བསྒྱུར་བ་སོ་གཉིས་ཀྱིས་བགོས་པ་བཞི་ཆ་གཅིག་ཐོབ་ལྷག་མ་མེད། ཡང་འཕོ་ཆུང་གཅིག་གི་དབུགས་སུམ་བརྒྱ་དྲུག་ཅུ་ལ་སོ་གཉིས་ཀྱིས་བགོས་པས་བཅུ་གཅིག་འཐོབ། ལྷག་མ་བརྒྱད་བྱུང་། དེ་བཞི་ཆར་གསིལ་བའི་དོན་དུ་བཞིས་བསྒྱུར། དེ་སོ་གཉིས་ཀྱིས་བགོས་པས་རྐང་བཅས་ཏེ་གཅིག་ཐོབ་ནས་ལྷག་མེད་དུ་འགྲོའོ། །འདི་ཡང་འབྲིང་སོ་གཉིས་ཕྱེད་བརྩིས་སུ་བྱས་པ་ཡིན་ནོ། །དེས་ན་དབུགས་སོ་གཉིས་ན་ཡེ་ཤེས་ཀྱི་དབུགས་རེ། འཕོ་ཆུང་ལོངས་ཚེ་དྲུག་པོ་རྐང་བཅས། འཕོ་ཆེན་དུ་ལོངས་ཚེ་དྲུག་རྐང་བཅས་ལས་དངོས་སུ་སྣར་འབབ་པ་ནི་འཕོ་ཆེན་ཁོ་ནའི་མཐའ་འོ། །དབུགས་ལ་སོགས་པའི་དུས་སུ་དེའི་སྐལ་བ་བཞག་ནས་དེས་དམན་པའི་གྲངས་བྱུང་བ་ཡིན་ནོ། །འདི་ལྟ་བུ་ལ་རོང་པ་རྒ་ལོ་རྣམ་དག་ཁ་སྐོང་གི་རྩིས་ཟེར། དོན་ཕྱི་ནང་སྦྱོར་བ་ཡིན་ལ། ཕྱིའི་དུས་སྦྱོར་ལ་རིང་ཐུང་ཡོད་ཀྱང་ནང་གི་དུས་སྦྱོར་ལ་ཆུ་ཚོད་ལྔ་ལྔ་ལས་མེད་པ་དང་། ཕྱིར་ལྷོ་བགྲོད་དྲུག་འདབ་ཆགས། དེ་བཞིན་བྱང་བགྲོད་ཀྱི་ཁྱིམ་པར་འདབ་ཆགས་ལ་འདིར་སྤེལ་མར་བཤད་པ་སོགས་ཀྱི་དག་བྱེད་རགས་རིམ་ཙམ་མོ། །ནང་དུ། དབུགས་ནི་དགུ་བརྒྱས་ཕྱོགས་ཡིན་ཏེ། །སྟོང་དང་བརྒྱད་བརྒྱས་ཟླ་བའོ། །སུམ་སྟོང་དྲུག་བརྒྱ་དུས་སུ་བརྗོད། །ལྔ་སྟོང་བཞི་བརྒྱ་དུས་ཡིན་ནོ། །སྟོང་ཕྲག་བདུན་དང་ཉིས་བརྒྱ་ཅུས། །བརྒྱ་ཕྲག་བརྒྱད་ཀྱིས་ལྷག་པ་ཡི། །སྟོང་ཕྲག་བཅུ་ཡིས་བགྲོད་པའོ། །དེ་བཞིན་གཉིས་ཀྱིས་ལོ་གཅིག་བརྗོད། །ལོ་རྣམས་ཀྱི་དུས་ནི་དྲུག་དང་། བཞི་དང་། དུས་གསུམ་ཡོད་པས་རིམ་པ་གསུམ། དེ་ལྟར་ན་ལུས་སྐྱེས་ལ་སོགས་པ་རྣམས་ཀྱི་རང་རང་གི་ཚད་ཀྱི་དབུགས་གཅིག་ཆུ་ཚོད་དུ་བྱས་པའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་དོན་དུ་སོ་སོའི་ཉིན་ཞག་དང་། ཐ་སྙད་དུ་སོ་སོའི་ལོར་འགྱུར་རོ། །ད་ནི་གོང་འོག་ཐམས་ཅད་དུ་ཡུལ་གྱི་ཆུ་ཚོད་དང་དུས་ཀྱི་ཆུ་ཚོད་ཅེས་གསུངས་པ་ཅི་ཞེ་ན། ཡུལ་གྱི་ཆུ་ཚོད་ནི། རྩ་རྒྱུད་ལས། ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང་། །ཆུ་ཚོད་དྲུག་ཅུས་དེ་བཞིན་ཏེ། །ཞེས་རྒྱུ་སྐར་རེ་ལ་ཆུ་ཚོད་དྲུག་ཅུར་བྱས་ཤིང་རྒྱུ་སྐར་ཉི་ཤུ་རྩ་བདུན་ལ་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུར་བྱས་པའི་ཆུས་ཚོད་དེ་ལ་ནི་ཡུལ་ལམ་གཞི་གང་ལ་ལོངས་སྤྱོད་པར་བྱ་བའི་ཚད་སྟོན་བྱེད་ཡུལ་གྱི་ཆུ་ཚོད་ཅེས་བྱ། སྐར་མ་ཡུལ་གྱི་ཆུ་ཚོད་དྲུག་ཅུར་ཐ་སྙད་བྱས་པའི་ཕྱིར་ཡུལ་གྱི་ཆུ་ཚོད་རེ་ལ་ཆུ་སྲང་དྲུག་ཅུ་རེ་དང་། །ཡུལ་གྱི་ཆུ་སྲང་རེ་ལ་དེའི་དབུགས་དྲུག་གོ །ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུར་བྱས་པ་དེ་ནི་དུས་ཡུན་རིང་ཐུང་འདི་ཙམ་ཞིག་ལ་ལོངས་སྤྱོད་པའི་ཚད་སྟོན་བྱེད་ཡིན་པས་དུས་ཀྱི་ཆུ་ཚོད་ཅེས་བྱའོ། །དེ་ནི་རྒྱུད་འདི་ཉིད་ཀྱི་ལུགས། གཞན་དབྱུག་གུ་དྲུག་ཅུ་རྩ་བཞིར་བྱེད་པ་དང་། རྡོ་རྗེ་མཁའ་འགྲོའི་འགྲེལ་པར། ཆུ་སྲང་སོ་དྲུག་ལ་ཆུ་ཚོད་དུ་བྱས་ནས་ཞག་གཅིག་ལ་ཆུ་ཚོད་བརྒྱར་བྱེད་པ་ཡང་ཡོད་ལ། མདོར་ན་ཡུལ་གྱི་ཆུ་ཚོད་ནི་དཔག་ཚད་དང་། རྒྱང་གྲགས་དང་། འདོམ་ཁྲུ་སོགས་ཀྱིས་གཞལ་བར་བྱ་བ་ཡིན་ཞིང་། དུས་ཀྱི་ཆུ་ཚོད་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་སོགས་ཀྱིས་གཞལ་བར་བྱའོ། །ཡུལ་གྱི་ཆུ་ཚོད་དེ་དཔག་ཚད་ཀྱིས་གཞལ་ཁྱེར་ཡང་། སྐར་མ་རྣམས་ཉིན་མཚན་མཉམ་པའི་རི་མོའི་སྟེང་དུ་སླེབ་པའི་དུས་ཀྱི་དབང་དུ་བྱས་ན། གོ་ལའི་རི་མོ་དེ་ལ་དཔག་ཚད་གསུམ་འབུམ་བདུན་ཁྲི་ལྔ་སྟོང་ཡོད་ཅིང་། དེ་བཞིན་རྒྱུ་སྐར་གྱི་འཁོར་ལོའི་རྒྱ་ཡང་དེ་མཉམ། དེ་ལ་ཉེར་བདུན་གྱིས་བགོས་པའི་ཐོབ་ནོར་སྐར་མ་རེའི་རྒྱ་དཔག་ཚད་ཀྱི་གྲངས། དེ་ལ་དྲུག་ཅུས་བགོས་པའི་ཐོབ་ནོར་ནི་ཡུལ་གྱི་ཆུ་ཚོད་རེའི་རྒྱའི་ཚད་དུ་འགྱུར་ཏེ། དེ་ལ་དཔག་ཚད་ཉིས་བརྒྱ་དང་སོ་གཅིག་རྒྱང་གྲགས་གཅིག གཞུ་འདོམ་སྟོང་བརྒྱད་བརྒྱ་ང་གཅིག ཁྲུ་གསུམ། སོར་དགུ ནས་དྲུག་ལྷག་ཙམ་མོ། །ཞེས་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས་དུས་འཁོར་བའི་ཚུལ་འཕྲོས་པ་དང་བཅས་པའི་སྐབས་ཏེ་བཞི་པའོ།། །། གསུམ་པ་འཁོར་བ་ལ་གང་ལོངས་སྤྱོད་པའི་སྐར་རྩིས་བཤད་པ་ལ། །ཡན་ལག་ལྔའི་རྩིས་འཕྲོས་དང་བཅས་པ། སྒྲ་གཅན་གྱི་རྩིས་འཕྲོས་དང་བཅས་པ། གཟའ་ལྔ་འི་རྩི་འཕྲོས་དང་བཅས་པ། ཞག་གསུམ་གྱི་རྣམ་དབྱེ་འཕྲོས་དང་བཅས་པ་སྟེ་བཞི། དང་པོ་ལ། སྤྱིར་བཤད་པ་དང་། སྐབས་ཀྱི་དོན་བསྟན་པ་གཉིས་དང་པོ་ནི། སྐར་རྩིས་ཀྱི་རྣམ་གཞག མེ་མཁའ་རྒྱ་མཚོ་རྣམས་ལ་ཞེས་སོགས་གསུངས་པ་འདི། མ་དག་པ་བྱེད་པའི་རྩིས་སུ་ཁ་ཅིག་འདོད་མོད། དེ་ནི་གཏན་མི་རིགས་ཏེ། འགྲེལ་ཆེན་ལས། གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དེའི་ཕྱིར་ཉུང་ངུའི་བྱེད་པ་གསལ་ཞེས་པ་ནི་མའི་ལ་དུའི་ཚིག་སྟེ། དོན་དམ་པར་ནི་མུ་སྟེགས་པ་རྣམས་ཀྱིས་ཉུང་ངུའི་བྱེད་པ་ལ་སོགས་པ་གསལ་བ་མ་ཡིན་ནོ། །ཞེས་པས་གནོད་དོ། །དེ་བས་ན་འདིར་བྱེད་རྩིས་དངོས་མ་ཡིན་ཀྱང་བྱེད་རྩིས་ཀྱི་མིང་འདོགས་པ་ནི་བྱེད་པའི་རྩིས་ལ་ཞེན་པ་དག་རྗེས་སུ་འཛིན་པའི་ཕྱིར་མས་བུ་ལ་ལ་དུ་སྦྱིན་ནོ་ཞེས་འབྲིད་ནས་ཉམ་ང་བ་ལས་ལྡོགས་པར་བྱེད་པ་བཞིན་ནོ། །གཞན་ཡང་རྒྱུད་ཀྱི་རྒྱལ་པོར་མ་དག་པ་བཤད་ནས་ཅི་མཛད། ཕྱོགས་སྔ་མར་བླངས་སོ་སྙམ་ན། འདིར་འདི་དག་དགག་པའི་ཚིག་མེད་པས་དེ་ལྟར་མི་རིགས་སོ། །དེས་ན་གྲུབ་མཐའི་རྩིས་ཤིག་ལོགས་སུ་འགོད་པ་ནི་ལུང་ལ་སུན་འབྱིན་པའི་གཏམ་མོ། །རྒྱལ་དཀའ་རྩིས་གཞི་མཛད་པ་པོར་ལུང་སྟོན་པ་ཡང་། རྒྱ་མཚོ་རྣམ་རྒྱལ་གྱི་དུས་ཀླ་ཀློ་ཞུགས། དེ་ནས་རྩིས་ལུགས་དེ་ཉམས་ནས་དེ་གསོ་བའི་སྐབས་སུ་བབ་པའོ། །དེ་ཡང་འགྲེལ་ཆེན་ལས། ཀླ་ཀློའི་ཆོས་བྱུང་ནས་སྐར་རྩིས་ཀྱི་གྲུབ་པའི་མཐའ་རྣམས་པར་ཉམས་པ་དང་ཉུང་ངུའི་བྱེད་པ་འཇུག་པར་དེ་བཞིན་གཤེགས་པས་ལུང་བསྟན་པ་དང་ཞེས་འབྱུང་བས་སོ། །ཉམས་པའམ་མེ་ཁ་ལ་སོགས་པའི་ཡུལ་དུ་ཡིན་གྱི། ཤམྦྷ་ལར་ནི་གྲུབ་མཐའ་རྩིས་རྒྱས་པ་ཡོད་ལ། དེ་ཡང་མུ་སྟེགས་བྱེད་སྔ་རབས་པ་དག་དང་མཐུན་པ་ཡིན་ནོ། །རྒྱུད་ཀྱི་རྩིས་གཞི་འདི་ནི། མུ་སྟེགས་ཕྱི་རབས་སུན་འབྱིན་པའི་ཕྱིར་དེས་ཉུང་ངུར་བསྡུས་ནས་མཛད་པ་སྟེ། ཕྱོགས་ཀྱི་གླང་པོས་ཚད་མ་བྱས་པ་ལྟ་བུའོ། །མུ་སྟེགས་བྱེད་རྣམས་ཀྱིས་ཇི་ལྟར་ཉམས་པར་བྱས་པ་ཡང་། འགྲེལ་ཆེན་ལས། རྒྱུད་ལ་ཉིན་ཞག་གི་ཚོགས་ཀྱི་ཕུང་པོ་དུ་མ་དང་། བྱེད་པ་ལ་ཡང་དལ་བ་དང་མྱུར་བ་ལ་སོགས་པ་ལས་བཞིའི་སྤྲོས་པ་བྱས་སོ། །དེ་ལྟར་དུས་ཀྱི་དབང་གིས་བྱེད་པ་ལ་ངེས་པ་མི་གསལ་ཏེ། མི་གསལ་བ་ཉིད་ཀྱི་ཕྱིར་ཉི་མའི་ལོངས་སྤྱོད་མི་དག་གོ །ཉི་མའི་ལོངས་སྤྱོད་མ་དག་པས་གཟའ་ཐམས་ཅད་ཀྱི་ལོངས་སྤྱོད་མ་དག་པར་འགྱུར་རོ་ཞེས་གསུངས་པ་དེའོ། །དེ་ལྟར་ཉམས་པར་བྱེད་པ་ཡང་འདིར་གདུག་པའི་མུ་སྟེགས་རྣམས་ཀྱིས་གཞན་དག་གིས་མི་ཤེས་པར་བྱ་བའི་དོན་དུ་ཞེས་བསམ་པ་ངན་པས་གཞན་གྱིས་ཤེས་དོགས་ནས་ལྷད་བཅུག་པ་ན་དུས་ཀྱི་རང་གི་བུ་དང་ཚ་བོ་དག་གིས་ཀྱང་མི་ཤེས་པའི་བར་དུ་གྱུར་པ་ཡིན་ནོ། །ཞར་ལ་བསྟན་པའི་གནས་ཚད་བཤད་པ་ནི། ལོ་སྟོང་དུ་ཆོས་གནས་པར་བཤད་པ་ནི་འདུལ་བ་བསྐལ་བཟང་མཛོད་འགྲེལ་བློ་གྲོས་མི་ཟད་པའི་མདོ་འགྲེལ་རྣམས་ལས་སོ། །སྙིང་རྗེ་པད་དཀར་ལས། ཕྱེད་དང་ཉིས་སྟོང་། ཟླ་བ་སྙིང་པོའི་མདོ་ལས་ཉིས་སྟོང་། བྱམས་པའི་མདོ་དང་། མཆེ་བའི་སྡེས་ཡུམ་གསུམ་གནོད་འཇོམས་སུ་ལྔ་སྟོང་བཤད་པའི་སྔ་མར་འབྲས་བུ། སྒྲུབ་པ། ལུང་། རྟགས་ཙམ། སྐུ་གདུང་གི་དུས་རེར་ལོ་སྟོང་སྟོང་དང་། ཕྱི་མར་སྟོང་ཕྲག་རེ་ཕྱེད་དུ་བཅད་པའི་དགྲ་བཅོམ་ཕྱིར་མི་འོང་རྒྱུན་ཞུགས་གསུམ་སྟེ་འབྲས་བུ། དེ་ནས་གསུམ་ལྷག་མཐོང་ཏིང་ངེ་འཛིན་ཚུལ་ཁྲིམས་གསུམ་སྟེ་སྒྲུབ་པ། དེ་ནས་གསུམ་མངོན་པ་མདོ་འདུལ་བ་ཐ་མ་རྟགས་ཙམ། ཐུབ་དགོངས་སུ་ལོ་ཕྱེད་དང་སུམ་སྟོང་བཤད་པ་ལས། སྟོང་ཐེག་དམན་གཙོ་ཆེ་བ་ལ་དགོངས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་བར་དུ་དེ་དག་དར་བར་ཡོད་ལ། ཐེག་ཆེན་ནི་ཅུང་ཟད་དེ། དེ་དག་གི་ངོར་ཐེག་ཆེན་བཀར་བསྒྲུབ་དགོས་བྱུང་བའི་ཕྱིར་རོ། །དེ་ནས་དེ་དག་ཉམས་པའི་འགོ་ཟུག་པ་སྟེ། དབྱིག་གཉེན་གྱི་དུས། ཡང་དག་བསྡུ་བའི་གཞི་ཉམས་ཕྱིར། །ཞེས་གསུངས་ལ། དེའི་མཆེད་ཐོགས་མེད་ནི་སྟོན་པ་འདས་ནས་ལོ་དགུ་བརྒྱ་ལ་བྱོན་པར་བཤད་པས་སོ། །དེ་ལྟར་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་དྲིན་ལས་ཐེག་ཆེན་དར་ནས་ཉན་ཐོས་ནི་ཡོད་ཙམ་དུ་ཟད་པས་དེ་ཙམ་ལ་དགོངས། འདི་ལའང་ཆོས་ལྟར་སྣང་བ་ཞེས་པ་ནི་སྡེ་པ་བཅོ་བརྒྱད་དུ་གྱེས་པ་ཙམ་ལ་བྱེད་པར་རིགས་ཏེ། རྒྱལ་པོ་ཀྲྀ་ཀྲིའི་རྨི་ལམ་ལུང་བསྟན་གྱི་མདོས་གསལ་བར་བཤད་པའོ། །དེ་ཙམ་ནས་སྟོན་པའི་ཉན་ཐོས་རྣམས་ཆོས་གོས་རང་རང་གི་རྟགས་ཀྱིས་རྣམ་པར་འབྱེད་པའི་ཕྱིར་རྟགས་ཙམ་ཞེས་ཀྱང་བྱས་ཀྱི། ལྔ་རྒྱ་ཐ་མའི་རྟགས་ཙམ་དང་མི་འདྲ་བའོ། །བར་མ་གཉིས་ནི་རྒྱུའི་ཐེག་ཆེན་དར་བ་དང་། ཕལ་ཆེར་ནུབ་པ་ཙམ་སྟེ། དེ་དུས་སྔགས་རེ་ཙམ་གྱིས་གསངས་ནས་སྤྱོད་པ་ལས་མེད་པས། ཕྱིས་སྔགས་དར་དེ་སྤྱོད་པ་ཉུང་དུ་སོང་བས་སོ། །དེ་ནས་གཉིས་སྤྱིར་བསྟན། ཐ་མ་འཕགས་ཡུལ་རང་གི་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པར། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ་ཞེས་པའི་གདོང་དམར་ནི་བོད་ཁོ་ན་སྟེ། རྒྱ་ནག་པོར་ནི་དབྱིག་གཉེན་བཞུགས་པ་ནས་དར་ཟིན་པས་སོ། །ལོ་གྲངས་དེ་ནས་རྒྱས་པའི་འགོ་རྩོམ་པ་སྟོན་པ་ནི་མ་ཡིན། ལོ་དེ་ཙམ་ན་དར་བར་ཡོད་པ་བསྟན་པས་འདི་དང་དུས་འཁོར་མཐུན་ནོ། །དུས་ཀྱི་འཁོར་ལོ་ལས་བསྟན་པ་སྤྱིའི་གནས་ཚད་སྟོང་ཕྲག་གསུམ་དང་ཉིས་བརྒྱ། སླར་དུས་བཞི་ཆུང་ངུའི་ལོ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་བཤད་པའི་ཕྱི་མ་ནི་སྔགས་གཙོ་བོར་ཉམས་སུ་ལེན་ལ། རྒྱུའི་ཐེག་པ་ལ་སོགས་པའི་ལུང་མེད་པར་ཡང་མ་གྱུར་པ་དེང་སང་འདྲ་བའོ་ཞེས་ཤེས་ན་ཐམས་ཅད་མི་འགལ་བ་དང་། ཡང་ལ་ལ་ནི་མདོ་རྒྱུད་དེ་ཀའི་གནས་ཚད་ལ་ཡང་དགོངས་སོ། །བསྟན་པའི་འདས་ལོ་ཡང་། དེང་སང་རྣམ་གནོན་རྒྱལ་སར་བཞུགས་པས་འོག་ཏུ་འཆད་པར་འགྱུར་བ་ཁོ་ནའོ། །དེ་ཡང་གཞན་ལོ་གྲངས་ཆེས་མང་པོ་བ་དག་ནི་ཡིད་བརྟན་དུ་མི་རུང་སྟེ། ལུང་རྣམ་དག་གིས་མ་ཟིན་པ་དང་། གཏམ་ཚད་མ་ལས་མ་འོངས་པའི་ཕྱིར་རོ། །འདིར་སྡེ་པ་བཅོ་བརྒྱད་དུ་གྱེས་པའི་ལྷ་ཆེན་ཞེས་པའི་དགེ་སློང་མཚམས་མེད་གསུམ་བྱས་པའི་སོགས་འཕགས་ཡུལ་བའི་གཏམ་ཚད་མ་གར་ཡང་མེད་ཅིང་རྟོག་གེ་འབར་བ་ལ་སོགས་གནོད་བྱེད་དུ་ཡོད་པས་མི་འཐད་དོ། །ད་ནི་རྩིས་ལ་ཉེ་བར་མཁོ་བའི་བརྡ་ཆད་འགའ་ཞིག་བརྗོད་པར་བྱ་སྟེ། གཟུགས་ཟླ་བསེ་རུ་གཅིག་གི་མིང་། །ལག་མིག་ཟུང་ཕྱོགས་འཁྲིག་བགྲོད་གཉིས། །འཇིག་རྟེན་ཡོན་ཏན་མེ་གསུམ་མོ། །མཚོ་ཆུ་དུས་དང་རིག་བྱེད་བཞི། །འབྱུང་བ་མདའ་དང་དབང་པོ་ལྔ། །མཚམས་རོ་བྲོ་བ་དུས་ནི་དྲུག །ཐུབ་རི་དྲང་སྲོང་གཟའ་ནི་བདུན། །ཀླུ་སྦྲུལ་གདེངས་ཅན་ལྟོ་འགྲོ་དང་། །ནོར་ལྷ་སྲེད་པ་ཞེས་པ་བརྒྱད། །རྩ་གཏེར་གཟའ་བུག་སྲིན་པོ་དགུ། །བཅུ་ལ་ཕྱོགས་ཡིན་འཕྲོག་བྱེད་དྲུག །བདེ་འབྱུང་དབང་ཕྱུག་བཅུ་གཅིག་གོ །ཉི་མ་ཁྱིམ་ནི་བཅུ་གཉིས་ཡིན། །མྱོས་བྱེད་འདོད་པ་བཅུ་གསུམ་མོ། །ཡིད་དང་མ་ནུ་སྲིད་བཅུ་བཞི། །ཚེས་དང་ཉིན་ཞག་བཅོ་ལྔའོ། །མི་བདག་རྒྱལ་པོ་བཅུ་དྲུག་གོ །ཉེས་པ་སྐྱོན་ནི་བཅོ་བརྒྱད་ཡིན། རྒྱལ་བ་ཉེར་བཞི་ཉེར་ལྔ་ནི། །དེ་ཉིད་ཉེར་བདུན་སྐར་མའོ། །སོ་ནི་སུམ་ཅུ་རྩ་གཉིས་ཏེ། །འདི་དག་གྲངས་སོ། །ལོ་ནི། །རབ་བྱུང་མེ་མོ་ཡོས་རྣམ་བྱུང་ས་ཕོ་འབྲུག་དཀར་ས་མོ་སྦྲུལ་པོ་དང་། རབ་མྱོས་ལྕགས་ཕོ་རྟ་སྐྱེས་བདག་ལྕགས་མོ་ལུག་ཨངྒཱི་ཆུ་ཕོ་སྤྲེལ་ར། །དཔལ་གདོང་ཆུ་མོ་བྱ་དངོས་པོ་ཤིང་ཕོ་ཁྱི་ན་ཚོད་ཤིང་མོ་ཕག་ལྡན། །འཛིན་བྱེད་མེ་ཕོ་བྱི་བ་དབང་ཕྱུག་མེ་མོ་གླང་འབྲུ་མང་ས་ཕོ་སྟག་མང་པོ། །མྱོས་ལྡན་ས་མོ་ཡོས་རྣམ་གནོན་ལྕགས་ཕོ་འབྲུག་ཁྱུ་མཆོག་ལྕགས་མོ་སྦྲུལ་དང་། །སྣ་ཚོགས་ཆུ་ཕོ་རྟ་ཉི་མ་ཆུ་མོ་ལུག་ཉི་སྒྲོལ་ཤིང་ཕོ་སྤྲེའུ་བྱེད། །ས་སྐྱོང་ཤིང་མོ་བྱ་མི་ཟད་མེ་ཕོ་ཁྱི་ཐམས་ཅད་མེ་མོ་ཕག་འདུལ། །ཀུན་འཛིན་ས་ཕོ་བྱི་བ་འགལ་བ་ས་མོ་གླང་རྣམ་འགྱུར་ལྕགས་ཕོ་སྟག་དང་། །བོང་བུ་ལྕགས་མོ་ཡོས་དགའ་བ་ཆུ་ཕོ་འབྲུག་རྣམ་རྒྱལ་ཉིད་ཆུ་མོ་སྦྲུལ། །རྒྱལ་བ་ཤིང་ཕོ་རྟ་མྱོས་བྱེད་ཤིང་མོ་ལུག་གདོང་ངན་མེ་ཕོ་སྤྲེའུ་དང་། །གསེར་འཕྱང་མེ་མོ་བྱ་རྣམ་འཕྱང་ས་ཕོ་ཁྱི་སྒྱུར་བྱེད་ས་མོ་ཕག་དང་། །ཀུན་ལྡན་ལྕགས་ཕོ་བྱི་བ་འཕར་བ་ལྕགས་མོ་གླང་དགེ་བྱེད་ཆུ་ཕོ་སྟག་དང་། །མཛེས་བྱེད་ཆུ་མོ་ཡོས་ཁྲོ་མོ་ཤིང་ཕོ་འབྲུག་སྣ་ཚོགས་ཤིང་མོ་སྦྲུལ་དབྱིག །ཟིལ་གནོན་མེ་ཕོ་རྟ་སྤྲེའུ་མེ་མོ་ལུག་ཕུར་བུ་ས་ཕོ་སྤྲེའུ་དང་། །ས་མོ་བྱ་ཞི་བ་ཐུན་མོང་ལྕགས་ཕོ་ཁྱི་འགལ་བྱེད་ལྕགས་མོ་ཕག་དང་། །ཡོངས་འཛིན་ཆུ་ཕོ་བྱི་བ་བག་མེད་ཆུ་མོ་གླང་ཀུན་དགའ་ཤིང་ཕོ་སྟག་དང་། །སྲིན་པོ་ཤིང་མོ་ཡོས་མེ་དང་མེ་ཕོ་འབྲུག་དམར་སེར་མེ་མོ་སྦྲུལ་ཅན། །དུས་ཀྱི་ས་ཕོ་རྟ་ཕོ་ཉ་དོན་གྲུབ་ས་མོ་ལུག་དྲག་ལྕགས་ཕོ་སྤྲེའུ། །བློ་ངན་ལྕགས་མོ་བྱ་རྔ་ཆེན་ཆུ་ཕོ་ཁྱི་ཁྲག་སྐྱུག་ཆུ་མོ་ཕག་པ། །མིག་དམར་ཤིང་ཕོ་བྱི་བ་ཁྲོ་བོ་ཤིང་མོ་གླང་ཟད་མེ་ཕོ་སྟག་པའོ། །ཚེས་ཀྱི་རྣམ་གཞག །དགའ་བ་བཟང་པོ་རྒྱལ་བ་སྟོང་པ་རྫོགས་པ་ལན་དྲུག་ཏུ་འཁོར་བ། ཉི་མ་ཟླ་བ་མིག་དམར་དང་། །ལྷག་པ་ཕུར་བུ་པ་སངས་དང་། །སྤེན་པ་རྣམས་ནི་རེ་གཟའ་བདུན། །སྤྱིར་སྒྲ་གཅན་དུས་མེ་དུ་བ་མཇུག་རིང་བསྣན་པས་བཅུ། ཐ་སྐར་དབྱུག་པ་བྲ་ཉེ་སྨིན་དྲུག་དང་། །སྣར་མ་བི་རྫི་མགོ་ལག་ནབས་སོ་རྒྱལ་སྟོད་རྒྱལ། །སྐག་ཝ་མཆུ་རྟ་ཆེན་གྲེ་རྟ་ཆུང་དབོཁྲ་མེ་བཞི་བྱ་མ་དང་། །ནག་པ་བྱིའུ་ས་རི་ནམ་གོང་ས་ག་ནམ་འོག་དང་། །ལྷ་མཚམས་ལག་སོར་སྣྲོན་གདུ་བུ་སྣུབས་སོག་པ་ཆུ་སྟོད་བྲེ་དང་། །ཆུ་སྨད་ཕུལ་གྲོ་བཞིན་མོན་དྲེ་སྒྲོག་སྟོད་དང་། །མོན་གྲུ་སྒྲོག་སྨད་ཁྲུམས་སྟོད་ཁྲུམས་སྨད་དང་། །ནམ་གྲུ་རྒྱུ་སྐར་ཉེར་བདུན་ཡིན། གྲོ་བཞིན་དང་བྱི་བཞིན་གཉིས་ཡོད་ཀྱང་བསྡོམས་པས་ཉེར་བདུན་ནོ། །འགའ་ཞིག་རེས་གཟའ་ནམ་ཕྱེད་ནས་རྒྱུ་བ་ཡིན་ཏེ། གཟའ་ཉི་མ་ལ་མཚན་ཕྱེད་ནས་ཤར་དུ་འཆར་བ་ལ་ཨ་སོགས་གསུངས་པས་སོ། །ཞེས་དང་། དེས་ཉིན་ཞག་གི་ཐོག་མའང་འཛིན་ནོ་ཟེར་རང་ལུགས་ལྔ་བསྡུས་ཀྱི་རི་མོ་ལ་གང་ཤར་གྱི་གཟའ་དེ་ནམ་ལངས་ཕན་ཅད་ལ་འདས་ནས་དེ་ཚུན་ནས་ནང་པར་ནམ་ལངས་ཀྱི་བར་ལ་དེའི་འོག་མའི་གཟའ་དེ་རྒྱུ་བ་ཡིན་པས་གཟའ་དང་ཉིན་མཚན་མཉམ་ཞིང་། འཕོ་འཚམས་ཀྱང་མཚན་མོ་རྫོགས་མཚམས་ལ་འཕོ་བ་ཡིན་ནོ། །དེས་ན་གཟའི་གནས་ནི་འདས་པ་ཡིན་ལ། ལོངས་སྤྱོད་ནི་མ་འོངས་པར་འཆར་རོ། །ཁྱིམ་དང་ལྷན་ཅིག་སྤྱོད་པས་གཟའ་དང་། དེ་ཡང་ཉིན་ཞག་རེས་མོས་ཀྱི་དབང་བྱེད་པའི་ཕྱིར་རེས་ཏེ། དེར་རེས་གཟའ་འོ། །དེ་ལས་ཉི་མ་མིག་དམར་ཕུར་བུ་སྐྱེས་པའི་གཟུགས། །ཟླ་བ་པ་སངས་སྒྲ་གཅན་མོ་ཡི་གཟུགས། །ལྷག་པ་སྤེན་པ་གཉིས་མ་ནིང་ཞེས་བཤད་དོ། །ཚེས་ཆད་ལྷག་ཀྱང་། གཟའ་གཅིག་ལན་གཉིས་བྱུང་གྱུར་ན། །ཆུ་ཚོད་གང་མང་ཚེས་དེ་འཆད། །རེས་གཟའ་མཆོངས་པར་གྱུར་པ་ནི། །ཆུ་ཚོད་གང་ཉུང་ཚེས་དེ་ལྷག །ཅེས་པ་ལྟར་རོ། །དེ་བས་ན་ཡན་ལག་ལྔ་ཞེས་པ། ཉིན་ཞག་སོ་སོ་ལ་རེ་མོས་ཀྱིས་བསྐོར་བའི་རེས་གཟའ་དང་། ཟླ་བའི་འཕེལ་འགྲིབ་གྱི་ཆའི་དུས་ཀྱི་ཚེས་དང་། ཚེས་དེའི་དུས་སུ་ཉི་ཟླ་གང་ལ་གནས་པའི་རྒྱུ་སྐར་དང་། ཉི་ཟླའི་ལོངས་སྤྱོད་བསྡོམས་པའི་དུས་ཀྱི་སྦྱོར་བ་དང་། ཚེས་ཀྱི་ཕྱེད་སྔ་ཕྱི་ལ་དབང་བྱེད་པའི་བྱེད་པའོ། །གཉིས་པ་སྐབས་ཀྱི་དོན་བསྟན་པ་ལ། ཐུན་མོང་གི་གཞི་ལོ་ཟླ་དག་པ། ཡན་ལག་ལྔའི་ངེས་པ་དང་། འཕྲོས་པ་བཤད་པ་གསུམ། དང་པོ་ནི། མེ་མཁའ་རྒྱ་མཚོ་རྣམས་ལ་ནི། །ལོ་བཞི་བརྒྱ་དང་གསུམ་རྩིས་གཞིར་འཇོག་པ་ཡིན་ཏེ། རྒྱུ་མཚན། ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེའུའི་ལོ་ལ་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་རྒྱལ་སར་ཕེབས་པ་དང་། མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་བྱུང་ནས་ལོ་བརྒྱ་སོང་དེ་འཕགས་ཡུལ་དུ་ཞུགས་པ་དང་། མེ་མཁའ་རྒྱ་མཚོ་རྩིས་གཞིར་འཇོག་པ་གསུམ་དུས་མཚུངས། དེ་ནས་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་འདས་པ་མི་ཟད་པ་སྟེ་མེ་ཕོ་ཁྱིའི་ལོ་ལ་རྒྱལ་དཀས་བསྡུས་རྒྱུད་ཀྱི་རྩིས་གཞི་མཛད། དེ་ནས་ལོ་ཉིས་བརྒྱ་དང་ཉེར་གཅིག་འདས་པ། ཟད་བྱེད་ཅེས་བྱ་བ་མེ་ཕོ་སྟག་གི་ལོ་ལ་བསྡུས་རྒྱུད་ཀྱི་གླེགས་བམ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། དེ་ཡན་ཆད་ལ་ལོ་བཞི་བརྒྱ་དང་གསུམ་ཡོད་པས་སོ། །རབ་བྱུང་ལ་སོགས་འདས་ལོ་བསྲེ། །ཞེས་པ་ནི། མེ་མོ་ཡོས་ཀྱི་ལོ་དེ་ནས་བརྩམས་ཏེ། ད་ལྟའི་ན་ཚོད་ལྡན་གྱི་བར་གྱི་དྲུག་ཅུ་སྐོར་དགུ་དང་ལོ་བརྒྱད། །འདས་ལོ་དེ་བསྲེ་བས། ཀླ་ཀློའི་ལོར་ནི་རབ་ཏུ་གྲུབ། །ཀླ་ཀློ་བྱུང་ནས་ད་ལྟའི་བར་གྱི་ལོ་གྲངས་སུ་འགྱུར་བ་ཡིན་ནོ། །ལག་པ་གདེངས་ཅན་ཟླ་བས་སྦྱང་། །ཀླ་ཀློ་ཞུགས་ནས་རྒྱལ་དཀས་རྩིས་གཞི་མ་མཛད་ཀྱི་བར་ལ་ལོ་བརྒྱ་དང་བརྒྱད་ཅུ་རྩ་གཉིས་སོང་བ་དེ་སྦྱངས་པས། རང་ལུགས་ཀྱི་ལོ་དག་རྣམ་དག་ཏུ་འགྱུར་བ་ཡིན་ནོ། །ཟླ་བའི་དག་པ་ནི། ལྷག་མ་ཉི་མས་བསྒྱུར་བ་ལ། །ལག་པ་གདེངས་ཅན་ཟླ་བས་སྦྱངས་པའི་ལྷག་མ་ནི་རྒྱལ་དཀས་རྩིས་གཞི་མཛད་པ་ནས་ད་ལྟའི་བར་གྱི་ལོའི་ཕུང་པོ་ཡིན་ལ། དེ་བཅུ་གཉིས་ཀྱིས་བསྒྱུར་བ་ནི། ལོ་རེ་འང་ཁྱིམ་ཟླ་བཅུ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས། ལོ་དེ་དག་ཟླ་བའི་ཕུང་པོར་གསིལ་བའི་ཕྱིར་དུའོ། །ནག་ཉ་ལ་སོགས་འདས་ཟླ་བསྲེ། །ནག་པའི་ཟླ་བ་ནས་གཟུང་ལོར་མ་ལོངས་པའི་ཟླ་བ་དུ་སོང་བསྲེ་བ་ཡིན་ནོ། །གནས་གཉིས་འོག་མ་ཆུ་བོས་བསྒྱུར། །ཟླ་དག་གནས་གཉིས་སུ་འཇོག་པའི་རྒྱུ་མཚན། སྟེང་མ་ཟླ་ལྷག་སྟེར་བའི་གཞི་དང་འོག་མ་ཟླ་ལྷག་འཚོལ་བའི་གཞིར་དགོས་པས་སོ། །འོག་མ་དེ་བཞིས་བསྒྱུར་བ། ཟླ་བ་རེ་རེ་བཞི་ཆའི་ཕུང་པོར་གཏོང་བ་ཡིན་ལ། །དེ་ལ་མཁའ་མེ་ཟླ་བས་བགོ དེ་ལ་བརྒྱ་དང་སུམ་ཅུས་བགོས་པ་ཟླ་བའི་བཞི་ཆ་བརྒྱ་སུམ་ཅུ་ན་ཟླ་ཤོལ་རེ་འབྱུང་བ་རྟོགས་པའི་ཆེད་ཡིན་ལ། རྙེད་པ་སྟེང་བྱིན་ཟླ་དག་གོ །རྙེད་ནོར་དེ་ཉིད་རྒྱལ་དཀས་རྩིས་གཞི་མཛད་པ་ནས་དེང་སང་གི་བར་གྱི་ཟླ་ཤོལ་དུ་བྱུང་གི་གྲངས་ཡིན་པས་སོ། །དེ་སྟེང་དུ་བསྲེས་པས་ཟླ་བཤོལ་དང་བཅས་པའི་ཚེས་ཟླ་རྣམ་པར་དག་པར་འགྱུར་རོ། །ལྷག་མར་གཉིས་དང་ལྷག་མེད་སྟོང་པར་གྱུར་ན་སྟེང་དུ་ཟླ་བ་གཅིག་འཕར་བས་ཤོལ་དུ་འགྱུར། ལྷག་ཅན་ལྷག་མེད་གཉིས་ཤོལ་འདོན་ལུགས་ལ་ཁྱད་པར་མེད་དམ་སྙམ་ན་ཡོད་དེ། ལྷག་ཅན་གྱི་དུས་ངོ་ཐོག་གི་ཟླ་བ་དང་། ལྷག་མེད་ཀྱི་དུས་དེའི་ཟླ་བ་ཕྱི་མར་རོ། །དེ་དུས་ཀྱི་ཟླ་དག་ནི། ཟླ་དག་འཕར་མ་དེ་གཉིས་སུ་བྱས་པའི་ཕྱོགས་གཅིག་གི་སྟེང་ནས་གཟུགས་ཕྲི་བས། ངོ་ཐོག་གི་ཟླ་བ་ཤོལ་ན་དེ་སྔ་མ་དང་། མ་ཕྲི་བ་དེ་ཟླ་བ་རྟིང་མར་ཤེས་སོ། །ཕྱི་མ་ཤོལ་ན་གཅིག་ཕྲི་བ་དེ་ངོ་ཐོག་གི་ཟླ་དག་དང་། མ་ཕྲི་བ་དེ་ཟླ་བ་ཕྱི་མ་ཉིས་བརྩེགས་ཀྱི་སྔ་མར་ཤེས་སོ། །གཞན་ཡང་ཟླ་བ་གང་ཡིན་ཡང་། མཁའ་མེ་ཟླ་བས་བགོས་པའི་ལྷག་མ་དེས་སླར་ཟླ་བ་འདི་ཙམ་ནས་ཟླ་ཤོལ་འོང་རྟོགས་སོ། །དེའི་རི་མོ་འདོན་ལུགས་ནི་མཁའ་མེ་ཟླ་བས་བགོས་པའི་ལྷག་མ་དེས། མཁའ་མེ་ཟླ་བ་ལ་ཕྲི། དེ་བཞིས་བགོས་ཀྱི་ནོར་ཟླ་གྲངས་དང་། ལྷག་མ་བྱུང་ན་སུམ་ཅུས་བསྒྱུར། བཞིས་བགོས་པས་ཟླ་བ་ཕྱེད་ཐོབ་པ་ནི་ཟླ་བ་ཕྱེད་བཅས་དེ་རྣམས་སོང་ནས་ཟླ་ཤོལ་འབྱུང་བའི་གྲངས་ཡིན་ནོ། །དེ་ཡང་བཞིས་བསྒྱུར་ནས་མཁའ་མེ་ཟླ་བས་བགོད་པ་འདི་ནི་སྡེབ་སྦྱོར་གྱི་དབང་ལས་ཡིན་ལ། གཞན་གཉིས་ཀྱིས་བསྒྱུར་དྲུག་ཅུ་རྩ་ལྔས་བགོས་ཀྱང་ཟླ་བ་རྣམ་པར་དག་པར་འགྱུར་རོ། །དེའི་རྒྱུ་མཚན་ཉི་མའི་ཡེ་ཤེས་ཀྱི་ཆ་རགས་པ་སུམ་ཅུ་ཆ། འབྲིང་སོ་གཉིས་ཆ། ཤིན་ཏུ་ཞིབ་རྩིས་སོ་གཉིས་ཕྱེད་བཅས་ཆ་རྣམས་ཡོད་པ་ལས། ཤིན་ཏུ་ཞིབ་རྩིས་ཀྱི་དབང་དུ་བྱས་ནས་སུམ་ཅུ་སོ་གཉིས་གཉིས་ཀྱིས་བསྒྱུར་བས་རེ་བཞིར་སོང་། དེ་ལ་ཕྱེད་ཆ་བཅུག་པས་རེ་ལྔ་འབྱུང་བས་དེས་བགོད་པ་ཡིན་ཞིང་བགོད་བྱ་དང་བགོད་བྱེད་ཤེད་མཚུངས་པའི་ཕྱིར་གནས་འོག་མའང་གཉིས་ཀྱིས་བསྒྱུར་བ་ཡིན་ནོ། །གཉིས་པ་ལ། ཟླ་བའི་ངེས་པ་བཤད་པ་དང་། ཚེས་རེའི་ངེས་པ་བཤད་པའོ། །དང་པོ་ལ། དག་པའི་ངེས་པ་བཙལ་བ་དང་། རྟོགས་སླ་བའི་དོན་དུ་བྱེད་པའི་ངེས་པ་སྦྱིན་པ་གཉིས། དང་པོ་ལ། གཟའི་ངེས་པ་བཙལ་བྱ། གཟའི་རྐང་པའི་ངེས་པ་བཙལ་བ། ཉི་སྐར་གྱི་ངེས་པ་བཙལ་བ་གསུམ། དང་པོ་ནི་གནས་གསུམ། ཟླ་དག་གནས་གསུམ་དུ་བཞག་པ་ནི། སྟེང་མ་གཟའ་གནས་ཀྱི་དོན་དང་། བར་མ་ཆུ་ཚོད་ཀྱི་དོན་དང་། འོག་མ་བུ་ལོན་སྦྱོང་བྱེད་ཀྱི་དོན་དུ་བཀོད་པ་ཡིན་ནོ། །དབུས་མ་སོ་ཡིས་བསྒྱུར། ཟླ་དག་གནས་གསུམ་དུ་བཞག་པའི་དབུས་མ་དེ་སུམ་ཅུ་སོ་གཉིས་ཀྱིས་བསྒྱུར་བ་ན། ཚེས་ཞག་གཅིག་གི་རྟག་པའི་ལོངས་སྤྱོད་ལ། ཆུ་ཚོད་ང་དགུ། ཆུ་སྲང་གསུམ། དབུགས་བཞི་རྣམས་ཡོད། དེ་ཚེས་ཟླ་གཅིག་གིས་རྟག་པའི་ལོངས་སྤྱོད་དུ་བསྒྲུབ་པའི་ཕྱིར་ཐམས་ཅད་སུམ་ཅུས་བསྒྱུར་རང་རང་གི་འཁོར་ལོས་སྟེང་དུ་དྲིལ་བས་གཟའ་ཉེར་དགུ། ཆུ་ཚོད་སོ་གཅིག ཆུ་སྲང་ལྔ་བཅུ་འབྱུང་། གཟའ་ཉེར་དགུ་བདུན་གྱི་འཁོར་ལོས་ཕུད་པས་ལྷག་མ་གཅིག་ལུས། དེ་ཡང་ཤིན་ཏུ་དག་པར་བྱེད་ན་ཟླ་དག་གནས་གསུམ་དུ་བཞག་པའི་སྟེང་མ་གཅིག་གིས་བསྒྱུར། བར་མ་སོ་གཅིག་གིས་བསྒྱུར། འོག་མ་ལྔ་བཅུས་བསྒྱུར་བས་རྣམ་པར་དག་ནའང་། རྩིས་འཇུག་བདེ་བའི་ཕྱིར་དུ་ཆུ་སྲང་བཅུ་ལྷག་པོར་སྦྱིན་ཏེ་སྟེང་དུ་དྲིལ་བས་ཆུ་ཚོད་སོ་གཉིས་འབྱུང་བས་དེས་བསྒྱུར་བ་ཡིན་ནོ། །འོ་ན་ཚེས་ཟླ་རེ་བཞིན་དུ་ཆུ་སྲང་བཅུ་བཅུ་ལྷག་པོར་བྱིན་པས་རྩིས་མ་དག་པར་འགྱུར་རོ་སྙམ་ན་མི་འགྱུར་ཏེ། ཟླ་བ་དྲུག་མ་ལོངས་ཀྱི་བར་དུ་བུ་ལོན་ཆུ་ཚོད་དུ་མི་ལོངས་པས་ཉེས་པ་ཆེར་མི་བསྐྱེད། ཟླ་བ་དྲུག་སོང་བ་དང་བུ་ལོན་ཆུ་ཚོད་དུ་ལོངས་པས། འོག་མ་རོས་ཐོབ་པ་ལ་སྦྱོང་། གནས་འོག་མ་ལ་དྲུག་གིས་བགོས་པའི་ཐོབ་ནོར་གྱིས་བར་མ་ལ་སྦྱོང་། སྟེང་འོག་མིག་དང་སུམ་ཅུ་བསྲེ། སྟེང་དུ་གཉིས་དང་འོག་ཏུ་གསུམ་བསྲེ་བ། རྒྱལ་དཀས་རྩིས་གཞི་མཛད་པའི་དུས་ཀྱི་གཟའ་གནས་སུ་གཉིས་དང་ཆུ་ཚོད་དུ་སུམ་ཅུ་ཡོད་པས་དེའི་རྩིས་འཕྲོ་བསྲེ་བ་ཡིན་ལ། མཁའ་རོས་བགོས་ལྷག་ཆུ་ཚོད་ཡིན། །ཟླ་དག་གནས་གསུམ་དུ་བཞག་པའི་དབུས་མ་དྲུག་ཅུས་བགོད་པ་ནི། ཆུ་ཚོད་དྲུག་ཅུའི་འཁོར་ལོ་ཡིན་པས་དང་། ལྷག་མ་ནི་ཆུ་ཚོད་ཀྱི་གནས་སུ་བཟུང་བྱ་ཡིན་ནོ། །རྙེད་པ་སྟེང་བྱིན། རྙེད་པ་སྟེང་དུ་བསྲེ་བ་རེས་གཟར་སྟོབས་མཚུངས་པའི་ཕྱིར་དང་། ཐུབ་པས་བགོ ལྷག་མ་གཟའ་ཡི་གནས་སུ་ངེས། །བདུན་གྱིས་བགོད་པ་རེས་གཟའ་བདུན་གྱི་འཁོར་ལོ་ཡིན་པས་སོ། །ལྷག་མ་ནི་གཟའི་གནས་སུ་གཟུང་བྱའོ། །གཉིས་པ་ཟླ་རྐང་གི་ངེས་པ་བཙལ་བ་ནི། གནས་གཉིས་ལ་ནི་ཉི་ཟླ་བསྲེ། །ཟླ་དག་གནས་གཉིས་སུ་བཞག་པ། སྟེང་མ་རྐང་པ་རིལ་པོའི་དོན་དང་། འོག་མ་རྐང་པ་ཆ་ཤས་ཀྱི་དོན་དུ་བཀོད་པ་ཡིན་ལ། གནས་སྟེང་མ་ལ་བརྒྱ་བཅུ་གཉིས་བསྲེ་བ་ནི་སྡེབས་སྦྱོར་གྱི་དབང་ལས་ཡིན་ལ། དོན་ལ་བསྲེས་མ་བསྲེས་ཁྱད་མེད་དེ། རིལ་པོ་ཉེར་བརྒྱད་ཀྱི་འཁོར་ལོ་ཕུད་པས་ལྷག་མེད་དུ་འགྱུར་བའི་ཕྱིར་རོ། །གནས་འོག་མ་ལ་བརྒྱ་བཅུ་གཉིས་བསྲེ་བ་ནི། རྒྱལ་དཀས་རྩིས་གཞི་མཛད་དུས་ཀྱི་ཆ་ཤས་ན་བརྒྱ་དང་བཅུ་གཉིས་ཡོད་པས་དེ་རྩིས་འཕྲོ་བསྲེ་བ་ཡིན་ནོ། །དུས་ཉིས་བགོས་ལྷག་ཆ་ཤས་གནས། དེ་ལ་བརྒྱ་ཉེར་དྲུག་གིས་བགོད་པ་ཟླ་བ་བརྒྱ་དང་ཉེར་དྲུག་ནས་ཆ་ཤས་ཀྱི་འཁོར་ལོར་རྫོགས་འགྲོ་བས་དེས་བགོད་པ་ཡིན་ནོ། །ནོར་ལ་འབྱུང་བ་བསྲེ་བར་བྱ། །ནོར་ནི་ཆ་ཤས་རིལ་པོར་ལོངས་པའི་གྲངས་ཡིན་ལ། དེ་ལྟ་བུའི་ཐོབ་ནོར་དེ་ལ་ལྔ་བསྲེ་བ། རྒྱལ་དཀས་རྩིས་གཞི་མཛད་དུས་གྱི་རིལ་པོའི་གནས་ན་ལྔ་ཡོད་པ་དེ་རྩིས་འཕྲོ་བསྲེ་བ་ཡིན་ནོ། །སྟེང་མ་མིག་གིས་བསྒྱུར་ལ་སྦྱིན། །ཐོབ་ནོར་སྟེང་དུ་མ་སྦྱིན་པའི་གོང་དུ་གཉིས་ཀྱིས་བསྒྱུར་དགོས། དེ་ཡང་ཚེས་ཞག་རེ་ལ་རྐང་པ་རིལ་པོ་རེ་སྤྱོད་པས་ཚེས་ཟླ་གཅིག་ལ་རིལ་པོ་སུམ་ཅུ་བྱུང་། དེ་རིལ་པོ་ཉེར་བརྒྱད་ཀྱིས་ཕུད་པས་ལྷག་མ་གཉིས་འབྱུང་བས་དེས་བསྒྱུར་བ་ཡིན་ནོ། །རྙེད་ནོར་སྟེང་དུ་སྟེར་བའི་རྒྱུ་མཚན། རིལ་པོར་སྟོབས་མཚུངས་པས་སོ། །ཀླུ་ལག་གིས་བགོས་ལྷག་མ་རིལ། ཉེར་བརྒྱད་ཀྱིས་བགོད་པ་ཟླ་རྐང་རིམ་པ་ལ་བཅུ་བཞི་དང་། རིམ་མིན་ལ་བཅུ་བཞི་སྟེ་ཉི་ཤུ་རྩ་བརྒྱད་ཡོད་པས་དེས་བགོད་པའོ། །ལྷག་མ་ནི་རིལ་པོའི་གནས་སུ་གཟུང་བྱའོ། །གསུམ་པ་ཉི་སྐར་གྱི་ངེས་པ་བཙལ་བ་ནི། གནས་གསུམ་ཟླ་དག་གནས་གསུམ་དུ་བཞག་པ། དང་པོ་ཉི་སྐར་གྱི་དོན། །བར་མ་ཆུ་ཚོད་ཀྱི་དོན་དང་། འོག་མ་བུ་ལོན་སྦྱོང་བྱེད་ཀྱི་དོན་དུ་བཀོད་པ་ཡིན་ལ། དབུས་མ་དྲག་པོས་བསྒྱུར། ཟླ་དག་གནས་གསུམ་དུ་བཞག་པའི་དབུས་མ་བཅུ་གཅིག་གིས་བསྒྱུར་བའི་རྒྱུ་མཚན་ནི། ཉི་མའི་ཚེས་ཞག་གཅིག་གི་རྟག་པའི་ལོངས་སྤྱོད་ལ་ཆུ་ཚོད་བཞི། ཆུ་སྲང་ཉེར་གཅིག དབུགས་ལྔ། འདོད་ཆ་དགུ་ཅུང་མེད་ཅིག་ཡོད་ཀྱང་དགུར་རྣམ་གཞག་བྱས། དེའི་སྟེང་དུ་འདོད་ཆ་བཞི་ལྷག་པོར་བྱིན་ཏེ་དྲིལ་བས་ཆུ་ཚོད་བཞི་དང་ཆུ་སྲང་ཉེར་གཉིས་བྱུང་། དེ་ཚེས་ཟླ་གཅིག་གི་རྟག་ལོངས་སུ་བསྒྲུབ་པའི་ཕྱིར་ཐམས་ཅད་སུམ་ཅུས་བསྒྱུར་ཏེ། རང་རང་གི་འཁོར་ལོས་སྟེང་དུ་ཕུད་པས་སྐར་མ་གཉིས་དང་ཆུ་ཚོད་བཅུ་གཅིག་འབྱུང་བས། དེའི་ཆུ་ཚོད་བཅུ་གཅིག་པོ་དེས་བསྒྱུར་བ་ཡིན་ནོ། །འོ་ན་ཚེས་ཟླ་རེ་རེ་བཞིན་དུ་འདོད་ཆ་བཞི་ལྷག་པོར་བྱིན་པས་མ་དག་གོ་སྙམ་ན་སྐྱོན་མེད་དེ། ཟླ་བ་སོ་དགུ་མ་ལོངས་ཀྱི་བར་དུ་བུ་ལོན་ཆུ་ཚོད་དུ་མི་ལོངས་པས་ཉེས་པ་ཆེན་པོ་མི་སྐྱེད་ལ། ཟླ་བ་སོ་དགུ་ལོངས་པ་དང་བུ་ལོན་ཆུ་ཚོད་དུ་ལོངས་པས། འོག་མ་བུ་ག་མེ་ཡིས་བགོ །རྙེད་པར་མིག་བྱིན་དབུས་མ་སྦྱང་། །གནས་འོག་མ་ལ་སོ་དགུས་བགོས་པའི་ཐོབ་ནོར་དེས་དབུས་མ་སྦྱོར་བའི་ཕྱིར། ནོར་དེ་ལ་གཉིས་བསྲེ་བའི་རྒྱུ་མཚན། རྒྱལ་དཀས་རྩིས་གཞི་མཛད་པའི་དུས་ཀྱི་སྐར་གནས་ན་ཉེར་དྲུག་དང་། ཆུ་ཚོད་ན་ལྔ་བཅུ་རྩ་བརྒྱད་ཡོད་ལ། དེའི་སྟེང་དུ་ཆུ་ཚོད་གཉིས་བྱུང་ན་རྒྱུ་སྐར་གྱི་འཁོར་ལོ་ལོངས་པས་དེ་མ་ལོངས་པའི་ལོངས་སྤྱོད་ཀྱི་སྟེང་ནས་ལྷག་འགྱུར་དུ་འདོར་བའི་ཕྱིར་རམ། ཡང་ན་སྐར་མར་ཉེར་དྲུག་དང་ཆུ་ཚོད་ང་བརྒྱད་ཉིད་རྩིས་འཕྲོ་བསྲེས་ནའང་རྣམ་པར་དག་པས་སོ། །དེ་ཡང་བར་མ་ལ་སྦྱོང་དགོས་པ་ནི་བུ་ལོན་གྱི་ཕུང་པོ་ཡིན་པའི་ཕྱིར། མཁའ་རོས་བགོས་ལྷག་ཆུ་ཚོད་དོ། །དྲུག་ཅུས་བགོད་པ་ནི་ཆུ་ཚོད་དྲུག་ཅུའོ་འཁོར་ལོ་ཡིན་པས་སོ། །སྟེང་མ་མིག་གིས་བསྒྱུར་བ་ལ། །ཟླ་དག་གནས་གསུམ་དུ་བཞག་པའི་སྟེང་མ་དེ་གཉིས་ཀྱིས་བསྒྱུར་བ། སྔར་གྱི་སྐར་མ་གཉིས་པོ་དེ་ངོས་གཟུང་བའི་ཆེད་ཡིན་ལ། རྙེད་པ་སྦྱིན་ལ། འོག་མའི་ཐོབ་ནོར་སྟེང་དུ་སྟེར་བ་ནི་སྐར་མར་སྟོབས་མཚུངས་པའི་དོན། འཁོར་ལོས་བགོ ལྷག་མ་སྐར་མའི་གནས་སུ་ངེས། །ཉེར་བདུན་གྱིས་བགོད་པ་རྒྱུ་སྐར་ཉེར་བདུན་གྱི་འཁོར་ལོ་ཡིན་པའི་ཕྱིར་རོ། །དེས་ཉི་མའི་དྷཱུ་བ་རྣམ་པར་དག་པར་འགྱུར་བ་ཡིན་ནོ། །ཡང་ཤིན་ཏུ་ཞིབ་པར་བརྩི་ན། ཟླ་དག་གནས་ལྔར་བཞག་སྟེ་ཉི་མའི་ཚེས་ཞག་གཅིག་གི་རྟག་པའི་ལོངས་སྤྱོད་ཆུ་ཚོད་བཞི། ཆུ་སྲང་ཉེར་གཅིག དབུགས་ལྔ། འདོད་ཆ་དགུ་ཡོད། དེ་ཚེས་ཟླ་གཅིག་གི་རྟག་ལོངས་སུ་བསྒྲུབ་པའི་ཕྱིར་ཐམས་ཅད་སུམ་ཅུས་བསྒྱུར་ཏེ། རང་རང་གི་འཁོར་ལོས་ཕུད་པས་སྐར་མ་གཉིས། ཆུ་ཚོད་བཅུ། ཆུ་སྲང་བརྒྱད། དབུགས་གཉིས། འདོད་ཆ་བཅུ་རྣམས་འབྱུང་བས་ཟླ་དག་གནས་ལྔར་བཞག་པའི་སྟེང་མ་གཉིས་ཀྱིས་བསྒྱུར། དེའི་འོག་མ་བཅུས་བསྒྱུར། དེའི་འོག་མ་ང་བརྒྱད་ཀྱིས་བསྒྱུར། དེ་འོག་གཉིས་ཀྱིས་བསྒྱུར། དེ་འོག་བཅུས་བསྒྱུར། གནས་གཉིས་པ་ནས་གཉིས་ལྷག་འགྱུར་འདོར་བའི་དོན་གྱིས་སྦྱང་། རང་རང་གི་འཁོར་ལོས་དྲིལ་བ་ནི་ཤིན་ཏུ་ཞིབ་པའི་ཉི་དྷཱུ་རྣམ་པར་དག་པ་ཡིན་ནོ། །གཉིས་པ། རྟོགས་སླ་བའི་ཆེད་དུ་བྱེད་པའི་ངེས་པ་སྦྱིན་པ་ནི། གཟའ་ཡི་གནས་སུ་ཟླ་བ་སྟེ། །ཆུ་ཚོད་གནས་སུ་མིག་མེ་སྦྱིན། །ཆ་ཤས་ཟླ་བ་རིལ་པོར་མིག །སྐར་མར་མིག་དང་ཆུ་ཚོད་དུ། །དྲག་པོ་རབ་ཏུ་སྦྱིན་པར་བྱ། །ཟླ་བ་ཕྱི་མའི་རྩིས་གཞི་ཡིན། །སྔ་ཟླའི་གཟའ་དྷཱུར་གཅིག གཟའི་ཆུ་ཚོད་དུ་སོ་གཉིས། ཆ་ཤས་ཀྱི་གནས་སུ་གཅིག རིལ་པོའི་གནས་སུ་གཉིས། ཉི་སྐར་གྱི་གནས་སུ་གཉིས། ཆུ་ཚོད་དུ་བཅུ་གཅིག དེ་ལྟ་བུའི་སྟེར་རྒྱུའི་དངོས་པོ་དེ་རྣམས་ཟླ་བ་སྔ་མ་སྔ་མའི་དྷཱུ་བ་ལ་བྱིན་པས་ཟླ་བ་ཕྱི་མ་ཕྱི་མའི་དྷཱུ་བ་རྣམས་འབྱུང་བ་ཡིན་ནོ། །གཉིས་པ་ཚེས་རེའི་ངེས་པ་བཤད་པ་ལ། གཟའ་ཚེས་ཀྱི་ངེས་པ། སྐར་མའི་ངེས་པ། སྦྱོར་བའི་ངེས་པ། བྱེད་པའི་ངེས་པ་དང་བཞི་ལས་དང་པོ་ནི། གཟའ་ཡི་གནས་སུ་ཚེས་གྲངས་བྱིན། གཟའ་གནས་སུ་གང་རྩི་བར་བྱེད་པའི་ཚེས་གྲངས་དེ་སྟེར་བར་བྱེད་པ་ཡིན་ལ། དེའི་རྒྱུ་མཚན་ཚེས་དེའི་རེས་གཟའ་གང་ཡིན་རྟོགས་པའི་དོན་དུའོ། །དེ་ཡང་གཟའ་གནས་སུ་ཚེས་གཅིག་བྱིན་ན་ཆུ་ཚོད་དྲུག་ཅུ་སྦྱིན་པར་འགྱུར་བ་ཡིན་ལ། ཚེས་ཀྱི་རྟག་པའི་ལོངས་སྤྱོད་ལ་ཆུ་ཚོད་ང་དགུ་རྗེས་བགྲངས་ལས་མེད་པས་མ་དག་པ་འགྱུར་རོ་སྙམ་ན་སྐྱོན་མེད་དེ། དེ་ཉིད་ཆུ་ཚོད་གནས་ནས་སྦྱང་། འོག་ཆུ་ཚོད་ཀྱི་གནས་ནས་ཚེས་གྲངས་གང་སྦྱིན་པ་དེས་སྦྱོང་བ། དོན་ལ་ང་དགུ་བྱིན་པར་འགྱུར་བ་ཡིན་ནོ། །འོ་ན་ཚེས་ཀྱི་རྟག་པའི་ལོངས་སྤྱོད་དུ་ཆུ་ཚོད་ང་དགུ ཆུ་སྲང་གསུམ། དབུགས་བཞི་རྣམས་ཡོད་པ་ལ་ཆུ་སྲང་མན་ལ་མ་བྱིན་པས་ཉེས་པ་སྐྱེད་དོ་སྙམ་ན་མི་སྐྱེད་དེ། དྷཱུ་བའི་སྐབས་སུ་ཟླ་རེ་བཞིན་ཆུ་སྲང་བཅུ་བཅུ་ལྷག་པོར་བྱིན་ཡོད་པས་དེའི་གཉེན་པོར་དགོངས་པ་ཡིན་ནོ། །དེ་ཡང་ཤིན་ཏུ་ཞིབ་པར་བརྩི་ན། ཚེས་ཀྱི་རྟག་པའི་ལོངས་སྤྱོད་ཆུ་ཚོད་ང་དགུ་རྗེས་འབྲངས་དང་བཅས་པ་དེ་རྣམས་ཚེས་གྲངས་སོ་སོ་རང་རང་གིས་བསྒྱུར། རང་རང་གི་འཁོར་ལོས་སྟེང་དུ་དྲིལ་བའི་ལྷག་མ་རྣམས་དྷཱུ་བ་ལ་བྱིན་པས་རྣམ་པར་དག་པ་ཡིན་ནོ། །སླར་ཡང་རིལ་པོར་སྦྱིན་པར་བྱ། །ཟླ་རྐང་རིལ་པོའི་གནས་སུ་སླར་ཡང་ཚེས་གྲངས་སྦྱིན་ནོ། །དེ་ཡང་ཚེས་ཞག་རེ་རེ་ལ་རྐང་པ་རིལ་པོ་རེ་རེ་སྤྱོད་པ་དེ་རྟོགས་པའི་དོན་ཡིན་ནོ། །དེ་ལ་རྒྱ་མཚོ་ཟླ་བས་བགོ རིལ་པོའི་གནས་དེ་ལ་ཟླ་བའི་རྐང་གནས་ལ་སྔ་རྐང་དུ་བདུན་དང་ཕྱི་རྐང་དུ་བདུན་ཏེ་བཅུ་བཞི་ཡོད་པས་དེས་བགོད་པ་ཡིན་ནོ། །རྙེད་པ་མཉམ་དང་མི་མཉམ་ལས། །སྣོན་འབྲིད་མཚན་ཉིད་ཤེས་པར་བྱ། །རྙེད་པ་མེད་ནའང་མཉམ་པ་ཡིན། མཉམ་པ་སྟེ་ཐིག་ལེ་དང་གཉིས་དང་བཞི་རྣམས་བྱུང་ན་མཉམ་པ་ཡིན་ལ། གཅིག་དང་གསུམ་བྱུང་ན་མི་མཉམ་པ་ཡིན་ནོ། །དེ་ཡང་རྙེད་པ་མཉམ་པའི་ཚེ་རིམ་པ་ལ་ཡོད་དེ། རྙེད་ནོར་རྣམས་རྐང་པ་ཚར་རེ་སོང་བའི་དོན་ཡིན་པས་སྟོང་པ་ཤར་ན་རིམ་པའི་རྐང་པ་དང་པོ་ལ་ཡོད་པ་དང་། གཉིས་ཤར་ན་རིམ་མིན་ལ། ལྡོག་སྟེ་སླར་ཡང་རིམ་པ་ལ་ཡོད་པ་དང་། བཞི་ཤར་བའི་ཚེ་ཡང་རིམ་མིན་ལ་ལོག་སྟེ་རིམ་པ་ལ་ཡོད་པ་ཡིན། བཞི་ལས་མང་བ་ནི་མི་ཐོབ་སྟེ། ཚེས་ཀྱི་མང་མཐའ་སུམ་ཅུ་ལ་རིལ་པོའི་མང་མཐའ་ཉེར་བདུན་བསྲེས་པས་ང་བདུན་བྱུང་། དེ་ལ་བཅུ་བཞིས་བགོས་པས་བཞི་ལས་མང་བ་མི་ཐོབ་པའི་ཕྱིར། རྙེད་ནོར་གཅིག་ཤར་ན་རིམ་པ་ཚར་གཅིག་སོང་ནས་རིམ་མིན་ལ་ཡོད་པ་དང་། གསུམ་ཤར་བའི་ཚེ་སླར་ཡང་རིམ་པ་སོང་ནས་རིམ་མིན་ལ་ཡོད་པ་ཡིན་ནོ། །ལྷག་མས་ཟླ་བའི་རྐང་པ་གཟུང་། །ཟླ་རྐང་གི་ལོངས་སྤྱོད་རྣམས་སྦྱིན་ཞེས་པ་ཚེས་ཀྱི་རྟག་ལོངས་ལ་སྟེར་བ་ཡིན་ཏེ། ཟླ་རྐང་རིམ་པ་ལ་ནོར་དུ་འགྱུར་བ་ཡིན་པའི་ཕྱིར་རོ། །རིམ་མིན་ལ་ཡོད་པའི་ཚེ་འདོར་བ་ཡིན་ཏེ་བུ་ལོན་དུ་འགྱུར་བའི་ཕྱིར་རོ། །གང་གི་བཅུ་བཞིས་བགོས་པའི་ལྷག་མ་ནི་རྐང་འཛིན་ཡིན་པས། དེའི་གྲངས་ཀྱིས་ཟླ་རྐང་བསྡོམས་པས། རིམ་པའི་སྔ་རྐང་དུ་ནོར་ཇེ་མང་དུ་སོང་བའི་ཚུལ་གྱིས་རྐང་འཛིན་གཅིག་ནས་བདུན་གྱི་བར་ལ་རིམ་པ་བཞིན་དུ་ཟླ་རྐང་ལྔ་དང་། བཅུ་དང་། བཅོ་ལྔ་དང་། བཅུ་དགུ་དང་། ཉེར་གཉིས་དང་། ཉེར་བཞི་དང་། ཉེར་ལྔ་རྣམས་བསྡོམས། རྐང་འཛིན་བརྒྱད་པ་ནས་བཅུ་གསུམ་བར་ལ་རིམ་པའི་ཕྱི་རྐང་ལ་ཡོད་པས་ནོར་འགྲིབ་པའི་ཚུལ་གྱིས་ཉེར་བཞི་དང་། ཉེར་གཉིས་དང་། བཅུ་དགུ་དང་། བཅོ་ལྔ་དང་། བཅུ་དང་ལྔ་བསྡོམས། དེས་ན་སྔ་རྐང་དུ་ནོར་ཇི་ཙམ་འཕེལ་བ་སྟེ་ཕྱི་རྐང་དུ་བུ་ལོན་འཕེལ་བའམ་འགྲིབ་པ་སོགས་ཏེ། རིམ་པ་རྫོགས་པའི་ཚེ་རྟག་ལོངས་ཀྱི་སྟེང་དུ་ཆད་ལྷག་མེད་པར་འགྲིག་པ་ཡིན་ནོ། །དེས་རིམ་མིན་གྱི་སྔ་རྐང་དུ་བུ་ལོན་འཕེལ་བ་དང་། ཕྱི་རྐང་དུ་བུ་ལོན་འགྲིབ་པའི་ཚུལ་ཡང་ཤེས་པར་བྱ་བ་ཡིན་ནོ། །འབྱུང་དང་འབྱུང་བ་མདའ་རིག་བྱེད། །མེ་དང་ལག་པ་རི་བོང་ཅན། །ལྡོག་པ་དང་བཅས་ཡིད་ཀྱི་གནས། །ཟླ་བའི་སྔ་རྐང་ལ་ལྔ་འཇོག་པའི་རྒྱུ་མཚན། ས་ཡོན་ཏན་ལྔ་ལྡན་གྱི་དབང་དུ་བྱས་པ་དང་། སླར་ལྔ་དང་ལྔ་སྟེ་ལྔ་ཚན་གསུམ་འཇོག་པའི་རྒྱུ་མཚན་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་གྱི་དབང་དུ་བྱས་པ་དང་། དེའི་འོག་ཏུ་བཞི་འཇོག་པ་ནི་ཆུ་ཡོན་ཏན་བཞི་ལྡན་གྱི་དབང་དུ་བྱས་པ་དང་། དེའི་འོག་ཏུ་གསུམ་འཇོག་པ་མེ་ཡོན་ཏན་གསུམ་ལྡན་གྱི་དབང་དུ་བྱས་པ་དང་། དེའི་འོག་ཏུ་གཉིས་འཇོག་པ་རླུང་ཡོན་ཏན་གཉིས་ལྡན་གྱི་དབང་དུ་བྱས་པ་དང་། དེའི་འོག་ཏུ་གཅིག་འཇོག་པ་ནམ་མཁའ་ཡོན་ཏན་གཅིག་ལྡན་གྱི་དབང་དུ་བྱས་པའོ། །སྔ་རྐང་ཇི་ལྟ་བ་བཞིན་དུ་ཕྱི་རྐང་དུ་དེ་ལས་ཟློག་པར་བྱེད་དོ། །ཟླ་བ་དང་ནི་བཅུ་གསུམ་མདའ། །མིག་དང་ཉི་མ་དག་ལ་ཕྱོགས། །མེ་དང་དྲག་པོ་ཚེས་ཞེས་བྱ། །རིལ་པོར་རྒྱ་མཚོ་ཟླ་བས་བགོ །ལྷག་མ་ཐིག་ལེ་བྱུང་ན་རྐང་པ་སྡོམ་རྒྱུ་མེད་པས་ཐིག་ལེ་སྡོམ་པར་བྱེད། བགོས་ལྷག་ལ་བཅུ་གསུམ་མམ་གཅིག་བྱུང་ན་རྐང་པ་ལྔ་སྡོམ། ལྷག་མ་གཉིས་དང་བཅུ་གཉིས་བྱུང་ན་བཅུ་སྡོམ། ལྷག་མ་བཅུ་གཅིག་དང་གསུམ་བྱུང་ན་བཅོ་ལྔ་སྡོམ། རྒྱ་མཚོ་ཕྱོགས་ལ་བུ་ག་གསུམ། །མདའ་དང་བུ་ག་ལག་པ་མིག །དུས་དང་ཀླུ་ལ་རྒྱལ་བ་སྟེ། །ཐུབ་པ་ལ་ནི་དེ་ཉིད་དོ། །ལྷག་མ་བཞི་དང་བཅུ་བྱུང་ན་བཅུ་དགུ་སྡོམ། ལྷག་མ་ལྔ་དང་དགུ་བྱུང་ན་ཉེར་གཉིས་སྡོམ། ལྷག་མ་དྲུག་དང་བརྒྱད་བྱུང་ན་ཉེར་བཞི་སྡོམ། ལྷག་མ་བདུན་བྱུང་ན་ཉེར་ལྔ་སྡོམ། རྙེད་པ་མཉམ་པའི་ཚེ་ཚེས་ཀྱི་རྟག་ལོངས་ལ་སྟེར་བ་དང་། མི་མཉམ་པའི་ཚེ་འབྲིད་པར་བྱེད་པ་སྟེ། ཟླ་རྐང་ལས་བྱུང་བའི་རྟག་ལོངས་རྣམ་ཚེས་ཀྱི་རྟག་ལོངས་ལ་བྱིན་དོར་བྱས་པས་ཚེས་ཕལ་ཆེར་དག དེའི་སྟེང་དུ་ཉི་རྐང་ལས་བྱུང་བའི་ལོངས་སྤྱོད་རྣམས་ཉི་མ་ལ་སྟེར་བའི་ཚེ་ཚེས་ལའང་སྟེར། ཉི་མ་ལ་འདོར་བའི་ཚེ་ཚེས་ལའང་འདོར་བར་བྱེད་དོ། །དེ་ལྟར་སྔ་མ་ཕྱི་མའི་ཆར། །ལོངས་སྤྱད་ལོངས་མ་སྤྱད་པ་བཟུང་། །རྐང་པ་སྔ་མས་ཆ་ཤས་བསྒྱུར། །དུས་ཉིས་བགོས་པ་ཐོབ་པ་ནི། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །རྐང་གཟུང་སྔ་མ་གང་ལ་བབ་པ་དེས་ཆ་ཤས་ན་དུ་ཡོད་པ་དེ་སྒྱུར་བར་བྱེད་པོ་ཡིན་ལ། དེ་ལ་བརྒྱ་ཉེར་དྲུག་གིས་བགོད་པ་ཆ་ཤས་བརྒྱ་ཉེར་དྲུག་གི་འཁོར་ལོ་ཡིན་པས་སོ། །ནོར་ནི་ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །ལྷག་མ་མཁའ་རོས་བསྒྱུར་ལ་བགོད། །རྙེད་པ་ཆུ་སྲང་གནས་སུ་བཞག །ལྷག་མ་རོས་བསྒྱུར་རྙེད་པ་དབུགས། །དེ་ནས་ཆུ་སྲང་དང་དབུགས་ཀྱང་དེ་ལྟར་བསྒྱུར་བགོད་བྱའོ། །དེ་ཡང་དཔེར་ན་ཆ་ཤས་ཀྱི་གནས་ན་གཅིག་ཡོད་པའི་ཚེ་རྐང་གཟུང་སྔ་མས་བསྒྱུར་ནས་དུས་གཉིས་བགོས་པའི་འབྲས་བུ་ནི་རྐང་གཟུང་སྔ་མ་དེའི་དུས་ཉིའི་ཆ་ཤས་གཅིག་ཡིན་ལ། ཡང་ཆ་ཤས་ཀྱི་གནས་ན་གཉིས་ཡོད་པའི་བསྒྱུར་བགོད་གོང་བཞིན་བྱས་པའི་འབྲས་བུ་ནི། རྐང་གཟུང་སྔ་མ་དེའི་བརྒྱ་ཉེར་དྲུག་གི་ཆ་ཤས་གཉིས་ཡིན་ནོ། །དེ་བཞིན་དུ་ཆ་ཤས་ཀྱི་གནས་ན་བརྒྱ་ཉེར་ལྔ་ཡོད་པའི་ཚེ་བསྒྱུར་བགོད་གོང་བཞིན་བྱས་པའི་འབྲས་བུ་ནི་རྐང་གཟུང་སྔ་མ་དེའི་དུས་ཉིའི་ཆ་བརྒྱ་ཉེར་ལྔ་ཡིན་ནོ། །དེ་ནས་ཟླ་བ་གཅིག་ནས་ཆ་ཤས་ཀྱི་འཁོར་ལོ་ལོངས་པ་ཆ་ཤས་ཀྱི་གནས་སྟོངས་ནས། སླར་ཡང་ཆ་ཤས་ཀྱི་འཁོར་ལོ་ཕྱི་མའི་འགོ་རྩོམ་པ་ཡིན་ནོ། །དེ་ལ་ཡང་དག་རྒྱུ་བའི་ཆུ་ཚོད་དུ་འཇོག་པའི་རྒྱུ་མཚན་ནི་རྐང་གཟུང་སྔ་མ་ཟ་བཞིན་པ་ལས་བྱུང་བའི་ལོངས་སྤྱོད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཆ་ཤས་ལ་རགས་པ་ཟླ་བའི་ཆ་ཤས་དང་ཕྲ་བ་ཚེས་ཀྱི་ཆ་ཤས་གཉིས་སུ་ཡོད་པ་ལས། ཕྲ་བ་ཚེས་ཀྱི་དབང་དུ་བྱས་ནས་དྷཱུ་བའི་ཆ་ཤས་ཀྱི་གནས་སུམ་ཅུས་བསྒྱུར། དེ་ལ་ཚེས་གྲངས་བསྲེས། དེ་རྐང་གཟུང་སྔ་མས་བསྒྱུར་ཏེ་སུམ་སྟོང་བདུན་བརྒྱ་བརྒྱད་ཅུས་བགོས་ཐོབ་རྣམས་ནི་ཡང་དག་རྒྱུ་བའི་ཆུ་ཚོད་ཡིན་ལ། སྦྱིན་འདོར་བྱེད་ལུགས་ནི་གོང་དང་འདྲའོ། །ཡང་ན་ཕྲ་བ་ཚེས་ཀྱི་ཆ་ཤས་ནི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུ་ཡིན་ལ། དེ་རགས་པ་ཟླ་བའི་ཆ་ཤས་སུ་དྲིལ་ན་བརྒྱ་ཉེར་དྲུག་འབྱུང་ངོ་། །རྐང་པའི་མཚམས་ནི་མ་འདས་ན། །ཆུ་ཚོད་གཉིས་པོ་བསྲེ་བར་བྱ། །རྐང་མཚམས་མ་འདས་ན་རྐང་པའི་ཆུ་ཚོད་དང་ཡང་དག་རྒྱུ་བའི་ཆུ་ཚོད་བསྲེས་ཏེ། ནོར་བུ་ལོན་གྱི་བྱེད་ལས་མཚུངས་པའི་ཕྱིར་ཏེ། རིམ་པའི་སྔ་རྐང་དུ་ནོར་དུ་མཚུངས་པ་དང་། རིམ་མིན་གྱི་སྔ་རྐང་དུ་བུ་ལོན་དུ་མཚུངས་པའི་ཕྱིར། རྐང་མཚམས་འདས་ན་ཡང་དག་རྒྱུ་བའི་ཆུ་ཚོད་ཀྱིས་རྐང་པའི་ཆུ་ཚོད་ལ་སྦྱོང་སྟེ། ནོར་བུ་ལོན་བྱེད་ལས་མི་མཚུངས་པའི་ཕྱིར། རིམ་པའི་ཕྱི་རྐང་གི་སྐབས་སུ་རྐང་པའི་ལོངས་སྤྱོད་རྣམས་ནི་ནོར་བྲི་བའི་ལྷག་མ་རྣམས་བསྡོམས་པ་ཡིན་ལ། ཡང་དག་རྒྱུ་བའི་ཆུ་ཚོད་རྣམས་ནི་བུ་ལོན་གྱི་ཕུང་པོ་ཡིན་པས། དེས་ཀྱང་བུ་ལོན་གྱི་ལྷག་མ་ལ་སྦྱོང་བའི་ཕྱིར། རིམ་མིན་གྱི་ཕྱི་རྐང་ལ་རྐང་པའི་ཆུ་ཚོད་ནི་བུ་ལོན་གྱི་བྲི་བའི་ལྷག་མ་རྣམས་ཕྱོགས་གཅིག་ཏུ་བསྡམས་པ་ཡིན་པས་དང་། ཡང་དག་རྒྱུ་བའི་ལོངས་སྤྱོད་རྣམས་ནི་ནོར་གྱི་ཕུང་པོ་ཡིན་པས། དེས་ཀྱང་བུ་ལོན་གྱི་ལྷག་མ་ལ་སྦྱངས་ཏེ་ཉུང་དུ་གཏོང་བ་ཡིན་ནོ། །འདས་ན་ཆུ་ཚོད་འོག་མ་ཡིས། །རྐང་པའི་ཆུ་ཚོད་དག་ལ་སྦྱང་། །དེ་ལས་ཀྱང་ནི་གཅིག་ཕབ་ལ། །མཁའ་རོས་བསྒྱུར་ལ་ཆུ་སྲང་གི །སྦྱངས་པའི་ལྷག་མ་གཟུང་བྱ་སྟེ། །གཟའ་ཡི་ཆུ་ཚོད་མན་ཆད་དུ། །སྣོན་དང་དབྲི་བར་བྱ་བ་ཡིན། །རྐང་མཚམས་འདས་ན་ཆུ་ཚོད་ནས་གཅིག་ཕབ་ལ་མཁའ་རོས་བསྒྱུར། དེ་ལ་ཆུ་སྲང་གིས་སྦྱང་། དེ་ལས་གཅིག་ཕབ་རོས་བསྒྱུར་དབུགས་ཀྱིས་སྦྱང་། དེ་ལྟར་སྦྱོང་བའི་རྒྱུ་མཚན་བུ་ལོན་གྱི་ཕུང་པོ་ཡིན་པས་སོ། །གཉིས་པ་སྐར་མའི་ངེས་པ་བཤད་པ་ལ། ཉི་སྐར་གྱི་ངེས་པ་དང་། ཟླ་སྐར་གྱི་ངེས་པ་གཉིས། དང་པོ་ལ། ཉི་མ་ཕྱེད་དག་བཤད་པ་དང་། ཉི་མའི་རྐང་རྩིས་དག་པ་བཤད་པ་དང་། རྐང་པའི་བྱེད་རྩིས་བཤད་པ་གསུམ། དང་པོ་ནི། ཚེས་གྲངས་གང་ཡིན་གནས་གཉིས་སུ། །བྱས་ཏེ་གོང་མ་ཆུ་བོས་བསྒྱུར། །ཚེས་གྲངས་སྐབས་སུ་གང་བབ་པ་དེ་གནས་གཉིས་སུ་འཇོག་པ་སྟེ། སྟེང་མ་ཆུ་ཚོད་ཀྱི་དོན་དང་། འོག་མ་ཆུ་སྲང་གི་དོན་དུའོ། །སྟེང་མ་བཞིས་བསྒྱུར། དེའི་དོན་ཡང་། ཉི་མའི་ཚེས་ཞག་གཅིག་གི་རྟག་པའི་ལོངས་སྤྱོད་ལ་ཆུ་ཚོད་བཞི། ཆུ་སྲང་ཉེར་གཅིག དབུགས་ལྔ། འདོད་ཆ་དགུ་ཡོད་པ་ལས། འདིར་སླ་ཐབས་སུ་བྱས་ཏེ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུར་བཞག་པའི་ཆུ་ཚོད་བཞི་པོ་དེ་ངོས་གཟུང་བའོ། །འོག་མ་མེས་འཐོབ་སྟེང་ལ་སྦྱིན། །གནས་འོག་མ་ལ་གསུམ་གྱིས་བགོས་པའི་ནོར་སྟེང་མ་ལ་སྦྱིན། དེ་ཡང་ཚེས་རེ་རེ་ལ་ཆུ་སྲང་ཉི་ཤུ་རེ་ཡོད་ལ། ཚེས་གསུམ་ཚན་རེ་ལ་ཆུ་སྲང་ཉི་ཤུ་པ་ཕྲག་གསུམ་དུ་ལོངས་པས་ཆུ་སྲང་རྣམས་ཆུ་ཚོད་དུ་ལོངས་པས་བསྲེ་བ་ཡིན་ནོ། །ཚེས་གསུམ་ཚན་དུ་མ་ལོངས་ན་ཉི་ཤུས་བསྒྱུར་ནས་ཆུ་སྲང་གི་གནས་སུ་བགོད་པ་ཡིན་ནོ། །ཐོབ་ན་དྲུག་ཅུས་བགོ་བར་བྱ། །རྙེད་པ་སྐར་མའི་གནས་སུ་སྦྱིན། །སྟེང་ཆུ་ཚོད་ཀྱི་གནས་ལ་དྲུག་ཅུས་ཐོབ་ནོར་ནི་སྐར་མར་ལོངས་པའི་གྲངས་ཡིན་པས་སྐར་གནས་སུ་སྟེར་བར་བྱེད་དོ། །ལྷག་མ་ཆུ་ཚོད་དུ་སྦྱིན་པ་ནི་ཆུ་ཚོད་དང་སྟོབས་མཚུངས་པས་སོ། །འོག་གི་ལྷག་མ་ཉི་ཤུས་བསྒྱུར། །ཆུ་སྲང་དུ་སྦྱིན་ཉི་བར་ཡིན། །འོག་གི་ལྷག་མ་ཉི་ཤུས་བསྒྱུར་བ་ཉི་མའི་ཚེས་ཞག་གི་རྟག་ལོངས་ཆུ་ཚོད་བཞི་རགས་རྩིས་སུ་ཆུ་སྲང་ཉི་ཤུ་ཡོད་པས། དེའི་ཉི་ཤུ་པོ་དེས་བསྒྱུར་བའི་ཕྱིར་རོ། །དེ་ཆུ་སྲང་དུ་སྟེར་བ་ནི་ཆུ་སྲང་དུ་སྟོབས་མཚུངས་པས་སོ། །དེ་ནི་ཉི་མ་བར་པའམ། ཉི་མ་ཕྱེད་དག་ཏུ་གྲུབ་པ་ཡིན་ནོ། །གཉིས་པ་ཉི་མའི་རྐང་རྩིས་དག་པ་བཤད་པ་ནི། དེ་ཉིད་གནས་གཉིས་བཀོད་བྱས་ལ། །ཉི་མ་ཕྱེད་དག་དེ་གནས་གཉིས་སུ་བཀོད། དེ་ཡང་གཅིག་ནི་ཉི་རྐང་ལས་བྱུང་བའི་ལོངས་སྤྱོད་འཚོལ་བའི་གཞི་དང་། གཉིས་པ། ཉི་རྐང་ལས་བྱུང་བའི་ལོངས་སྤྱོད་སྣོན་འབྲིད་བྱེད་པའི་གཞིར་དགོས་པས་སོ། །སྐར་མའི་གནས་ནས་དྲུག་དང་ནི། །ཆུ་ཚོད་གནས་ནས་ཞེ་ལྔ་དོར། །དང་པོ་འཚོལ་བའི་གཞི་དེ་ལ་ཐ་སྐར་ནས་ལག་ཡན་གྱི་སྐར་མ་དྲུག་དང་། ནབས་སོའི་སྟེང་ནས་རྐང་པ་གསུམ་སྟེ་ཆུ་ཚོད་ཞེ་ལྔ་འདས་པ་ཀརྐ་ཊའི་ཁྱིམ་གྱི་ཐོག་མར་སྐྱེས་པས། རང་མ་སྐྱེས་གོང་གི་སྐྱེས་ཁྱིམ་སྦྱོང་བའི་དོན་དུ་ཉི་མའི་ལོངས་སྤྱོད་ཀྱི་སྐར་གནས་ནས་དྲུག་དང་། ཆུ་ཚོད་ནས་ཞེ་ལྔ་སྦྱོང་ངོ་། །མ་ལྡང་འཁོར་ལོ་བསྣན་ལ་དོར། །དེ་ལྟ་བུའི་སྐྱེས་ཁྱིམ་སྦྱོང་བ་ལ་མ་ལྡང་ན་འཁོར་ལོ་སྣོན། །དེའི་དགོས་པའང་རྩིས་སྔ་མའི་འཕྲོ་རྟོགས་པའི་ཕྱིར་དུའོ། །འཁོར་ཕྱེད་ལྷག་ན་དོར་བར་བྱ། །འཁོར་ལོ་བསྣན་ཡང་རུང་མ་བསྣན་ཡང་རུང་འཁོར་ཕྱེད་ལྷག་ན་འདོར་ཏེ། རིམ་པ་ཚར་གཅིག་སོང་ནས་དེའི་སྔ་རྐང་དུ་བུ་ལོན་ཇི་ཙམ་འཕེལ་བ་དེ་ཉིད་ཕྱི་རྐང་དུ་སོབས་པས་རྟག་ལོང་གི་སྟེང་དུ་རྩིས་འགྲིག་སྟེ་དོར་ཆོག་པ་ཡིན་པའི་ཕྱིར་རོ། །དེ་ཡང་འཁོར་ཕྱེད་མ་དོར་ན་རྐང་པ་རིམ་པ་ནས་འཛིན་པ་དང་། དོར་ན་རིམ་མིན་ནས་འཛིན་པར་བྱེད་དོ། །རྒྱུ་སྐར་གནས་ནི་མཁའ་རོས་བསྒྱུར། །རྒྱུ་སྐར་གྱི་གནས་དྲུག་ཅུས་བསྒྱུར་བ་ནི་སྐར་མ་ཆུ་ཚོད་དུ་གསིལ་བའི་དོན་ཡིན། འོག་གི་ཆུ་ཚོད་དང་ལྡན་པ། །དེ་ལ་འོག་གི་ཆུ་ཚོད་བསྲེ་བ་ཆུ་ཚོད་དུ་སྟོབས་མཚུངས་པ་དང་། འབྱུང་བ་མེ་དང་ཟླ་བས་བགོ །རྙེད་པས་ཉི་མའི་རྐང་པ་གཟུང་། །དེ་ལ་བརྒྱ་དང་སོ་ལྔས་བགོད་པ་ནི། ཁྱིམ་ཟླ་རེའི་ཆུ་ཚོད་བརྒྱ་སོ་ལྔ། དེས་བགོད་པའི་འབྲས་བུ་ནི་རིམ་པའམ་རིམ་མིན་དུ་སླེབ་ནས་ཁྱིམ་དུ་འདས་ཀྱི་གྲངས་ཡིན། ཁྱིམ་རེ་བགྲོད་པ་དང་དལ་རྐང་རེ་འཕོ་བ་གནད་གཅིག་པས་ཐོབ་ནོར་དེས་ཉི་རྐང་འཛིན་པར་བྱེད་དོ། །དེ་ཡང་རྐང་འཛིན་དུ་གཅིག་བྱུང་ན་ཉི་རྐང་དང་པོ་ཆུ་ཚོད་དྲུག་སྡོམ། གཉིས་བྱུང་ན་བཅུ་སྡོམ། གསུམ་བྱུང་ན་བཅུ་གཅིག་སྡོམ། བཞི་བྱུང་ན་ཕྱི་རྐང་གིས་མ་ཟོས་པའི་བཅུ་སྡོམ། ལྔ་བྱུང་ན་མ་ཟོས་པའི་དྲུག་སྡོམ། སྟོང་པ་བྱུང་ན་སྡོམ་རྒྱུ་རྐང་པ་མེད་པས་ཐིག་ལེ་སྡོམ་ལ་རྐང་ཟུང་སྔུན་མ་ནི་དྲུག་ལ་ཡོད་པ་ཡིན་ནོ། །དེ་ཡང་དཔེར་མཚོན་ན་ཉི་མ་ཀརྐ་ཊའི་ཁྱིམ་དུ་སླེབ་ནས་སེང་གེའི་ཁྱིམ་དུ་མ་སླེབ་གྱི་བར་ལ་རིམ་རྐང་དང་པོའི་ཆུ་ཚོད་དྲུག་བུ་ལོན་དུ་འགྱུར་བས་ཁྱིམ་ཟླ་གཅིག་པུ་དེ་ལ་ཁྱིམ་གྱི་རྟག་ལོངས་ཆུ་ཚོད་བརྒྱ་སོ་ལྔའི་སྟེང་ནས་དྲུག་སྦྱངས་པའི་བརྒྱ་ཉེར་དགུ་ལོངས་སྤྱད། ད་རུང་ཁྱིམ་དེ་རྫོགས་པ་ལ་ཆུ་ཚོད་དྲུག་དགོས་པས་ཚེས་ཞག་ཕྱེད་དང་གཉིས་ཅུང་མེད་ཅིག་ཕྱིར་བསྣུར་དགོས་བྱུང་བ་ཡིན། དེས་ཉི་མ་འཁྲིག་ཁྱིམ་དུ་གནས་པ་རིམ་མིན་གྱི་ཕྱི་རྐང་ཐ་མའི་སྐབས་ཀྱང་རྟོགས་སོ། །ཡང་ཉི་མ་སེང་གེའི་ཁྱིམ་དུ་སླེབ་ནས་བུ་མོའི་ཁྱིམ་དུ་མ་སླེབ་པའི་བར་གྱི་ཁྱིམ་ཟླ་གཅིག་ལ་རིམ་རྐང་གཉིས་པའི་ཆུ་ཚོད་བཞི་བུ་ལོན་དུ་སོང་བས་ཆུ་ཚོད་བརྒྱ་དང་སོ་གཅིག་ལས་སྤྱོད་མ་ནུས། ད་དུང་ཆུ་ཚོད་བཞི་སྤྱོད་དགོས་པས་ཚེས་ཞག་གཅིག་ཅུང་མེད་ཙམ་ཕྱིར་བསྣུར་དགོས། འདིས་རིམ་མིན་གྱི་རྐང་པ་ལྔ་པ་ཉི་མ་གླང་ཁྱིམ་དུ་གནས་པའི་དུས་ཀྱང་གོ་བར་བྱའོ། །ཡང་བུ་མོའི་ཁྱིམ་དུ་སླེབ་ནས་སྲང་ཁྱིམ་དུ་མ་སླེབ་བར་གྱི་ཁྱིམ་ཟླ་གཅིག་ལ་ཆུ་ཚོད་གཅིག་བུ་ལོན་དུ་འགྱུར་བས་བརྒྱ་སོ་བཞི་སྦྱང་། ད་དུང་ཆུ་ཚོད་གཅིག་དགོས་པས་ཚེས་ཞག་ཕྱེད་ཅུང་མེད་ཙམ་ཕྱིར་བསྣུར་དགོས། འདིས་རིམ་མིན་གྱི་རྐང་པ་བཞི་པ་ཉི་མ་ལུག་ཁྱིམ་དུ་གནས་པའི་དུས་ཀྱང་ཤེས་སོ། །དེ་བཞིན་དུ་རིམ་པའི་ཕྱི་རྐང་དང་པོ་ཉི་མ་སྲང་ཁྱིམ་དུ་གནས་པ་དང་། རིམ་མིན་གྱི་སྔ་རྐང་གསུམ་པ་ཉི་མ་ཉ་ཁྱིམ་དུ་གནས་པའི་ཁྱིམ་ཟླ་རེ་ལ་ཆུ་ཚོད་རེ་ནོར་དུ་འགྲོ་བ་དང་། ཡང་རིམ་པའི་ཕྱི་རྐང་གཉིས་པ་སྡིག་ཁྱིམ་དུ་གནས་པ་དང་། རིམ་མིན་གྱི་སྔ་རྐང་གཉིས་པ་ཉི་མ་བུམ་ཁྱིམ་དུ་གནས་པའི་དུས་སུ་ཆུ་ཚོད་བཞི་ནོར་དུ་འགྲོ་བས་ཁྱིམ་ཟླ་དེ་བགྲོད་པ་ལ་ཁྱིམ་ཟླ་གཅིག་གི་སྟེང་ནས་ཚེས་ཞག་གཅིག་ཅུང་མེད་ཙམ་གྱིས་ཆོག ཡང་རིམ་པའི་ཕྱི་རྐང་མཐའ་མ་ཉི་མ་གཞུ་ཁྱིམ་དུ་གནས་པ་དང་། རིམ་མིན་གྱི་སྔ་རྐང་དང་པོ་ཆུ་སྲིན་གྱི་ཁྱིམ་དུ་ཉི་མ་གནས་པའི་དུས་རྐང་པའི་ཆུ་ཚོད་དྲུག་ནོར་དུ་འགྱུར་ལ། ད་དུང་ཁྱིམ་དེ་བགྲོད་པ་ལ་ཁྱིམ་ཟླ་གཅིག་གི་སྟེང་ནས་ཚེས་ཞག་ཕྱེད་དང་གཉིས་ཅུང་མེད་ཙམ་མ་ཚང་བས་ཆོག་པ་ཡིན་ནོ། །དེ་ལྟར་ན་རིམ་པས་སྔ་རྐང་དང་རིམ་མིན་གྱི་ཕྱི་རྐང་ལ་རྐང་པའི་ལོངས་སྤྱོད་རྟག་ལོངས་ལ་བུ་ལོན་དུ་སོང་བས་ཁྱིམ་བགྲོད་པ་བུལ་བ་ཡིན་པས་ཞག་བསྣན་དགོས། རིམ་མིན་གྱི་སྔ་རྐང་དང་རིམ་པའི་ཕྱི་རྐང་ལ་རྐང་པའི་ལོངས་སྤྱོད་རྟག་ལོངས་ལ་ནོར་དུ་སོང་བས་ཁྱིམ་བགྲོད་པ་མྱུར་བའི་དོན་གྱིས་ཞག་ཉུང་དུས་ཆོག་པ་ཡིན་ནོ། །ཉི་མའི་རྐང་པ་སྔ་རྐང་ཕྱི་རྐང་གཉིས་ཀར་གནས་གསུམ་འཇོག་པ་ནི་ཡོན་ཏན་གསུམ་གྱི་དབང་དུ་བྱས་པ་ཡིན་ལ། དུས་དང་རྒྱ་མཚོ་ཟླ་བ་སྟེ། །ལྡོག་པ་དང་བཅས་རོ་ཡི་གནས། །གཟུགས་དང་མདའ་ལ་རོ་ཡིན་ཏེ། །མིག་དང་རྒྱ་མཚོ་དག་ལ་ཕྱོགས། །མེ་ལ་དྲག་པོ་ཞེས་བྱའོ། །དེ་ལྟར་སྔ་མ་ཕྱི་མའི་ཆར། །ལོངས་སྤྱད་ལོངས་མ་སྤྱད་པ་གཟུང་། །རྐང་པ་སྔུན་མས་ལྷག་རྣམས་བསྒྱུར། །སོགས་ཀྱི་གཟུང་བྱའི་རྐང་པ་ནི། །རྐང་གནས་དང་པོར་དྲུག །དེའི་འོག་ཏུ་བཞི། དེའི་འོག་ཏུ་གཅིག དེ་ལས་ལྡོག་པ་ཕྱི་རྐང་། །རིམ་པ་ལ་གནས་དྲུག་དང་། རིམ་མིན་ལ་གནས་དྲུག་སྟེ་བཅུ་གཉིས། དེ་ཡང་ཁྱིམ་བཅུ་གཉིས་ཡོད་པའི་དབང་གིས་ཡིན་ནོ། །རྐང་ཟུང་སྔ་མ་གང་ལ་བབ་པ་དེས་ལྷག་མ་བསྒྱུར་བ་ཁྱིམ་ཟླ་གཅིག་གི་རྐང་པའི་ཆུ་ཚོད་རྣམས་ཆ་ཕྲ་མོར་གསིལ་ཏེ་རྒྱུན་བསྡམས་པས་རྐང་པ་རིལ་པོ་རྩོམ་པའི་དོན་ཡིན། དཔེར་ན་རྟག་ལོངས་ཀྱི་ཆུ་ཚོད་གཅིག་རྐང་པ་གང་ལ་བབ་པས་བསྒྱུར་ནས་བརྒྱ་སོ་ལྔས་ཐོབ་པ་ནི་ཆུ་ཚོད་གཅིག་གི་བར་གྱི་རྐང་བའི་ལོངས་སྤྱོད་ཡིན། དེ་བཞིན་དུ་ཚེས་ཞག་གཅིག་གི་རྟག་ལོངས་ལ་བསྒྱུར་བགོད་བྱས་པས་ཚེས་ཞག་གཅིག་གི་རྐང་པའི་ལོངས་སྤྱོད་འབྱུང་བ་ཡིན་ནོ། །དེ་ཡང་འབྱུང་བ་མེ་ཟླས་བགོས་པའི་ཐོབ་ནོར་ལ་གཅིག་བྱུང་ན། རྐང་གཟུང་སྔ་མ་དེ་བརྒྱ་སོ་ལྔར་བཏང་བའི་ཆ་གཅིག་དང་། དེ་བཞིན་དུ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་སོགས་བྱུང་ན་བརྒྱ་སོ་ལྔར་བཏང་བའི་ཆ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་རྣམས་ཡིན་ལ། ཐོབ་ནོར་ཡང་དག་རྒྱུ་བའི་ཆུ་ཚོད་དུ་འཇོག་པ་ནི་རྐང་གཟུང་སྔ་མ་དེས་ཟ་བཞིན་པའི་ལོངས་སྤྱོད་ཡིན་པས་སོ། །དེའི་ལྷག་མ་དྲུག་ཅུས་བསྒྱུར་ཏེ་བགོ་ཐོབ་ཆུ་སྲང་ལྷག་མ་དྲུག་གིས་བསྒྱུར་ཏེ་བགོས་ཐོབ་དབུགས་སུ་བཞག རྐང་མཚམས་མ་འདས་ན་རྐང་པའི་ཆུ་ཚོད་དང་ཡང་དག་རྒྱུ་བའི་ཆུ་ཚོད་གཉིས་བསྲེ་སྟེ་ནོར་བུ་ལོན་བྱེད་ལས་མཚུངས་པའི་ཕྱིར། རྐང་མཚམས་འདས་ན་སྦྱོང་བ་ཡིན་ཏེ་ནོར་བུ་ལོན་བྱེད་ལས་མི་མཚུངས་པའི་ཕྱིར། དེ་ཡང་རིམ་པ་ལ་ཡོད་པའི་ཚེ་ཉི་མ་དང་ཚེས་ལ་བུ་ལོན་དང་། རིམ་མིན་ལ་ཡོད་པའི་ཚེ་དེ་ལས་ལྡོག་པ་ཡིན་ནོ། །འདས་ན་ཆུ་ཚོད་འོག་མ་ཡིས། །སོགས་རྐང་པ་བཞི་སྔ་མཚམས་འདས་ན་ཆུ་ཚོད་ཀྱི་གནས་ནས་གཅིག་ཕབ་སྟེ་དྲུག་ཅུས་བསྒྱུར་བ་ཆུ་སྲང་གིས་སྦྱོང་བ་སོགས་ཟླ་བ་དང་འདྲའོ། །གཟའ་དང་སྐར་མའི་ལོངས་སྤྱོད་དུ། །བྱང་བགྲོད་ལ་བྱིན་ལྷོ་བགྲོད་དོར། །ཉི་མ་བྱང་དུ་བགྲོད་པའི་ཁྱིམ་ཞག་བརྒྱ་དང་བརྒྱད་ཅུའི་བར་དུ་ཉི་མ་དང་ཚེས་གཉིས་ཀ་ལ་སྟེར། ལྷོར་བགྲོད་པའི་ཞག་བརྒྱ་དང་བརྒྱད་ཅུའི་བར་ཉི་མ་དང་ཚེས་གཉིས་ཀ་ལ་སྦྱོང་བར་བྱེད་པ་ཡིན་ནོ། །གསུམ་པ་རྐང་པའི་བྱེད་རྩིས་བཤད་པ་ནི། ཉི་མ་ཀརྐ་ཊའི་ཁྱིམ་དུ་སླེབ་པའི་ཕྱོགས་དང་པོ་ལ་ཆུ་ཚོད་གསུམ་བུ་ལོན་དུ་འགྱུར། གཉིས་པ་ལ་དྲུག་བུ་ལོན། སེང་ཁྱིམ་དུ་དང་པོ་ལ་ཆུ་ཚོད་བརྒྱད་བུ་ལོན། གཉིས་པ་ལ་བཅུ་བུ་ལོན། བུ་མོའི་ཁྱིམ་ལ་དང་པོ་བཅུ་གཅིག་དང་། གཉིས་པ་ལ་ཡང་བཅུ་གཅིག སྲང་ཁྱིམ་དང་པོ་ལ་བཅུ། གཉིས་པ་ལ་བཅུ། སྡིག་ཁྱིམ་དུ་བརྒྱད་དང་དྲུག གཞུའི་ཁྱིམ་དུ་དང་པོ་ལ་གསུམ་དང་ཕྱོགས་གཉིས་པ་ལ་ཉི་མ་ལྷོར་བགྲོད་པའི་མཐར་ཐིག་ལེ་འབྱུང་། ཉི་མ་བྱང་དུ་བགྲོད་པའི་ཚེ་ཉིན་མོ་འཕེལ་ཞིང་མཚན་མོ་འགྲིབ་པས་མཚན་ཕྱེད་ནས་ཉི་ཕྱེད་ཀྱི་བར་ལ་ནོར་ཡིན། ལྷོར་བགྲོད་པའི་དུས་དེ་ལས་ལྡོག་པའོ། །རྐང་པ་རེ་རེ་འཕོ་བ་དང་ཁྱིམ་རེ་རེ་འཕོ་བ་དུས་མཚུངས་པ་ཡིན་པའི་ཕྱིར། ཟླ་བ་རེ་ལ་དཀར་ནག་གཉིས། ཟླ་བ་དྲུག་པ་གཉིས་ལ་བགྲོད་པ་གཉིས་ཉི་མས་ལོངས་སྤྱོད་པར་བྱེད་དོ། །གཉིས་པ་ཟླ་སྐར་གྱི་ངེས་པ་བཤད་པ་ནི། ཉི་མ་དག་པ་གནས་གཉིས་བཞག ཟླ་སྐར་གྱི་དོན་དུ་ཉི་དག་གནས་གཉིས་འཇོག་པ། གཅིག་ནི་ཉི་དག་ཉིད་ཡིན་ལ། །ཅིག་ཤོས་ནི་ཟླ་སྐར་རྟོགས་པའི་དོན་དུའོ། །གཅིག་གི་སྐར་མར་ཚེས་གྲངས་བྱིན། །དེ་ཡང་ཟླ་བས་ཚེས་རེ་བཞིན་དུ་རང་གི་ཐུན་མོང་མ་ཡིན་པའི་རྟག་ལོངས་ཆུ་ཚོད་ང་བཞིའི་སྟེང་དུ་ཉི་མའི་ཚེས་ཞག་གི་རྟག་ལོངས་རྐང་པ་དང་བཅས་པ་སྤྱོད་པ་ཡིན་པའི་ཕྱིར། སྐར་གནས་སུ་ཚེས་གྲངས་སྐབས་སུ་གང་བབ་སྟེར། དེ་ཡང་ཚེས་རེ་བཞིན་དུ་ཆུ་ཚོད་དྲུག་ཅུ་སྦྱིན་པའི་དོན་ཏོ། །ཚེས་རེ་བཞིན་དུ་ཆུ་ཚོད་དྲུག་ཅུ་སྦྱིན་ན་རྩིས་མ་དག་པར་འགྱུར་རོ་སྙམ་ན་མི་འགྱུར་ཏེ། ཚེས་གྲངས་ལོགས་བྲིས་དྲུག་གིས་བསྒྱུར། །ཚེས་གྲངས་ལོགས་སུ་བྲིས། དེ་དྲུག་གིས་བསྒྱུར་ནས་སྦྱངས་པས། དོན་ལ་ཚེས་རེ་བཞིན་དུ་ཆུ་ཚོད་ལྔ་བཅུ་རྩ་བཞི་རེ། ཟླ་བའི་ཐུན་མོང་མ་ཡིན་པའི་རྟག་ལོངས་སུ་སྦྱིན་པར་འགྱུར་བ་ཡིན་ནོ། །དེ་ལ་གཟའ་ཡི་ཆུ་ཚོད་བསྲེ། །ཐོབ་ན་དྲུག་ཅུས་བགོ་བར་བྱ། །རྙེད་པ་སྐར་མའི་གནས་ནས་སྦྱང་། །ལྷག་མས་ཆུ་ཚོད་སྦྱང་བར་བྱ། །གཟའ་ཡི་ཆུ་སྲང་དག་གིས་ནི། །སྐར་མའི་ཆུ་སྲང་སྦྱང་བར་བྱ། །གཟའ་དང་ཟླ་ཉི་སྐར་མའི་གནས། །རི་དང་འཁོར་ལོས་བགོ་བར་བྱ། །ལྷག་མ་གཟའ་དང་རྒྱུ་སྐར་གྱི། །རྣམ་པར་དག་པ་མངོན་སུམ་འཆར། །དེ་ལ་གཟའི་ལོངས་སྤྱོད་བསྲེས་ཏེ་ཆུ་ཚོད་ན་སྦྱོང་སྟེ་ལོངས་སྤྱོད་ཀྱི་མཚམས་ངོས་གཟུང་བའི་ཕྱིར་རོ། །ཚེས་ཀྱི་ལོངས་སྤྱོད་ནི་ནམ་ལངས་ཚུན་ཆད་དུ་འཆར་བ་ཡིན་ལ། དེ་སྦྱངས་པས་ཟླ་སྐར་གྱི་ལོངས་སྤྱོད་རྣམས་ནམ་ལངས་ཕན་ཅད་དུ་སྦྱང་ཟིན་འཆར་བ་རྟོགས་པར་འགྱུར་བའི་ཕྱིར། འོ་ན་ཟླ་སྐར་གྱི་ལོངས་སྤྱོད་རྣམས་ཡུལ་གྱི་ཡིན་ལ། ཚེས་ཀྱི་ལོངས་སྤྱོད་རྣམས་དུས་ཀྱི་ཡིན་པས་སྟོབས་མི་མཚུངས་སོ་སྙམ་ན་སྐྱོན་མེད་དོ། །ཚེས་ཀྱི་རྟག་ལོངས་ཆུ་ཚོད་ང་དགུ་རྗེས་འབྲང་དང་བཅས་པ་དང་། ཟླ་བའི་ཚེས་ཞག་གཅིག་གི་རྟག་ལོངས་ཆུ་ཚོད་ང་བརྒྱད་རྗེས་འབྲང་དང་བཅས་པ་ཕལ་ཆེར་གྲངས་མཚུངས་པས། འོན་ཀྱང་ཚེས་ཀྱི་རྟག་ལོངས་ལ་ཟླ་རྐང་གི་འཕེལ་འགྲིབ་འབྱུང་བས་གཟའ་འཛིན་ལ་སོགས་པའི་སྐབས་སུ་ཚེས་ཀྱི་ལོངས་སྤྱོད་ཀྱིས་མ་སྦྱངས་པའི་ཟླ་སྐར་གྱི་ལོངས་སྤྱོད་དེ་ཉིད་དང་། སྒྲ་གཅན་གདོང་མཇུག་ཕན་ཚུན་དུ་སྦྱོང་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེས་ན་ཚེས་ཀྱི་ལོངས་སྤྱོད་ཀྱིས་མ་སྦྱངས་པའི་ཚེ་ཟླ་ཉིའི་སྐར་མའི་ལོངས་སྤྱོད་རྣམས་ཚེས་དེ་རྫོགས་པ་ཕན་ཆད་ལ་སྤྱད་པ་ཡིན་ལ། ཚེས་ཀྱིས་ཟླ་བ་ལ་སྦྱངས་པའི་ཚེ་ཟླ་བའི་ལོངས་སྤྱོད་རྣམས་ནམ་ལངས་ཕན་ཆད་ལ་སྤྱད་ཟིན་འཆར་བ་ཡིན་ནོ། །དེས་ཟླ་བ་རྣམ་པར་དག་གོ །གསུམ་པ་སྦྱོར་བའི་ངེས་པ་ནི། །ཉི་ཟླ་བསྲེས་པ་སྦྱོར་བ་ཡིན། །ཉི་མའི་སྐར་མ་རྗེས་འབྲང་དང་ཟླ་སྐར་རྗེས་འབྲང་བསྲེ་བ་ལ་དགོས་པ་ཡོད་དེ་སྦྱོར་བས་ཚེས་རེ་ལ་ཟླ་བས་གང་སྤྱད་ཀྱི་སྟེང་དུ་ཉི་མས་གང་སྤྱད་ཀྱི་རྟག་ལོངས་དང་། རྐང་པའི་ལོངས་སྤྱོད་རྣམས་སྤྱོད་པས་དེ་རྟོགས་པའི་དོན་ཡིན་པའི་ཕྱིར་རོ། །ད་ནི་སྦྱོར་བ་ནི་སེལ་བ་དང་། མཛའ་བ་དང་། ཚེ་དང་ལྡན་པ་དང་། སྐལ་བཟང་དང་། བཟང་པོ་དང་། ཤིན་ཏུ་སྐྲངས་དང་། ལས་བཟང་དང་། འཛིན་པ་དང་། ཟུག་རྔུ་དང་། སྐྲང་བ་དང་། འཕེལ་བ་དང་། ངེས་པ་དང་། ཀུན་འཇོམས་དང་། དགའ་བ་དང་། རྡོ་རྗེ་དང་། གྲུབ་པ་དང་། ཤིན་ཏུ་ལྟུང་དང་། མཆོག་ཅན་དང་། ཡོངས་འཇོམས་དང་། ཞི་བ་དང་། གྲུབ་པ་དང་། བསྒྲུབ་བྱ་དང་། དགེ་བ་དང་། དཀར་པོ་དང་། ཚངས་པ་དང་། དབང་པོ་དང་། འཁོན་འཛིན་ཞེས་པ་སྟེ་ཉི་ཤུ་རྩ་བདུན་ནོ་ཞེས་པ་རྣམས་སོ། །བཞི་པ་བྱེད་པའི་ངེས་པ་བཤད་པ་ནི། ཚེས་གྲངས་མིག་བསྒྱུར་ཚེས་གྲངས་གཉིས་ཀྱིས་བསྒྱུར་ཏེ། ཚེས་རེ་ལ་བྱེད་པ་གཉིས་གཉིས་འཆར་བ་དེ་ངོས་འཛིན་པའི་ཕྱིར་དུའོ། །ཟླ་བས་སྦྱང་དེ་ལ་གཅིག་སྦྱོང་བ་ནི། ཚེས་གཅིག་གི་སྔ་ཆ་ལ་ཀི་སྟུ་གྷྣཾཿདེ་སྦྱོང་བའི་ཕྱིར། ཐུབ་པས་བགོས་ལྷག་བྱེད་པའོ། །འཕོ་བའི་བྱེད་པ་བདུན་ཡོད་པས་དེས་བགོད་པ་ཡིན་ལ། དེ་ལྟར་ན་རི་མོ་ལ་གང་ཤར་བའི་བྱེད་པ་ནི་ཚེས་དེའི་ཕྱི་ཆ་ལ་འཆར་བའི་བྱེད་པ་ཡིན་ནོ། །སྔ་ཆ་ནི་རིག་པས་དཔག་གོ །དེ་ཡང་དཔེར་མཚོན་ན་ཚེས་གཅིག་གི་ཕྱི་ཆ་ལ་བྱེད་པ་པ་བཾ་ཞེས་པ་གདབ་པ། ཚེས་གཉིས་ཀྱི་སྔ་ཆ་ལ་པཱ་ལ་བཾ་ཞེས་པ་བྱིས་པ། ཕྱི་ཆ་ལ་ཀཽ་ལ་བཾ་ཞེས་པ་རིགས་ཅན། གསུམ་གྱི་སྔ་ཆ་ལ་ཏེ་ཏི་ལཾ་ཞེས་པ་ཏིལ་བརྡུང་ཕྱི་ཆ་ལ་གྲྀ་ཧ་ཛཾ་ཞེས་པ་ཁྱིམ་སྐྱེས། བཞིའི་སྔ་ཆ་ལ་པཱ་ནི་ཛཾ་ཞེས་པ་ཚོང་པ། ཕྱི་ཆ་ལ་བིཥྚི་ཏེ་མཇུག་ཕོད། དེ་ལྟར་རིམ་གྱིས་འཆར་ཏེ། ཉེར་དགུའི་ཕྱི་ཆ་ལ་ཀུ་ཤ་ནི་ཞེས་པ་བཀྲ་ཤིས་པ། གནམ་གང་གི་སྔ་ཆ་ལ་རྐང་བཞི། ཕྱི་ཆ་ལ་ཀླུ་རྣམས་རྒྱུ་བར་བྱེད། དེ་ཡང་བྱེད་པ་ཐོག་མ་དང་ཐ་མ་གསུམ་ལ་མི་འཕོ་བས་བརྟན་པའི་བྱེད་པ། བར་མ་བདུན་འཕོ་ཞིང་ལོངས་སྤྱོད་པའི་ཕྱིར་འཕོ་བའི་བྱེད་པ་ཞེས་གསུངས་སོ། །གསུམ་པ་ནི། འདིར་ཚེས་ལ་དོན་དུ་ལྷག་ཆད་མེད་ཀྱང་དེ་ལྟར་སྣང་བའི་རྒྱུ་ནི་ཟླ་རྐང་འཕེལ་འགྲིབ་ལས་ཡིན་ཏེ། དཔེར་ན་ཚེས་གཉིས་ཀྱི་རྩིས་ལ་རྟག་ལོངས་ཆུ་ཚོད་ང་དགུའི་སྟེང་ནས་རྐང་པའི་ཆུ་ཚོད་ལྔ་བུ་ལོན་དུ་སོང་ན་ཚེས་དེའི་ཡུན་ཆུ་ཚོད་ང་བཞི་ལས་མེད་པས་ཉིན་ཞག་གཅིག་གི་ཐོག་མ་ནས་ཚེས་གཅིག་གི་འཕྲོ་ཆུ་ཚོད་གཉིས་ལྟ་བུ། དེ་ནས་ཚེས་གཉིས་ཀྱི་ཆུ་ཚོད་ང་བཞི། དེ་ནས་ཚེས་གསུམ་གྱི་ཐོག་མ་ནས་ཆུ་ཚོད་གསུམ་ལྷག་ཙམ་སྤྱོད་པས་ཚེས་གཉིས་ཆད་པར་སྣང་བ་ཡིན་ཏེ། དེའི་ཐོག་སྐལ་གྱི་ཉིན་ཞག་དེ་ཆད་ནས་ཚེས་གཅིག་གི་ཉིན་ཞག དེའི་སྟེང་དུ་འདུའོ། །ཚེས་ལྷག་པའི་དཔེ་ནི། ཚེས་གཉིས་ཀྱི་རྟག་ལོངས་ཆུ་ཚོད་ང་དགུའི་སྟེང་དུ་རྐང་པའི་ཆུ་ཚོད་ལྔ་བྱིན་པས་རེ་བཞིར་འགྱུར། དེ་ལ་ཉིན་ཞག་སྔ་མའི་མཇུག་ཏུ་འདིའི་ཐོག་མ་ནས་ཆུ་ཚོད་གཉིས་ལྟ་བུ་སོང་། ཉིན་ཞག་བར་པས་ཆུ་ཚོད་དྲུག་ཅུ་སྤྱད། དེའི་ལྷག་ཆུ་ཚོད་གཉིས་ཉིན་ཞག་གསུམ་པའི་ཐོག་མ་ནས་སྤྱོད། དེ་དུས་ཚེས་གཉིས་ལྷག་པ་ཡིན་ཏེ་ཆུ་ཚོད་དྲུག་ཅུ་ལ་བདག་བྱེད་པའི་ཉིན་ཞག་བར་པ་དང་། ཉིན་ཞག་གསུམ་པའི་ཐོག་མ་ནས་ཆུ་ཚོད་གཉིས་ཚེས་གཉིས་ཀྱི་འཕྲོ་ཡིན་པ་ལས་ལྷག་པ་ལྟར་སྣང་བས་སོ། །རེས་གཟའ་འདས་པ་ཡིན་པའི་སྒྲུབ་བྱེད་ནི། ཚེས་ཀྱི་རྟག་ལོངས་ཆུ་ཚོད་ང་དགུ ཆུ་སྲང་གསུམ། དབུགས་བཞི་རྣམས་སུམ་ཅུས་བསྒྱུར་བས་ཟླ་བ་གཅིག་གི་རྟག་ལོངས་ཉིན་ཞག་གམ་གཟའ་ཉེར་དགུ་ཆུ་ཚོད་སོ་གཅིག་ཆུ་སྲང་ལྔ་བཅུ་བྱུང་དེའི་གཟའ་ཉེར་དགུ་པ་དེ་འདས་པ་ཡིན་པས་ན་གཟའ་འདས་པར་སོང་། མ་འདས་ན་ཚེས་ཟླ་གཅིག་ལ་རེས་གཟའ་ཕྱེད་དང་ཉེར་དགུ་ལྷག་ཙམ་དུ་སོང་། དེ་ལྟ་ན་ལོ་གཅིག་གི་ཚེས་ཟླ་བཅུ་གཉིས་དང་། ཚེས་ཞག་བཅུ་གཅིག་གི་གཟའ་བསྡོམས་པ་ལ་སུམ་བརྒྱ་དང་དྲུག་ཅུ་རེ་ཡང་མི་ལོངས་པས་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་རེ་ལྔ་མ་ཚང་བའི་སྐྱོན་ཡོད་དོ། །དེས་ན་ཚེས་ཟླ་རེ་ལ་ཉིན་ཞག་གམ་རེས་གཟའ་ཕྱེད་དང་སུམ་ཅུ་ལྷག་ཙམ་རེ་ཡོད་པར་བྱེད་པས་གཟའ་ཉེར་དགུ་པ་དེ་འདས་པར་སོང་། བསྡོམས་ན་ཉི་མའི་ཉིན་ཞག་གི་དཀྱིལ་འཁོར་ཞག་སུམ་བརྒྱ་རེ་ལྔ་ལོངས་པས་རྣམ་པར་དག་པ་ཡིན་ནོ། །དེ་ལ་གཞན་དག་སློབ་དཔོན་ཨ་བྷ་ཡས་དུས་འཁོར་ལ་འཇུག་པར། གཅིག་ལ་སོགས་པས་ཉི་མ་ལ་སོགས་པའི་གཟའ་རྣམས་རྟོགས་པར་བྱེད་དོ་ཞེས་པའི་ལུང་གནོད་པར་གཏོང་། དེ་ནི་གཅིག་ཡིག་ཉི་མའི་རི་མོར་བཤད་ཀྱང་། དེ་ད་ལྟར་ལོངས་སྤྱོད་མཁན་ཡིན་པར་མ་བསྟན་པས་མི་གནོད། ཁ་ཅིག་དུས་བཞི་ཆེན་པོའི་མཐར་སྟོང་འཇུག་བྱས་ནས་ཕྱི་དེ་ཉིན་ཚེས་གཅིག་ལ་གཟའ་གནས་སུ་གཅིག་འཆར་བས་གཟའ་ད་ལྟ་བ་ཡིན་ཟེར། དེ་མི་འཐད་དེ། མི་ལོ་འབུམ་ཕྲག་ཞེ་གསུམ་དང་ཁྲི་ཕྲག་གཉིས་ནི་དུས་བཞིའི་ལོ་གྲངས་ཡིན། དེ་ལ་བཅུས་བགོས་པའི་ཐོབ་ནོར་ནི་རྩོད་ལྡན། དེ་གཉིས་ཀྱིས་བསྒྱུར་བས་གཉིས་ལྡན། གསུམ་གྱིས་བསྒྱུར་བས་གསུམ་ལྡན། བཞིས་བསྒྱུར་བས་རྫོགས་ལྡན་ཡིན་ཏེ། དེ་རྣམས་དྲིལ་བས་སྔར་གྱི་ལོ་གྲངས་ལོངས་པས་སོ། །གཟའ་སྟོང་འཇུག་ནི། ཟླ་བའི་དཀྱིལ་འཁོར་ཞག་སུམ་ཅུ་ཉི་མ་མཇུག་རིང་ཞི་གཟའ་གཉིས་རྣམས་ཀྱི་ལོ་གཅིག་གི་ཞག་སུམ་བརྒྱ་དྲུག་ཅུ། མིག་དམར་གྱི་ཟླ་བ་བཅོ་བརྒྱད་ཞག་སུམ་ཅུས་བསྒྱུར་བ། ཕུར་བུའི་ལོ་བཅུ་གཉིས། སྤེན་པའི་ལོ་སུམ་ཅུ། སྒྲ་གཅན་གྱི་བཅོ་བརྒྱད་རྣམས་སུམ་བརྒྱ་དྲུག་ཅུས་བསྒྱུར་བའི་སོ་སོའི་ཞག་གི་དུས་བཞི་ཆེན་པོའི་ལོ་གྲངས་ཞག་ཏུ་བསྒྱུར་བ་ལ་བགོས་པས་ལྷག་མེད་དུ་འགྱུར་བ་ནི་སྟོང་འཇུག་གི་དོན་ཡིན། དེའི་གནམ་སྟོང་ལ་གཟའ་ཐམས་ཅད་ནམ་གྲུའི་སྟེང་དུ་འཛོམ། སང་ཚེས་གཅིག་ནས་གཟའ་སྐར་སྦྱོར་བྱེད་ཐམས་ཅད་ཀྱི་ཐོག་མ་འབྱུང་བ་བཤད་ཀྱང་འདི་ནི་ནང་དུ་དག་པ་སྦྱར་བ་ཙམ་མ་གཏོགས་ཞིབ་རྩིས་མ་ཡིན། བགོད་བྱེད་ཀྱི་དཀྱིལ་འཁོར་རྣམས་རགས་རྩིས་ཡིན་ཏེ། འདིའི་ལོ་འགོ་གང་ནས་བརྩམས་ཀྱང་ངེས་པ་མེད་པས་སོ། །ཕྱི་ཉིན་ཚེས་གཅིག་ལ་གཟའ་སྐར་ཐམས་ཅད་ཀྱི་ཐོག་མ་རྩོམས་ན་དྷྲཱུ་བ་ཀ་སྟོང་པ་ལ་རྐང་རྩིས་བྱས་ནས་བརྩིའམ་མ་བྱས་པར་བརྩི། དང་པོ་ལྟར་ན་དེ་ཉིད་ནས་ཉི་མ་ཐ་སྐར་ལ་སྤྱོད་པ་མ་ཡིན་པར་ཐལ་བ་དང་། ཉི་སྐར་སྟོང་པ་ཆུ་ཚོད་ན་བཅོ་ལྔ་ཡོད་པས་ཐ་སྐར་ལ་སྤྱད་ནས་ཞག་གསུམ་ཙམ་སོང་བའི་ཕྱིར་རོ། །གཉིས་པ་ལྟར་ན་གཟའ་གནས་སུ་གཅིག་ཡིག་མི་འཆར་བས་རེས་གཟའ་ཉི་མ་ལ་ཡོད་པར་མི་འགྲུབ་བོ། །སྟོན་པ་བལྟམས་པའི་ལོ་སོགས་འདས་ལོ་མང་པོ་བརྩི་བ་ལ་དྷྲཱུ་བ་ཡར་ལོག་ཤེས་དགོས་པས། གང་ནས་བརྩམས་པར་འདོད་པའི་ཟླ་དྷྲཱུ་དག་པར་བརྩིས། དེ་བཞིན་སྒྲ་གཅན་དང་གཟའ་ལྔ་ལ་སོགས་པའི་རྩིས་འཕྲོ་དག་པར་བརྩིས། དེ་ནས་གང་འདོད་པའི་འདས་ལོ་མང་ཉུང་དེ་དག་ལོ་དག་ཏུ་བྱས། །དེ་ཉི་མས་བསྒྱུར་ནག་པ་སོགས་འདས་ཟླ་བསྲེས་པ་གནས་གཉིས་བཞག་པའི་འོག་མ་མིག་གིས་བསྒྱུར་ལ། མདའ་རོས་བགོས་པའི་ནོར་སྟེང་དུ་བསྲེས། ལྷག་མ་དེས་ད་ལྟའི་རྩིས་འཕྲོ་ལ་སྦྱངས་པའི་ལྷག་དེ་བརྩི་འདོད་ཀྱི་ཟླ་བ་དེའི་ཟླ་རོའི་རྩིས་འཕྲོའོ། །གལ་ཏེ་སྦྱང་དུ་མ་ལྡང་ན་མདའ་རོ་བསྣན་ལ་སྦྱངས་པ་དེ་ཡིན། དེའི་དུས་སྟེང་དུ་ཟླ་གཅིག་བསྣན་ལ་ཟླ་དག་སྒྲུབ་ལུགས་སོགས་གཞན་འདྲ་བ་ལ་རྩིས་འཕྲོ་གང་ཡང་མ་བསྲེས་པར་བརྩིས་པའི་དྷྲཱུ་བ་ལ་སོགས་པ་དེས་སྔར་གྱི་རྩིས་འཕྲོ་བསྲེས་པའི་དྷྲཱུ་བ་དེ་ལ་སྦྱངས་པའི་ལྷག་གོང་གི་འདོད་པའི་ལོ་གང་ཡིན་པ་དེའི་ནག་ཟླའི་དྷྲཱུ་བར་འགྱུར། ཟླ་བ་གཞན་གྱིས་འཚོལ་ན་ཡང་དབོ་སོགས་ལུགས་བཟློག་ཏུ་བགྲངས་པའི་ཟླ་བ་བསྲེ་བའམ་ལོ་དག་ལ་གཅིག་ནག་པ་སོགས་ལུགས་འབྱུང་གི་ཟླ་བའི་གྲངས་སྦྱངས་པས་རྣམ་པར་དག་པར་འགྱུར་རོ། །དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས་ལྔ་བསྡུས་འཕྲོས་པ་དང་བཅས་པའི་སྐབས་ཏེ་ལྔ་པའོ།། །། གཉིས་པ་སྒྲ་གཅན་གྱི་རྩིས་འཕྲོས་པ་དང་བཅས་པ་བཤད་པ་ལ། སྒྲ་གཅན་རྒྱུ་སྐར་ལ་ལོངས་སྤྱོད་པ་དང་། ཉི་ཟླ་འཛིན་པའི་རྣམ་གཞག་གཉིས། དང་པོ་ནི། ཟླ་བར་མིག་དང་ཉི་མ་བསྲེ། །ཟླ་དག་ལ་བརྒྱད་དང་ཉེར་གཉིས་བསྲེ་བ་ནི། རྒྱལ་དཀས་རྩིས་གཞི་མཛད་པའི་སྔ་ལོགས་སུ་སྒྲ་གཅན་གྱི་རྒྱུ་སྐར་གྱི་འཁོར་ལོ་གཅིག་གི་འགོ་བརྩམས་ནས་ཟླ་བ་བརྒྱ་ཉེར་གཉིས་སོང་བས་དེའི་རྩིས་འཕྲོ་བསྲེ་བའི་ཕྱིར། མིག་གིས་བསྒྱུར་ལ། ཟླ་བའི་ཕུང་པོ་དེ་ཉིད་གཉིས་ཀྱིས་བསྒྱུར་བ་ནི། ཟླ་བ་རེ་རེ་ཡང་ཟླ་བ་ཕྱེད་པའི་ཕུང་པོར་གསིལ་བའོ། །ཉ་ལ་གཅིག ཚེས་བཅོ་ལྔ་ལ་གཅིག་བསྲེ་བ་སྟེ། ཟླ་ཕྱེད་པ་གཅིག་བསྲེ་བའི་དོན་ཏོ། །སྟོང་ལ་གཉིས་ནི་སྦྱིན་པར་བྱ། གནམ་སྟོང་ལ་གཉིས་བསྲེ་བ་ནི་ཟླ་ཕྱེད་པ་གཉིས་བསྲེ་བའི་དོན་ཏོ། །མཁའ་རོ་རྒྱ་མཚོས་བགོས་པ་ཡིས། །ཚེས་ཞག་དྲུག་སྟོང་དགུ་བརྒྱ་རེ་ན་སྒྲ་གཅན་གྱིས་རྒྱུ་སྐར་གྱི་འཁོར་ལོ་ཚར་རེ་ལོངས་སྤྱོད་པ་ཡིན་པ་ལ། དེ་ཟླ་ཕྱེད་ཀྱི་ཕུང་པོར་བསྡུས་ན་བཞི་བརྒྱ་དང་དྲུག་ཅུ་འབྱུང་བས་དེས་བགོད་པར་བྱ་བའི་ཕྱིར་རོ། །ཡང་ན་སྒྲ་གཅན་གྱི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་དྲུག་སྟོང་དགུ་བརྒྱ་པོ་ལ་བཅོ་ལྔས་བགོས་པས་ཀྱང་མཁའ་དུས་རྒྱ་མཚོ་འབྱུང་བས་དེས་བགོད་པ་ཡིན་ནོ། །ཐོབ་ནོར་ནི་སྒྲ་གཅན་གྱིས་རྒྱུ་སྐར་གྱི་འཁོར་ལོ་ལ་སྐོར་བ་དུ་སོང་གི་གྲངས་ཡིན་ནོ། །རྙེད་པ་དོར་ལ་ལྷག་མ་ནི། །འཁོར་ལོས་བསྒྱུར་ལ། ལྷག་མ་ཉེར་བདུན་གྱིས་བསྒྱུར་བའི་རྒྱུ་མཚན་སྒྲ་གཅན་སྐར་མ་གང་གི་སྟེང་ན་འདུག་རྟོགས་པའི་ཆེད་དོ། །བགོ་བར་བྱ། རྙེད་པ་སྐར་མའོ། །དེ་མཁའ་དུས་རྒྱ་མཚོས་བགོས་པའི་ཐོབ་ནོར་ནི་སྐར་མ་ཡིན་ལ། ལྷག་མ་ནི། མཁའ་རོས་བསྒྱུར་ལ། དེའི་ལྷག་མ་དྲུག་ཅུས་བསྒྱུར་ཏེ། བགོ་བར་བྱ། རྙེད་པ་ཆུ་ཚོད་གནས་སུ་བཞག སྔར་གྱི་བགོད་བྱེད་ཀྱིས་བགོས་ཐོབ་ཆུ་ཚོད། ལྷག་མ་མཁའ་རོས་བསྒྱུར་ལ་བགོད། །རྙེད་པ་ཆུ་སྲང་ཡིན་ཞེས་བྱ། །རྙེད་པ་དབུགས་ཏེ་བུལ་བ་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་ཏེ་བགོས་ཐོབ་ཆུ་སྲང་། ལྷག་མ་དྲུག་གིས་བསྒྱུར་ཏེ་བགོས་ཐོབ་དབུགས། ལྷག་མ་ཉེར་གསུམ་གྱིས་བསྒྱུར་ཏེ་བགོས་ཐོབ་དབུགས་ཀྱི་ཉེར་གསུམ་ཆ་སྟེ་སྒྲ་གཅན་གྱི་བུལ་བ་ཡིན་ཞིང་། ནམ་གྲུ་ནས་ལུགས་བཟློག་ཏུ་སྤྱད་པའི་ལོངས་སྤྱོད་དོ། །འཁོར་ལོ་ལ་སྦྱངས་གདོང་ཡིན་ལ། ཉི་ཤུ་རྩ་བདུན་ལ་བུལ་བས་སྦྱངས་པའི་ལྷག་མ་ནི་སྒྲ་གཅན་གྱི་གདོང་སྟེ། ཐ་སྐར་ནས་ལུགས་འབྱུང་དུ་བརྩམས་པའི་མ་འོངས་པའི་ལོངས་སྤྱོད་རྒྱུ་རྣམས་རི་མོར་ཤར་བ་ཡིན་ནོ། །དེ་ལ་འཁོར་ལོ་ཕྱེད་བསྲེས་པ། དུས་མེའི་ལོངས་སྤྱོད་དག་པ་ཡིན། །སྒྲ་གཅན་གྱི་གདོང་པ་དེ་ལ་སྐར་གནས་སུ་བཅུ་གསུམ་དང་། ཆུ་ཚོད་དུ་སུམ་ཅུ་བསྲེས་པ་ནི་སྒྲ་གཅན་གྱི་མཇུག་པ་སྟེ་དུས་མེའི་ལོངས་སྤྱོད་ཡིན་ནོ། །དེ་ཡང་འཁོར་ཕྱེད་བསྲེ་བའི་རྒྱུ་མཚན། སྒྲ་གཅན་གྱིས་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ནོན་པས་གདོང་ནས་བརྩམས་ཏེ་འཁོར་ལོའི་ཕྱེད་ན་དུས་མེ་ཡོད་པ་དེ་རྟོགས་པའི་ཕྱིར་དུའོ། །ཡང་དུས་མེའི་བུལ་བ་ཕྱེད་ན། སྔར་གྱི་གདོང་གི་བུལ་བའི་སྟེང་དུ་འཁོར་ལོ་ཕྱེད་བསྲེས་པས་འགྲུབ་པར་འགྱུར་བ་ཡིན་ནོ། །གཉིས་པ་ཉི་ཟླ་འཛིན་པའི་རྣམ་གཞག་ནི། དཀར་པོའི་ཕྱོགས་ལ་ཟླ་བའི་ཆ་འཕེལ་བ་བཅོ་ལྔའི་དབྱེ་བས་ཐ་དད་པ་ཚེས་བཅོ་ལྔ་ལ་རྫོགས་པ་དེའི་མཐའ་ནག་པོའི་ཚེས་གཅིག་དང་པོ་ལ་དཀར་ཕྱོགས་འཕེལ་བའི་མུན་པ་འཇུག་པའི་དུས་ཀྱི་དང་པོ་ནི་བཅུ་དྲུག་པའི་ཆ་ཞེས་བརྗོད། བཅུ་དྲུག་པ་དེའི་མཐར་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་གི་དཀར་ཆ་མུན་པ་གསལ་བ་ཆེན་པོའི་ཚད་ཀྱིས་སྨིན་པར་གྱུར་པ་དེ་ནག་པོའི་ཚེས་གཅིག་གི་དུས་སུ་མུན་པ་ལ་འཇུག་པར་འགྱུར་ཏེ། དེ་ཡང་སྔར་བཤད་པས་ཉི་མའི་འོད་འཕོག་པས་མི་མཐོང་བར་འགྱུར་བའི་དོན་ཏོ། །དེ་བས་ན་གནམ་སྟོང་གི་མཐར་དཀར་པོའི་ཆ་དང་པོར་འཆར་བའི་མཚམས་སུ་དང་། ཉའི་མཐར་ཆ་བཅུ་དྲུག་པའི་དང་པོའི་ཆ་ལ་ཟླ་བ་ལ་སྒྲ་གཅན་འཇུག་པར་འགྱུར་རོ། །དེ་ལྟར་ཟླ་བ་གཟས་འཛིན་པའི་དུས་རྣམ་པ་གཉིས་ཏེ། ཉ་ལ་ཆ་རྫོགས་པའི་མཐར་ཟླ་བ་ལ་སྒྲ་གཅན་གྱིས་འཛིན་ཞིང་། གནམ་སྟོང་ལ་ཆ་དང་པོ་འཆར་བའི་ཐོག་མར་རོ། །དེ་ཡང་། ཚིགས་མཚམས་སུ་ནི་རི་བོང་ཅན་གྱི་དཀྱིལ་འཁོར་དག་ལ་སྒྲ་གཅན་རབ་ཏུ་འཇུག་སྟེ། ཞེས་སོ། །འོ་ན། གནག་དང་དཀར་བའི་ཚིགས་མཚམས་དག་ལ་ཉིན་དང་མཚན་མོའི་དུས་སུ་ཉི་མ་དང་ནི་ཟླ་བ་འཛིན། །ཞེས་གནམ་སྟོང་ལ་ཉི་མ་འཛིན་པར་གསུངས་པ་ལ་ཟླ་བ་འཛིན་ཞེས་སྨྲ་སྙམ་ན། གཉིས་ཀ་འཛིན་པ་དང་གཙོ་བོར་ཟླ་བ་འཛིན་པ་ཤེས་པའི་ཕྱིར་དུའོ། །དེ་ཡང་ཐོག་མར་འཛིན་པ་མཐོང་མི་མཐོང་བརྟག་དགོས། གཟུང་ཡང་མཐོང་བའི་ཡུལ་དུ་མ་གྱུར་ན་ཡིད་མི་ཆེས་པས་སོ། །དེ་ཡང་གནམ་སྟོང་གི་ལོངས་སྤྱོད་མ་རྫོགས་པར་མི་འཛིན་ཏེ། རྩ་རྒྱུད་ལས། ཚིགས་མཚམས་དཀར་པོ་ནག་པོ་ལ། །ཚེས་གྲངས་གཉིས་ཀྱི་དབུས་སུ་ནི། །ཟླ་བ་ཉི་མ་རབ་འཇོམས་པ། །སྒྲ་གཅན་འཇུག་པའི་ཚེས་གྲངས་སོ། །ཞེས་པས་འཇུག་དུས་མཚམས་ཏེ། བཟུང་ནམ་བྱུང་ནས་ཚེས་ཕྱི་མར་འདྲེན་ནོ། །ཉ་སྟོང་ལ་འཛིན་ཞེས་པའང་ཉིན་ཞག་དང་ཚེས་ཞག་མ་ཕྱེད་པར་སྨྲས་པའོ། །དེ་ཡང་དུས་གསུམ་ལ་ཐ་མ་མུན་པའི་ཡོན་ཏན་གྱི་མཐར་འཛིན་པ་དང་། ཟླ་བ་དྲུག་ལས་མ་མཐའ་ཡེ་ཤེས་ཀྱི་ཁམས་ཀྱི་མཐར་འཛིན་པ་དང་། ཡང་སྔ་མ་བཟུང་བ་ནས་ཟླ་བ་དྲུག་པ་རེག་པའི་ཡན་ལག་གི་མཐར་རམ། དེ་ནས་བགྲངས་པའི་བཅུ་གསུམ་པ་མ་རིག་པའི་ཐོག་མར་མུན་ཅན་འཇུག་པ་སྟེ། ཟླ་བ་དྲུག་དང་དུས་གསུམ་གྱིས་ནི་འཛིན་པར་འགྱུར་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱིས། ཞེས་དང་། རེག་པའི་དབུས་དེར། ཞེས་གསུངས། ཟླ་བ་དྲུག་དྲུག་ན་འཛིན་པ་ཡང་ཤས་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ཏེ། དྲུག་ཚིགས་ལ་དེའི་རེ་བཟུང་བར་གྱུར་ན། དེས་བཟུང་བའི་དོད་ཐུབ་ཏུ་བཅུག་ནས་བཅུ་གཉིས་པའི་བར་དུ་འགྱངས་པའང་སྲིད། ཡང་དྲུག་ཚིགས་ལ་ཟླ་བ་གཟུང་བ་འམ་འཛིན་དུ་ཉེ་བའི་སྔ་ཟུར་ཕྱི་ཟུར་གང་རུང་ལ་ཉི་མ་འཛིན་པའམ། དྲུག་ཚིགས་ལ་ཉི་མ་གཟུང་བ་འམ་འཛིན་དུ་ཉེ་བའི་སྔ་ཟུང་ཕྱི་ཟུར་གང་རུང་ལ་ཟླ་བ་འཛིན་པའང་སྲིད་ལ། དེས་ན་སྔ་ཟུར་ལ་བཟུང་ན་སྔ་ནས་བཟུང་། ཕྱི་ཟུར་ལ་བཟུང་ན་མདུན་ན་བཟུང་ཞེས་པའི་ཐ་སྙད་གདགས་སོ། །མཐོང་མི་མཐོང་བརྟག་པ་ཡང་དེ་དུས་ཀྱི་ཉིན་མོ་དང་མཚན་མོའི་ཚད་རགས་པ་ཞིག་ངེས་དགོས་ཤིང་། དེ་ལ་ནི་ཉིན་མཚན་གྱི་དུས་སྦྱོར་རིང་ཐུང་གི་ཁྱད་པར་ཤེས་དགོས། དེ་ཡང་ཉི་མ་ལ་དེ་དུས་ཀྱི་ཉིན་མོའི་ཚད་ཆུ་ཚོད་ལས་ཉུང་ན་མཐོང་བར་འགྱུར། མང་ན་མཐོང་བར་དཀའ། ཧ་ཅང་མང་ན་སང་ཉིན་གྱི་སྔ་དྲོ་བཟུང་བའི་སྐབས་སྲིད་དོ། །དེ་བཞིན་ཟླ་བ་ལ་མཚན་མོའི་ཆ་ལས་ཉུང་བ་དགོས་སོ། །དེ་ལྟར་ཟླ་བ་དྲུག་ཚིགས་ལ་བབ་ཅིང་ཚེས་ཀྱི་ལོངས་སྤྱོད་མང་ཉུང་རན་པར་ཤེས་ནས་གཟའ་གཉིས་ཀྱི་སྐར་གནས་ལ་བརྟག་སྟེ། དེ་ཡང་ཚེས་ཀྱི་ལོངས་སྤྱོད་ད་ལྟ་བ་རྣམས་ཀྱིས་ཟླ་སྐར་ལ་མ་སྦྱངས་པ་ཞིག་ངེས་པར་དགོས་སོ། །དེས་ན་ཟླ་བའི་ལོངས་སྤྱོད་ཀྱིས་ད་ལྟ་བ་ལ་མ་ཕྲི་བའི་ཚེས་ཁྱུད་ཟླ་སྐར་དག་པ་དང་། སྒྲ་གཅན་གྱི་གདོང་པའམ་མཇུག་མའི་ལོངས་སྤྱོད་གང་ཉེ་བ་གཉིས་སོ། །མང་ལ་ཉུང་གིས་སྦྱངས་པའི་ལྷག་མ་སྐར་མ་སྟོངས་ཤིང་ཆུ་ཚོད་ང་ལྔ་མན་ཆད་དུ་གནས་ན་འཛིན་རུང་ངམ་མཐོང་རུང་ཙམ་མོ། །དེ་ལྟར་འཛིན་པར་ཤེས་ནས་ཆ་ཤས་ཆེ་ཆུང་བརྟག་སྟེ། ཟླ་བའི་ལོངས་སྤྱོད་རྣམས་མང་ན་སྒྲ་གཅན་ནུབ་ན་ཟླ་བ་ཤར་དུ་གནས་པས། ཚེས་ཀྱི་ལོངས་སྤྱོད་རྫོགས་པའི་ཚེས་གཟའ་གཉིས་པོ་ལྟག་སྤྲོད་དུ་སོང་སྟེ་སྒྲ་གཅན་གཡས་དང་ཟླ་བ་གཡོན་དུ་འགྲོ་བས་སོ། །མང་ཉུང་གོ་ལྡོག་ན་ཁ་སྤྲོད་ཟེར། ཁ་ཅིག་སྔ་མ་ལ་ཐལ་བ་དང་། ཕྱི་མ་ལ་མ་ཐལ་པ་ཞེས་ཟེར། དེ་ལ་ཁ་སྤྲོད་ཀྱིས་འཛིན་པའི་རྒྱུ་དང་། ལྟག་སྤྲོད་ཀྱིས་མི་འཛིན་པའི་རྒྱུའོ། །གང་ནས་འཛིན་པའི་ཕྱོགས་བརྟགས་པ་ལ། དུས་ཀྱི་འཁོར་ལོ་ལ་འཇུག་པ་ལས། གང་གི་ཚེ་སྒྲ་གཅན་གྱི་ཁའི་ལོངས་སྤྱོད་དུ་འཛིན་པ་དེའི་ཚེ་ན་ཤར་གྱི་ཆ་ནས་སོ། །མཇུག་མའི་ལོངས་སྤྱོད་དུ་ནི་ནུབ་ཀྱི་ཆ་ནས་སོ། །དེ་བཞིན་དུ་ཕྱོགས་དང་ཕྱོགས་མཚམས་ཀྱི་ཆའི་ཁོར་ཡུག་གཞན་ནི་གཞན་དུ་ཤེས་པར་བྱའོ། །ཞེས་གསུངས་ལ། བུ་སྟོན་ཟླ་བ་ཤར་ནས་འཛིན་པར་ངེས་ཏེ། དེའི་རྒྱུ་མཚན་ཟླ་བ་ནུབ་ནས་རིམ་པ་བཞིན་འཕེལ་བས་དཀར་ཆ་བཅུ་དྲུག་པ་ཤར་དུ་འབྱུང་བའི་ཕྱིར་རོ། །ཉི་མ་ནི་ནུབ་ནས་འཛིན་པར་ངེས་ཏེ། དེ་འཛིན་པ་ལྟར་སྣང་བ་ནི་ཟླ་བ་བཟུང་བའི་དབང་གིས་བྱུང་ཞིང་། ཟླ་བའི་མར་ངོའི་ཆ་བཅུ་དྲུག་ལ་ནུབ་ནས་འབྱུང་བས་སོ། །ཞེས་གསུངས། །བྱམས་གླིང་པ། ཟླ་བའི་རང་འགྲོས་ཀྱི་དབང་གིས་སྒྲ་གཅན་འཇུག་པ་ཡིན་ཞིང་། དེ་ཡང་ཁ་སྤྲོད་ལ་ཟླ་བའི་ཤར་དང་། ཤར་ཡང་གླིང་སོ་སོ་ལ་ལྟོས་པས། ཐོ་རངས་ཀ་འམ་ནུབ་ཀར་འཛིན་པས། འདི་ནས་གཞལ་བའི་ལྷོ་ནུབ་བམ་ལྷོ་དྲང་པོ་ནས་འཛིན་ཅིང་། དེ་དང་དེའི་ཐད་ཀའི་ཤར་ཡིན་པས་སོ། །ཟླ་བ་ཤར་མ་ཐག་ཡིན་ན་འདིའི་བྱང་ཕྱོགས་འདྲ་བ་ནས་འཛིན། སྲོད་ཡོལ་ལམ་ནམ་ཕྱེད་ལ་འཛིན་ན་བྱང་ཤར་རམ་ཤར་དྲང་པོ་ནས་འཛིན། དེ་ལྟར་ན་གཡས་སམ་གཡོན་དུ་ཅུང་ཟད་འགྱུར་བ་ནི་ཟླ་བའི་རྐང་པའི་དབང་གི་ཀྱང་བྱེད་སྲིད་དེ། གཡོན་ནས་རྒྱུ་བ་དག་ལ་གཡས་མིན་ཏེ། །ཞེས་སོགས་གསུངས་ཤིང་། གཟའ་རྣམས་ཀྱི་འགྲོས་བཞི་ལས་ཁ་ཕྱོགས་བཞིར་བལྟ་བར་གསུངས་པ་དང་མཐུན་ཞེས་རང་ལུགས་བར་མའོ། །ཉི་མ་ནི་ཟླ་བའི་ཞར་ལ་བཟུང་བ་ཡིན། རྐྱང་པར་གནས་པ་ན་འཛིན་མི་ནུས་སོ། །ཡུན་ཇི་སྙེད་དུ་འཛིན་བརྟག་པ་ནི། འཛིན་པའི་ཆ་ཆེ་ཆུང་ལ་རག་ལུས་ཏེ། དེ་ཡང་རིལ་པོ་འཛིན་པའི་བར་ལ་ཆུ་ཚོད་བཅོ་ལྔ་སྟེ། འགྲེལ་ཆེན་ལས། སྒྲ་གཅན་གྱི་ལོངས་སྤྱོད་ལ་རབ་ཏུ་ཞུགས་པ་དེ་སྙེད་ན་ཆ་གཅིག་གི་བཞི་ཆའི་བར་དུ་གཟའ་དང་འགྲོགས་པར་ཤེས་པར་བྱའོ། །བཞི་ཆ་ཡང་། ཞག་གཅིག་གི་ཆུ་ཚོད་ཀྱིའོ། །འགའ་ཞིག་ཏུ་བཅུ་བཞི་དང་བཅུ་གསུམ་ཙམ་ལས་མེད་པའང་འབྱུང་སྲིད་པས་སྔ་མ་རིང་མཐའ། རིལ་འཛིན་དུ་འདྲ་ཡང་ཡུན་མི་འདྲ་བ་ནི་ཟླ་བའི་རང་འགྲོས་ཀྱིས་སྒྲ་གཅན་གདོང་མཇུག་གི་དཀྱིལ་འཁོར་དབུས་དྲང་པོ་ལ་སྤྱོད་པ་ན་ཡུན་རིང་། གཡས་གཡོན་ལ་སྤྱོད་པ་ན་ཡུན་ཐུང་བའོ། །ཕྱེད་འཛིན་ན་བདུན། སུམ་ཆ་འཛིན་ན་བཞི་ལྔ་ཙམ་སོགས་སོ། །བཟུང་བའི་ཁ་དོག་ནི་གདོང་འཛིན་ཡིན་ན་ནག་པོ་དང་། མཇུག་འཛིན་ཡིན་ན་དམར་པོར་ཡོངས་སུ་གྲགས་ལ་རིགས་པས་ཀྱང་ཐོབ་སྟེ། གདོང་མཇུག་ལ་མུན་པ་དང་མེའི་དཀྱིལ་འཁོར་ཡོད་པས་སོ། །སྐར་མ་མགོ་དང་ལག་ལ་གཟུང་ན་ཁ་དོག་ནམ་མཁའ་དང་འདྲའོ། །དེ་ཡང་སྐར་མའི་ཁྱད་པར་མ་ཡིན་ཡང་། གཟི་བརྗིད་ཆེ་བས་སེར་ནག་ཏུ་མི་མངོན་པའོ། །དཔེར་ན་ཉིན་མོ་སྐར་མ་བཞིན། ཇི་ལྟར་ཉི་མ་འཛིན་པའི་ཚུལ་ཡང་སྔར་བཞིན་ལ་ཁྱད་པར་གནམ་སྟོང་གི་ཉི་སྐར་དག་པ་དང་སྒྲ་གཅན་གདོང་མཇུག་གང་ཡང་རུང་བ་དག་གིས་མང་བ་ལ་ཉུང་བས་སྦྱངས་པའི་ལྷག་མར་སྐར་མ་སྟོངས་ཤིང་ཆུ་ཚོད་ལྔ་བཅུའི་ནང་དུ་འཛིན་པའི་སྐབས་སྲིད། ཁ་སྤྲོད་ཀྱི་ཕན་ཡོན་ལྟག་སྤྲོད་ཀྱི་ཉེས་དམིགས་ཟླ་བ་ལས་ཆེ་སྟེ། འཛིན་པའི་བར་ལ་འགྲོས་དཀྱུས་མ་ནི་ཆུ་ཚོད་གཅིག་ཙམ་ལོངས་སྤྱོད་པར་མི་ནུས་པས་སོ། །ཡང་ན་ཚེས་ཀྱི་ལོངས་སྤྱོད་མ་ཕྲི་བར་གནམ་སྟོང་གི་ཟླ་སྐར་དག་པ་ལས་བརྟག་ལུགས་ཟླ་བ་ལྟར་བྱས་ན་ལྷག་མ་སྔར་བཞིན་ལུས་པ་ལ་ཡང་འཛིན་པ་སྲིད་པ་དང་། དོན་ལ་གཟས་འཛིན་པ་བྱས་ཀྱང་སྒྲ་གཅན་གདོང་མཇུག་གང་རུང་དང་ཉི་ཟླ་མཉམ་པར་འགྲོ་བའོ། །ཉི་ཟླ་གཟས་བཟུང་གི་འབྲས་བུ་དགེ་མི་དགེའི་ཁྱད་པར་ནི། འདི་ཉིད་དུ་སྒྲ་གཅན་གྱིས་བལྟས་པའི་སྨན་རྣམས་གྲུབ་པ་སྟེར་བ་དང་། ཤིང་ལ་མཚོན་བསྣུན་ན་འབྲས་བུ་འབྱུང་བ་ཙམ་ལས་མ་བྱུང་། སྨན་ཡང་བདུད་རྩི་རིལ་བུ་བསྒྲུབ་པར། ཕྱག་རྡོར་སྟོད་འགྲེལ་དུ་གསུངས་པ་ལྟ་བུ་སོགས་དང་འཇམ་དཔལ་རྩ་རྒྱུད་ལས་རྒྱས་པར་བཤད་དོ། །དེ་ཡང་སྒྲ་གཅན་གྱིས་ཉི་ཟླ་ལ་ཚུར་ཞུགས་པ་འམ། ཉི་ཟླས་ཕར་ཞུགས་པ་ཡིན་སྙམ་ན། དུས་འཁོར་ལ་འཇུག་པར། སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཉི་ཟླའི་དཀྱིལ་འཁོར་འཇུག་གོ་ཞེས་པ་ལྟར་རོ། །དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས། སྒྲ་གཅན་གྱི་རྩིས་འཕྲོས་པ་དང་བཅས་པ་བཤད་པའི་སྐབས་ཏེ་དྲུག་པའོ།། །། གསུམ་པ་ལ་གཟའ་ལྔ་འཕྲོས་པ་དང་བཅས་བཤད་པ་ལ། གཟའ་སྤྱིའི་གསལ་ཞག་དང་། སོ་སོའི་ངེས་པ་བཤད་པ་དང་། འཕྲོས་པ་བཤད་པ་གསུམ། དང་པོ་ནི། ཟླ་བ་དག་པ་མཁའ་མེས་བསྒྱུར། །ཟླ་དག་སུམ་ཅུས་བསྒྱུར་བ་སྟེ། །ཚེས་ཟླ་རྣམས་ཚེས་ཞག་གི་ཕུང་པོ་གསིལ་བའི་ཆེད་དོ། །དེ་ལ་སོ་སོའི་ཉིན་ཞག་བསྲེ། །དེ་ལ་སོ་སོའི་ཉིན་ཞག་བསྲེ་བ་ནི། ཉིན་ཞག་དེ་དང་དེའི་གཟའ་རྟོགས་པའི་དོན་དུའོ། །ཉིན་ཞག་བསྲེས་པ་ལ་བརྟེན་ནས་རྒྱལ་དཀས་རྩིས་གཞི་མཛད་པ་ཚུན་ནས་གང་བརྩི་བའི་ཚེས་གྲངས་དེ་ཕན་གྱི་ཚེས་ཞག་གི་ཕུང་པོ་རྟོགས་སོ། །དེ་ཉིད་གནས་གསུམ་བཞག་པ་ཡི། །དེ་ཡང་ཚེས་ཞག་གི་དཀྱིལ་འཁོར་ལས་ཉིན་ཞག་གི་དཀྱིལ་འཁོར་བསྒྲུབ་པའི་རིག་པས་འདིར་ཡང་ཚེས་ཞག་གི་ཕུང་པོ་ཉིན་ཞག་གི་ཕུང་པོར་བསྡུ་བའི་ཕྱིར་དུ་ཚེས་ཞག་གི་ཕུང་པོ་གནས་གསུམ་དུ་བཞག་པའི། འོག་མ་རི་མཁའ་རི་ཡིས་བགོ །རྙེད་པ་བར་མར་བསྲེས་པ་ལ། །འོག་མ་དེ་བདུན་བརྒྱ་དང་བདུན་གྱིས་བགོས་པའི་ཐོབ་ནོར་བར་མ་ལ་བསྲེ་བ་ཡིན་ནོ། །རྒྱ་མཚོ་རོ་ཡི་རྙེད་པ་ཡིས། །སྟེང་མ་སྦྱངས་པ་མི་གསལ་ཞག །བར་མ་ལ་རོ་བཞིས་བགོས་པའི་ཐོབ་ནོར་གྱིས་སྟེང་མ་སྦྱོང་བའི་རྒྱུ་མཚན། ཚེས་ཞག་དྲུག་ཅུ་རེ་བཞི་དང་། ཚེས་ཞག་གཅིག་གི་བདུན་བརྒྱ་དང་། བདུན་གྱི་ཆ་རེ་ན་ཉིན་ཞག་གཅིག་ཆད་དེ་ཉིན་ཞག་རེ་གསུམ་གྱིས་ཆོག་པ་རྟོགས་པའི་ཆེད་དུའོ། །དེ་ནི་གཟའ་རྣམས་ཀྱི་མི་གསལ་བའི་ཉིན་ཞག་ཡིན་ནོ། །དེ་ཉིད་གནས་གཉིས་བཞག་པ་ཡི། །འོག་མ་ཐུབ་པས་བགོས། དེ་གནས་གཉིས་སུ་བཞག་ལ། འོག་མ་ལ་བདུན་གྱིས་བགོད་པ་ནི། རེས་གཟའ་བདུན་གྱི་འཁོར་ལོ་ཡིན་པས་དེས་བཀོད་པ་ཡིན་ནོ། །ལྷག་དང་། ཚེས་དེའི་གཟའ་དང་མཐུན་ནམ་བལྟ། མི་མཐུན་གྱུར་ན་གཅིག་ལ་སོགས། སྣོན་འབྲིད་བྱས་ལ། མཐུན་པར་བྱ། འདི་ལས་གཞན་དུ་སྨྲ་བ་འཁྲུལ། །མཐུན་པར་བྱས་པ་གསལ་བའི་ཞག །གཟའ་ལྔ་སྤྱི་ཡི་ལོངས་སྤྱོད་དོ། །བགོས་ལྷག་ཚེས་རྩིས་ཀྱི་གཟའ་དང་མཐུན་མི་མཐུན་ལྟས་ལ། མི་མཐུན་ན་ཚེས་རྩིས་ཀྱི་གཟའ་དབང་བཙན་པར་བྱས་ལ། གཅིག་གམ་གཉིས་སོགས་སྟེང་མར་སྣོན་འབྲིད་བྱས་ལ་མཐུན་པར་བྱས་པ་དེ་ནི་གཟའ་ལྔ་སྤྱིའི་གསལ་ཞག་ཡིན་ནོ། །གཉིས་པ། གཟའ་སོ་སོའི་ངེས་པ་བཤད་པ་ལ། རྟག་པའི་ལོངས་སྤྱོད། ཁྱིམ་གྱི་ལས་དལ་བ་དག་པ། སྐར་མའི་ལས་ཀྱི་མྱུར་བ་དག་པ་གསུམ་ལས། དང་པོ་ནི། གཟའ་ཉི་མ་ནི་འགྲོས་བརྟག་པར་སླ་བས་དལ་རྐང་ཁོ་ནས་རྟོགས་ནུས། ཟླ་བ་ཡང་བརྟག་པར་སླ་བས་མྱུར་རྐང་ཁོ་ནས་རྟོགས་ནུས། སྒྲ་གཅན་དང་མཇུག་རིངས་ཀྱི་རྐང་པ་ལ་དལ་མྱུར་གྱི་གསལ་ཀ་མ་གསུངས་པའི་རྣམ་གཞག་ཙམ་གྱི་དཀྱིལ་འཁོར་དང་། རྐང་པས་དེའི་ལོངས་སྤྱོད་ཤེས་ལ། གཟའ་ལྔ་པོ་ནི་འགྲོས་ཤིན་ཏུ་རྟོགས་པར་དཀའ་བས་དེའི་ཕྱིར་དལ་བ་དང་མྱུར་བའི་ལས་ཀྱི་ཆོ་ག་གཉིས་གཉིས་གསུངས་སོ། །དེ་དག་ལ་དལ་རྐང་གི་དོན་གཏན་ལ་འབེབས་པའི་ཡན་ལག་ཏུ། རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་དང་། དེའི་རྟག་པའི་ལོངས་སྤྱོད་ངེས་དགོས། མྱུར་རྐང་གི་དོན་གཏན་ལ་འབེབས་པའི་ཡན་ལག་ཏུ། མྱུར་རྐང་འགྲོས་བཞི་རྫོགས་པའི་དཀྱིལ་འཁོར་དང་། དེའི་རྟག་པའི་ལོངས་སྤྱོད་ངེས་དགོས། དེ་ལ་བཀྲ་ཤིས་དང་། བླ་མ་དང་། སྤེན་པ་རྣམས་ནི་དྲག་པོའི་གཟའ་སྟེ། ཉི་མའི་འོད་ལ་ནང་དུ་འཇུག་པ་དང་ཕྱིར་འབྱུང་བ་གཉིས་ཀ་གཡས་སྐོར་དུ་བྱེད་ཅིང་། གནས་པའི་གཞི་ཡང་ཉི་མ་ལས་མཐོ་བར་གནས་ལ། རྒྱུ་སྐར་ལ་ལོངས་སྤྱོད་པའི་རྟག་ལོངས་ཀྱང་ཉི་མ་བས་བུལ་བར་འགྲོའོ། །གཟའ་ལག་པ་དང་། པ་ཝ་སངས་གཉིས་ནི་ཞི་བའི་གཟའ་སྟེ། འབྱུང་བ་དང་འཇུག་པ་གཉིས་ཀའང་ཉི་མའི་གཡོན་ནས་བྱེད་ཅིང་། གནས་པའི་གཞི་ཡང་ཉི་མ་ལས་དམའ། རྒྱུ་སྐར་ལ་ལོངས་སྤྱོད་པའི་རྟག་ལོངས་ཀྱང་ཉི་མ་ལས་བག་མྱུར་རོ། །དྲག་པོ་དང་ཞི་བར་བཞག་པ་ཡང་། ལུས་ཀྱི་སྒོ་ནས་མཇུག་རིངས་ཀྱི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར། དེའི་རྟག་ལོངས་དང་ཟླ་བའི་གཉིས་རྣམས་ཉི་མ་ལ་ལྟོས་ནས་དྲག་གཟའ་གསུམ་གྱི་འགྲོས་བཞི་རྫོགས་པའི་དཀྱིལ་འཁོར། དེའི་རྟག་ལོངས་ཕལ་ཆེར་ཉི་མ་དང་མཐུན། རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་དང་། དེའི་རྟག་ལོངས་ལོགས་སུ་བསྒྲུབ་བྱ། ཞི་གཟའ་གཉིས་ཀྱིས་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་དང་། དེའི་རྟག་ལོངས་ཕལ་ཆེར་ཉི་མ་དང་མཐུན་འགྲོས་གཞི་རྟག་ལོངས་རྣམས་ལོགས་སུ་བསྒྲུབ་བྱའོ། །དེ་ནས་སོ་སོའི་ལོངས་སྤྱོད་ནི། །བཀྲ་ཤིས་ལ་ནི་གསལ་ཞག་ལ། །རི་དང་མཚམས་དང་ཟླ་བ་བསྲེ། །གཟའ་སྤྱིའི་གསལ་ཞག་དེ་ལས་མིག་དམར་གྱི་ཐུན་མོང་མ་ཡིན་པའི་གསལ་ཞག་སྒྲུབ་པར་བྱེད་པ་ལ། སྤྱིའི་གསལ་ཞག་དེ་ལ་བརྒྱ་དང་དྲུག་ཅུ་རྩ་བདུན་བསྲེ་བ་སྟེ། རྒྱལ་དཀས་རྩིས་གཞི་མཛད་པའི་སྔ་ལོགས་གནམ་སྟོང་ཡན་ལ་མིག་དམར་གྱིས་རྒྱུ་སྐར་ལ་སྐོར་བ་གཅིག་གི་འགོ་བརྩམས་ནས་ཉིན་ཞག་བརྒྱ་དང་རེ་བདུན་སོང་བ་དེ་རྩིས་འཕྲོར་བསྲེ་བ་ཡིན་ནོ། །ལྷག་པའི་གསལ་ཞག་བརྒྱ་ཡིས་བསྒྱུར། །སྤྱིའི་གསལ་ཞག་དེ་བརྒྱས་བསྒྱུར་བ་བགོད་བྱེད་བརྒྱ་ཆའི་ཕུང་པོ་ཡིན་པས། བགོད་བྱ་བགོད་བྱེད་ཤེད་མཚུངས་པའི་ཕྱིར་དུ་བགོ་ཆ་ཉིན་ཞག་ཀྱང་བརྒྱ་ཆའི་ཕུང་པོར་གཏོང་བ་ཡིན་ནོ། །མེ་དང་ཉི་མ་རི་ཡིས་སྦྱང་། བརྒྱས་བསྒྱུར་བའི་ཉིན་ཞག་གི་ཚོགས་དེ་ལ་བདུན་སྟོང་ཆིག་བརྒྱ་དང་ཉེར་གསུམ་སྦྱོང་བའི་རྒྱུ་མཚན། རྒྱལ་དཀས་རྩིས་གཞི་མཛད་པའི་སྔ་ལོགས་དབོའི་ཟླ་བའི་གནམ་སྟོང་ཡན་ལ་ལྷག་པས་འགྲོས་བཞི་རྫོགས་པའི་འཁོར་ལོ་གཅིག་གི་འགོ་བརྩམས་ནས་ཉིན་ཞག་བཅུ་དྲུག་རྗེས་འབྲང་དང་བཅས་པ་སོང་། དེ་ཉིན་ཞག་དོན་གཅིག་རྗེས་འབྲང་དང་བཅས་པ་བྱུང་ན་ལྷག་པའི་རྐང་པའི་འཁོར་ལོ་རྫོགས་པ་ལས། ཞག་དོན་གཅིག་པོ་བརྒྱས་བསྒྱུར་རང་རང་གི་འཁོར་ལོས་ཕུད་པས་མེ་དང་ཉི་མ་རིའི་གྲངས་འབྱུང་། དེ་མ་འོངས་པའི་ལོངས་སྤྱོད་ཀྱི་སྟེང་ནས་ལྷག་འགྱུར་དུ་འདོར་བ་ཡིན་པའི་ཕྱིར་རོ། །ཕུར་བུ་མཁའ་མཁའ་རོ་མིག་འབྲིད། །སྤྱིའི་གསལ་ཞག་དེ་ལས་ཕུར་བུའི་གསལ་ཞག་སྒྲུབ་པར་བྱེད་པ་ལ་ཉིས་སྟོང་དང་དྲུག་བརྒྱ་སྦྱོང་། དེ་ཡང་རྒྱལ་དཀས་རྩིས་གཞི་མཛད་པའི་སྔ་ཉིན་ཉིན་ཞག་ཉིས་སྟོང་དྲུག་བརྒྱ་བྱུང་ན་ཕུར་བུས་རྒྱུ་སྐར་གྱི་འཁོར་ལོ་རྫོགས་པའི་དེ་མ་འོངས་པའི་ལོངས་སྤྱོད་ཀྱི་སྟེང་ནས་ལྷག་འགྱུར་དུ་འདོར་བ་ཡིན་ནོ། །དཀར་པོ་བཅུས་བསྒྱུར་བཅུ་ནོར་དབྲོག །སྤྱིའི་གསལ་ཞག་དེ་ལས་པ་སངས་གྱི་གསལ་ཞག་པ་སྒྲུབ་པ་ལ་བཅུས་བསྒྱུར། དེ་ཡང་བགོད་བྱེད་ཀྱི་དཀྱིལ་འཁོར་བཅུ་ཆའི་ཕུང་པོ་ཡིན་པས་དེ་དང་སྟོབས་མཚུངས་པ་བྱ་བའི་ཕྱིར་རོ། །དེ་བརྒྱད་ཅུ་རྩ་བཞིས་སྦྱོང་བའི་རྒྱུ་མཚན། རྒྱལ་དཀས་རྩིས་གཞི་མཛད་པའི་སྔ་ཉིན་ཉིན་ཞག་བཅུ་ཆའི་ཚོགས་བརྒྱད་ཅུ་རྩ་བཞི་བྱུང་ན་པ་སངས་ཀྱི་མྱུར་རྐང་འགྲོས་བཞི་རྫོགས་འགྲོ་བ་ལ་དེ་མ་འོངས་པའི་ལོངས་སྤྱོད་ཀྱི་སྟེང་ནས་ལྷག་འགྱུར་དུ་འདོར་བ་ཡིན་པའི་ཕྱིར། སྤེན་པ་མཁའ་མིག་ནོར་ཆུ་དབྲོག །སྤྱིའི་གསལ་ཞག་དེ་ལས་སྤེན་པའི་གསལ་ཞག་བསྒྲུབ་པའི་ཕྱིར། སྤྱིའི་གསལ་ཞག་དེ་ལ་བཞི་སྟོང་བརྒྱད་བརྒྱ་དང་ཉི་ཤུས་སྦྱོང་བའི་རྒྱུ་མཚན། རྒྱལ་དཀས་རྩིས་གཞི་མཛད་པའི་སྔ་ཉིན་ཉིན་ཞག་བཞི་སྟོང་བརྒྱད་བརྒྱ་ཉི་ཤུ་བྱུང་ན་སྤེན་པའི་རྒྱུ་སྐར་གྱི་འཁོར་ལོ་རྫོགས་པ་ལས། དེ་མ་འོངས་པའི་ལོངས་སྤྱོད་ཀྱིས་སྟེང་ནས་བླངས་ནས་ལྷག་འགྱུར་དུ་འདོར་བའི་ཕྱིར་རོ། །དེ་ནས་རང་རང་དཀྱིལ་འཁོར་གྱིས། །བགོ་བར་བྱའོ་དཀྱིལ་འཁོར་ནི། །བཀྲ་ཤིས་ལ་ནི་རི་ཀླུ་རོ། །རིམ་པ་ཇི་ལྟ་བས། དང་པོ་རི་ཀླུ་རོ་ནི་མིག་དམར་གྱི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་ཡིན་ལ། དེས་བགོད་པ་ནི། མིག་དམར་ད་ལྟ་སྐར་མ་གང་གི་སྟེང་ན་འཇུག་རྟོགས་པའི་ཆེད་དུའོ། །ལྷག་པ་རི་བུག་རི་ཀླུའོ། །ལྷག་པ་ལ་དེས་བགོད་པའི་རྒྱུ་མཚན། ལྷག་པའི་མྱུར་རྐང་འགྲོས་བཞི་རྫོགས་པའི་དཀྱིལ་འཁོར་ལ་ཞག་གྱ་བདུན། ཆུ་ཚོད་ང་བརྒྱད། ཆུ་སྲང་བཅུ་གཉིས་ཡོད་པ་ལས། དེ་ཐམས་ཅད་གནས་གཅིག་དུ་བསྡུ་བའི་ཕྱིར་དུ་ཐམས་ཅད་བརྒྱས་བསྒྱུར་ཏེ། རང་རང་གི་སྟེང་དུ་དྲིལ་བས་བརྒྱད་སྟོང་བདུན་བརྒྱ་གོ་བདུན་འབྱུང་བ་དེས་བགོ །བླ་མའི་སོ་མེ་རྒྱ་མཚོ་སྟེ། །དེ་ལ་བཞི་སྟོང་སུམ་བརྒྱ་དང་སོ་གཉིས་གྱིས་བགོད་པའི་རྒྱུ་མཚན། དེ་ཕུར་བུའི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་ཡིན་པས་སོ། །སྦྱིན་བྱེད་བླ་མའི་རི་རྒྱལ་མིག །པ་སངས་དེས་བགོད་པའི་རྒྱུ་མཚན། པ་སངས་ཀྱི་མྱུར་རྐང་འགྲོས་བཞི་རྫོགས་པའི་དཀྱིལ་འཁོར་ལ་ཞག་ཉིས་བརྒྱ་ཉེར་བཞི། ཆུ་ཚོད་ཞེ་གཉིས་ཡོད་པ་ལས། དེ་ཐམས་ཅད་གནས་གཅིག་ཏུ་བསྡུ་བའི་ཕྱིར་དུ་ཐམས་ཅད་བཅུས་བསྒྱུར་ཏེ། རང་རང་གི་སྟེང་དུ་དྲིལ་བས་ཉིས་སྟོང་ཉིས་བརྒྱ་བཞི་ཅུ་རྩ་བདུན་འབྱུང་བ་དེས་བགོ་བའོ། །དལ་བའི་རོ་དུས་རི་མཁའ་ཟླ། །ཁྲི་བདུན་བརྒྱ་རེ་དྲུག་གིས་བགོད་པའི་རྒྱུ་མཚན། དེ་སྤེན་པའི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་ཡིན་པས་སོ། །རྙེད་ནོར་དོར་ནས། གཉིས་པ་དང་བཞི་པ་རྒྱལ་དཀས་རྩིས་བཞི་མཛད་པ་ནས་དིང་སང་ཕན་ལ་མྱུར་རྐང་འགྲོས་བཞི་ཇི་ཙམ་སོང་བའི་གྲངས་ཡིན། དང་པོ་དང་གསུམ་ལྔའི་ཐོབ་ནོར་དེས་རྒྱུ་སྐར་ལ་སྐོར་བ་དུ་སོང་གི་གྲངས་ཡིན་པས་དོར་ཆོག་པ་ཡིན་ནོ། །ལྷག་མ་རྣམས། ལྷག་མའི་ཉིན་ཞག་ནི། ད་ལྟར་སྐོར་བ་བྱེད་བཞིན་པའི་གནས་སྐབས་སོ། །སྐར་མས་བསྒྱུར་ཏེ་རང་རང་གི །དཀྱིལ་འཁོར་རྣམས་ཀྱིས་བགོས་ཐོབ་ནོར། །སྐར་མའོ། །དེ་དག་ཉེར་བདུན་གྱིས་བསྒྱུར་ཏེ་རང་རང་གི་འཁོར་ལོས་བགོད་པ་ནི། སྐར་གནས་རྟོགས་པར་བྱ་བའི་ཆེད། །ཐོབ་ནོར་ནི་སྐར་མའོ། །ལྷག་མ་མཁའ་རོས་བསྒྱུར། རྙེད་པ་ཆུ་ཚོད། དེའི་ལྷག་མ་དྲུག་ཅུས་བསྒྱུར་སྔར་བཞིན་བགོས་པའི་ནོར་ཆུ་ཚོད། ལྷག་མ་རྣམས། མཁའ་རོས་བསྒྱུར་ཏེ་རྙེད་པ་སྲང་། །ལྷག་མ་རོས་བསྒྱུར་རྙེད་པ་དབུགས། །སྔ་མ་ཕྱི་མའི་ལྷག་མ་བསྒྱུར་བགོད་རིམ་པ་བཞིན་བྱས་པས་ཆུ་སྲང་དང་དབུགས་སོ། །དེ་བས་དང་པོར་ཁྱིམ་གྱི་གནས། །སྐར་མ། ཆུ་ཚོད། ཆུ་སྲང་། དབུགས་རིམ་པ་བཞིན་འོག་ནས་འོག་ཏུ་བཀོད་ལ། དབུགས་ཀྱིས་གནས་སུ་དྲུག་ལས་ལྷག་པ་མི་སྡོད་པས་དེས་བགོད། རྙེད་པ་ཆུ་སྲང་དུ་གཏང་། ཆུ་སྲང་ཆུ་ཚོད་གཉིས་སུ་དྲུག་ཅུ་ལས་མི་གནས་པས་དེས་བགོད། ཐ་མའི་རྙེད་པ་རྒྱུ་སྐར་གྱི་ཕུང་པོར་གཞུག སྐར་མའི་གནས་སུ་ཉེར་བདུན་ལས་ལྷག་པར་མི་སྡོད་པས་དེས་བགོད་པར་བྱེད་དོ། །དེ་ནི། དྲག་གཟའི་དལ་བ་བར་པ་ཡིན། །དྲག་གཟའི་གནས་སྐབས་སུ་དལ་བར། ཞི་གཟའི་མྱུར་རྐང་ལོངས་སྤྱོད་དེ། །ཞི་གཟའི་དུས་མྱུར་བའི་རྐང་འཛིན་རྟག་པའི་ལོངས་སྤྱོད་དུ་མིང་བཏགས་པ་ཡིན་ནོ། །གཉིས་པ་ཁྱིམ་གྱི་ལས་ཀྱི་དལ་བ་དག་པ་བསྟན་པ་ནི། དྲག་གཟའི་དལ་བ་བར་པ་དང་། །ཞི་གཟའི་ཉི་མར་བར་པ་དག །གནས་གཉིས་བྱས་ལ། དེ་ནས་དལ་བ་དག་པ་བསྒྲུབ་པའི་དོན་དུ། དྲག་གཟའི་དལ་བར། ཞི་གཟའི་ཉི་བར་དེ་གནས་གཉིས་སུ་འཇོག །དེ་ཡང་གཅིག་ནི་དལ་རྐང་ལས་བྱུང་བའི་ལོངས་སྤྱོད་འཚོལ་བའི་གཞིར་དགོས། གཅིག་ཤོས་ནི་དལ་རྐང་ལས་བྱུང་བའི་ལོངས་སྤྱོད་དེ་རྙེད་ནས་སྣོན་འབྲིད་བྱེད་པའི་གཞིར་དགོས་བྱུང་བ་ཡིན་ནོ། །ཕྱོགས་གཅིག་ལ། རང་རང་སྐྱེས་ཁྱིམ་སྦྱོང་བར་བྱ། །སྐྱེས་ཁྱིམ། ཕྱེད་བཅས་དགུས་སྦྱང་། བཀྲ་ཤིས་ལ། མིག་དམར་ནི་དང་པོ་སྐྱེ་བའི་ཚེ་ལུག་ཁྱིམ་གྱི་ཐོག་མའི་ཐ་སྐར་དུ་སྐྱེས་ཤིང་། དེ་ནས་དལ་རྐང་གི་འགོ་བརྩམས་ནས་རིམ་གྱིས་འོངས་བ་མ་ཡིན་གྱི། སེང་གེའི་ཁྱིམ་གྱི་རྐང་པ་གཉིས་འདས་པ་སྐར་མ་མཆུའི་ཕྱེད་དུ་སྐྱེས་ལ། རང་མ་སྐྱེས་གོང་གི་སྐྱེས་ཁྱིམ་དུ་སྐར་མའི་ཆུ་ཚོད་ན་ཕྱེད་དང་བཅས་པའི་སུམ་ཅུ། སྐར་གནས་ན་དགུ་ཡོད་པ་དེ་སྦྱོང་བའི་ཕྱིར་རོ། །དེ་སྦྱངས་པ་ཡང་དལ་རྐང་དང་པོ་དེ་ནས་འགོ་ཟུག་པ་ཡིན་པས་དེ་རྟོགས་པའི་ཕྱིར་རོ། །དེ་བཞིན། ཕྱེད་བཅས་མི་བདག་ཟླ་བའི་བུ། །སྐར་མའི་གནས་ནས་བཅུ་དྲུག་དང་། །ཆུ་ཚོད་ནས་སུམ་ཅུ་སྦྱོང་སྟེ། ལྷག་པ་ནི་སྡིག་པའི་ཁྱིམ་ལྷ་མཚམས་ཀྱི་བཞི་གསུམ་འདས་པའི་མཚམས་སུ་སྐྱེས་ལ། རང་མ་སྐྱེས་གོང་གི་སྐྱེས་ཁྱིམ་སྦྱོང་བའི་ཕྱེད་དེ་དལ་བ་དེ་ནས་རྩོམ་པས་སོ། །བླ་མ་ལ་ནི་ཉི་མས་སྦྱང་། །སྐར་གནས་ནས་བཅུ་གཉིས་སྦྱོང་སྟེ། ཕུར་བུ་བུ་མོའི་ཁྱིམ་གྱི་མེ་བཞིའི་ཐོག་མར་སྐྱེས་ལ། རང་མ་སྐྱེས་གོང་གི་ཁྱིམ་དེ་སྦྱང་བའི་ཕྱིར་རོ། །དཀར་པོ་ལ་ནི་རྒྱུ་སྐར་དྲུག །སྐར་གནས་ནས་དྲུག་སྦྱོང་སྟེ། པ་སངས་ནི་འཁྲིག་པའི་ཁྱིམ་དུ་ནབས་སོའི་ཐོག་མར་སྐྱེས་གོང་གི་ཁྱིམ་དེ་སྦྱང་བའི་ཕྱིར། ཉི་མའི་བུ་ལ་ཉེས་པ་དོར། སྐར་གནས་ནས་བཅོ་བརྒྱད་དོར་ཏེ། སྤེན་པ་ནི་གཞུའི་ཁྱིམ་སྣུབས་ཀྱི་ཐོག་མར་སྐྱེས་ལ། རང་མ་སྐྱེས་གོང་གི་ཁྱིམ་དེ་སྦྱོང་བའི་ཕྱིར་རོ། །མ་ལྡང་འཁོར་ལོ་བསྣན་ལ་དོར། །སྐར་མའི་ལོངས་སྤྱོད་ཀྱི་ཕུང་པོ་ཉུང་བས་སྦྱོང་བྱེད་དུ་མ་ལྡང་ན་སྦྱངས་གཞི་དེ་ལ་རྒྱུ་སྐར་གྱི་འཁོར་ལོ་ཉེར་བདུན་བསྲེས་ལ་དེ་ནས་སྦྱང་ངོ་། །དེ་ཡང་རྒྱུ་སྐར་གྱི་འཁོར་ལོ་རྫོགས་པའི་གྲངས་དུ་མ་སྔར་ཉེར་བདུན་གྱིས་མ་བསྒྱུར་བའི་སྔོན་དུ་དོར་ཡོད་པས། དེའི་ནང་ནས་མཐའ་མ་དེ་སླར་ཚུར་བསྣན་ནས་སྐྱེས་ཁྱིམ་སྦྱོང་བའི་དོན་ཡིན་ནོ། །འཁོར་ཕྱེད་ལྷག་ན་དོར་བར་བྱ། གལ་ཏེ་སྐྱེས་ཁྱིམ་སྦྱངས་ནས་ལྷག་མར་འཁོར་ཕྱེད་བྱུང་ན། དེའི་ཚེ་འཁོར་ལོ་ཕྱེད་པོ་དེ་དོར་བར་བྱའོ། །དེ་དོར་ཆོག་པའི་རྒྱུ་མཚན། རང་སྐྱེས་ནས་འཁོར་ལོ་ཕྱེད་རྫོགས་ན་རིམ་པ་ཚར་གཅིག་སོང་ནས་དེའི་རིམ་པའི་སྔ་རྐང་དུ་བུ་ལོན་འཕེལ་བ་ཐམས་ཅད་ཀྱི་རྐང་དུ་འགྲིབ་པས་སོ། །འཁོར་ལོ་ཕྱེད་རྫོགས་པ་ན་རྟག་པའི་ལོངས་སྤྱོད་ལ་བྲི་གང་མེད་པ་རྣམ་པར་དག་པའི་ཕྱིར། དེ་ཡན་གྱི་རྐང་པ་བརྩི་མི་དགོས་པ་ཡིན་ནོ། །དོར་མ་དོར་གྱི་རིམ་མིན་རིམ། །འཁོར་ལོ་ཕྱེད་དོར་ན་དོར་བའི་ལྷག་མ་དེ་རྐང་པ་རྣམས་མས་རིམ་གྱིས་སྤྱོད་པས་རིམ་མིན་དུ་བཏགས། ཡང་འཁོར་ཕྱེད་མ་དོར་ན་རྐང་པ་རྣམས་ཡས་རིམ་གྱིས་སྤྱོད་པའི་ཕྱིར་རིམ་པ་ཞེས་བྱ། དལ་བར་སྣོན་འབྲིད་ཤེས་པར་བྱ། དེས་ན་གཟའ་ལྔ་པོ་ཐམས་ཅད་ཀྱི་དལ་བའི་ལས་ལ་རིམ་མིན་གྱི་ཚེ། རྐང་པའི་ལོངས་སྤྱོད་ཀྱི་རྐང་མཚམས་འདས་མ་འདས་ཀྱི་ཆོ་ག་ཟིན་པའི་ལྷག་མ་རྣམས་དལ་བ་བར་པ་ལ་ནོར་དུ་སྦྱིན་པ་དང་། རིམ་པའི་ཚེ་བུ་ལོན་དུ་འགྱུར་བས་འབྲིད་པ་ཡིན་ནོ། །ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །སྐྱེས་ཁྱིམ་སྦྱངས་པའི་ལྷག་མ་དྲུག་ཅུས་བསྒྱུར་བ་ནི། སྐར་གནས་ཆུ་ཚོད་དུ་གསིལ་བ་ཡིན་ལ། འོག་གི་ཆུ་ཚོད་དང་ལྡན་པ། །འོག་གི་ཆུ་ཚོད་སྟེང་དུ་བསྲེ་བ་ཆུ་ཚོད་དུ་སྟོབས་མཚུངས་པས་སོ། །འབྱུང་བ་མེ་དང་ཟླ་བས་བགོ །ཁྱིམ་གྱི་རྐང་པ་བཙལ་བའི་དོན་དུ་ཆུ་ཚོད་ཀྱི་ཕུང་པོ་དེ་ལ་བརྒྱ་སུམ་ཅུ་རྩ་ལྔས་བགོ་སྟེ། ཉི་མ་དང་གཟའ་ལྔ་ཀུན་རང་རང་གི་བརྟག་པའི་ལོངས་སྤྱོད་ཀྱི་ཁྱིམ་གཅིག་གི་ཆུ་ཚོད་ཀྱི་གྲངས་སུ་ནམ་ལོངས་པ་ན་དལ་རྐང་འཕོ་བ་ན་ཁྱིམ་གཅིག་གི་གྲངས་ལ་དེ་དགོས་པས་དེ་ཡིས་བགོས་པ་ཡིན་ནོ། །དེ་བས་ན་དེས་ཐོབ་པའི་རྙེད་པ་དེ་ནི་ཁྱིམ་གྱི་རྐང་པ་འདས་པར་འགྱུར་རོ། །ཐོབ་པས་རང་རང་རྐང་པ་བཟུང་། །རྙེད་པ་དེས་དལ་བའི་རྐང་པ་དག་ལ་ནོར་དང་བུ་ལོན་རིམ་པ་དང་རིམ་པ་མ་ཡིན་པའི་དབང་གིས་གྲངས་བཞིན་དུ་འཛིན་ཏེ། ཐོབ་ནོར་དུ་གཅིག་བྱུང་ན་རྐང་པའི་དང་པོ། །གཉིས་བྱུང་ན་གཉིས་པ། གསུམ་བྱུང་ན་གསུམ་པ་ནས་འཛིན་ལ། དེས་ན་རྐང་པ་གང་བཟུང་དེའི་མདུན་མའི་ལོངས་སྤྱོད་ཀྱིས་ནི་སྔར་འབྱུང་བ་མེ་ཟླས་བགོས་པའི་ལྷག་མའི་ཆུ་ཚོད་དང་ཆུ་སྲང་ལ་སོགས་པ་བསྒྱུར་བའི་ཚོགས་དེ་དག་ལས་བརྒྱ་སུམ་ཅུ་རྩ་ལྔས་ཐོབ་པ་ནི་ཁྱིམ་གྱི་ལོངས་སུ་སྤྱོད་བཞིན་པ་འམ་ད་ལྟ་བའི་ཆུ་ཚོད་ཀྱི་གྲངས་སུ་འགྲོ། གྲངས་དེ་ཉིད་ཀྱི་རྐང་པ་དྲུག་གི་ནང་ནས་ད་ལྟ་བའི་རྐང་པའི་ལོངས་སྤྱོད་འཛིན་ཞིང་། དེའི་ཕྱིར་རྐང་པ་གང་བཟུང་བའི་གཉིས་པ་འམ་རྐང་བཟུང་མདུན་མ་ནི་ལོངས་སྤྱོད་བཞིན་པ་ཡིན་པས་དེ་ལ་ལོངས་སྤྱོད་ཅེས་བྱའོ། །བཀྲ་ཤིས་དེ་ཉིད་ཉེས་པ་རི། །མིག་དམར་ཁྱིམ་སོ་སོ་ལ་རྒྱུ་བའི་ཚེ་ཁྱིམ་གྱི་རྐང་པའི་འཕེལ་འགྲིབ་ནི་སྐྱེས་པའི་སྐར་མ་ནས་གཟུང་སྟེ། ཁྱིམ་དང་པོ་ལ་ཉེར་ལྔ། གཉིས་པ་ལ་བཅོ་བརྒྱད། གསུམ་པ་ལ་རི་ཞེས་པ་ཁྱིམ་སྔ་མ་གསུམ། དེ་ནས་འཁོར་ལོ་ཕྱེད་ཀྱི་ཕྱེད་གཞན་ཕྱི་རྐང་ལ། ཁྱིམ་བཞི་པ་ལ་བདུན་དང་། ལྔ་པ་ལ་བཅོ་བརྒྱད། དྲུག་པ་ལ་ཉི་ཤུ་རྩ་ལྔ། མིག་དམར་ལ་ཇི་ལྟ་བས། བཀྲ་ཤིས་དེ་ཉིད་ཉེས་པ་རི། །ཟླ་སྐྱེས་བཅུ་རི་མེ་རྣམས་སོ། །སྒྲ་མཁན་བདེ་བྱེད་བུ་ག་མེ། །དཀར་པོའི་མདའ་ཆུ་རི་བོང་ཅན། །མིག་ལག་ཚེས་མཚམས་སྤེན་པ་སྟེ། །ཞེས་དེ་ལས་ལྡོག་པ་ཕྱི་རྐང་ངོ་། །དེ་ལ་རོ་རྐང་ཞེས་བྱས་ནས་རྐང་པ་དྲུག་ཏུ་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་སྔ་མའི་ཁྱིམ་དྲུག་ལ་སྟེང་དུ་སྔ་རྐང་གསུམ་དང་། འོག་ཏུ་ཕྱི་རྐང་གསུམ། ཕྱེད་ཕྱི་མའི་ཁྱིམ་དྲུག་ལ་དེ་ལས་ལྡོག་སྟེ་མས་རིམ་བཞིན་དུ་འོག་མ་གསུམ་སྔ་རྐང་དང་སྟེང་མ་གསུམ་ཕྱི་རྐང་དུ་ཤེས་པར་བྱའོ། །སྔ་ཕྱིར་ཟོས་དང་མ་ཟོས་སྡོམ། །རྐང་འཛིན་སྔ་མ་ཕྱེད་ལ་གནས་པ་ལ་གཟའ་རྣམས་ཀྱི་རང་གི་སྐྱེས་སྐར་ནས་ཁྱིམ་གསུམ་གྱི་བར་དུ་ཟོས་པ་ཚོགས་གཅིག་དང་། དེ་ནས་གསུམ་གྱི་བར་དུ་མ་ཟོས་པ་ཚོགས་གཅིག་དང་། རིམ་མིན་གྱི་ཁྱིམ་དང་པོ་གསུམ་ལ་ཟོས་པ་ཚོགས་གཅིག་དང་། དེ་ནས་གསུམ་ལ་མ་ཟོས་པ་ཚོགས་གཅིག་ཏུ་བསྡོམས་ཏེ། མ་ཟོས་སྔུན་མས་ལོངས་སྤྱོད་བསྒྱུར། །འབྱུང་བ་མེ་ཟླས་བགོས་པའི་ནོར། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །དེ་ལྟར་སྤྱད་ཟིན་རྣམས་དོར་ནས་མ་ཟོས་པ་རྣམས་ཚོགས་གཅིག་ཏུ་བྱས་ནས་རིམ་པ་དང་རིམ་མིན་གྱི་དབང་གིས་རྐང་པའི་ལོངས་སྤྱོད་སྔར་དལ་བ་གནས་གཉིས་སུ་བཞག་པའི་གཅིག་ཤོས་ལ་སྦྱིན་པ་དང་དོར་བ་དག་བྱའོ། །དེ་ཡང་རིམ་པ་མ་ཡིན་པའི་དབང་གིས་སྦྱིན་པ་དང་། རིམ་པའི་དབང་གིས་དོར་བར་བྱའོ། །སྦྱིན་དོར་དེ་ཡང་གང་ལ་བྱ་ན་ལོངས་སྤྱོད་ཅེས་པ་ཆུ་ཚོད་ཡོད་ན་ཆུ་ཚོད། གཟའི་ལོངས་སྤྱོད་སྐར་མར་ལོངས་པ་ཡོད་ན་སྐར་མར། དེ་བཞིན་ཆུ་སྲང་དང་དབུགས་ལ་སོགས་པ་ཡོད་ནའང་རང་དང་ཤེད་མཚུངས་པར་བྱིན་དོར་བྱ་བའི་དོན་ཏེ། དེ་ལ་བརྒྱ་སོ་ལྔས་བགོས་པའི་ནོར་ནི་ཡང་དག་རྒྱུ་བའི་ཆུ་ཚོད། ལྷག་མ་མཁའ་རོས་བསྒྱུར་བ་ལ། །ཆུ་སྲང་སྦྱིན་ལ་བགོས་ཐོབ་སྲང་། །ལྷག་མ་རོས་བསྒྱུར་དབུགས་བསྲེས་ལ། །བགྲོས་ཐོབ་དབུགས་སུ་ཤེས་པར་བྱ། །ཞེས་པས་སོ། །རྐང་པ་འཛིན་པའི་མཚམས་སུ་རྙེད་པ་མེད་ན་སྟོང་ལ་སྟོང་པ་རྣམ་དག་བཀོད་ནས་ལྷག་མ་རྣམས་རྐང་པ་དང་པོའི་ཐ་མ་གང་རུང་གིས་བསྒྱུར་ནས་བྱའོ། །རྐང་པའི་མཚམས་ནི་མ་འདས་ན། །ཆུ་ཚོད་གཉིས་པོ་བསྲེ་བར་བྱ། །སྔ་རྐང་གསུམ་གྱི་བར་ལ་རྐང་མཚམས་མ་འདས་ན་ཡང་དག་རྒྱུ་བའི་ཆུ་ཚོད་དང་རྐང་པའི་ཆུ་ཚོད་གཉིས་བསྲེ་སྟེ་ནོར་བུ་ལོན་གྱི་བྱེད་པ་མཚུངས་པའི་ཕྱིར་རོ། །འདས་ན་ཡང་དག་རྒྱུ་བ་ཡིས། །རྐང་པའི་ཆུ་ཚོད་དག་ལ་སྦྱང་། །དེ་ལས་གཅིག་ཕབ་དྲུག་ཅུས་བསྒྱུར། །སྲང་གིས་སྦྱངས་ལྷག་གཅིག་ཕབ་ལ། །རོས་བསྒྱུར་དབུགས་ཀྱིས་སྦྱངས་ལྷག་རྣམས། །ཕྱོགས་གཅིག་ལ་ནི་སྦྱིན་དོར་བྱ། །རྐང་མཚམས་འདས་ན་ཡང་དག་རྒྱུ་བའི་ཆུ་ཚོད་ཀྱིས་རྐང་པའི་ཆུ་ཚོད་ལ་སྦྱང་སྟེ་ནོར་དང་བུ་ལོན་གྱི་བྱེད་པ་མི་མཚུངས་པའི་ཕྱིར་རོ། །དེ་ཡིས་དལ་བ་དག་པར་འགྱུར། །སྔར་དལ་བ་གནས་གཉིས་སུ་བཞག་པའི་ཕྱོགས་གཅིག་ལ་སྦྱིན་དོར་བྱ་ལུགས་གོང་དུ་བཤད་པ་བཞིན་བྱས་པས་དལ་དག་ཏུ་འགྱུར་རོ། །གསུམ་པ་སྐར་མའི་ལས་ཀྱི་མྱུར་དག་བཤད་པ་ནི། དྲག་གཟའི་དལ་བ་གནས་གཉིས་བཞག དལ་དག་དེ་གནས་གཉིས་སུ་བྱ་སྟེ། གཅིག་ནི་རྐང་པའི་ལོངས་སྤྱོད་འཚོལ་བའི་གཞིར་དགོས། གཅིག་ཤོས་ནི་མྱུར་རྐང་ལས་བྱུང་བའི་ལོངས་སྤྱོད་སྣོན་འབྲིད་བྱེད་པའི་གཞིར་དགོས་པ་ཡིན་ནོ། །གཅིག་གིས་ཉི་མ་བར་པ་སྦྱོང་། ཉི་མ་བར་པ་ནི་དྲག་གཟའ་གསུམ་གྱི་རྐང་འཛིན་ལོངས་སྤྱོད་བུ་ལོན་དང་བཅས་པ་ཡིན་ལ། དེ་ལ་རང་རང་གི་དལ་བ་དག་པས་སྦྱངས་པས་ལྷག་མ་རྐང་འཛིན་ལོངས་སྤྱོད་རྣམ་དག་ཏུ་འགྱུར་བ་ཡིན་ནོ། །ཞི་གཟའི་རྐང་འཛིན་ལོངས་སྤྱོད་ལ། །དལ་བ་དག་པས་སྦྱང་བར་བྱ། །ཞི་གཟའི་རྐང་འཛིན་ལོངས་སྤྱོད་ལ་ཉི་མ་དག་པས་སྦྱངས་པས་ལྷག་མ་ནི་རྐང་འཛིན་ལོངས་སྤྱོད་རྣམ་དག་ཏུ་འགྱུར་བ་ཡིན་གསུངས་ཀྱང་འདི་དལ་དག་བུལ་མེད་དུ་སོང་བས། ཞི་གཟའི་རྐང་འཛིན་ལོངས་སྤྱོད་ལ་སྔར་བསྒྲུབས་པའི་དལ་བ་དག་པས་སྦྱངས་ན་ལེགས་སོ། །གནས་མཐོན་པོར་གནས་པའི་གཟས་དམའ་མོའི་གཟའ་སྦྱོང་བར་བཤད་པ་ཡང་འདི་ལྟ་བུས་སོ། །མ་ལྡང་འཁོར་ལོ་བསྣན་ལ་དོར། །འཁོར་ཕྱེད་ལྷག་ན་དོར་བར་བྱ། །དོར་ན་རིམ་མིན་མ་དོར་རིམ། །ཞེས་པ་རྣམས་ནི་དལ་བ་བར་པར་བཤད་པ་དང་མཚུངས་སོ། །ལྷག་མས་མྱུར་བའི་རྐང་པ་བཟུང་། །གཟའ་མཐོན་པོའི་ལོངས་སྤྱོད་ཀྱིས་གཟའ་དམའ་མོའི་ལོངས་སྤྱོད་ལ་རྣམ་པར་སྦྱངས་པས་དག་པའི་ལྷག་མ་དེ་ནི་གཟའ་རྣམས་ཀྱི་ཉིན་ཞག་གི་དབང་གིས་རྒྱུ་བ་སྟེ་རྐང་པ་འཛིན་པའི་སྐར་མར་འགྱུར་རོ། །སུམ་བརྒྱ་རེ་བཞི་མིག་དམར་གྱི་མྱུར་རྐང་གི་ཆུ་ཚོད་བསྡོམས་པའི་གྲངས། རྐང་པ་རང་། ས་སྐྱེས་རྒྱལ་བ་མེ་མིག་གསུམ། །གཟུགས་མིག་རྣམ་གཉིས་སྐྱོན་ཚེས་དྲག །མེའོ་རྩ་བར་དབང་ཕྱུག་དང་། །སྦྲུལ་མེ་མཁའ་ཀླུ་མེ་འབྱུང་ངོ་། །ཞེས་པ་སྟེ། རྐང་གནས་དང་པོ་ནས་རིམ་པ་བཞིན་བཅུ་བཞི་པའི་བར་དུ་ཉེར་བཞི་པ་གཅིག ཉེར་གསུམ་པ་གསུམ། ཉེར་གཅིག་པ་གཉིས། བཅོ་བརྒྱད། བཅོ་ལྔ། བཅུ་གཅིག་དང་། གསུམ་པ་རྣམས་སྔ་རྐང་། རྩ་བར་ཞེས་པ་རྐང་མཚམས་འདས་མ་ཐག་པའི་གནས་མིང་། དེ་ལ་བཅུ་གཅིག སོ་བརྒྱད། བརྒྱད་ཅུ། ང་གསུམ་སྟེ་བཅུ་བཞིའོ། །ཟླ་སྐྱེས་མི་བདག་མི་བདག་ཚེས། །ཤེས་པ་མྱོས་བྱེད་བདེ་བྱེད་རི། །འབྱུང་མཁའ་རྩ་བར་མཚོ་དབང་ཕྱུག །མཁའ་མིག་ནོར་ལག་ཆུ་མེའོ། །བརྒྱ་གོ་བཞི་ལྷག་པའི་མྱུར་རྐང་གི་ཆུ་ཚོད་བསྡོམས་པའི་གྲངས། བཅུ་དྲུག་པ་གཉིས། བཅོ་ལྔ། བཅུ་བཞི། བཅུ་གསུམ། བཅུ་གཅིག བདུན། ལྔ། ཐིག་ལེ། རྩ་བར་བཞི། བཅུ་གཅིག ཉི་ཤུ། ཉེར་བརྒྱད། སོ་བཞི། སྒྲ་མཁན་ཕྱོགས་ཕྱོགས་བུ་ག་སྦྲུལ། །དུས་དུས་འཁྲིག་པ་འོད་དཀར་ཅན། །རྩ་བ་མེ་དང་དུས་བུ་ག །དྲག་པོ་མེ་བདག་ཐུབ་པའོ། །བརྒྱ་དང་བཞི་ཕུར་བུའི་ཆུ་ཚོད་བསྡོམས་པའི་གྲངས། བཅུ་པ་གཉིས། དགུ བརྒྱད། དྲུག་པ་གཉིས། གཉིས་གཅིག རྩ་བ་གསུམ། དྲུག དགུ བཅུ་གཅིག བཅུ་དྲུག བདུན། སྦྱིན་བྱེད་བླ་མའི་དེ་ཉིད་གསུམ། རྒྱལ་བ་གཉིས་དང་ལག་མིག་གཉིས། །སྐྱོན་ཚེས་བརྒྱད་དང་རྩ་བ་རོ། །མཁའ་མེ་སྲིན་བུག་མེ་རིའོ། །བཞི་བརྒྱ་དང་བཅུ་དྲུག་པ་ཝ་སངས་ཀྱི་གྲངས། ཉེར་ལྔ་པ་གསུམ། ཉེར་བཞི་གཉིས། ཉེར་གཉིས་གཉིས། བཅོ་བརྒྱད། བཅོ་ལྔ། བརྒྱད། རྩ་བར་དྲུག སུམ་ཅུ། གོ་དགུ དོན་གསུམ། དལ་བུས་བགྲོད་པ་དུས་མདའ་འབྱུང་། རིག་བྱེད་ཆུ་བོ་མིག་ལག་མཁའ། རྩ་བར་མིག་དང་རིག་བྱེད་འབྱུང་། །དུས་དང་ཀླུ་དང་ཡོན་ཏན་ནོ། །ང་དྲུག་སྤེན་པའི་ཆུ་ཚོད་བསྡོམས་གྲངས། དྲུག ལྔ། ལྔ། བཞི། བཞི། གཉིས། གཉིས། ཐིག རྩ་བར་གཉིས། བཞི། ལྔ། དྲུག བརྒྱད། གསུམ་རྣམས་ཏེ། སྔ་རྐང་གི་རྐང་གནས་མང་བ་སྔ་རྐང་ཁ་ཤར་དུ་བལྟ་བའི་མྱུར་འགྲོས་བྱེད་པ་ལ་ཡུན་རིང་དགོས་པས་སོ། །སྔ་རྐང་ཕྱི་རྐང་གནས་མི་མཉམ་ཡང་ཆུ་ཚོད་མཉམ་དགོས་ཏེ། སྔ་རྐང་དུ་ནོར་བུ་ལོན་གང་རུང་འཕེལ། ཕྱི་རྐང་དུ་དོར་དགོས་པའོ། །དེ་ལྟར་མྱུར་རྐང་ལས་བྱུང་བའི་ལོངས་སྤྱོད་དེ་དག དལ་བ་དག་པ་གནས་གཉིས་སུ་བཀོད་པའི་ཕྱོགས་གཅིག་ལ་སྦྱིན་དོར་བྱ་ལ། དེ་ལ་སྔར་དལ་བའི་ལས་དང་མི་འདྲ་བར་འདིར་ནི་གཟའ་ལྔའི་རྐང་པ་རིམ་པར་བགྲོད་པའི་དབང་གིས་སྦྱིན་པ་དང་། རིམ་པ་མིན་པར་བགྲོད་པའི་དོར་བྱ། གཞན་ཟོས་མ་ཟོས་སྡོམ་པ་སོགས་དམིགས་བསལ་འདི་དག དེ་ལྟར་རིམ་པ་ལུགས་འབྱུང་དང་། རིམ་མིན་རྐང་པ་ལུགས་བཟློག་འཛིན། སྔ་ཕྱིར་ཟོས་དང་མ་ཟོས་སྡོམ། །རྐང་གཟུང་སྔུན་མས་ལོངས་སྤྱོད་བསྒྱུར། །མཁའ་རོས་རྙེད་པ་དབྱུག་གུའོ། །ལྷག་མ་མཁའ་རོས་བསྒྱུར་བ་ལ། །ཆུ་སྲང་བསྲེས་པ་མཁའ་རོས་དབྲོག ཆུ་སྲང་ལྷག་མ་རོས་བསྒྱུར་ལ། །དབུགས་བསྲེས་དྲུག་ཅུས་ཐོབ་པ་དབུགས། །སྔ་ཕྱིར་སྦྱིན་དོར་སྔར་བཞིན་བྱ། །ཞེས་པ་རྣམས་སྔར་དལ་དག་ཏུ་བཤད་པ་དང་ཕལ་ཆེར་འདྲ་ལ། འདིར་བགོད་བྱེད་དྲུག་ཅུས་བྱེད་པའི་རྒྱུ་མཚན། རྐང་འཛིན་ལོངས་སྤྱོད་རྣམས་རྐང་པས་བསྒྱུར་བ་ལ་དྲུག་ཅུར་ནམ་ལོངས་པ་ན་མྱུར་རྐང་རེ་འཕོ་བའི་ཕྱིར་ཏེ། དཔེར་ན་དལ་རྐང་གི་སྐབས་སུ་བརྒྱ་སོ་ལྔར་ནམ་ལོངས་བ་ན་དལ་རྐང་རེ་འཕོ་བས་གྲངས་དེས་བགོད་པ་བཞིན། དྲུག་ཅུས་བགོད་པ་ཡང་རིམ་པ་རིམ་མིན་གྱི་རྐང་པ་སྟེང་མ་ཉེར་དྲུག་པོ་ཆུ་ཚོད་དྲུག་ཅུར་ནམ་ལོངས་པ་ན་འཕོ་བས་དེའི་དབང་དུ་བྱས་ཀྱི། ཐམས་ཅད་དུ་དྲུག་ཅུས་བགོས་པ་ནི་མ་ཡིན་ཏེ། རིམ་པའི་རྐང་པ་ཐ་མ་དང་། རིམ་མིན་གྱི་རྐང་པ་དང་པོ་ནི་སྐར་མ་གཅིག་ལ་རྐང་པ་གཉིས་སུ་རྣམ་པར་གཞག་པ་ཡིན་པའི་ཕྱིར་བགོད་བྱེད་ཀྱང་སུམ་ཅུས་བྱ་དགོས་ཏེ། རང་རང་གི་རྐང་པ་འཕོ་བའི་ཆུ་ཚོད་ཀྱི་གྲངས་ཀྱིས་བགོད་པ་གྲུབ་པའི་མཐའ་ཡིན་པས་སོ། །དེ་ལྟ་བས་ན་གཟའ་ལྔ་ཀའི་མྱུར་རྐང་གི་རྐང་པ་བཅུ་གསུམ་པ་ཟིན་པ་དང་། རྐང་འཛིན་རིམ་པའི་ལོངས་སྤྱོད་ལ་རིམ་པའི་རྐང་པ་ཐ་མས་བསྒྱུར་ཏེ་སུམ་ཅུས་བགོས་པས་རྐང་འཛིན་ལོངས་སྤྱོད་ཡང་དག་པའི་ཆུ་ཚོད་ལ་སུམ་ཅུར་ལོངས་པའི་ཚེ་རང་རང་གི་རིམ་རྐང་ཐ་མའི་ཆུ་ཚོད་ཀྱི་གྲངས་ཐོབ་སྟེ། དེས་རིམ་རྐང་རྫོགས་པས་འཁོར་ཕྱེད་དོར་བ་དང་གནད་གཅིག དེ་ལྟར་མ་བྱས་པས་ཐམས་ཅད་དྲུག་ཅུས་བགོས་པས་རིམ་རྐང་ཐ་མའི་ཕྱེད་ལས་མ་རྫོགས་པ་ལ་འཁོར་ཕྱེད་དོར་བས་རིམ་རྐང་ཐ་མའི་ཕྱེད་སྟོངས་པར་འགྱུར་རོ། །འཁོར་ལོ་ཕྱེད་དོར་ནས་རྐང་འཛིན་ལོངས་སྤྱོད་སུམ་ཅུར་ལོངས་ཀྱི་བར་དུ་རིམ་མིན་གྱི་རྐང་པ་དང་པོས་བསྒྱུར་ནས་སུམ་ཅུས་བགོད་དགོས་ཏེ། དེ་ལྟར་མ་བྱས་ན་རིམ་པའི་རྐང་པ་ཐ་མ་དང་། རིམ་མིན་གྱི་རྐང་པ་དང་པོ་ལོངས་སྤྱོད་མི་མཉམ་པར་ཐལ་བར་འགྱུར། རྐང་འཛིན་ལོངས་སྤྱོད་དུ་ཆུ་ཚོད་སུམ་ཅུ་ལ་རིམ་མིན་གྱི་རྐང་པ་དང་པོས་བསྒྱུར་ཏེ་སུམ་ཅུས་བགོས་པས་རིམ་མིན་གྱི་རྐང་པ་དང་པོའི་ཆུ་ཚོད་ཀྱི་གྲངས་ཐོབ་འོང་། དེའི་ཚེ་རིམ་མིན་གྱི་རྐང་པ་དང་པོ་ཟིན། རྐང་པ་དང་པོའི་ཆུ་ཚོད་ཀྱི་གྲངས་འབྲིད། དེ་ཡན་དུ་རྐང་འཛིན་ལོངས་སྤྱོད་ཆུ་ཚོད་དྲུག་ཅུར་མ་ལོངས་ཀྱི་བར་དུ་སྔུན་མས་བསྒྱུར་ལ་དྲུག་ཅུས་བགོ །རྐང་འཛིན་ལོངས་སྤྱོད་ཡང་དག་རྒྱུ་བའི་ཆུ་ཚོད་དྲུག་ཅུ་དྲུག་ཅུ་ན་རྐང་པ་རེ་འཕོ། དེས་ན་རྐང་འཛིན་ལོངས་སྤྱོད་དེ་སྐར་མ་གཅིག་བྱུང་ན་སྐར་མ་ཕྱེད་ཀྱིས་རིམ་མིན་གྱི་རྐང་པ་དང་པོ་བཟུང་། ཕྱེད་མར་ཕབ་ལ་རྐང་གཟུང་མདུན་མས་བསྒྱུར་བ་སོགས་བྱ། རྐང་འཛིན་དུ་རྐང་པ་ཕྱེད་དང་གཉིས་བྱུང་ན་རྐང་པ་གཉིས་བཟུང་། སྐར་མ་གཉིས། ཕྱེད་དང་གསུམ། གསུམ་ནས་བཅུ་གསུམ་གྱི་བར་དུ་འགྲོས་དེས་བཅུ་གསུམ་བྱུང་ན་ཕྱེད་དང་བཅུ་གསུམ་གྱིས་རྐང་པ་བཅུ་གསུམ་པ་བཟུང་ནས་ཕྱེད་པོ་ཕབ་ལ་རྐང་འཛིན་ལོངས་སྤྱོད་དུ་བྱ། དེ་ལྟར་མ་བྱས་ན་རིམ་མིན་གྱི་རྐང་པ་ཐ་མའི་ལོངས་སྤྱོད་ཕྱེད་མ་རྫོགས་པ་ནས་རིམ་རྐང་དུ་འཕོ་བའི་སྐྱོན་འོང་ཞིང་རིམ་རྐང་དང་པོ་དང་། རིམ་མིན་གྱི་རྐང་པ་ཐ་མ་ལོངས་སྤྱོད་མི་འདྲ་བའི་སྐྱོན་འབྱུང་ངོ་། །འདི་ལ་རི་མོ་སླ་བའི་ཕྱིར། རིམ་མིན་གྱི་ལོངས་སྤྱོད་དུ་ཆུ་ཚོད་སུམ་ཅུ་ནམ་ལོངས་པ་དང་། སུམ་ཅུ་སླ་ཐབས་སུ་བྱིན། དེ་དང་བསྡོམས་པས་སྐར་མ་རེ་རེས་རྐང་པ་རེར་འཛིན་པའི་ཕྱིར། རྐང་པ་ཐམས་ཅད་དྲུག་ཅུས་བགོས་པས་དག་པར་འགྱུར་ཏེ། དོན་ལ་ཕྲི་བསྣན་གང་ཡང་མེད་མོད་ཀྱང་འཕྲལ་དུ་སླ་བའི་དགོས་པ་ཡོད་དོ། །འདི་ལ་རྐང་པ་ཉེར་བརྒྱད་ཡོད་ཀྱང་སྐར་མ་ཉེར་བདུན་ལས་མེད་པས་ན། རྐང་པ་བཅུ་བཞི་པ་གཅིག་པུ་ལ་རིམ་རྐང་ཐ་མ་དང་། རིམ་མིན་དང་པོ་གཉིས་ཀ་ལོངས་སྤྱོད་པའི་དོན་གྱིས་སུམ་ཅུ་སྣོན་དགོས་ལ། དེ་ཡང་རིམ་རྐང་ཐ་མའི་ཚེ་རིམ་མིན་དང་པོའི་ཐད་ཀའི་སྐར་མའི་ཕྱེད་ཕྱི་མ་ལ་སྣོན། རིམ་པ་རྫོགས་ནས་འཁོར་ཕྱེད་དོར་བའི་ཞོར་ལ་རིམ་རྐང་ཐ་མའི་ཐད་ཀའི་སྐར་མའི་ཕྱེད་སྔ་མ་ཆུ་ཚོད་སུམ་ཅུར་སོང་ཡོད་པས་རིམ་མིན་རྐང་པ་དང་པོ་ནས་བཅུ་བཞི་པའི་བར་ལ་སྔར་དོར་བའི་སྐར་མ་ཕྱེད་པོ་དེ་བསྣན་པའོ། །མྱུར་བ་རིམ་སྣོན་རིམ་མིན་འབྲིད། །གལ་ཏེ་དབྲི་བྱ་ཉུང་བ་ན། །དབྲི་བྱས་དབྲི་བྱེད་དབྲི་བར་བྱ། །དེ་ཡིས་མྱུར་བ་དག་པར་འགྱུར། །མྱུར་རྩེས་དལ་འགྲོས་དང་འཁྱོག་འགྲོས་ཀྱི་མཚམས་སུ་རྐང་པའི་ལོངས་སྤྱོད་ཀྱི་དལ་བ་དག་པ་ལ་རིམ་པ་ལ་སྣོན་པ་དང་། རིམ་མིན་ལ་སྦྱངས་པས་མྱུར་བ་དག་པར་འགྱུར་རོ། །ཡང་སྦྱོང་དགོས་པའི་ཚེ་མ་ལྡང་ན་དེ་གོ་སློག་སྟེ་དལ་བ་དག་པས་རྐང་པའི་ལོངས་སྤྱོད་ལ་སྦྱོང་བར་བྱེད་དོ། །འདིའི་སྐབས་སུ་བླུན་པོ་གཟའ་ཐང་ལ་བབས་པ་ཟེར་པ་དོན་ལ་གཟའ་བཟློག་པས་ན། སྐར་མ་ལ་ནམ་གྲུ་ནས་ལུགས་བཟློག་ཏུ་ལོངས་སྤྱོད་པ་ཤེས་པར་བྱ་སྟེ། སྒྲ་གཅན་གྱི་བུལ་བ་བཞིན་ནོ། །ཡང་ན་འཁོར་ལོ་བསྣན་ཏེ་རྐང་པའི་ལོངས་སྤྱོད་རྣམས་ཀྱིས་སྦྱངས་པས་ཐ་སྐར་ནས་ལུགས་འབྱུང་དུ་བགྲངས་པའི་ལོངས་སྤྱོད་རྒྱུ་མ་ཟོས་པ་རྣམས་རི་མོར་འཆར་བ་ཡིན་ཏེ། དཔེར་ན་སྒྲ་གཅན་གྱི་གདོང་མཇུག་གཉིས་བཞིན་ནོ། །དབྲི་བྱས་དབྲི་བྱེད་དབྲི་བའི་ཆོ་ག་ཡང་། །དྲག་གཟའ་ལ་མི་དགོས་སོ་ཞེས་ཁ་ཅིག་གོ །སྤྱིར་བཏང་དུ་རྐང་པ་འཕོས་པ་དང་སྐར་མ་རེ་འཕོ། དམིགས་བསལ་དུ་རྐང་པ་བཅུ་བཞི་པའི་ཕྱེད་འཕོས་པ་ན་སྐར་མ་རེ་འཕོ། འཕོ་ཞེས་པའང་གཟའ་ལྔ་རང་རང་གི་ངོ་བོས་སྐར་མ་རེ་རེ་འཕོ་བ་མ་ཡིན་གྱི། རང་རང་གི་མྱུར་རྐང་འཛིན་པའི་ལོངས་སྤྱོད་དེས་ཡུལ་གྱི་ཆུ་ཚོད་དྲུག་ཅུ་ལ་སྐར་མ་རེར་བྱས་པའི་སྐར་མ་རེ་འཕོ་བ་རྐང་པ་རེ་འཕོ་བའི་དོན་དུ་བཟུང་བའོ། །འདིར་འགྲོས་བཞི་ཞེས་པ་ཡང་། མ་དོར་མ་རྒལ་མྱུར་བ་ཤར། །བརྒལ་ལ་མ་དོར་དལ་བ་ལྷོ། །དོར་ལ་མ་རྒལ་འཁྱོག་པོ་ནུབ། །བརྒལ་དོར་འབྱུང་འགྲོས་བྱང་དུ་ལྟ། །མྱུར་བའི་ལས་ལ་གཟའ་ལྔ་ཉི་མའི་གདུང་བྱེད་ལས་ཤར་བ་སྟེ་འཐོན་པ་ནས་གཟུང་། སླར་ཡང་ནུབ་པའི་བར་ལ་གཟའི་རྐང་པ་བཅུ་བཞིའི་ཆུ་ཚོད་ཀྱི་ཚོགས་ཇི་སྙེད་ཡོད་པ་ལས་ཕྱེད་སྔ་མའམ་རིམ་པའི་སྔ་རྐང་ལ་ལོངས་སྤྱོད་པ་ནི་མྱུར་བར་རྒྱུ་བའོ། །རིམ་པའི་ཕྱེད་ཕྱི་མའི་ཕྱི་རྐང་ལ་ལོངས་སྤྱོད་པ་དེའི་ཚེ་དལ་བར་རྒྱུ་བའོ། །དེ་ལྟར་རིམ་པ་འམ་འཁོར་ཕྱེད་མ་དོར་བའི་བར་ལ་མྱུར་དལ་གྱི་རྒྱུ་བ་གཉིས་སོ། །དེ་ནས་སླར་ཡང་སྔར་ཤར་ཞིང་ཕྱོགས་དེ་ལས་གཞན་དུ་འཐོན་པ་ནས་ནུབ་པའི་བར་གྱིས་གཟའི་རིམ་པ་མིན་པའི་རྐང་པ་བཅུ་བཞི་ཡོད་པ་ལས་ཕྱེད་སྔ་མ་སྔ་རྐང་ལ་ལོངས་སྤྱོད་པ་ནི་འཁྱོག་པོར་རྒྱུ་བའོ། །དེའི་ཕྱེད་ཕྱི་མ་ཕྱི་རྐང་ལ་ཡང་འབྱུང་བའི་འགྲོས་ཏེ་སྔར་གྱི་འཁྱོག་པོ་ཡོངས་སུ་བཏང་བས། སྔར་བུ་ལོན་དུ་ཕྱིན་པའི་ཆ་ཤས་རྣམས་སོགས་པ་ལས་སོ། །དེ་ཡང་དྲག་གཟའ་གསུམ་ཉི་མ་ལས་སྐར་མ་རྫོགས་པ་ཆེས་བུལ་བའི་ཕྱིར་ཉི་མ་ལས་རང་འགྲོས་ཀྱིས་ཤར་དུ་འཐོན་པ་ནི་མི་སྲིད་པས་ནུབ་ཕྱོགས་སུ་འཐོན་ནས་འགྲོས་བཞི་འགོ་རྩོམ། སླར་ཡང་ཉི་མས་ཁྱིམ་ལ་གཡོན་སྐོར་དུ་འཁོར་བས་གཟའ་དེའི་རྗེས་ཟིན་པ་ན་ཉི་མ་ལ་ནུབ་པར་འགྱུར་ལ། མ་ནུབ་ཀྱི་བར་དུ་མྱུར་རྐང་གི་འགྲོས་བཞི་ཚར་གཅིག་མི་རྫོགས་ཤིང་། ཉི་མས་རྗེས་ཟིན་ནས་ཉི་མ་ལ་ནུབ་པའི་ཕྱིར་འགྲོས་བཞི་རྫོགས་པ་ཡིན་ནོ། །ཞི་གཟའ་གཉིས་མཇུག་རིངས་རྣམས་ནི། སྐར་མ་རྫོགས་པ་ནི་ཉི་མ་དང་ཕལ་ཆེར་མཉམ་ལ། རྐང་པའི་དབང་གིས་མྱུར་དལ་གྱི་འགྲོས་བྱེད་པ་ན་ཉི་མའི་མདུན་དུ་རྣམ་པར་རྒྱུ་བའི་ཕྱིར་ཉི་མ་ལས་འཐོན་པ་ནི་ཡང་ཤར་དུ་འཐོན་པར་འགྱུར་ཞིང་། དེ་ནས་སྲོད་ལ་ནུབ་ཕྱོགས་སུ་འཐོན་པར་འགྱུར་རོ། །འཁྱོག་འབྱུང་གི་འགྲོས་གཉིས་བྱེད་པ་ན་ཉི་མའི་རྒྱབ་ཏུ་རྣམ་པར་རྒྱུའོ། །དེའི་ཕྱིར་ཉི་མ་ལས་འཐོན་པ་ཡང་ནུབ་ཕྱོགས་སུ་འཐོན་པར་འགྱུར་རོ། །དེས་ན་མཐོང་ཚུལ་ཡང་སྲོད་ལ་ནུབ་ཏུ་མཐོང་བ་དང་། ཕྱི་མས་ཐོ་རངས་ཤར་དུ་མཐོང་ངོ་། །ཞེས་གཟའ་དེ་གཉིས་ནམ་གུང་ལ་ནམ་མཁའི་དཀྱིལ་དུ་མཐོང་བ་མི་སྲིད་དོ། །དེ་ལྟར་ན་ཉི་མ་ལས་འཐོན་འཇུག་པ་སྟེ་གཅིག་གི་རིང་ལ་དྲག་གཟའི་འགྲོས་བཞི་ལན་གཅིག་དང་། ཞི་གཟའི་རིམ་པ་རིམ་མིན་གང་རུང་བྱེད་པ་ཡིན་ནོ། །མཇུག་རིངས་ནི་ཟླ་བ་ཕྱེད་བཅས་སོ་བདུན་གྱིས་ཉི་མ་ལས་ཤར་དུ་འཐོན་ནས་བགྲོད་པ་ལ་མྱུར་འགྲོས་ལ་གནས་པ་དང་། སླར་ཡང་ཉི་མ་ལ་ཐིམ་སྟེ་ཟླ་བ་ཕྱེད་བཅས་སོ་བདུན་ན་ཉི་མ་ལས་ནུབ་ཏུ་འཐོན་ནས་འཁྱོག་འགྲོས་ལ་གནས། དེའི་ཕྱིར་ཟླ་བ་དོན་ལྔ། འགྲོས་རེ་ལ་ལོ་གསུམ་ཕྱོགས་གསུམ་དེས་དལ་འབྱུང་གཉིས་ཀྱང་ཤེས་པར་བྱའོ། །གཟའ་དེ་དག་ཉི་མ་ལ་འཆར་ནུབ་བྱེད་པའི་དོན་ཡང་། ཉི་མའི་དཀྱིལ་འཁོར་དང་ཐག་ཉེ་བའི་ཚེ་ཉི་མའི་འོད་ཟེར་གྱིས་ཟིལ་གྱིས་མནན་ནས་མི་མཐོང་བར་བྱས་པའི་ཕྱིར་ནུབ་པ། ཉི་མ་འམ་རང་གི་རྒྱུ་བའི་དབང་ལ་དེ་དང་ཐག་རིང་དུ་སོང་ནས་མཐོང་བ་ལ་འཆར་བའི་ཐ་སྙད་བྱས་སོ། །དེ་ཡང་ཉི་མ་ལ་ལྷོ་བྱང་གི་བགྲོད་པ་གཉིས་ཡོད་པ་བཞིན་ཉི་མ་ལ་འཆར་ནུབ་བྱེད་པའི་གཟའ་དེ་རྣམས་ལའང་ཡིན་ནོ། །དེ་ཡང་ཞི་གཟའ་གཉིས། མཇུག་རིངས་གསུམ་ཉི་མའི་གཡོན་ནས་འཆར་ནུབ་བྱེད་དེ་ཉི་མའི་གཡོན་པའི་ལམ་ནས་གནས་པས་སོ། །དྲག་གཟའ་གསུམ་ནི་དེ་ལས་གོ་ལྡོག་པ། འོན་ཀྱང་མཇུག་རིངས་དང་ཕུར་བུ་གཉིས་ཀ་ལ་ཡང་དག་པར་འབྱུང་བ་ཡོད་པས། ལུས་ཀྱི་དབྱེ་བས་ཞི་དྲག་གི་གཟར་བཏགས་ལ། ཞི་གཟའ་རྣམས་ལ་ཟླ་བའི་རིགས་ཅན་དང་། དྲག་གཟའ་རྣམས་ལ་ཉི་མའི་རིགས་ཅན་དུ་བཞག་པ་ཡང་ཡོད་དོ། །བཞི་པ་ནི། མིག་དམར་དང་ལྷག་པ། ཕུར་བུ་དང་པ་སངས། སྤེན་པ་དང་མཇུག་རིངས་འཐབ། དེ་ཡང་མིག་དམར་གྱི་ཞིང་ལུག་དང་སྡིག་པ་ལ་མིག་དམར་གནས་པའི་ཚེ་དེ་ལ་ལྷག་པས་ལོངས་སྤྱོད་ན་འཐབ། ལྷག་པའི་ཞིང་འཁྲིག་པ་དང་བུ་མོ་ལ་ལྷག་པ་གནས་པའི་ཚེ་མིག་དམར་གྱིས་ལོངས་སྤྱོད་ན་འཐབ། ཕུར་བུའི་ཞིང་གཞུ་དང་ཉ་ལ་ཕུར་བུ་གནས་པའི་ཚེ་པ་སངས་ཀྱིས་ལོངས་སྤྱོད་ན་འཐབ། པ་སངས་ཀྱི་ཞིང་གླང་དང་སྲང་ལ་པ་སངས་གནས་པའི་ཚེ་ཕུར་བུས་ལོངས་སྤྱོད་ན་འཐབ། སྤེན་པའི་ཞིང་བུམ་པ་དང་ཆུ་སྲིན་ལ་སྤེན་པ་གནས་པའི་ཚེ་མཇུག་རིངས་ཀྱིས་ལོངས་སྤྱོད་ན་འཐབ། །མཇུག་རིངས་ཀྱི་ཞིང་ཀརྐ་ཊར་མཇུག་རིངས་གནས་པའི་ཚེ་སྤེན་པས་ལོངས་སྤྱོད་ན་འཐབ་པར་བྱེད་དོ། །དེ་ཡང་རང་རང་གི་སྐྱེས་སྐར་ལ་དགྲ་ཟླར་བྱུང་ན་འཐབ་པ་ཡིན་གྱི་གཞན་དུ་མ་ཡིན་ནོ། །དེ་ཡང་མིག་དམར་མཆུ་ལ་དགྲ་ཟླར་བྱུང་ན་འཐབ། ལྷག་པ་ལྷ་མཚམས་ལ། ཕུར་བུ་མེ་བཞི་ལ། པ་སངས་ནབས་སོ་ལ། སྤེན་པ་སྣུབས་ལ། མཇུག་རིངས་ཆུ་སྨད་ལ་དགྲ་ཟླར་བྱུང་ན་འཐབ་ཀྱི། གཞན་དུ་མི་འཐབ་པར་འདྲ་བར་གནས་སོ། །ཞི་བའི་ལས་ལ་ཟླ་ཉིའི་ཁྱིམ་ཀརྐ་ཊ་དང་སེང་གེ་གཉིས་འཆར་བ་དང་། རྒྱས་པ་ལ་གཟའ་ལག་གི་ཁྱིམ་འཁྲིག་པ་དང་བུ་མོ་གཉིས་འཆར་ཞིང་ཞེས་པ་ལྟ་བུས་གཟའ་རང་རང་གི་ཞིང་ངམ་ཁྱིམ་དུ་ཞིང་བདག་དེ་སྤྱོད་པར་འགྱུར་ན་དེའི་ཚེ་ལས་དེ་དང་དེ་བྱ་ཡི། གཞན་གྱི་དུས་སུ་ནི་གཟའ་གཞན་གྱིས་བྱིན་གྱིས་བརླབ་པའི་ཕྱིར་ལས་དེའི་འབྲས་བུ་སྟེར་བར་མི་འགྱུར་རོ། །མཇུག་རིངས་ནི་རྒྱུ་སྐར་རྫོགས་པའི་རྟག་པའི་ལོངས་སྤྱོད་ཉི་མ་དང་མཚུངས་པས་ཕལ་ཆེར་ཉི་མ་དག་དང་ལྷན་ཅིག་ཏུ། འོན་ཀྱང་རྐང་པའི་ལོངས་སྤྱོད་ཉི་མ་དང་མི་མཚུངས་པའི་དབང་གིས་རེ་འགའ་ཉི་མའི་མདུན་དང་རེས་འགའ་རྒྱབ་ཏུ་འཆར་བར་འགྱུར་ཏེ། དཔེར་ན་གཟའ་ལྷག་པ་དང་པ་སངས་བཞིན་ནོ། །དེ་ལ་རྐང་པ་རྣམས་ནོར་དང་བུ་ལོན་དུ་ཇི་ལྟར་འགྱུར་བ་ནི་འགྲོས་བཞིའི་ནང་ནས་མྱུར་བར་རྒྱུ་བའི་འགྲོས་ལ་རྐང་པ་རྣམས་རྟག་པའི་ལོངས་སྤྱོད་ལ་ནོར་དུ་འགྱུར་བའི་ཕྱིར་ཉི་མའི་མདུན་ནས་ཤར་དུ་རྣམ་པར་རྒྱུ་བ་དེའི་མཐར། འཇིག་རྟེན་པ་རྣམས་ཀྱིས་སྲོད་ལ་ནུབ་ཕྱོགས་སུ་མཐོང་བར་འགྱུར་རོ། །དེ་ནས་དལ་བའི་འགྲོས་ལ་ཁ་ལྷོར་ཕྱོགས་ནས་བགྲོད་པའི་དབང་གིས་མྱུར་འགྲོས་ཀྱིས་ཤར་དུ་ཅི་ཙམ་ཕྱིན་པའི་ཆ་དེ་ཉིད་ཚུར་ལོག་ནས་ཉི་མ་དང་མཉམ་པར་འགྱུར་རོ། །འགྲོས་དེ་གཉིས་རྐང་པ་རིམ་པ་ལ་སྤྱོད་ལ། དེ་ནས་འཁྱོག་པོར་རྒྱུ་བའི་ཚེ་རྐང་པ་རྣམས་བུ་ལོན་དུ་འགྱུར་བའི་ཕྱིར་ཉི་མའི་རྒྱབ་ནུབ་ཕྱོགས་སུ་རྒྱུ་བས་དེའི་མཐར་འཇིག་རྟེན་པས་ཐོ་རངས་ཤར་དུ་མཐོང་ལ། དེ་ལས་འབྱུང་འགྲོས་ལ་ཞུགས་པ་ན་ཁ་བྱང་དུ་ཕྱོགས་ནས་བགྲོད་པའི་དབང་གིས་འཁྱོག་འགྲོས་ཀྱིས་ནུབ་ཏུ་ཇི་ལྟར་ཕྱིན་པའི་ཚད་དེ་ཉིད་སླར་ཡང་ལོག་ནས་ཉི་མ་དང་མཉམ་པར་འགྱུར་རོ། །འགྲོས་དེ་གཉིས་ནི་རིམ་པ་མ་ཡིན་པའི་རྐང་པས་སྤྱོད་པར་བྱེད་དོ། །ཉི་མ་དང་མི་མཚུངས་པ་རྐང་པའི་ལོངས་སྤྱོད་ཀྱི་དབང་གིས་ཡུལ་གྱི་ཆུ་ཚོད་ཇི་ཙམ་རེ་ཞག་རེ་ཞིང་ནོར་རམ་བུ་ལོན་དུ་འགྱུར་ཞེ་ན། རྒྱུ་བར་ཆུ་སྲང་ཕྱེད་དང་བཅས་པའི་གཉིས་སྤྱོད་པ་དེས་ཉིན་དང་ཉིན་ལ་ཉི་མའི་ལོངས་སྤྱོད་དག་ལ་མྱུར་དལ་གཉིས་ལ་རིམ་པས་སམ། འཁྱོག་འབྱུང་གཉིས་ལ་རིམ་པ་མིན་པས་སོ། །དེ་ལྟ་ན་རང་གི་ཟླ་བ་སུམ་ཅུ་རྩ་དྲུག་གིས་དུ་བ་དེ་རྒྱུ་བའི་ཆུ་ཚོད་དག་ཀྱང་བསྡོམས་པ་ན་བཞི་བཅུ་རྩ་ལྔ། ཞག་རེ་བཞིན་ཆུ་སྲང་ཕྱེད་དང་གསུམ་ལོངས་སྤྱོད་པ་ན་འགྲོས་བཞི་སོ་སོའི་ལོ་གསུམ་གྱི་བར་གྱི་ལོངས་སྤྱོད་དོ། །དེའི་རིང་ལ་སྐར་མ་ཡང་མི་སྣང་སྟེ། ཉི་མ་ལ་ཞུགས་ནས་ཕྱིར་འཐོན་མ་ནུས་པས་སོ། །ལོ་གསུམ་གྱི་མཐར་སྔར་གྱི་ཆུ་སྲང་ཕྱེད་དང་གསུམ་ལོངས་སྤྱོད་པའི་ངེས་པ་རྣམས་ཡོངས་སུ་བཏང་ནས་ཕྱོགས་གསུམ་གྱི་བར་དུ་ཉིན་ཞག་སོ་སོས་ཆུ་སྲང་ང་དྲུག་བཞི་ཆ་ལ་ཆུ་ཚོད་རེ་རེ་བྱས་པའི་ཆུ་ཚོད་གཉིས་གཉིས་ལོངས་སྤྱོད་དེ་དེ་མྱུར་བ་མདུན་དལ་བ། དེ་ལས་ལོག་པ་འཁྱོག་པོ་རྒྱབ། འབྱུང་འགྲོས་དེ་ལས་ཕྱིར་ལོག་པ། དེ་ལྟར་ཕྱེད་བཅས་ཟླ་བའི་བར་དུ་མཇུག་རིངས་དེ་ཉི་མའི་ལོངས་སྤྱོད་ལས་འཐོན་པ་འཆར་ཏེ། ཟླ་བ་གཅིག་ཏུ་དུ་བ་མེད་པའི་སྐར་མའོ། ཕྱོགས་གསུམ་པོ་ལ་དུ་བ་དང་བཅས་པའོ། །དེ་ཡང་འགྲོས་བཞི་རེ་རེ་ལ་ལོ་གསུམ་ཕྱོགས་གསུམ་རེ་ཡོད། བསྡོམས་པའི་ཡུན་ཚད་ལོ་བཅུ་གཉིས་དང་ཟླ་བ་དྲུག་གོ །དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས། གཟའ་ལྔ་འཕྲོས་པ་དང་བཅས་པ་བཤད་པའི་སྐབས་ཏེ་བདུན་པའོ།། །། གསུམ་པ་ཞག་གསུམ་རྣམ་པར་དབྱེ་བ་འཕྲོས་དང་བཅས་བཤད་པ་ལ། ཞག་གསུམ་གྱི་རྣམ་དབྱེ། འཕྲོས་དོན་ལོ་འཕོ་དང་ཁྱིམ་འཕོ་བཤད་པ་གཉིས་ལས། དང་པོ་ནི། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། །དེ་ལ་ཁྱིམ་ལོ་གཅིག་མཚོན་པའི་ཕྱིར་ཐོག་མར་གཅིག་བྲིས། དེ་ལ་ཉི་མའི་ཡེ་ཤེས་ཀྱི་ཆ་བསྣན་པས་ཁྱིམ་ཞག་ཏུ་འགྱུར་བ་སྟེ། ཇི་ལྟར་བསྣན་པ་ཡང་། དེ་ཉིད་སུམ་བརྒྱ་དྲུག་ཅུས་བསྒྱུར་བ་ནི་ཁྱིམ་ཞག་གི་དཀྱིལ་འཁོར་རོ། །ཁྱིམ་ཞག་སུམ་ཅུ་རྩ་གཉིས་དང་ཕྱེད་བཅས་རེ་ན་ཚེས་ཞག་སུམ་ཅུ་རྩ་གསུམ་ཕྱེད་བཅས་རེར་འགྱུར་བ་དེ་ངོས་གཟུང་བའི་དོན་དུ་གནས་གཉིས། ཁྱིམ་ཞག་དེ་གནས་གཉིས་སུ་བཞག་ལ་འོག་མ་གཉིས་ཀྱིས་བསྒྱུར། དྲུག་ཅུ་རྩ་ལྔས་བགོས་ཐོབ་པ། །སྟེང་གི་ཕུང་པོར་ནོར་དུ་སྦྱིན། །གཉིས་ཀྱིས་བསྒྱུར་བ་དེ་དྲུག་ཅུ་རྩ་ལྔས་བགོས་ནས་རྙེད་པར་བཅུ་གཅིག་ཐོབ་པ་སྟེང་གི་ཕུང་པོར་ནོར་དུ་སྦྱིན་པར་བྱ་སྟེ། ཚེས་ཞག་སུམ་བརྒྱ་བདུན་ཅུ་རྩ་གཅིག་གོ །དེ་ཡང་ཉི་མའི་ཡེ་ཤེས་ཀྱི་ཆ་ནི། ཆ་ཤས་ཕྲ་མོ་ནས་ཟླ་བའི་བར་ཐམས་ཅད་ཀྱི་རང་རང་གི་ཕྱེད་བཅས་སོ་གཉིས་ཀྱི་ཆ་ཡིན་ཞིང་། དེ་ཉིད་སྐབས་འདིའི་ཚེས་ཞག་ལ་ནོར་དུ་གྱུར་ནས་ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་ལས་ཚེས་ཟླ་སོ་གསུམ་ཕྱེད་བཅས་སུ་འགྱུར་བས་ན། ཚེས་ཟླའི་གྲངས་གཅིག་ཁྱིམ་ཟླའི་གྲངས་ལས་ལྷག་པོར་འཕེལ་བའི་ཕྱིར་རོ། །དེ་ནི་དུས་ཀྱི་ཆུ་ཚོད་ཀྱི་དབང་དུ་བྱས་པ་སྟེ། དེ་བཞིན་དུ་ཡུལ་གྱི་ཆུ་ཚོད་ཀྱི་དབང་དུ་བྱས་ན་ཡང་ཉི་མའི་ཁྱིམ་ཞག་གི་རྟག་པའི་ལོངས་སྤྱོད་སུམ་ཅུ་རྩ་གཉིས་ཕྱེད་བཅས་ཀྱིས་བསྒྱུར་བ་དང་། ཚེས་ཞག་རེའི་རྟག་པའི་ལོངས་སྤྱོད་སུམ་ཅུ་རྩ་གསུམ་ཕྱེད་བཅས་ཀྱིས་བསྒྱུར་བ་གནད་གཅིག་ཏུ་འོང་། དེའི་ཕྱིར་ཡང་ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་རེ་ན་ཚེས་ཟླ་རེ་ལྷག་ནས་ཚེས་ཟླ་སོ་གསུམ་ཕྱེད་བཅས་སུ་འགྱུར་བ་ཡིན་ནོ། །ནོར་དུ་འགྲོ་ཚུལ་ཁྱིམ་ཞག་རྟག་པའི་ལོངས་སྤྱོད་ལས་དབུགས་སུམ་ཅུ་རྩ་གཉིས་ཕྱེད་བཅས་ན་དབུགས་རེ་ཡེ་ཤེས་ཀྱི་ཆ་ཡིན་པས་བུ་ལོན་དུ་འགྱུར་ཞིང་། དེ་བསགས་པས་ཆུ་སྲང་སུམ་ཅུ་རྩ་གཉིས་ཕྱེད་བཅས་ན་ཆུ་སྲང་རེ་བུ་ལོན་དང་། དེ་བསགས་པས་ཆུ་ཚོད་སུམ་ཅུ་རྩ་གཉིས་ཕྱེད་བཅས་ན་ཆུ་ཚོད་རེ་བུ་ལོན་དང་། དེ་བསགས་པས་ཁྱིམ་ཞག་སུམ་ཅུ་རྩ་གཉིས་ཕྱེད་བཅས་ན་ཚེས་ཞག་རེ་བུ་ལོན་དང་། དེ་བསགས་པས་ཁྱིམ་ཟླ་སུམ་ཅུ་རྩ་གཉིས་བཅས་ན་ཚེས་ཟླ་རེ་བུ་ལོན་དུ་འགྱུར་ཞིང་། དེ་ལྟར་ལོངས་སྤྱོད་ལ་བུ་ལོན་གཅིག་བྱུང་བའི་དབང་གིས། ཟླ་ཤོལ་གྱི་འཁོར་ལོ་ལ་ནོར་དུ་འགྱུར་ཏེ། དེའི་དུས་སུ་ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་ལས་ཚེས་ཟླ་སོ་གསུམ་ཕྱེད་བཅས་སུ་འགྱུར་བ་ན། ཚེས་ཟླའི་གྲངས་ཁྱིམ་ཟླའི་གྲངས་ལས་གཅིག་ལྷག་པོར་འཕེལ་བའི་ཕྱིར་རོ། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཐོབ་པ་དེ་ཡི་འོག་ཏུ་ཡང་། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཐོབ་པ་དེ་ལས་ཀྱང་འོག་སྟེ། །སླར་ཡང་ལྷག་མ་དྲུག་གིས་བསྒྱུར། །དྲུག་ཅུ་རྩ་ལྔས་བགོས་འཐོབ་པ། །དབུགས་ཀྱི་ཚོགས་དེ་མི་ཡི་བདག །དེ་ཡི་ཡང་ནི་འོག་ཏུ་བཞག སླར་ལྷག་མ་དྲུག་ཅུས་བསྒྱུར་ཏེ་དྲུག་ཅུ་རྩ་ལྔའི་ཆས་ཐོབ་པའི་བཞི་ནི་ཆུ་ཚོད། དེ་སྟེང་གི་ཞག་དེའི་འོག་ཏུ་བཞག སླར་དྲུག་ཅུས་བསྒྱུར་ལ་སྔར་བཞིན་བགོས་པ་སུམ་ཅུ་རྩ་དྲུག་གི་ཆུ་སྲང་། ཆུ་ཚོད་ཀྱི་འོག་ཏུ་བཞག སླར་དྲུག་གིས་བསྒྱུར་ཏེ་སྔར་བཞིན་བགོས་པ་ལྔ་ཐོབ་པ་དབུགས་ཏེ་ཆུ་སྲང་གི་འོག་ཏུ་བཞག་གོ །དེ་ལ་ཉིན་ཞག་གི་དཀྱིལ་འཁོར་བཙལ་བ་ནི། ཉིན་ཞག་ཆུ་ཚོད་ཆུ་སྲང་རྣམས། །དབུགས་སུ་བྱས་ནས་རྣམ་གསུམ་སླར། །འོག་མ་རི་མཁའ་རིས་ཐོབ་པ། །དབུགས་ཀྱི་ཕུང་པོར་ནོར་དུ་སྦྱིན། །དེ་ལས་དྲུག་ཅུ་རྩ་བཞིས་འཐོབ། །སྟེང་གི་ཕུང་པོར་བུ་ལོན་འཕྲོག །ལྷག་མ་འདིས་ནི་ཉིན་ཞག་དང་། །ཆུ་ཚོད་ཆུ་སྲང་དག་དང་དབུགས། །འདི་དག་འཁོར་ལོ་ལོངས་སྤྱོད་པས། །ཉི་མའི་དཀྱིལ་འཁོར་དུ་འགྱུར་རོ། །ཚེས་ཞག་གི་དཀྱིལ་འཁོར་གྱི་ཉིན་ཞག་རྣམས། །ཆུ་ཚོད་ཆུ་སྲང་དབུགས་སུ་གསིལ། །དེ་ཉིད་གནས་གསུམ་དུ་བཞག་སྟེ། །སླར་ཡང་འོག་མ་ལ་རི་མཁའ་རིས་ཐོབ་པ་དབུས་ཀྱི་ཕུང་པོར་ནོར་དུ་སྦྱིན་ནོ། །དབུས་མ་དེ་ལས་དྲུག་ཅུ་རྩ་བཞིས་ཐོབ་པ་སྟེང་གི་ཕུང་པོ་ལས་བུ་ལོན་དུ་འཕྲོག་གོ །ད་དུང་ཡང་འཁོར་ལོའི་ལྷག་མ་འཁོར་ལོ་མ་ལོངས་པ་ཅུང་ཟད་རེ་ལུས་པས་དེ་དག་པའི་ཕྱིར་དུ་དབུགས་ནས་གཅིག་ཕབ་སྟེ་རེ་བཞིས་བསྒྱུར་ཞིང་། དེ་ལས་ཀྱང་གཅིག་ཕབ་སྟེ་རི་མཁའ་རིས་བསྒྱུར་ལ་སྔར་གྱི་ལྷག་མ་སྟེང་འོག་གཉིས་ཀྱིས་སྦྱང་ངོ་། །དེ་ནས་དབུགས་སོགས་འཁོར་ལོ་ལོངས་པ་སྟེང་མ་ལ་བཅུག གནས་འོག་མ་གཉིས་སྦྱངས་པའི་ལྷག་མ་འདིར་ཉིན་ཞག་དང་ཆུ་ཚོད་དང་། ཆུ་སྲང་དབུགས་དང་རེ་བཞི་ཆ་དང་། རི་མཁའ་རིའི་ཆ་རྣམས་ནི་ཉིན་ཞག་གི་དཀྱིལ་འཁོར་རོ། །ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང་། །ཆུ་ཚོད་དྲུག་ཅུ་དེ་བཞིན་སྟེང་། །ཉི་མའི་དཀྱིལ་འཁོར་ལོངས་སྤྱོད་ཀྱིས། །ཐོབ་པ་ཞག་རེའི་ཆུ་ཚོད་དོ། །སླར་ཡང་དྲུག་ཅུས་བསྒྱུར་ཆུ་སྲང་། །དྲུག་གིས་བསྒྱུར་བས་དབུགས་སུ་འགྱུར། །ཉིན་གཅིག་གི་གྲངས་བཞག་པ་དེའི་རྒྱུ་སྐར་ཉེར་བདུན་གྱི་གྲངས་ཀྱིས་བསྒྱུར་བ་གང་ཡིན་པ་དེ་ནི་སྐར་མའོ། །དེ་ཉིད་སླར་ཡང་ཆུ་ཚོད་དྲུག་ཅུས་བསྒྱུར་བས་ཡུལ་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུར་འགྱུར་རོ། །དེ་ནི་གཟའ་བཅུའི་ལོངས་སྤྱོད་བྱའོ། །དེ་ལ་རེ་ཞིག་ཉི་མའི་ཞག་གསུམ་གྱི་དཀྱིལ་འཁོར་སོ་སོའི་ལོངས་སྤྱོད་ཀྱི་ཞག་གྲངས་དང་ཆུ་ཚོད་ལ་སོགས་པ་རྣམས་གནས་གཅིག་ཏུ་བསྡུས་ལ། དེ་དག་གིས་འཁོར་ལོའི་ཆུ་ཚོད་ཀྱང་ཤེད་མཚུངས་སུ་བྱས་བཞི་བཞི་ཐོབ་པ་ནི་ཞག་གསུམ་རང་རང་གི་ཞག་རེའི་ལོངས་སྤྱོད་ཀྱི་ཆུ་ཚོད་དོ། །སླར་ལྷག་མ་དྲུག་ཅུས་བསྒྱུར་ཏེ་དཀྱིལ་འཁོར་གྱིས་བགོས་ཐོབ་ཆུ་སྲང་། ལྷག་མ་དྲུག་གིས་བསྒྱུར་བ་ལས་དཀྱིལ་འཁོར་གྱིས་ཐོབ་པ་ནི་དབུགས་སོ། །ད་ནི་ཟླ་བས་ཀྱང་རྒྱུ་སྐར་ཉེར་བདུན་ནམ་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་ལོངས་སྤྱོད་པས་དེའི་ཕྱིར་ཟླ་བའི་ཚེས་ཞག་རེའི་ལོངས་སྤྱོད་ཚེས་ཞག་ཇི་ཙམ་ལ་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་བཤད་པ། ཁྱིམ་གྱི་འཁོར་ལོ་ལོངས་སྤྱོད་པས། །ཟླ་བའི་དཀྱིལ་འཁོར་བཤད་བྱ་ལ། །ཞེས་སོ། །འཁོར་ལོའི་ཆུ་ཚོད་ཉི་ཆུ་ཚོད། །ཟླ་བའི་ལོངས་སྤྱོད་བསྲེས་པ་དག །རྒྱུ་སྐར་གྱི་འཁོར་ལོའི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་དང་། ཉི་མའི་ཚེས་ཞག་རེའི་ལོངས་སྤྱོད་ཀྱི་ཆུ་ཚོད་བཞི་ལ་སོགས་པ་རྣམས་ཟླ་བ་གཅིག་གི་ལོངས་སྤྱོད་དུ་བསྒྱུར་ནས་བསྲེས་པ་དག་ལ་སུམ་ཅུའི་ཆས་འཐོབ། བགོད་བྱའི་ཟླ་བའི་དཀར་ནག་གི་ཆ་ཤས་རྫོགས་པའི་དཀྱིལ་འཁོར་སུམ་ཅུ་ཆ་དེས་ཐོབ་པའི་ལོངས་སྤྱོད། ཉིན་ཞག་སོ་སོའི་ཆུ་ཚོད་འགྱུར། །ང་བརྒྱད་དང་ཆུ་སྲང་དུ་ཉེར་གཅིག་ལ་སོགས་པ་འབྱུང་བ་དེ་ནི་ཟླ་བའི་ལོངས་སྤྱོད། ཉིན་ཞག་ཅེས་ཀྱང་བརྟགས་ན་སྐབས་འདིར་དེ་ལྟ་བུས་བཤད་པ་ཐམས་ཅད་ཚེས་ཞག་ཁོ་ནའོ། །སོ་སོའི་ཆུ་ཚོད་དང་ཆུ་སྲང་ལ་སོགས་པར་འགྱུར་རོ། །ཟླ་བའི་ཉིན་ཞག་ཆུ་ཚོད་དང་། །ཆུ་སྲང་དབུགས་ནི་ཡང་དག་གིས། །འཁོར་ལོའི་ཆུ་ཚོད་མཐར་སྤྱོད་པ། །དེ་ནི་དེ་ཡི་དཀྱིལ་འཁོར་འགྱུར། །ཟླ་བས་ཚེས་ཞག་སོ་སོ་ལ་ཆུ་ཚོད་དང་ཆུ་སྲང་དང་དབུགས་ལ་སོགས་བཤད་ལ་གང་དག་གི་རྒྱུ་སྐར་གྱི་འཁོར་ལོའི་ཆུ་ཚོད་མཐར་ཐུག་ཅིང་རྫོགས་པར་སྤྱོད་པའི་ཚེས་ཞག་དང་། ཆུ་ཚོད་ལ་སོགས་པའི་གྲངས་གང་ཡིན་པ་དེ་ནི་ཟླ་བ་དེ་ཡི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར་དུ་འགྱུར་རོ། །དེ་ཡང་ཟླ་བའི་ཚེས་ཞག་གི་རྟག་པའི་ལོངས་སྤྱོད་རྣམས་རེ་བདུན་ཆའི་བར་དུ་གསིལ་ནས། དེའི་རྒྱུ་སྐར་གྱི་ཆུ་ཚོད་རེ་བདུན་ཆའི་བར་དུ་གསིལ་བ་ལ་བགོས་པས། ཐུབ་མིག་ཚེས་ཞག་ཟླ་ཆུ་དབྱུག །ཟླ་མིག་སྲང་དང་མེ་ཡི་དབུགས། །ཞེས་འབྱུང་བ་ནི་ཟླ་བའི་ཚེས་ཞག་གི་དཀྱིལ་འཁོར་ཡིན་ཞེས་པའོ། །ད་ནི་གཟའ་ལྷག་མ་དྲུག་གི་དཀྱིལ་འཁོར་དང་ལོངས་སྤྱོད་རྣམས་ལས་རེ་ཞིག་དཀྱིལ་འཁོར་གསུངས་པ། ཉིན་ཞག་སྟོང་ཕྲག་དྲུག་དང་ནི། །དགུ་བརྒྱ་སྒྲ་གཅན་དཀྱིལ་འཁོར་ཏེ། །ཚེས་ཞག་སྟོང་ཕྲག་དྲུག་དང་དགུ་བརྒྱ་རྣམས་ནི་སྒྲ་གཅན་གྱི་རྒྱུ་སྐར་འཁོར་བའི་དཀྱིལ་འཁོར། མིག་དམར་ལ་སོགས་དཀྱིལ་འཁོར་ནི། །རང་རང་རྒྱུ་བ་ལས་རབ་གྲུབ། །མིག་དམར་ལ་སོགས་པ་ལྔའི་དཀྱིལ་འཁོར་ནི་རང་རང་གི་ལོངས་སྤྱོད་ཀྱི་རྒྱུ་སྐར་གྱི་འཁོར་ལོའི་ཆུ་ཚོད་རྫོགས་པར་རྒྱུ་བའི་ཞག་གྲངས་དང་ཆུ་ཚོད་ལ་སོགས་པ་ལས་རབ་ཏུ་གྲུབ་པར་གྱུར་ཏེ། །དཔེར་ན་བཀྲ་ཤིས་ཀྱི་རྟག་པའི་ལོངས་སྤྱོད་རྣམས་བསགས་པས་རི་གླུ་རོའི་ཞག་གྲངས་རྫོགས་པ་ན་རྒྱུ་སྐར་འཁོར་བ་བཞིན་ནོ། །འོ་ན་གཟའ་དྲུག་པོའི་རྟག་པའི་ལོངས་སྤྱོད་གང་ཞེ་ན། ཉིན་གཅིག་རྒྱུ་སྐར་རྣམས་ཀྱིས་བསྒྱུར། །དཀྱིལ་འཁོར་གྱི་ནི་རྣམ་པར་དབྱེ། །ཐོབ་པ་དག་གིས་སྐར་མར་འགྱུར། །ཉིན་གཅིག་གི་གྲངས་རྒྱུ་སྐར་གྱི་གྲངས་རྣམས་ཀྱིས་བསྒྱུར་བས་ཉེར་བདུན་དུ་སོང་། དེ་ལ་གཟའ་རང་རང་གི་དཀྱིལ་འཁོར་གྱིས་བགོས་པས་ཐོབ་ནོར་མེད་པ་ནི་སྐར་མར་ཐིག་ལེའོ། །ལྷག་མ་སླར་ཡང་དྲུག་ཅུས་བསྒྱུར། །དཀྱིལ་འཁོར་ཆ་ཡི་ཆུ་ཚོད་དེ། །དེ་བཞིན་ཆུ་སྲང་དབུགས་དག་ཀྱང་། །དཀྱིལ་འཁོར་ཆས་ཐོབ་གཟའ་རྣམས་ཀྱིས། །ཉིན་ཞག་སོ་སོར་མི་ཡི་བདག །སླར་ཡང་དྲུག་ཅུས་བསྒྱུར་ལ་དཀྱིལ་འཁོར་གྱི་ཆ་ཡིས་བགོས་པའི་ཐོབ་པ་ཆུ་ཚོད་དེ་བཞིན་ལྷག་མ་དྲུག་ཅུས་བསྒྱུར། དཀྱིལ་འཁོར་ཆས་ཐོབ་པ་ཆུ་སྲང་། སླར་ཡང་ལྷག་མ་དྲུག་གིས་བསྒྱུར་ནས་བགོས་ཐོབ་དབུགས། ལྷག་མ་རིག་པས་བརྟགས་ཏེ་བསྒྱུར་བགོད་ཀྱིས་ལྷག་མེད་དུ་བྱས་པ་དབུགས་ཀྱི་ཆ་ཤས། དེ་ལྟར་འཁོར་ལོའི་ཆུ་ཚོད་ལ་རང་རང་གི་དཀྱིལ་འཁོར་གྱི་ཆས་ཐོབ་པའི་རྙེད་པ་ནི་གཟའ་རྣམས་ཉིན་ཞག་སོ་སོར་ལོངས་སྤྱོད་བའི་ལོངས་སྤྱོད་དུ་འགྱུར་ཞིང་སྒྲ་གཅན་གྱི་ཚེས་ཞག་གི་ལོངས་སྤྱོད་དུ་འགྱུར་རོ་ད་ནི་དེ་ཉིད་སྦྱིན་དོར་ལ་སོགས་པའི་སྒོ་ནས་དག་པར་བྱེད་པ་གསུངས་པ། དེ་ཉིད་སྦྱིན་པ་བྱས་ནས་ནི། །གཟའ་ཡི་རྒྱུ་བས་གཟའ་སྦྱང་བྱ། །རྟག་པའི་ལོངས་སྤྱོད་དེ་ཉིད་རང་རང་གི་རྩ་བའི་ངེས་པ་ཞག་རེ་བཞིན་སྦྱིན་པར་བྱས་ནས། གཟའ་སོ་སོའི་རྒྱུ་བ་དལ་མྱུར་གྱི་རྐང་པའི་ལོངས་སྤྱོད་སྦྱིན་དོར་གྱི་སྒོ་ནས་གཟའ་སོ་སོའི་ལོངས་སྤྱོད་སྦྱངས་ཞིང་དག་པར་བྱའོ། །གང་ཚེ་གཟའ་ཡི་ལོངས་སྤྱོད་དག །དེ་ཚེ་ཟླ་བའི་ཆ་འཆར་ལ། །གང་གི་ཚེས་གཟའི་ལོངས་སྤྱོད་དག་པ་དེའི་ཚེ་ཟླ་བའི་དཀར་ནག་གི་ཆ་འཆད་པའི་ཚེས་གྲངས་རྣམས་ཀྱི་གཟའ་སྐར་བརྟགས་པ་ན། ཟླ་བ་དེའི་ཞག་སོ་སོའི་ཉིན་རྩིས་ནི་རང་རང་གི་ལོངས་སྤྱོད་ཀྱི་རི་མོར་གང་ཤར་གྱི་ནམ་མཁར་བལྟས་པ་ལས་ཤེས་པར་བྱའོ། །བགྲོད་པའི་རི་མོ་ལ་གནས་པས། །ཟླ་བའི་ལོངས་སྤྱོད་ཀྱིས་ཤེས་བྱ། །བགྲོད་པ་ཉི་མ་སྦྱངས་བྱ་སྟེ། །དེ་ཡང་རིམ་པ་དང་རིམ་མིན་དུ་བགྲོད་པའི་རྐང་རྩིས་ཀྱི་རི་མོ་ལ་བལྟོས་པའི་བགྲོད་པ་དག་པ་དེའི་སྒོ་ནས་ཉི་མ་སྦྱང་ཞིང་དག་པར་བྱ། ལོངས་སྤྱོད་ཆ་གཅིག་ལ་གནས་པའི། །ཟླ་བ་ཉི་མས་སྦྱང་བར་བྱ། །དེ་ཡང་ཉི་མ་དག་པའི་ལོངས་སྤྱོད་ཆ་གཉིས་སུ་བྱས་པའི་ཆ་གཅིག་ལ་གནས་པ་ཟླ་བའི་ལོངས་སྤྱོད་རྣམས་ཉི་མའི་ལོངས་སྤྱོད་ཀྱིས་དག་པར་བྱའོ། །ཟླ་བས་མིག་དམར་ལ་སོགས་སོ། །ཟླ་བའི་ཆ་དེ་ཚེས་གྲངས་ལས་མིག་དམར་ལ་སོགས་པ་དག་པར་བྱ་སྟེ། ཚེས་གྲངས་ལས་གསལ་ཞག་བསྒྲུབས་ནས་སོ། །གཟའ་རྣམས་ཀྱི་ནི་དཀྱིལ་འཁོར་རྟག་ལོངས་དལ་མྱུར་གྱི་རྐང་རྩིས་གཟའ་ལྔར་བཤད་པ་སོགས་བཞིན་ནོ། །ཚེས་གྲངས་གང་ལ་གནས་པ་ཇི་ལྟར་གསལ་བ་ནི། ཚིགས་མཚམས་དཀར་པོ་ནག་པོ་ལ། །ཚེས་གྲངས་གཉིས་ཀའི་དབུས་སུ་ནི། །ཟླ་བ་ཉི་མ་རྣམ་འཇོམས་པ། །སྒྲ་གཅན་འཇུག་པས་ཚེས་གྲངས་སོ། །ཟླ་ཕྱེད་གཉིས་ཀྱི་ཚིགས་མཚམས་ཟླ་ཉིའི་ལོངས་སྤྱོད་ལ་སྒྲ་གཅན་འཇུག་པས་ཟླ་ཉི་རྣམ་པར་འཇོམས་སོ། །དེས་ན་དེ་ཚེས་བཅོ་ལྔའི་མཐའ་དང་། གནམ་སྟོང་གི་མཐའ་ཡིན་པ། དེས་དཀར་ནག་རེ་ལ་ཚེས་ཀྱི་གྲངས་ ཇིཙམཡོད ་རྟོགས་སོ། །དེའི་ཕྱིར་དེ་ནས་གཟུང་སྟེ་ཚེས་གྲངས་སོ་སོ་མ་འཁྲུལ་པར་ཤེས་པར་བྱའོ། །དེ་ལྟར་ཐམས་ཅད་ཡོངས་ཤེས་ནས། །གྲུབ་མཐའི་ལོངས་སྤྱོད་རྣམ་པ་གཞན། །རྣམ་གཞག་ཉུང་ངུའི་བྱེད་པ་སོགས། །འདི་ལས་མ་དག་རྣམ་པར་སྤངས། །དེ་ལྟར་ཞག་གསུམ་གྱི་རྣམ་པར་གཞག་པ་དེ་དག་ལས་ཉིན་ཞག་ཅེས་བྱ་བ་ནི། ཉི་མའི་རླུང་འགྲོས་ཀྱིས་ལྷུན་པོ་ལ་གཡས་སུ་སྐོར་བ་གཅིག་འཁོར་ཞིང་། ཡུལ་དཔག་ཚད་སུམ་འབུམ་བདུན་ཁྲི་ལྔ་སྟོང་བགྲོད་པའི་ཡུན་གྱི་ཚད་ལ་ཉིན་ཞག་གཅིག་ཅེས་བཞག་པའོ། །དེ་ལྟར་ན་ཉིན་ཞག་ནི་སྐར་མའི་རླུང་འགྲོས་ལ་བརྟེན་ནས་བཞག་སྟེ། ཉི་མས་དེ་ལྟར་བགྲོད་པ་ནི་རླུང་འགྲོས་སམ་ཁྱིམ་འགྲོས་ལ་རག་ལས་པའི་ཕྱིར་རོ། །ཁྱིམ་ཞག་ཅེས་བྱ་བ་ནི་ཉི་མའི་རང་འགྲོས་ཀྱིས་རྒྱུ་སྐར་ཉེར་བདུན་ནམ་ཁྱིམ་བཅུ་གཉིས་གཡོན་སྐོར་དུ་འཁོར་ཞིང་རྟག་པའི་ལོངས་སྤྱོད་ཀྱི་དབང་དུ་བྱས་པའི་དཔག་ཚད་སུམ་འབུམ་བདུན་ཁྲི་ལྔ་སྟོང་ངམ། ཡུལ་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་བགྲོད་པའི་ཡུན་གྱི་ཚད་ལ་ཁྱིམ་ལོ་གཅིག་ཏུ་བཞག་ནས། དེའི་བཅུ་གཉིས་ཆ་ལ་ཁྱིམ་ཟླ་གཅིག་དང་། ཁྱིམ་ཟླ་དེའི་སུམ་ཅུ་ཆ་ལས་ཞག་གམ་ཁྱིམ་ཞག་ཅེས་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་ན་ཁྱིམ་ཞག་ནི་ཉི་མའི་རང་འགྲོས་ལ་བརྟེན་ནས་བཞག་པ་ཡིན་ཏེ། ཉི་མས་ཁྱིམ་བཅུ་གཉིས་གཡོན་སྐོར་དུ་བགྲོད་པ་ནི་རང་འགྲོས་ལ་རག་ལས་པའི་ཕྱིར་རོ། །ཚེས་ཞག་ཅེས་བྱ་བ་ནི་ཟླ་བའི་ཆ་བཅོ་ལྔ་རེ་ཡོད་པ་དེ་ཉིད་དཀར་ཆ་འཕེལ་བའི་བར་ལ་ཡར་ངོ་དང་། འགྲིབ་པའི་བར་ལ་མར་ངོར་བྱས་ནས་དེ་དག་བསྡོམས་ནས་ཚེས་ཟླ་གཅིག་ཏུ་བཞག་སྟེ། དེའི་ཆ་རེ་རེའི་འཕེལ་འགྲིབ་གྱི་ཡུན་དེ་ཉིད་ཚེས་ཞག་རེ་ཡིན་པས། དེ་ལྟར་ན་ཚེས་ཞག་ནི་ཟླ་བའི་འཕེལ་འགྲིབ་ལ་བརྟེན་ནས་བཞག་པ་སྟེ། འདིའི་ཡུན་ཚད་ནི། ཟླ་བའི་ཆ་འཕེལ་བ་འམ་འགྲིབ་པའི་མྱུར་བུལ་ལ་རག་ལས་པའི་ཕྱིར་རོ། །དེ་ལྟ་བས་ན་ཐ་སྙད་གདགས་པའི་གཞི་དུས་ཀྱི་རྒྱུ་གཅིག་པུ་འདི་ལ་ཐ་སྙད་གསུམ་དུ་འདོགས་པའི་རྒྱུ་མཚན་དེ་ཡིན། བཏགས་པའི་དགོས་པ་ནི། ཁྱིམ་ཞག་གི་ལོངས་སྤྱོད་ལས་ཚེས་ཞག་གི་རྟག་པའི་ལོངས་སྤྱོད་དམན་པའི་ཆ་གང་ཡིན་པ་དེ་ནི་ཞག་རེའི་སྟེང་ནས་ཟླ་ཤོལ་གསོག་བྱེད་ཀྱི་ཆུ་སྲང་དང་དབུགས་ལ་སོགས་པ་ཡིན་ལ། དེས་ན་ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་རེ་ལ་ཚེས་ཟླ་སོ་གསུམ་ཕྱེད་བཅས་རེ་འབྱུང་བས་ཚེས་ཟླ་རེའི་ཤོལ་འབྱུང་བ་ཡིན་ནོ། །ཉིན་ཞག་ཡུན་རིང་བོ་ལས་ཚེས་ཞག་ཡུན་ཐུང་བའི་ཆ་འདི་ནི་ཞག་མི་ཐུབ་གསོག་བྱེད་ཀྱི་ཆུ་སྲང་དང་དབུགས་ལ་སོགས་པ་ཡིན་ལ། ཆ་དེ་དག་ལ་གཅིག་ཏུ་བསགས་པ་ལས་རགས་པའི་རྣམ་གཞག་ལ་འདུལ་བ་སོགས་ནས་འབྱུང་བ་དང་མཐུན་པར། ཚེས་ཞག་སུམ་བརྒྱ་དྲུག་ཅུ་ལ། ཉིན་ཞག་གསུམ་བརྒྱ་ང་བཞི་ལྷག་ཙམ་ལས་མེད་པས་ལོ་གཅིག་ལ་ཞག་མི་ཐུབ་དྲུག་འབྱུང་བ་ཡིན་ནོ། །ཞིབ་མོར་བརྩིས་ན་ཚེས་ཀྱི་རྟག་པའི་ལོངས་སྤྱོད་ཀྱིས་ཆུ་ཚོད་དང་ཆུ་སྲང་ལ་སོགས་པ་ཐམས་ཅད་སུམ་བརྒྱ་དྲུག་ཅུས་བསྒྱུར་ལ་རང་རང་གི་འཁོར་ལོ་ལོངས་པ་སྟེང་དུ་བཅུག་པས་ཚེས་ཟླ་བཅུ་གཉིས་ལ་ཉིན་ཞག་སུམ་བརྒྱ་ང་བཞི་དང་། ལྷག་མ་ཡང་ཆུ་ཚོད་ཉེར་གཉིས། ཆུ་སྲང་གཅིག དབུགས་གཉིས། ཆུ་རོའི་ཆ་ཤས་དགུ རི་མཁའ་རིའི་ཆ་ཤས་སུམ་བརྒྱ་གོ་གསུམ་རྣམས་འབྱུང་བ་ལས་ལྷག་མ་དེ་དག་བསགས་པ་ལས་ལོ་གསུམ་ན་ཉིན་ཞག་གཅིག ཆུ་ཚོད་དྲུག ཆུ་སྲང་བཞི། དབུགས་སྟོང་པ། ཆུ་རོའི་ཆ་ཉེར་བརྒྱད། རི་མཁའ་རིའི་ཆ་བཞི་བརྒྱ་བདུན་ཅུ་དོན་གཉིས་འགྱུར། དེས་ལོ་གསུམ་ན་ཞག་མི་ཐུབ་དཀྱུས་མའི་སྟེང་དུ་ཡང་ཉིན་ཞག་གཅིག་ལྷག་པར་འགྱུར་བ་ཤེས་པ་སོགས་སོ། །གཉིས་པ་འཕྲོས་དོན་ལོ་འཕོ་དང་ཁྱིམ་འཕོ་བཤད་པ་ལ། ལོ་འཕོ་བ་དང་ཁྱིམ་འཕོ་བ་གཉིས། དང་པོ་ནི། རྒྱལ་དཀའ་ནས་ད་ལྟའི་བར་གྱི་ལོ་དག་གནས་གཉིས་སུ་བཞག་པའི་སྟེང་མ་ལ་བརྒྱད་བསྲེ། བཞི་བརྒྱས་བསྒྱུར་འོག་མ་ལ་ཡང་བརྒྱད་བསྲེས། དེ་རྣམས་ཀྱིས་སྟེང་མ་ལ་སྦྱངས། སུམ་བརྒྱ་བཅུ་བདུན་གྱི་ཕྱེ་བས་རྙེད་པ་ནི་གཟར་འགྱུར་རོ། །དེའི་ལྷག་མ་མཁའ་རོས་བསྒྱུར་བ་རི་ལ་སོགས་པས་ཕྱེ་བ་ཆུ་ཚོད། སླར་དྲུག་ཅུས་བསྒྱུར་བགོད་བྱས་ཐོབ་པ་ཆུ་སྲང་། སླར་ལྷག་མ་དྲུག་གིས་བསྒྱུར་ཏེ་བགོས་པས་ཐོབ་པ་དབུགས། ལྷག་མ་རི་ཟླ་མེའི་ཆ་ཤས་སོ། །དེ་ལ་ལོ་དག་སྟེང་འོག་གཉིས་ཀར་ཀླུ་བསྲེ་བའི་རྒྱུ་མཚན། ལོ་སུམ་བརྒྱ་བཅུ་བདུན་པ་ཕྲག་རེ་རེ་ལ་འཁོར་ལོ་ལན་རེ་རེ་རྫོགས་ཤིང་གཟའི་གནས་ལ་སོགས་པ་ཐམས་ཅད་སྟོངས་པར་འགྱུར་རོ། །དེས་ན་འཁོར་ལོ་རྫོགས་མཚམས་སུ་བྱེད་པ་རྩོམ་ན་རྩིས་འཕྲོ་བསྲེ་མི་དགོས་ལ། དེ་ལ་སྔ་ཕྱིའི་ལོ་གང་ལ་བྱེད་པ་རྩོམ་ན་ཡང་འཁོར་ལོའི་འཕྲོའི་སྣོན་འབྲིད་བྱས་པས་བྱེད་པ་རྣམ་པར་དག་པའི་ཕྱིར་དང་། རྒྱལ་དཀའི་བྱེད་པའི་གོང་རོལ་གྱི་ལོ་བརྒྱད་ན་འདིའི་འཁོར་ལོ་རྫོགས་པའི་དེ་བཟུང་བའི་དོན་དུའོ། །འདི་ནི་རྩིས་འཕྲོ་བསྲེ་བ་དངོས་སོ། །དེ་ལ་རི་ཟླ་མེས་བགོས་པའི་རྙེད་པ་ནི་དོར་དགོས་ཏེ་འཁོར་ལོ་ལོངས་པ་ཡིན་པའི་ཕྱིར་རོ། །དེས་ན་འཁོར་ལོ་ལོངས་པའི་ལྷག་མ་གནས་གཉིས་སུ་བཞག་སྟེ། སྟེང་མ་བཞི་བརྒྱས་བསྒྱུར་བ་ནི་སླ་ཐབས་ཀྱི་ཕྱིར་ཡིན་ཏེ། གཞན་སུམ་བརྒྱ་དགུ་བཅུ་རྩ་དགུས་བསྒྱུར་དགོས། རྒྱུ་མཚན། ལོ་འཕོ་བའི་ལོངས་སྤྱོད་ལོ་རེ་བཞིན་བསགས་པས་རི་ཟླ་མེའི་ལོ་ལ་གཟའ་སུམ་བརྒྱ་དགུ་བཅུ་རྩ་དགུ་གནས་གཅིག་ཏུ་བསྒྲིལ་བའི་ཕྱིར། དེ་ལ་བདུན་གྱིས་བགོས་པས་གཟའ་ལ་སོགས་པའི་འཁོར་ལོ་ཐམས་ཅད་རྫོགས་ནས་རྩིས་འཕྲོ་བསྲེས་ཚུན་ཆད་ཀྱི་འདས་ལོ་གང་ཡོད་རྣམས་དེས་བསྒྱུར་བའོ། །འོ་ན་བཞི་བརྒྱས་བསྒྱུར་ན་སྒྱུར་བྱེད་ལ་གཅིག་ལྷག་པའི་ཉེས་པར་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། ཉེས་པ་དེ་སྤང་བའི་ཕྱིར་དུ་འོག་མས་སྦྱངས་པའི་ཡིན་ནོ། །རི་ཟླ་མེས་བགོད་པའི་རྒྱུ་མཚན་ནི་ལོ་འཕོའི་དཀྱིལ་འཁོར་གྱིས་བགོད་པ་ཡིན་ཏེ། དཀྱིལ་འཁོར་ཡིན་པའི་རྒྱུ་མཚན་ནི། ད་ལྟའི་དག་པའི་ལོ་ལ་ཀླུ་བསྲེས་པ་ལ་རི་ཟླ་མེས་བགོས་པའི་ལྷག་མ་བརྩིས་པ་དང་། མ་བགོས་པ་བརྩིས་པ་གཉིས་འབྲས་བུ་ལོ་འཕོའི་གཟའ་ལ་སོགས་པའི་རི་མོ་འཆར་བ་ལ་ཁྱད་པར་བྱེད་པའི་ཕྱིར་རོ། །དེ་ཡང་ལོ་སུམ་བརྒྱ་གོ་དགུ་འབྱུང་བར་ངེས་པ་ལས། དེ་ལ་བདུན་གྱིས་བགོས་པས་ལྔ་བཅུ་རྩ་བདུན་ཐོབ་པ་ནི་གཟའི་འཁོར་ལོ་ལོངས་པའི་གྲངས་ཡིན་ལྷག་མ་མེད། ལོ་བདག་གི་འཁོར་ལོ་རྫོགས་པའི་མཚམས་ཡིན་ནོ་ཅོག་གི་རྗེས་སུ་གཟའ་མིག་དམར་འཆར་བར་ངེས་པའི་ཕྱིར་མིག་དམར་རེས་གཟའ་བདུན་གྱི་ཐོག་མར་བྱེད་ན་འདིར་མིག་དང་སུམ་ཅུ་བསྲེ་མི་དགོས་ཀྱང་། ཕྱི་ནང་གི་བྱེད་པ་གཞན་ཐམས་ཅད་ལ་ཉི་མ་གཟའི་དང་པོར་གྲགས་པ་དེ་དག་དང་བསྟུན་པའི་དོན་དུ་འདིར་མིག་དང་སུམ་ཅུ་བསྲེ་བ་ཡིན་ནོ། །འོ་ན་མིག་བསྲེས་པས་ཆོག་མོད། ཆུ་ཚོད་དུ་སུམ་ཅུ་བསྲེས་པས་ཅི་བྱ་ཞེ་ན། དེ་ནི་ཉི་ཟླ་གཉིས་དང་པོར་བྱས་པའི་དབང་གི་དོན་ལ་གནས་པའི་གཟའ་མི་འཁྲུལ་པར་བྱ་བའི་ཕྱིར་དུ་སྟེ། དེ་དག་མ་བསྲེས་ན་ལོ་འཕོའི་གཟའི་ཆུ་ཚོད་སུམ་ཅུ་མན་ཅད་དུ་གནས་པའི་ཚེ། སུམ་ཅུ་སུམ་ཅུ་བསྲེས་ན་ཕྱི་མ་ཕྱི་མ་འཆར་རྒྱུ་ཡིན་པ་ཞིག་ཀྱང་། དེ་མ་བསྲེས་ན་གཟའ་རེ་རེ་སྔ་བསྣུར་དུ་འཕྱུག་པར་འགྱུར་བའི་ཕྱིར་དང་། ཟླ་འཕོའི་སྣོན་བྱེད་བཅུ་གཉིས་པོ་ནི་སྣོན་གཞི་ལ་སུམ་ཅུ་བསྲེས་པའི་དབང་དུ་བྱས་ཡོད་པ་དང་། འདིར་ལོ་རེ་ལ་གཟའ་རེ་རེ་ཆུ་ཚོད་བཅོ་ལྔ་རེ་སྤྱོད་པའི་དབང་དུ་བྱས་ནས་ཉི་ཟླ་སྐལ་པའི་ལོ་སྔ་མ་གཉིས་པ་དེ་ལ་གཟའི་རྗེས་འབྲང་ཆུ་ཚོད་སུམ་ཅུ་བསྲེས་པའོ། །གཉིས་པ་ཁྱིམ་འཕོ་བ་བཤད་པ་ནི། ལོ་བདག་གི་རྩིས་སུ་བྱས་པ་དེ་ཉིད་གནས་བཅུ་གཉིས་སུ་བཞག་སྟེ། གནས་དང་པོ་ལ་ལུག་གི་འཕོ་བ་རྫོགས་པའི་མཚམས་སྟོན་པའི་ཕྱིར་དུ་གཟའ་གནས་སུ་གཅིག ཆུ་ཚོད་དུ་ང་བདུན་བྱུང་ན་ཉ་ཁྱིམ་ནས་ལུག་ཁྱིམ་དུ་འཕོ་བ་རྫོགས་པའོ། །དེ་བསྒྲུབ་པའི་ཕྱིར་ཚེས་ཀྱི་རྟག་ལོངས་ཆུ་ཚོད་ང་དགུ་རྗེས་འབྲང་དང་བཅས་པ་ཚེས་ཟླ་གཅིག་གི་རྟག་ལོངས་སུ་སྒྲུབ་པའི་དོན་དུ་སུམ་ཅུས་བསྒྱུར། རང་རང་གི་འཁོར་ལོས་དྲིལ་བས་གཟའ་ཉེར་དགུ་དང་ཆུ་ཚོད་སོ་གཉིས་བྱུང་། གཟའ་བདུན་ཀྱི་འཁོར་ལོས་ཕུད་པས་ལྷག་མ་གཟའ་གཅིག་འབྱུང་། དེས་ན་གཟའ་གཅིག་དང་ཆུ་ཚོད་སོ་གཉིས་ཀྱིས་ལུག་གི་འཕོ་བ་མ་རྫོགས་པས་རྐང་པའི་དབང་གིས་སམ་བྱེད་རྩིས་ཀྱི་ཆུ་ཚོད་ཉེར་ལྔ་བསྣན་པས་ཟླ་བ་རི་འབྱུང་བྱུང་། དེས་ལུག་རྫོགས་པ་ཡིན་ནོ། །གླང་ལ་གཟའ་གནས་སུ་གཅིག ཆུ་ཚོད་དུ་ང་བདུན་བཞག སླར་ཡང་དེ་ལ་ཟླ་བ་རི་འབྱུང་བྱིན། དེའི་སྟེང་དུ་རྐང་པའི་དབང་གིས་ཆུ་ཚོད་ང་དགུ་བསྣན་པས་གཟའ་གནས་སུ་བཞི། ཆུ་ཚོད་དུ་ང་གསུམ་བྱུང་། དེས་གླང་ཁྱིམ་རྫོགས། དེ་བཞིན་འཁྲིག་པ་སོགས་ལ་རྫོགས་ཚད་སྔ་མའི་སྟེང་དུ་གཟའ་གནས་སུ་གཅིག ཆུ་ཚོད་དུ་ང་བདུན་བསྣན། འཁྲིག་པ་ལ་བྱེད་རྩིས་ཀྱི་བརྒྱད་ཅུ་རྩ་བདུན་བྱིན་པས། གཟའ་གནས་སུ་གཅིག ཆུ་ཚོད་དུ་བཅུ་བདུན་བྱུང་བས་དེས་རྫོགས། ཀརྐ་ཊ་ལ་བྱེད་རྩིས་ཀྱི་ཆུ་ཚོད་གོ་དགུ་སྦྱིན་པས། གཟར་བཞི། ཆུ་ཚོད་དུ་ང་གསུམ་དེས་རྫོགས། སེང་གེ་ལ་རྐང་པའི་ཆུ་ཚོད་གོ་གཉིས་བྱིན་པས་གཟར་གཅིག ཆུ་ཚོད་དུ་ཉེར་གཉིས། དེས་རྫོགས། བུ་མོ་ལ་བྱེད་རྩིས་ཀྱི་ཆུ་ཚོད་རེ་ལྔ་བྱིན། གཟར་བཞི། ཆུ་ཚོད་དུ་ཉེར་བཞི་བྱུང་། དེས་རྫོགས། སྲང་ལ་བྱེད་རྩིས་ཀྱི་ཆུ་ཚོད་སུམ་ཅུ་བྱིན་པས་གཟར་དྲུག་དང་། ཆུ་ཚོད་དུ་ང་གཅིག དེས་རྫོགས། སྡིག་པ་ལ་བྱེད་རྩིས་ཀྱི་ཆུ་ཚོད་གཅིག་སྦྱངས་པས་གཟར་གཅིག་ཆུ་ཚོད་དུ་ཞེ་བདུན་བྱུང་། དེས་རྫོགས། གཞུ་ལ་རྐང་པའི་ཆུ་ཚོད་ཉེར་བརྒྱད་ཀྱིས་སྦྱངས་པས་གཟར་གསུམ། ཆུ་ཚོད་དུ་བཅུ་དྲུག་བྱུང་། དེས་རྫོགས། ཆུ་སྲིན་ལ་བྱེད་རྩིས་ཀྱི་ཆུ་ཚོད་སོ་དྲུག་སྦྱངས་པས་གཟར་བཞི། ཆུ་ཚོད་དུ་སོ་བདུན་བྱུང་། དེས་རྫོགས། བུམ་པ་ལ་བྱེད་རྩིས་ཀྱི་ཆུ་ཚོད་སུམ་ཅུ་སྦྱངས་པས་གཟར་དྲུག ཆུ་ཚོད་དུ་བཞི་བྱུང་། དེས་རྫོགས། ཉ་ལ་བྱེད་རྩིས་ཀྱི་ཆུ་ཚོད་དགུ་སྦྱངས་པའི་གཟར་ཐིག ཆུ་ཚོད་དུ་ང་གཉིས་བྱུང་། དེས་རྫོགས་སོ། །དེས་ཟླ་བ་སོ་སོའི་འཕོ་བའི་གཟའ་རྣམས་འཆར་རོ། །དེ་ཡང་ལུག་ལ་རྐང་པའི་འཕེལ་འགྲིབ་མ་བཤད། གྲངས་སོགས་དྲུག་ལ་བྱེད་རྩིས་ཀྱི་རྐང་པའི་ལོངས་སྤྱོད་རྣམས་སྟེར་བ་ཡིན་ཏེ། ཉི་རྐང་ལས་བྱུང་བའི་ལོངས་སྤྱོད་རྣམས་ཉི་མ་ལ་བུ་ལོན་དུ་སོང་བས་ཡུལ་ཀྱི་སྟེང་དུ་བགྲོད་པ་ལ་ཡུན་རིང་པོ་འགོར་བས་སྟེར་བར་བྱེད། སྡིག་པ་སོགས་ལྔ་ལ་བྱེད་རྩིས་ཀྱི་རྐང་པའི་ལོངས་སྤྱོད་རྣམས་འདོར་བར་བྱེད་པ་ཡིན་ཏེ། ཉི་རྐང་ལས་བྱུང་བའི་ལོངས་སྤྱོད་རྣམས་ནི་ཉི་མ་ལ་བུ་ལོན་དུ་སོང་བས་ཡུལ་གྱི་སྟེང་དུ་བགྲོད་པ་ལ་ཡུན་ཐུང་བས་སྦྱོང་བར་བྱེད་པའི་ཕྱིར་རོ། །འདིར་བཤད་པའི་རྐང་པའི་ཆུ་ཚོད་རྣམས་དུས་ཀྱི་ཆུ་ཚོད་དོ། །ཉི་མའི་རྐང་པའི་ཆུ་ཚོད་ནོར་དང་བུ་ལོན་དུ་འགྱུར་བ་ཉིད་ཀྱི་ལོངས་སྤྱོད་ཡིན་པའི་ཕྱིར། རྩིས་འདི་ཡང་དགོས་པའི་དབང་གིས་རགས་རྩིས་སོ། །ལུག་ལ་སོགས་པའི་བྱེད་པ་འཕོ་བའི་དུས་གཅིག་ནས་བྱེད་པ་འཕོ་བའི་དུས་གཞན་གྱི་བར་གྱི་ཟླ་བ་སོ་སོ་ལ་ཆུ་ཚོད་ཉི་ཤུ་རྩ་ལྔ་འཕོ་ཞག་གམ་ཁྱིམ་ཞག་ལ་ལྷག་སྟེ། དེ་རྣམས་བསགས་པས་ལོའི་མཚམས་སུ་གཟའ་ཞག་གམ་ཉིན་ཞག་ལྔ་ལྷག་གོ །དེས་ན་ཉི་མའི་ཉིན་ཞག་དཀྱིལ་འཁོར་ནི་ཆུ་ཚོད་དྲུག་ཅུའི་བདག་ཉིད་ཀྱིས་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྩ་ལྔ་རྗེས་འབྲང་དང་བཅས་པར་གྲུབ་བོ། །དེ་བས་དུས་ཀྱི་ལོའི་ལོངས་སྤྱོད་ལ་ཉི་མའི་ཉིན་ཞག་ལྔའི་ལོངས་སྤྱོད་ཆད་པ་ཉི་མས་རྒྱུ་སྐར་བགྲོད་པ་ལ་དུས་ཀྱི་ལོའི་སྟེང་དུ་ཞག་ལྔ་ལྷག་པར་ཇི་ལྟར་ཤེས་ཤེ་ན། ཉི་མ་བྱང་དུ་བགྲོད་པའི་ཟླ་བ་དང་པོ་ཉི་མ་ཆུ་སྲིན་གྱི་ཁྱིམ་དུ་འཕོ་བའི་སྔ་རོལ་ནས་ཉི་མ་བཅུའི་བར་དུ་ཐུར་མའི་གྲིབ་མས་ཉིན་ཞག་གང་ལ་ཉི་མ་བྱང་དུ་ལྡོག་པ་ཡོངས་སུ་བརྟག་པར་བྱ་སྟེ། བརྟགས་པ་ན་ཉིན་ཞག་གང་ནས་བརྩམས་ཏེ་ཐུར་མའི་གྲིབ་མ་བྱང་ཕྱོགས་ནས་ལོགས་པར་འགྱུར་བའི་ཉིན་ཞག་དེ་ནི་གཟའ་དེ་དང་། ཚེས་དེ་དང་། སྦྱོར་བ་དེ་དང་། བྱེད་པ་དེས་ཉི་མ་ཆུ་སྲིན་དུ་འཕོ་བའི་ཉིན་ཞག་གོ །དུས་དེ་ནས་སང་ཕོད་དེ་ཙམ་གྱི་བར་གྱི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྩ་ལྔ་རྗེས་འབྲང་དང་བཅས་པ་དང་། ཚེས་ཞག་སུམ་བརྒྱ་བདུན་ཅུ་རྩ་གཅིག་རྗེས་འབྲང་དང་བཅས་པ་ངེས་པར་ཤེས་སོ། །དགུན་ཉི་མ་ལྡོག་པའི་ཉིན་ཞག་དེ་ལ་ཉི་མའི་ལོངས་སྤྱོད་གྱི་རི་མོ་ཇི་ལྟར་འབྱུང་ཞེ་ན། ཉི་མའི་ལོངས་སྤྱོད་ཀྱི་སྐར་མའི་གནས་སུ་ཉི་ཤུ་དང་། ཆུ་ཚོད་ཀྱི་གནས་སུ་བཅོ་ལྔ་བྱུང་ན་ལྡོག དེ་བཞིན་དབྱར་ཉི་ལྡོག་པའི་ཉིན་ཞག་དེ་ལ་ཉི་མའི་ལོངས་སྤྱོད་ཀྱི་རི་མོ་སྐར་མར་དྲུག་དང་། ཆུ་ཚོད་དུ་ཞེ་ལྔ་བྱུང་ན་དང་། དཔྱིད་ཉིན་མཚན་མཉམ་པ་ལ་སྐར་གནས་དང་ཆུ་ཚོད་དུ་ཐིག་ལེ། སྟོན་ཉིན་མཚན་མཉམ་པ་ལ་སྐར་གནས་སུ་བཅུ་གསུམ། ཆུ་ཚོད་དུ་སུམ་ཅུའོ། །དེ་ཡང་ཉི་ལྡོག་དང་མཉམ་པ་འཆད་པ་སྐབས་རྣམས་སུ་ཁྱིམ་ཟླ་གཙོ་བོར་གཟུང་དགོས་ཏེ། ཚེས་ཟླ་ནི་ཤོལ་གྱི་དབང་གིས་སྔ་ཕྱིར་འཕྱུགས་ལ་ཁྱིམ་ཟླ་མི་འཕྱུགས་པས་སོ། །དེས་ན་ཞག་ཀྱང་ཁྱིམ་ཞག་བགྲང་། འདིར་བུ་སྟོན་གྱིས། དགུན་ཉི་ལོག་པའི་དུས་སུ་མི་ཕལ་པ་རྣམས་ཀྱིས་ཉི་མ་ཚང་དུ་སྡོད་པ་ཡུན་རིང་ཐུང་ཟེར་བ་བཞིན་དུ་རང་རེས་མཐོང་བ་ལ་ཡང་རིང་ཤོས་གཅིག་ལ་བརྒྱད། ཡང་དྲུག་བྱས་པ། བཞི་བྱས་པ། གསུམ་བྱས་པ་གྲིབ་སོ་མི་འགྱུར་བ་བྱུང་ལ། ཕལ་ཆེར་ཞག་ཏུ་མི་སྡོད་པ་དེ་ཀ་མང་དུ་བྱུང་ཞིང་། དེ་འདྲ་རིགས་པས་བརྟགས་ན་འོང་དོན་མེད་ཅིང་ལུང་ལས་བཤད་པ་མེད་ཀྱང་ངོ་བོ་མངོན་སུམ་དུ་མཐོང་ངོ་གསུང་ངོ་། །དཔལ་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས། ཞག་གསུམ་གྱི་རྣམ་དབྱེ་འཕྲོས་དང་བཅས་པ་བཤད་པའི་སྐབས་ཏེ་བརྒྱད་པའོ། །ལྔ་པ་ལོངས་སྤྱོད་པ་ལས་ཕན་གནོད་དུ་འགྱུར་བའི་དཔྱད་བཤད་པ་ལ། དུས་ཀྱི་བརྟག་པ་དབྱངས་འཆར། ཕྱོགས་ཀྱི་བརྟག་པ་སྒྲ་གཅན་ལ་སོགས་པའི་སྟོབས་བསྟན་པ་གཉིས། དང་པོ་ལ། དབྱངས་འཆར་ནུབ་ཀྱི་སྒོ་ནས་འདྲི་བའི་དུས་སུ་སྣ་ལ་འཆར་བའི་སྒོ་ནས། དྲིས་པའི་དབྱངས་ཀྱི་སྒོ་ནས། ཁྱད་པར་མང་པོའི་སྒོ་ནས། གདེངས་ཅན་གྱི་འཁོར་ལོའི་སྒོ་ནས། ཚེའི་གནས་སྐབས་ཀྱི་སྒོ་ནས། རྟེན་འབྲེལ་གྱི་སྒོ་ནས་བརྟག་པ་དང་བདུན་ལས། དང་པོ་ནི། དབྱངས་ལྔའི་རང་བཞིན་ནི། །ཨ་ཨི་རྀ་ཨུ་ལྀ་སྟེ་རང་བྱུང་གི་ཡི་གེ དེ་ཚེས་ལ་འཆར་བ་ནི། དབྱངས་ཨ་གང་ལ་འཆར་བ་དེ་དགའ་བ། གཉིས་པ་བཟང་པོ། གསུམ་པ་རྒྱལ་བ། བཞི་པ་སྟོང་པ། ལྔ་པ་རྫོགས་པའོ། །དེ་བས་ན་དགའ་བའི་ཚེས་ལ་རེས་གཟའ་མིག་དམར་དང་། བཟང་པོའི་ཚེས་ལ་ལྷག་པ། རྒྱལ་བ་ལ་ཕུར་བུ། སྟོང་པ་ལ་པ་ཝ་སངས། རྫོགས་པ་ལ་སྤེན་པ་མ་ཤར་ན་དགེ དགའ་བ་མིག་དམར་སྨིན་དྲུག་འཛོམ་ན་ནད་ཀྱིས་བཏབ་པ་འམ། གཡུལ་དུ་ཞུགས་པའི་དབྱངས་དང་པོའི་མིང་ཅན་འཆི། བཟང་པོ་ལྷག་པ་མཆུ་གསུམ་འཛོམ་པ་ལ་ཨི་ཡིག་ཐོག་མའི་མིང་ཅན། རྒྱལ་བ་ཕུར་བུ་སྐག་འཛོམ་ན་རྀ་ཡིག་ཐོག་མའི་མིང་ཅན། སྟོང་པ་པ་སངས་མོན་གྲུ་གསུམ་འཛོམ་ན་ཨུ་ཡིག་ཐོག་མའི་མིང་ཅན། རྫོགས་པ་སྤེན་པ་བྲ་ཉེ་གསུམ་འཛོམ་པ་ལ་ལྀ་ཡིག་ཐོག་མའི་མིང་ཅན་འཆི། ཕྱོགས་དང་། བགྲོད་པ་དང་། དགའ་བ་ལ་ཉི་མ་ལ་ཨ་ཡིག བཟང་པོ་ལ་ཟླ་བ་བྱུང་ན་ཨི་ཡིག་ཐོག་མའི་མིང་ཅན་ལ་ངན་པ་ཡིན་ནོ། །ལོ་དང་། དྲུག་ཅུ་སྐོར་གཅིག་ལ་འཆར་བའི་ཚུལ་ནི། ནག་པ་དང་ས་ག་གཉིས་བསྡོམས་པས་ཉིན་ཞག་ཕྲུགས་དྲུག་ཅུ་བྱུང་། ནག་པའི་ཚེས་གཅིག་ནས་བཅུ་གཉིས་ཀྱི་བར་ལ་དབྱངས་ཨ། དེའི་དུས་ལ་ཡང་དགའ་བ་ཞེས་མིང་དུ་བཞག་པ་བཞིན་ལྷག་མའི་བཅུ་གཉིས་ཕྲག་བཞི་ཡང་ཨི་འཆར་བ་དང་བཟང་པོ་སོགས་སུ་བཞག་པའོ། །འདི་ལ་ཟླ་བ་དྲུག་ཚན་གཉིས་ཡོད་པའི་རྒྱུ་མཚན་གྱིས་ལོ་གཅིག་ལ་དབྱངས་དྲུག་ཏུ་འཁོར་བ་ཡིན་ནོ། །དེའི་ཚེ་ཉིན་ཞག་བཅུ་གཉིས་བཅུ་གཉིས་ལ་ཕྱོགས་ཞེས་བཏགས་སོ། །ཟླ་བ་ལ་འཆར་ཚུལ་ནི་ནག་པའི་ཚེས་གཅིག་ནས་བརྩམས་ཏེ་ཞག་དོན་གཉིས་ལ་དབྱངས་ཨ་འཆར་ལ། དེ་ཡང་དགའ་བར་བཞག་པ་བཞིན་ལྷག་མ་རྣམས་ཀྱང་འདྲའོ། །འདི་ལ་ལོ་གཅིག་ལ་དབྱངས་ལྔ་ལན་ཅིག་རྫོགས་ཏེ། ལོའི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ཡིན་པའི་ཕྱིར་རོ། །བགྲོད་པ་རེའི་ཟླ་དྲུག་ལ་དབྱངས་ཨ། བགྲོད་པ་གཉིས་པའི་དྲུག་ལ་ཨི་ནས་དབྱངས་ལྔ་ཚར་ཉི་ཤུ་རྩ་བཞི་འཁོར་བ་ན་ལོ་སྐོར་གཅིག་རྫོགས་ཏེ། ལོ་བཅུ་གཉིས་ལ་ལོ་སྐོར་རེ་བྱེད་པའི་རྒྱུ་མཚན་ཡང་འདིས་བསྟན་པ་ནག་རྩིས་བཞིན་ནོ། །སླར་ཡང་དེ་ལྟ་བུའི་ལོ་སྐོར་གཅིག་ལ་དབྱངས་ཨ་འཆར་བ་ནས། དབྱངས་ལྔ་རྫོགས་པ་ན་དྲུག་ཅུ་སྐོར་གཅིག་ཐིམ་སྟེ། ལོ་སྐོར་བཅུ་གཉིས་པ་ལྔ་ལ་ལོ་རྒན་དྲུག་ཅུ་སྐོར་རེ་བརྩི་བས་སོ། །དེ་དག་ལ་དབྱངས་ལྔ་པོ་དེ་རང་སར་འཆར་ཞིང་། རང་ས་དེ་ནས་བགྲངས་པའི་ལྔ་པ་ལ་ནུབ་པར་འགྱུར་ཏེ། དབྱངས་ཨ་རང་སར་འཆར། བཟང་པོ་ལ་གཞོན་ནུར་གྱུར། རྒྱལ་བ་ལ་དར་ལ་བབ། སྟོང་པ་ལ་རྒས། དེ་ནས་ལྔ་པ་རྫོགས་པ་ལ་ནུབ་པ་ཡིན་ནོ། །ད་ནི་དབྱངས་འབྱུང་བ་ལྔའི་ངོ་བོ་རང་བྱུང་གི་ཡི་གེ་དེ་རྣམས་རྡུལ་མུན་སྙིང་སྟོབས་ཀྱིས་ཕྱེ་བ་སྲོག་རླུང་གི་དུས་སྦྱོར་གསུམ་དབྱངས་དེ་དག་བཅོ་ལྔར་འགྱུར་ཏེ། སྔར་གྱི་ཁར། ཨ་ཨེ་ཨར་ཨོ་ཨལ་ཞེས་པ་ཡོན་ཏན་གྱི་ཡི་གེ་ལྔ་དང་། ཧ་ཡ་ར་ཝ་ལ་ཞེས་པ། སཾ་པྲ་སཱ་ར་ཎ་འམ། ཡ་ཎའི་ཡི་གེ་ལྔ་བསྣན་པས་སོ། །དེ་ཐབས་ཤེས་རབ་ཀྱིས་བསྒྱུར་བས་སུམ་ཅུར་སོང་སྟེ། ཐུང་ངུ་དང་རིང་པོའི་དབང་གིས་སོ། །ཐུང་ངུ་བཅོ་ལྔ་དཀར་པོའི་ཕྱོགས་ལ་དབྱངས་ལུགས་འབྱུང་ཁམས་བསྐྱེད་རིམ་གྱིས་འཆར་ཞིང་། རིང་པོ་བཅོ་ལྔ་ནག་ཕྱོགས་ལ་དབྱངས་ལུགས་བཟློག་ཁམས་སྡུད་རིམ་གྱིས་འཆར་ཏེ། ནག་པོའི་ཚེས་གཅིག་ལ་དབྱངས་ལཱ་གཉིས་ལ་ཝཱ་སོགས་སོ། །དེ་ཡང་ཡི་གེ་རང་གང་ལ་ཤར་བའི་ཕྱོགས་སུ་འགྲོ་བ་ངན་པས་འཛེམ་མོ། །དབྱངས་ཐུང་རིང་ཡོན་ཏན་དང་འཕེལ་བ། ཡ་ཎར་བསྒྱུར་བ་ཐུང་རིང་རྣམས་ཀྱིས་ཕྱེ་བའི་ཡི་གེ་སྟོང་བརྒྱད་ཅུར་འགྱུར་བ་སྐྱེ་བ་ལུགས་འབྱུང་གི་རིམ་པ་དང་མཐུན་པ་ལོ་གསུམ་གྱི་ལྷོར་བགྲོད་ཀྱི་ཉིན་ཞག་རྣམས་ལ་འཆར་བ་དང་། འབྱུང་བ་ལུགས་བཟློག་གི་རིམ་པས་ལོ་གསུམ་གྱི་བྱང་བགྲོད་ཀྱི་ཉིན་ཞག་རྣམས་ལ་འཆར་བའོ། །རྒྱུ་སྐར་ཉེར་བདུན་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ལ་ཁྱིམ་བཅུ་གཉིས་ཀྱིས་བགོས་པས་བརྒྱ་སོ་ལྔ་ཐོབ་པ་ནི་དུས་སྦྱོར་གཅིག་གི་ཡུན། ཕྱིའི་ཁྱིམ་དང་ཞག་རེའི་དུས་སྦྱོར་མཐུན་པས་བཅུ་གཉིས་འཆར་ལ། ཞག་གཅིག་གི་ཆུ་ཚོད་དྲུག་ཅུ། ལྔས་བགོས་པས་བཅུ་གཉིས་འཐོབ། དེས་ན་ནང་གི་དུས་སྦྱོར་རེའི་ཡུན་ལ་ཆུ་ཚོད་ལྔ་ལྔ་བྱས་པས་སྐར་མའི་རྐང་པ་དགུའོ། །དེ་ལྟ་བུའི་དུས་སྦྱོར་རྣམས་ཀྱང་རང་བཞིན་གསུམ་དུ་གནས་ཏེ། སྙིང་སྟོབས་ཀྱི་རང་བཞིན་ལུག ཀརྐ་ཊ། སྲང་ཆུ་སྲིན་བཞི་གཡོ་བའི་དུས་སྦྱོར། རྡུལ་གྱི་རང་བཞིན། གླང་། སེང་གེ སྡིག་པ། བུམ་པ་བཞི་ནི་བརྟན་པའི་དུས་སྦྱོར། མུན་པའི་རང་བཞིན། འཁྲིག་པ། བུ་མོ། གཞུ། ཉ་རྣམས་གཉིས་ཀའི་རང་བཞིན་གྱི་དུས་སྦྱོར། དེ་ཡང་ཉིན་མོ་དྲུག མཚན་མོ་དྲུག་འཆར་ཏེ། དེས་བཅུ་གཉིས་སོ། །འདྲི་བྱེད་ཀྱི་དོན་འདྲི་བའི་དུས་སུ་གཡོ་བའི་དུས་སྦྱོར་བཞི་པོ་གང་རུང་ལ་ཡོད་ན་དྲིས་པའི་དོན་གྱིས་བྱ་བ་མྱུར་དུ་འགྲུབ་བོ། །བརྟན་པ་ལ་ཡོད་ན་བུལ། གཉིས་ཀའི་རང་བཞིན་ལ་ཡོད་ན་འབྲིང་ངོ་། །དབྱངས་དེ་དག་ཡུད་ཙམ་སུམ་ཅུ་ལ་འཆར་བ་ནི་ཞག་གཅིག་སུམ་ཅུར་བགོས་པ་ནི་ཡུད་ཙམ་རེའི་ཡུན་ཚད་ཆུ་ཚོད་གཉིས་ཀྱི་བདག་ཉིད་ཅན་ནོ། །ཕྱིའི་ཚེས་དང་ཞག་གི་ཡུད་ཙམ་མཐུན་པས། ཚེས་གཅིག་དབྱངས་ཨ་འཆར་བ་བཞིན་ཡུད་ཙམ་དང་པོ་ལ་ཡང་ཡིན་ནོ། །དེ་བས་ན་ཨ་ཨི་རྀ་ཨུ་ལྀ་ལྔ། ནམ་མཁའི་རླུང་མེ་ཆུ་ས། སྒྲ་གཅན་ཨ་ཐུང་། དུས་མེ་ཨཱ་རིང་པོ། ཟླ་བ་དང་ཉི་མ་ཨི་ཐུང་རིང་། ལྷག་པ་མིག་དམར་རི་ཐུང་རིང་། པ་སངས་ཕུར་བུ་ཨུ་ཐུང་རིང་། མཇུག་རིང་དང་སྤེན་པ་ལི་ཐུང་རིང་གི་ལྷག་པའི་ལྷར་འཆར་བ་ཡིན་ནོ། །དེས་ན་དུས་སྦྱོར་རེ་རེའང་ཆུ་ཚོད་ལྔར་ཕྱེ་བའི་ལྔ་པོ་དེའི་དབུས་སུ་དབྱངས་གང་བྱུང་བ་དེ་ཉིད་བདག་པོའི་གཟའ་ཞེས་བརྗོད། དེ་སྟོབས་དང་ལྡན་པས་གཟའ་དེའི་དཀྱིལ་འཁོར་བསྒྲུབ་པར་བྱའོ། །དེ་ཡང་དྲག་པོ་མི་མཉམ་པའི་དུས་སྦྱོར་ཕོ་དང་། ཞི་བ་མཉམ་པའི་དུས་སྦྱོར་མོའི་དབྱེ་བས་རིམ་པ་བཞིན་དུ་སྟོང་པ་དང་། རླུང་མེ་ཆུ་སའི་དུས་སྦྱོར་བསྒྲུབ་པར་བྱའོ། །གཡོན་པ་ལ་མི་མཉམ་པའི་དུས་སྦྱོར་དབྱངས་གསལ་ཐུང་དུ་རྣམས་འཆར་ཞིང་། གཡས་པ་མཉམ་པའི་དུས་སྦྱོར་དབྱངས་གསལ་རིང་པོ་རྣམས་འཆར་བར་བྱེད་ལ། འཆར་ཚུལ་མཉམ་པའི་དུས་སྦྱོར་ཆུ་སྲིན་ལ་ཆུ་ཚོད་ལྔ་ཡོད་པའི་རེ་ལ་རིམ་པ་བཞིན་འཆར་བའི་དབྱངས་ནི་ཨཱ་ཡིག་སོགས་དང་། ཡོན་ཏན་དང་འཕེལ་བ་རྣམས་ཀྱི་དབྱངས་རིང་པོ་བརྗོད་པའི་གསལ་བྱེད་རྣམས་འཆར་རོ། །དེ་ཡང་ཆུ་ཚོད་དང་པོ་སའི་དཀྱིལ་འཁོར་ལ་ཀཱ། གཉིས་པ་ཆུ་ལ་ཁཱ། མེ་ལ་གཱ། རླུང་ལ་གྷཱ། ནམ་མཁའ་ལ་དཱ་འཆར། དེ་བཞིན་མི་མཉམ་པའི་དུས་སྦྱོར་བྱས་པ་ལ་ཆུ་ཚོད་དང་པོ་ནམ་མཁའི་དཀྱིལ་འཁོར་ལ་ང་། གཉིས་པ་རླུང་ལ་གྷ། གསུམ་པ་མེ་ལ་ག བཞི་པ་ཆུ་ལ་ཁ། ལྔ་པ་ས་ལ་ཀ དེ་བཞིན་དུ་ཉ་ལ་ཅཱ་སོགས། ལུག་ལ་ཉ་སོགས། གླང་ལ་ཊཱ་སོགས། འཁྲིག་པ་ལ་ཎ་སོགས། ཀརྐ་ཊ་ལ་པཱ་སོགས། སེང་གེ་ལ་མ་སོགས། བུ་མོ་ལ་ཏཱ་སོགས། སྲང་ལ་ན་སོགས། སྡིག་པ་ལ་སཱ་སོགས། གཞུ་ལ་ྈྐ་སོགས་རང་རང་གི་དུས་སྦྱོར་གྱི་ལྷག་པའི་ལྷར་འགྱུར་རོ། །དེ་ཡང་འདིར་གསལ་བྱེད་ཀྱི་ཁོང་གི་དབྱངས་རྣམས་ལ་ཡི་གེའི་དབྱངས། དབྱངས་རྐྱང་པ་ལ་སྲོག་གི་དབྱངས་ཞེས་བརྗོད་དོ། །དེ་བས་ན་སྲོག་གི་དབྱངས་ནུབ་པར་གྱུར་ན་ནད་པ་འཆི། ཡི་གེའི་དབྱངས་ནུབ་པར་གྱུར་ན་རྨ་དང་ཉོན་མོངས་པར་འགྱུར་རོ། །སྐྱེས་བུའི་མིང་གི་ཡི་གེ་དང་པོ་ལ་གསལ་བྱེད་མེད་པ་དེ་ལ་དབྱངས་ཉིད་སྲོག་གི་དབྱངས། གསལ་བྱེད་ཡོད་པ་ཡི་གེའི་དབྱངས་སུ་འགྲོ་བ་ཡིན་ནོ། །གཉིས་པ་ནི། འདྲི་བྱེད་ཀྱི་ཕོ་ཉས་ལུང་སྟོན་མཁན་ལ་འདྲི་བའི་ཚེ། སྟོན་མཁན་དེའི་སྣ་བུག་གཡས་ནས་ནམ་མཁའ་རྒྱུ་བའི་དུས་ལྷག་པའི་ལྷ་མེ་ཤར་ན། གཡུལ་གྱི་སླད་དུ་གང་དང་པོས་འབོད་པར་བྱེད་པའི་རྒྱལ་པོ་དེ་འཆི། དེ་བཞིན་རླུང་རྒྱུ་ཉི་མ་ཤར་ན་དེ་ཕམ། མེ་རྒྱུ་མིག་དམར་ཤར་ན་རྨ་འབྱུང་། ཆུ་རྒྱུ་ཕུར་བུ་ཤར་ན་སྡུག་བསྔལ། ས་རྒྱུ་སྤེན་པ་ཤར་ན་ཕན་ཚུན་མི་འཐབ། དེ་བཞིན་ནད་པ་ལ་རིམ་པ་དེ་ལ་འཆི་བ་དང་ནད་ཡུན་རིང་པོས་ཉོན་མོངས་པ་དང་། རྨ་དང་བདེ་བ་དང་མཉམ་པར་འགྱུར་རོ། །ནམ་མཁའ་ལ་སྒྲ་གཅན་ཤར་ན་གཡུལ་དུ་དགྲ་ཉམས། རླུང་རྒྱུ་བ་ལ་ཟླ་བ་ཤར་ན་དགྲ་ཕམ། མེ་ལ་ལྷག་པ་ཤར་ན་དགྲ་ལ་རྨ་འབྱུང་། ཆུ་ལ་པ་སངས་རྒྱུ་ན་དོན་རྙེད། ས་ལ་མཇུག་རིངས་ཤར་ན་དགྲ་དབང་དུ་འདུ། ཡུལ་གཞན་དུ་འགྲོ་བ་དང་བག་མ་ལེན་པ་ལ་གཡོན་ནས་རླུང་རྒྱུ་བའི་དུས་བཟང་ངོ་། །ལོ་ཟླ་ཕྱོགས་ཐུན་བརྒྱད་ཀྱི་བརྟག་པ་དང་། འདྲི་བའི་དུས་རླུང་ཕྱིར་འགྲོ་ན་ངན། ནང་དུ་འོང་ན་བཟང་ངོ་། །གསུམ་པ་དྲིས་པའི་དབྱངས་ཀྱི་སྒོ་ནས་བརྟག་པ་ནི། འདྲི་བྱེད་ཀྱི་ཕོ་ཉ་བས་བརྗོད་པའི་གསལ་བྱེད་རྣམས་དོར་ནས། སྲོག་དབྱངས་ཀྱི་ཡི་གེ་རྣམས་བགྲང་ངོ་། །འདི་ལ་རྒྱ་སྐད་ལ་དབྱངས་བགྲང་བ་དེ་ཡང་བོད་ན་མི་བདེ་བས། སྤྱིར་བཏང་ཚེག་བར་བགྲང་། དམིགས་བསལ་ངའི་ཞེས་པ་ལྟ་བུའི་དྲུག་སྒྲ་རྣམས་ཀྱང་ཐ་དད་དུ་བགྲང་། བགྲངས་པ་དེ་དག་སྣ་བུག་གཡས་གཡོན་གྱི་རླུང་བཅུ་ཡིས་བསྒྱུར་ཏེ། དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་ཁྱིམ་བཅུ་གཉིས་བསྲེ་བར་བྱའོ། །དུས་སྦྱོར་བཅུ་གཉིས་པོ་རེ་རེའང་ཆུ་ཚོད་ལྔ་ལྔའི་བདག་ཉིད་ཡིན་པས། སླར་དེ་ལྔ་ཡིས་བསྒྱུར་རོ། །མཚན་མ་མཁན་པོ་རང་མ་གཏོགས་པའི་རང་ལ་ཐག་ཉེ་བའི་སྐྱེ་བོ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་བསྲེ། རེས་གཟའ་བདུན་གྱི་ཆ་ཡིས་བགོས་པའི་ལྷག་མ་གང་ཤར་ནི་གཟའ། དེ་ཡང་གཟའ་གཅིག་དང་། གསུམ་དང་། ལྔ་དང་། བདུན་ལ་གནས་ན་དོན་མི་འགྲུབ། ཉི་མ། བཀྲ་ཤིས། ཕུར་བུ། སྤེན་པ་སྟེ་དྲག་གཟའ་འོ། །མིག་གཟའ་གཉིས་དང་། རིག་བྱེད་དེ་བཞི་དང་། གཟའ་དྲུག་ལ་ལྷག་མ་གནས་པར་གྱུར་ན་ཕོ་ཉ་བས་བརྗོད་པའི་བྱ་བ་འགྲུབ་སྟེ། ཟླ་ལྷག་པ་སངས་ཞི་གཟའ་ཡིན་པའོ། །བཞི་པ་ཁྱད་པར་མང་པོའི་སྒོ་ནས་བརྟག་པ་ནི། ཕྱི་རོལ་གཟའི་སྟོབས་དང་། དུས་སྦྱོར་གྱི་སྟོབས་ཀྱིས་ལུང་སྟོན་ཏེ། སྔ་དྲོ་དང་པོ་ཉི་མ་ཁྱིམ་གང་ན་ཡོད་པའི་དུས་སྦྱོར་དེ་དང་པོར་འཆར་ཞིང་། དེ་ནས་རིམ་པར་འཆར་བའི་དུས་སྦྱོར་དང་། འཆར་བ་ལས་བདུན་པའི་དུས་སྦྱོར་ལ་གལ་ཏེ་གཟའ་དུས་མེ་ཡོད་ན་དགེ་བ་བྱ་བ་དོན་གཉེར་བ་རྣམས་འཆི། ཉི་མ་ཡོད་ན་ནད་ཀྱིས་ཐེབས། ས་སྐྱེས་ཡོད་ན་རྨ་འབྱུང་། སྤེན་པ་ཡོད་ན་ནོར་ཉམས་པས་སྤང་བར་བྱ། དུས་སྦྱོར་དེ་གཉིས་ལ་སྒྲ་གཅན་ཡོད་ན་དགྲ་ཉམས། ཟླ་བ་ལ་ཡོད་ན་རང་ཉིད་རྒྱལ། ལྷག་པ་ལ་ཡོད་ན་གཡུལ་རྒྱལ། པ་སངས་ལ་ཡོད་ན་བུད་མེད་དང་ལྷན་ཅིག་ནོར་འཐོབ། གལ་ཏེ་དུས་སྦྱོར་བཅུ་གཉིས་པོ་ཐམས་ཅད་ཞི་གཟའ་དང་བཅས་པར་གྱུར་ན་དགེ་བ་ཡིན་ནོ། །གཟའ་ཚེས་ཀྱི་སྒོ་ནས་ལུང་བསྟན་པ་ནི། སྲེག་ཚེས་དང་འཆི་སྦྱོར་སྤངས་པའི་གཟའ་ཚེས་ལ་དགེ་བའི་དོན་རྣམས་འགྲུབ་བོ། །འགྲུབ་སྦྱོར་ནི་ཚེས་གྲངས་གང་ཡིན་ཀྱང་། རེས་གཟའ་ཉི་མ་དང་མེ་བཞི་ལྷན་ཅིག་འཛོམ་ན་འགྲུབ་སྦྱོར། དེ་བཞིན་ཕུར་བུ་དང་རྒྱལ་སྨད། ལྷག་པ་དང་ལྷ་མཚམས། སྤེན་པ་དང་སྣར་མ། ཟླ་བ་དང་གྲོ་བཞིན། མིག་དམར་དང་ཐ་སྐར། པ་སངས་དང་ནམ་གྲུ་འཛོམ་པ་རྣམས་འགྲུབ་སྦྱོར། འཆི་སྦྱོར་ནི་ཉི་མ་དང་ལྷ་མཚམས་འཛོམ་ན་འཆི་སྦྱོར། ཟླ་བ་དང་སྨིན་དྲུག མིག་དམར་དང་མོན་གྲུ། ལྷག་པ་དང་ཐ་སྐར། ཕུར་བུ་དང་མགོ པ་སངས་དང་སྣར་མ། སྤེན་པ་དང་མེ་བཞི་འཛོམ་ན་འཆི་སྦྱོར། སྲེག་ཚེས་ནི་ཉི་མ་དང་ཚེས་བཅུ་གཉིས་འཛོམ་ན་སྲེག་ཚེས། ཟླ་བ་དང་ཚེས་བཅུ་གཅིག མིག་དམར་དང་ཚེས་བཅུ། ལྷག་པ་དང་ཚེས་གསུམ། ཕུར་བུ་དང་ཚེས་དྲུག པ་སངས་དང་ཚེས་གཉིས། སྤེན་པ་དང་ཚེས་བདུན་འཛོམ་པ་རྣམས་སྲེག་ཚེས། ཕྱི་མ་གཉིས་ལ་དགེ་བ་སྤངས། མི་དགེ་བའི་ལས་ལ་བཟང་། དེ་བཞིན་སྦྱོར་བ་བཅུ་བདུན་པ་ཤིན་ཏུ་ལྟུང་དང་། བཅུ་དགུ་པ་ཡོངས་འཇོམས་དང་། ཉེར་བདུན་པ་འཁོན་འཛིན་གསུམ་མི་དགེ་བབས་སྤངས། ལྷག་མ་ཐམས་ཅད་དགེ འོན་ཀྱང་ཐོག་མའི་ཆུ་ཚོད་སྤངས་དགོས་ལ། སེལ་བ་ལ་ཆུ་ཚོད་གསུམ། ཟུག་རྔུ་ལ་ལྔ། སྐྲངས་དང་ཤིན་ཏུ་སྐྲངས་གཉིས་ལ་དྲུག ཀུན་འཇོམས་དང་རྡོ་རྗེ་ལ་ཆུ་ཚོད་དགུ་སྤངས་དགོས་པ་ཡིན་ནོ། །སྐར་མའི་སྟོབས་ཀྱིས་བརྟག་པ་ནི། རང་གི་སྐྱེས་སྐར་གང་ཡིན་པ་དེ་དང་པོར་བྱས་ནས་དགུ་ཚན་གསུམ་དུ་གཏང་། རང་གི་སྐྱེས་སྐར་ནས་སྐར་མ་གཅིག་གིས་བར་དུ་ཆོད་པ་སྐར་མ་གསུམ་པ་དང་། ལྔ་པ་དང་། བདུན་པ་དང་། དགུ་པ་རྣམས་མི་མཉམ་པའི་གནས་ཀྱི་སྐར་མ་སྟེ། དེ་རྣམས་གང་རུང་གཅིག་གི་སྟེང་ན་གཟའ་ཉི་མ་དང་། མིག་དམར་དང་། སྤེན་པ་དང་། དུས་མེ་རྣམས་ལས་གང་རུང་ཞིག་དང་ཟླ་བ་ལྷན་ཅིག་ཏུ་ཡོད་ན་ནད་པའམ་གཡུལ་དུ་འཐབ་མཁན་གྱི་མི་དེ་འཆི་བར་འགྱུར་ཞིང་སྐྱེས་སྐར་ནས་བགྲངས་པའི་སྐར་མ་གཉིས་པ། བཞི་པ། དྲུག་པ། བརྒྱད་པ་མཉམ་པ་ལ་གནས་པའི་སྐར་མ་སྟེ། དེ་གང་རུང་ཞིག་གི་སྟེང་དུ་གཟའ་བཞི་པོ་གང་རུང་ཞིག་དང་ཟླ་བ་ལྷན་ཅིག་ཡོད་ན་མི་དེ་འཚོ་ཞིང་རྒྱལ་བར་འགྱུར་རོ། །ལྔ་པ་གདེངས་ཅན་གྱི་འཁོར་ལོས་བརྟག་པ་ནི། འཁྱོག་ལྔ་པའི་སྦྲུལ་རྩ་གསུམ་པ་ལ་ཐ་སྐར་ནས་ནམ་གྲུའི་བར་དུ་རྒྱུ་སྐར་ཉེར་བདུན་རྩ་རེ་ལ་བཀོད་ཅིང་ནད་པའི་གཡུལ་དུ་འཐབ་མཁན་གྱི་སྐྱེས་སྐར་རྩ་གང་ལ་ཡོད་པའི་རྩ་དེ་ཉི་མ་སོགས་དྲག་གཟའ་བཞི་གང་རུང་དང་ཟླ་བ་ལྷན་ཅིག་ཡོད་ན་མི་དེ་འཆི་བར་འགྱུར་རོ། །འཁྱོག་པོ་བཞི་པའི་སྦྲུལ་རྩ་གསུམ་པ་ལ་ཐོག་མར་སྨིན་དྲུག་ནས་བརྩམས་ཏེ་སྐར་མ་གསུམ་གསུམ་རྩ་ལ་གནས་ཤིང་། རེ་རེ་རྩ་ལ་མ་སོང་བ་ལ་སྐྱེས་སྐར་རྩ་ལ་ཡོད་ཅིང་། རྩ་དེ་ཟླ་བ་དང་ལྷན་ཅིག་ཡོད་ན་ཐོག་མར་གཡུལ་དུ་ཞུགས་པ་དེ་རྒྱལ་བར་འགྱུར་ལ། རྩ་ལ་མ་སོང་བའི་སྐར་མ་གསུམ་ལ་ཟླ་བ་ཡོད་ན་ཕྱི་ནས་གཡུལ་དུ་ཞུགས་པ་དེ་རྒྱལ་བར་འགྱུར་རོ། །ཡང་འཁྱོག་གསུམ་པའི་སྦྲུལ་རྩ་གསུམ་དང་ལྡན་པ་ལ་ལག་གིས་ཐོག་མ་བྱས་པའི་སྐར་མ་ཉེར་བདུན་པོ་ལས་རྩ་ལ་སོང་བ་གསུམ་མ་སོང་བ་གསུམ་བཀོད་པས་སྔ་མ་བཞིན་ནོ། །དྲུག་པ་ཚེ་གནས་ཀྱི་བརྟག་པ་ནི། ལུས་ཅན་རྣམས་ཀྱིས་ཚེ་ལོ་བརྒྱ་དང་བརྒྱད་ཐུབ་པའི་དབང་དུ་བྱས་ནས་ལོ་བརྒྱ་དང་བརྒྱད་ལ་ཉི་མ་ལ་སོགས་པའི་གཟའ་བརྒྱད་ཀྱིས་བདག་པོ་བྱེད་དོ། །དེ་ཡང་རྩིབས་བརྒྱད་པའི་འཁོར་ལོ་བྲིས་ལ། ཤར་གྱི་ལྟེ་བར་ཉི་མས་བདག་པོ་བྱེད་པའི་ལོ་དྲུག མེར་ཟླ་བས་བདག་པོ་བྱེད་པའི་ལོ་བཅུ། ལྷོར་མིག་དམར་གྱིས་བདུན། བདེན་བྲལ་དུ་རཱ་ཧུའི་བཅོ་བརྒྱད། ནུབ་ཏུ་ཕུར་བུའི་བཅུ་དྲུག རླུང་དུ་སྤེན་པའི་བཅུ་དགུ བྱང་དུ་ལྷག་པའི་བཅུ་བདུན། དབང་ལྡན་དུ་པ་སངས་ཀྱི་ཉི་ཤུ། གཟའ་དེ་རྣམས་རང་རང་གི་ལོ་གྲངས་ལ་ལོངས་སྤྱོད་པ་ཡིན་ནོ། །རྒྱུད་འདིར་ཚེའི་བདག་པོའི་གཟའ་ངོས་འཛིན་གསལ་བར་མ་གསུང་ལ། གཡུལ་རྒྱལ་བཞིན་དུ་བྱས་ན་འདིར་གཟའ་བརྒྱད་ལས་མེད་པས་མ་འགྲིག འོག་ཏུ་ནང་གི་གནས་སྐབས་ལ་གཟའ་བརྒྱད་འགོད་ཚུལ་གྱི་རིགས་པས་སྐར་མ་ཉེར་བདུན་ལ་རྐང་པ་བརྒྱ་རྩ་བརྒྱད་དེའི་རྐང་པ་དང་པོ་དྲུག་ཉི་མ། དེ་ནས་བཅུ་ཟླ་བ་སོགས་ལ་སྦྱོར་བ་ཡིན་ནམ། ཡང་ན་གཡུལ་རྒྱལ་བཞིན་དུ་བྱས་ནས་དུ་མཇུག་གི་སྐལ་བ་དོན་མེད་ལ་གཏོང་བ་ཡིན་ནམ་དཔྱད་དགོས་སོ་ཞེས་བུ་སྟོན་གསུང་། རེས་གཟའ་ལ་འདོད་པ་ནོར་བ་འདྲའོ་ཞེས་བླ་མས་གསུངས། གཡུལ་རྒྱལ་ལས་གཟའ་དགུར་གསུངས་ཏེ། ཉི་མ་མིག་དམར་སྒྲ་གཅན་དང་། ཕུར་བུ་སྤེན་པ་གཟའ་ལྷག་དང་། དུ་མཇུག་པ་སངས་ཞེས་བྱ་བ། །གཟའ་རྣམས་དགུ་རུ་ཡོངས་སུ་གྲགས། །ལུས་ཅན་ཚེ་ཡི་གནས་སྐབས་ལ། །ཀུན་ཏུ་དབང་བྱེད་འདི་རྣམས་ཡིན། །ཡོངས་སུ་རྫོགས་པ་རབ་མ་དང་། །འབྲིང་དང་ཐ་མར་ཤེས་པར་བྱ། །རྒྱུ་སྐར་སྨིན་དྲུག་ལ་སོགས་པ། །ལན་གསུམ་བསྐོར་བས་ཉི་ཤུ་བདུན། །རེ་མིག་ཐད་དྲང་རིམ་པ་ལྔ། །སྡེ་ཚན་དགུ་དགུར་གནས་པ་ལ། །ཉི་མ་ནས་བརྩམས་པ་སངས་མཐར། །དགུ་པོ་རེ་མིག་རྣམས་ལ་གྲགས། །ཞེས་གསུངས། འདྲི་བྱེད་སྐྱེས་བུ་དེ་སྐྱེས་ནས་མ་ཤིའི་བར་གྱི་ཚེ་ལ་བདག་བྱེད་པའི་གཟའ་ཉི་མ་ནས་མཇུག་རིངས་ཀྱི་བར་དགུ། དེ་ལ་རང་གི་སྐྱེས་སྐར་ལ་ཆུ་ཚོད་དྲུག་ཅུ་ཡོད་པ་ལས་ཆུ་ཚོད་བཅོ་ལྔ་རེ་ལ་རྐང་པའམ་ཆ་ཤས་ཀྱི་མིང་བཏགས་ནས་ཆ་ཤས་བཞི་འབྱུང་། རྒྱུ་སྐར་དེའི་ཆུ་ཚོད་དང་པོ་ནས་བཅོ་ལྔའི་བར་ལ་སྐྱེས་པའི་མི་དེ་ལ་ཆ་ཤས་དང་པོ་ལ་སྐྱེས་པ་ཟེར། དེས་ལོ་བརྒྱ་ཉི་ཤུ་ཐུབ། དེ་ལ་ཚེ་ལ་དབང་བྱེད་པའི་གཟའ་དགུས་བགོ་བཤའ་བྱས་ན་ཉི་མས་ལོ་དྲུག་ནས་པ་སངས་ཀྱིས་ལོ་ཉི་ཤུ་བདག་བྱེད་པའི་བར་སྐྱེས་སྐར་དེའི་ཆུ་ཚོད་བཅུ་དྲུག་པ་ནས་སུམ་ཅུའི་བར་ལ་སྐྱེས་པའི་མི་དེ་ཆ་ཤས་གཉིས་པར་སྐྱེས་པ་ཟེར། དེའི་ཚེ་ལོ་བརྒྱ་དེ་ལ་དབང་བྱེད་པའི་ཉི་མའི་ལོ་ལྔ། ཟླ་བའི་བརྒྱད་དང་ཟླ་བ་བཞི། མིག་དམར་གྱི་ལོ་ལྔ་དང་ཟླ་བ་བཅུ། ར་ཧུ་ལའི་ལོ་བཅོ་ལྔ་ཕུར་བུའི་ལོ་བཅུ་གསུམ་དང་ཟླ་བ་བཞི། སྤེན་པའི་ལོ་བཅོ་ལྔ་དང་ཟླ་བ་བཅུ། ལྷག་པའི་ལོ་བཅུ་བཞི་དང་ཟླ་བ་གཉིས། དུ་བའི་ལོ་ལྔ་དང་ཟླ་བ་བཅུ། པ་སངས་ཀྱི་ལོ་བཅུ་དྲུག་དང་ཟླ་བ་བརྒྱད་དོ། །སྐྱེས་སྐར་གྱི་ཆུ་ཚོད་སོ་གཅིག་པ་ནས་ཞེ་ལྔའི་བར་ལ་སྐྱེས་པའི་མི་དེ་ཆ་ཤས་གསུམ་པ་ལ་སྐྱེས་པ་ཚེ་ཚད་ལོ་བརྒྱད་ཅུ་ཐམ་པ་དེའི་བདག་པོའི་གཟའ་རིམ་པ་བཞིན། ལོ་བཞི་དང་། ལོ་དྲུག་ཟླ་བ་བརྒྱད་དང་། ལོ་བཞི་ཟླ་བརྒྱད་དང་། ལོ་བཅུ་གཉིས་དང་། ལོ་བཅུ་དང་ཟླ་བ་བརྒྱད་དང་། ལོ་བཅུ་གཉིས་ཟླ་བརྒྱད་དང་། ལོ་བཅུ་གཅིག་ཟླ་བ་བཞི་དང་། ལོ་བཞི་ཟླ་བ་གཉིས། ལོ་བཅུ་གསུམ་དང་ཟླ་བ་བཞི། སྐྱེས་སྐར་དེའི་ཆུ་ཚོད་ཞེ་དྲུག་པ་ན་དྲུག་ཅུའི་བར་ལ་སྐྱེས་པ་ལ་ཆ་ཤས་བཞི་པར་སྐྱེས་པ། དེའི་བདག་པོའི་གཟའ་རིམ་པ་བཞིན། ལོ་གསུམ་དང་། ལོ་ལྔ་དང་། ལོ་གསུམ་ཟླ་བ་དྲུག་དང་། ལོ་དགུ་དང་། ལོ་བརྒྱད་དང་། ལོ་དགུ་ཟླ་བ་དྲུག་དང་། ལོ་བརྒྱད་ཟླ་བ་དྲུག་དང་། ལོ་གསུམ་ཟླ་བ་དྲུག་དང་། ལོ་བཅུ་ཟླ་བ་དྲུག་དང་། ཡང་རིམ་པ་ཇི་ལྟ་བར་ཞི་གཟས་བདག་བྱེད་དུས་དགེ་འབྲས་དང་། དྲག་གཟས་བདག་བྱེད་དུས་མི་དགེ་བའི་འབྲས་བུ་ལ་ལོངས་སྤྱོད། གཟའ་དེ་རྣམས་ཀྱིས་དབང་བྱེད་པའི་སྐར་མ་ཉེར་བདུན་ཏེ། རྒྱུ་སྐར་གསུམ་ཚན་རེ་གཟའ་རེ་བདག་བྱེད་དོ། །དེ་ཡང་ཉི་མས་བདག་བྱེད་པའི་སྐར་མ་གསུམ་ནི། སྨིན་དྲུག་ཁྲ་ཕུལ་གསུམ། དེ་རྣམས་ལ་སྐྱེས་ན་དང་པོར་ལོ་དྲུག་གི་བར་ལ་ཉི་མའི་འབྲས་བུ་འབྱུང་། ཟླ་བས་བདག་བྱེད་པ་བི་རྫི་བྱ་མ་ཕུལ་གྲོ་བཞིན་གསུམ། ལོ་བཅུའི་བར་དུ་ཟླ་བའི་འབྲས་བུ་འབྱུང་། མིག་དམར་གྱིས་བདག་བྱེད་པ་མགོ་བྱའུ་མོན་གྲེ་གསུམ། དེ་ལ་སྐྱེས་ན་ལོ་བདུན་མིག་དམར་གྱི་འབྲས་བུ། རཱ་ཧུས་བདག་བྱེད་པ་ལག་པ་ས་རི་མོན་གྲུ། དེ་རྣམས་ལ་སྐྱེས་པ་ལོ་བཅོ་བརྒྱད་རཱ་ཧུའི་འབྲས་བུ། ཕུར་བུས་བདག་བྱེད་པ་ནབས་སོ་ས་ག་ཁྲུམས་སྟོད། དེ་རྣམས་ལ་སྐྱེས་པ་ལོ་བཅུ་དྲུག་ཕུར་བུའི་འབྲས་བུ། སྤེན་པས་བདག་བྱེད་པ་རྒྱལ་སྨད་ལྷ་མཚམས་ཁྲུམས་སྨད། དེ་རྣམས་ལ་སྐྱེས་པ་ལོ་བཅུ་དགུ་སྤེན་པའི་འབྲས་བུ། ལྷག་པས་བདག་བྱེད་པ་སྐག་སྣྲོན་ཤེ་ས་གསུམ། དེ་རྣམས་ལ་སྐྱེས་པ་ལོ་བཅུ་བདུན་ལྷག་པའི་འབྲས་བུ། དུ་བས་བདག་བྱེད་པ་མཆུ། སྣྲུབས། ཐ་སྐར། དེ་རྣམས་ལ་སྐྱེས་པ་ལོ་བདུན་དུ་བའི་འབྲས་བུ། པ་སངས་ཀྱིས་བདག་བྱེད་པ་གྲེ་ཆུ་སྟོད་བྲ་ཉེ་གསུམ། དེ་ལ་སྐྱེས་པ་ལོ་ཉི་ཤུ་པ་སངས་ཀྱི་འབྲས་བུ་འབྱུང་ངོ་། །དེ་ལྟར་ལོ་དྲུག་ལ་སོགས་པ་བརྒྱད་དུ་གསིལ་བའི་ཡ་གྱལ་གཅིག་ལ་ནང་གི་གནས་སྐབས་རྣམ་པ་བརྒྱད་དུ་འགྱུར་ལ། དེ་དག་ལ་སྡེ་པའི་ཡི་གེ་འཇིག་རྟེན་ལ་གྲགས་པ། ཨ་ཨི་ཨུ་ཨེ་ཨོ་ཨའི་སྡེ་དང་། ཀ་སྡེ་སོགས་ལྔ་དང་། ཡའི་སྡེའི་མཐར་གནས་དང་། ཤ་སྡེ་དྲོ་བ་སྟེ་སྡེ་བརྒྱད། དེ་ཡང་། ཨ་སྡེ། ཨ་ཨི་རྀ་ཨུ་ལྀ་ཞེས་པར་རིགས་པས་ད་ནི་ཉི་མའི་གནས་པས་ལོ་དྲུག ནང་གི་གནས་སྐབས་རྣམ་པ་བརྒྱད་ལ་སྤྱོད། དེ་བཞིན་ཧ་ཡ་ར་ཝ་ལ། ཟླ་བའི་ལོ་བཅོ་ལྔ། ནང་འདྲ། ང་གྷ་ག་ཁ་ཀ བཀྲ་ཤིས་གྱི་ལོ་ལྔ་དང་ནང་གི་ཆ་ལྔ། ཉ་སོགས་ལྷག་པའི་ལོ་བཅུ་བདུན་དང་། ནང་བརྒྱད། ཎ་སོགས་སྤེན་པའི་ལོ་བཅུ། ནང་འདྲ། མ་སོགས་ཕུར་བུའི་ལོ་བཅུ་དགུ། ནང་འདྲ། ན་སོགས་སྒྲ་གཅན་གྱི་ལོ་བཅུ་གཉིས་དང་། ྈྐ་སོགས་དཀར་པོའི་ལོ་ཉེར་གཅིག་དང་། ནང་གི་གནས་སྐབས་ཀྱི་ལོངས་སྤྱོད། བདུན་པ་རྟེན་འབྲེལ་གྱི་སྒོ་ནས་བརྟག་པ་ནི། དང་པོ་རྩིབས་ལྷོའི་ཤར་མ་ལ་ཆུ་སྲིན་གྱི་ཁྱིམ་སྟེ། དེར་ཉི་མ་སོན་པའི་ཟླ་བ་དེ་མ་རིག་པའི་ཟླ་བ་ཞེས་བཞག་སྟེ། དེ་ནས་རིམ་པས་གཞུ་ནས་རྒ་ཤིའོ། །འདི་ནི་མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་མཁའ་འགྲོ། གདན་བཞི་སོགས་ལས་བཤད་པ་དང་མཐུན་ནོ། །དེ་མ་རིག་པ་ལོ་གཅིག་གི་རྟེན་འབྲེལ་འཆར་བའི་དབང་དུ་བྱས་ལ། སྔ་མ་ནི་ཉི་མ་དང་། གཉིས་པ་ནི་ཟླ་བའི་ཆའི་དབང་དུ་བྱས་སོ། །ཚེས་གང་ལ་རྟེན་འབྲེལ་གང་ཤར་བ་ནི། རེའུ་མིག་བཞིན་ནག་ཕྱོགས་བཅུ་གཉིས་ལ་སྡུད་བསྐྱེད་སྤེལ་མ་དང་། དཀར་ཕྱོགས་བཅུ་གཉིས་ལ་བསྐྱེད་སྡུད་སྤེལ་མར་འཆར་རོ། །དེ་ཡང་ནང་གི་རྒྱུ་བ་མཉམ་མི་མཉམ་ཡན་ལག་ལས་བཅུ་གཉིས། འདིར་ཡང་དེ་བཞིན་ཏེ། ཡན་ལག་མི་མཉམ་པ་ནི་ཞི་བའི་བྱ་བ་ཀུན་ལ་དགེའོ། །དེ་ཡང་མ་རིག་པ། རྣམ་ཤེས་སྐྱེ་མཆེད་དྲུག ཚོར་ལེན་སྐྱེ་བ་རྣམས་ཏེ་ཁ་ཡར་བའི་གྲངས་ལ་གནས་པས་མི་མཉམ་པའི་ཡན་ལག་གོ །དེ་བཞིན་མཉམ་པ་ནི་དྲག་པོའི་ལས་ལ་ཤིས་ཏེ། འདུ་བྱེད། མིང་གཟུགས་རེག་པ། སྲེད་པ། སྲིད་པ། རྒ་ཤི། གཉིས་དང་བཞི་ལ་སོགས་ཁ་ཆམ་གྱི་གྲངས་ལ་གནས་པས་མཉམ་པ་ཞེས་བྱའོ། །གཉིས་པ་ཕྱོགས་ཀྱི་སྒོ་ནས་བརྟག་པ་ལ། གཟའ་བརྒྱད་ཀྱི་སྟོབས། རྣལ་འབྱོར་མའི་སྟོབས། བིཥྚའི་སྟོབས། དྲག་པོའི་སྟོབས། ཐུན་ཕྱེད་སྒྲ་གཅན་གྱི་སྟོབས། འཐབ་མོའི་སྟོབས། སྒྲ་གཅན་འཁོར་བའི་ལྟ་བ་ངོས་གཟུང་བ་དང་བདུན་ལས། དང་པོ་ནི། གཡུལ་སྤྲོད་པའི་དུས། ཉི་མ། མིག་དམར། མཇུག་རིངས། སྤེན་པ་སྟེ་གདུག་པའི་གཟའ། རང་གི་གཡས་སམ་རྒྱབ། ཕ་རོལ་པོའི་མདུན་ནམ་གཡོན་དུ་གནས་པ་དང་། ཟླ་བ་ལྷག་པ། པ་སངས། བླ་མ་རྣམས་ཞི་བའི་གཟའ་རང་གི་གཡོན་དང་མདུན། དགྲའི་གཡས་དང་རྒྱབ་ཏུ་གནས་ན་དགྲ་འཆི། དེ་བཞིན་འཆད་པར་འགྱུར་བའི་རྣལ་འབྱོར་མ་བརྒྱད་དང་། བིཥྚི། དྲག་པོ་རླུང་ཤུགས་ཀྱིས་ཞག་གཅིག་ལ་རི་རབ་རྫོགས་པར་འཁོར་བའི་ཐུན་ཕྱེད་པའི་སྒྲ་གཅན་དང་བཅས་པ་ཡང་རང་གི་གཡས་དང་རྒྱབ་ཏུ་གནས་ན་དགྲ་འཆི་བར་བྱེད་དོ། །དེ་ཡང་ཞིབ་ཏུ་བྱེད་ན་གཟའ་རྒྱུ་ཚུལ་ལེགས་པར་ཤེས་དགོས་པར་བཤད་པས་གཟའ་རྣམས་མྱུར་འགྲོས་ལ་ཁ་ཤར་ལྟ། འཁྱོག་འགྲོས་ལ་ནུབ་ལྟ། དལ་འགྲོས་ལ་ལྷོར་ལྟ། འབྱུང་འགྲོས་ལ་ཁ་བྱང་ལྟ། དྲག་གཟའ་རྣམས་རང་གི་གཡས་སམ་རྒྱབ་ཏུ་བཞག་དགོས་པ་ལ། དཔེར་ན་མིག་དམར་སྒྲ་མི་སྙན་ན་དལ་འགྲོས་ལ་འདུག་ན་རང་ཁ་བྱང་དུ་བསྟན། དེ་ལ་མིག་དམར་བྱང་ན་ཡོད་སྙམ་པའི་རྟོག་པ་མི་དགོས་ཏེ་རང་དང་མིག་དམར་ཁ་ལྟ་ཕྱོགས་མཐུན་པའི་ཕྱིར་རོ། །དེ་བཞིན་དུ་འཁྱོག་འགྲོས་ལ་འདུག་ན་རང་ཁ་ཤར་དུ་བལྟ་སྟེ། སྒྲ་མི་སྙན་གྱི་ནུབ། ལུས་འཕགས་པོ་ཡིན་པའི་ཕྱིར་རོ། །འབྱུང་འགྲོས་ལ་འདུག་ན་རང་ཁ་ལྷོར་བལྟ་དགོས་ཏེ། དེ་ལྟ་མིན་ན་གདོང་ཐུག་ཏུ་འགྲོ་བའི་ཕྱིར་རོ། །མྱུར་འགྲོས་ལ་འདུག་ན་ཁ་ནུབ་ཏུ་བལྟ་དགོས། ནུབ་བ་ལང་སྤྱོད་བྱང་སྒྲ་མི་སྙན་པའི་ཤར་ཡིན་པས་སོ། །དེ་ནི་གཟའ་གཞན་ལའང་རིགས་འགྲེའོ། །དེ་ལྟ་མིན་པའི་གཡས་དང་རྒྱབ་ཏུ་བཞག་པ་ཙམ་བརྩིས་པའི་ཡིད་ཆེས་བྱས་ན་ཉེས་དམིགས་ཆེན་པོར་འགྲོ་ཉེན་ཡོད་དོ། །གཉིས་པ་ནི། ཚང་མ་ཤར་དུ་ཕྱོགས་གཉིས་ཀའི་ཚེས་གཅིག་ལ་འཆར། གཉིས་ལ་དྲག་མོ་བྱང་། གསུམ་ལ་གཞོན་ནུ་མ་མེར། བཞི་ལ་ཁྱབ་འཇུག་མ་སྲིན་པོར། ལྔ་ལ་ཕག་མོ་ལྷོར། དྲུག་ལ་དབང་མོ་ནུབ། བདུན་ལ་ཙ་མུཎྜྻི་རླུང་དུ། བརྒྱད་ལ་དཔལ་མོ་དབང་ལྡན་དུ་འཆར། སླར་ཡང་བཅོ་ལྔའི་བར་དུ་དེ་བཞིན་དུ་འཁོར་ལ། བཅོ་ལྔ་དང་གནམ་སྟོང་གི་སྔ་ཆ་ལ་ཙ་མུཎྜྻི་དང་། ཕྱི་ཆ་ལ་དཔལ་མོ། ཡང་ཚེས་ཕྱེད་དུ་གཏང་། དེ་བརྒྱད་བརྒྱད་དུ་གསིལ་པའི་དང་པོ་ནས་ཚེས་བདག་དེས་གཙོ་བྱས་པ་བརྒྱད་བརྒྱད་འཆར། རྩིས་འབྲས་ཀྱང་། རང་ཕྱོགས་ནས་སོང་རྒྱལ་འགྱུར་ཏེ། །དེར་འཇུག་རྣམས་ལ་ཞེ་སྡང་བྱེད། །སྟོབས་ཆེ་ནུས་མེད་མོས་པ་ལ། །འཁོར་ལོ་བདེན་པར་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་ནི། བིཥྚི་ནི་ཡར་ངོའི་ཚེས་བཞིའི་ཕྱི་ཆ་ལ་ཤར་ནས་ནུབ་ཏུ་རྒྱུ། བརྒྱད་ཀྱི་སྔ་ཆ་ལ་ལྷོ་ནས་བྱང་དུ། བཅུ་གཅིག་གི་ཕྱི་ཆ་ལ་ནུབ་ནས་ཤར་དུ། བཅོ་ལྔའི་སྔ་ཆ་ལ་བྱང་ནས་ལྷོར། བཅོ་བརྒྱད་ཀྱི་ཕྱི་ཆ་ལ་ཤར་ལྷོ་ནས་ནུབ་བྱང་། ཉེར་གཉིས་ཀྱི་སྔ་ཆ་ལ་ལྷོ་ནུབ་ནས་བྱང་ཤར། ཉེར་ལྔའི་ཕྱི་ཆ་ལ་ནུབ་བྱང་ནས་ཤར་ལྷོར། ཉེར་དགུའི་སྔ་ཆ་ལ་དབང་ལྡན་ནས་ལྷོ་ནུབ་ཏུ་རྒྱུ་བའོ། །འདིར་ཡང་རང་གི་རྒྱབ་དང་གཡས་སུའོ། །གཡུལ་རྒྱལ་ལས། ཉ་ལ་མེ་མཚམས་སུ་འབར་བ་ཅན། བཅོ་བརྒྱད་ལ་ཤར་དུ་ཀུ་ཊ་ལ་སྟེ་བརྩེགས་པ་ཅན། ཉེར་གཉིས་ལ་དབང་ལྡན་དུ་མ་ཧཱ་གྷོ་ར་སྟེ་རྟ་ཆེན། ཉེར་ལྔ་ལ་བྱང་ཕྱོགས་སུ་དཀྲིས་པ། ཉེར་དགུ་ལ་རླུང་དུ་མཧཱ་ཛི། ཛྫྙ་སྟེ་རྒྱལ་བ་ཆེན་པོ། ཚེས་བཞི་ལ་ནུབ་ཕྱོགས་སུ་བཀྟྲ་བཱ་སྟ་གདོང་བགྲད། ཚེས་བརྒྱད་ལ་ལྷོ་ནུབ་ཏུ་མཧཱ་མ་རི་སྟེ་གསོད་བྱེད་ཆེན་པོའམ་སྒྲ་ཆེན། བཅུ་གཅིག་ལ་ལྷོར་དུས་ལྕེ་རྣམས་འཆར་བ་དང་། དེ་དག་གི་དབྱིབས་སོགས་དབྱངས་འཆར་དུ། གཟུགས་དང་ཁ་དོག་སྣ་ཚོགས་པ། །གདོན་གྱི་སྒྲུབ་ཐབས་སྣ་ཚོགས་བསྒྱུར། །རྩིས་འབྲས། མེ་ནས་རླུང་དུ་འགྲོ་བ་དང་། །བརྡེག་བརྡུང་མེ་སྦར་ལས་རྣམས་བྱ། །ཀུ་ཊ་ལ་ཡི་སྣ་ཚོགས་མཚོན། །རེངས་པའི་ལས་དག་ནུབ་ཏུ་དགེ །མཧཱ་གྷོ་རས་རྨོངས་དང་སྲིན། །གནོད་པའི་ལས་རྣམས་བསྒྲུབ་པར་བྱ། །དཀྲིས་པ་དགྲ་དང་འཐབ་པ་དང་། །དགྲ་ཡུལ་བགྲོད་པའི་ལས་བསྒྲུབ་བྱ། །མཧཱ་ཛི་ཀ་དུག་སྦྱོར་དང་། །སྣ་ཚོགས་མཐུ་ནི་བསྒྲུབ་པར་བྱ། །བྷཱ་ཏ་ཝ་ལ་སྔགས་དང་དབང་། །གསོད་པའི་ལས་བསྒྲུབ་ཤར་དུ་དགེ །སྒྲ་ཆེན་མ་ལ་འཕྲུལ་འཁོར་དང་། །སྒྱོགས་ཀྱི་ལས་རྣམས་བསྒྲུབ་པར་བྱ། །དུས་ཀྱི་ལྕེ་ལ་གཞན་སྡུད་བྱ། །སེམས་ཅན་ཐམས་ཅད་གསད་པ་བསྒྲུབ། །ཅི་ལ་བབ་ཀྱང་བདག་གིས་ནི། །བིཥྚིའི་གདོང་ནི་སྤང་བར་བྱ། །དེ་ནས་བིཥྚིའི་ལོངས་སྤྱོད་བཤད། །བིཥྚིའི་ཆུ་ཚོད་སུམ་ཅུ་སྟེ། །བིཥྚིའི་གདོང་ལ་ཆུ་ཚོད་ལྔ། །བར་གྱི་ཆ་ལ་བཅུ་བཞི་སྟེ། །ཐ་མ་ལ་ནི་བརྒྱད་དུ་བརྗོད། །མཇུག་མ་ལ་ཡང་གསུམ་དུ་དྲན། །མཚན་མོ་གདོང་དགེ་མཇུག་མ་ངན། །མཇུག་དགེ་གདོང་འཇུག་ཉིན་མོར་དྲན། །བར་གྱི་ཆ་ལ་ནོར་ཉམས་བྱེད། །ཐ་མ་ལ་ནི་སྲོག་འཕྲོག་བྱེད། །ཅེས་གསུང་པས་སོ། །བཞི་པ་ནི། དྲག་པོ་བྱང་བགྲོད་ལ་གནས་ཏེ། །ཆུ་སྲིན་གྱི་དང་བུམ་པའི་ཕྱེད་ལ་ཤར་དུ་འཆར། དེའི་ཚེ་ཤར་ན་གནས་པ་རྒྱལ་བར་འགྱུར། །ནུབ་ན་གནས་པ་དེ་ཕམ་མོ། །བུ་མོའི་ཕྱེད་དང་ཉ་ལ་དབང་ལྡན། ལུག་དང་གླང་གི་ཕྱེད་ལ་བྱང་དུ། གླང་གི་ཕྱེད་དང་འཁྲིག་པ་ལ་རླུང་། ལྷོ་བགྲོད་ལ་གནས་ཏེ། ཀརྐ་ཊ་དང་སེང་གེའི་ཕྱེད་ལ་ནུབ། སེང་གེའི་ཕྱེད་དང་བུ་མོ་ལ་བདེན་བྲལ། སྲང་དང་སྡིག་པའི་ཕྱེད་ལ་ལྷོ། སྡིག་པའི་ཕྱོགས་དང་གཞུ་ལ་མེར་འཆར་བར་བྱེད་པ་ནི་ལོའི་དྲག་པོ་འཆར་བའི་ངེས་པ་ཡིན་ལ་ཕན་གནོད་ནི་དང་པོ་བཞིན་ནོ། །གཞན་དུ་བགྲོད་པའི་དྲག་པོ། པདྨ་ཅན་ཟླ་བའི་དྲག་པོ། ཕྱོགས་ཀྱི་དྲག་པོ། ཉིན་ཞག་གི་དྲག་པོ། དུས་ཟླ་བ་གཉིས་ཀྱི་དྲག་པོ་དང་རྣམ་པ་དྲུག་ནི་ཕྱི་རོལ་པས་བཤད་ཀྱང་འདིར་དོན་མེད་ཅེས་འགྲེལ་ཆེན་ལས་སོ། །འདིའི་དྲག་པོ་སྒྲ་གཅན་རང་ལུགས་དབང་ཕྱུག་ཆེན་པོའོ་དུའང་མི་བཞེད་དོ། །ལྔ་པ་ནི། ཐུན་ཕྱེད་སྒྲ་གཅན་ནི་རང་ལུགས་རེས་གཟའ་བདུན་དང་མཇུག་རིངས་ལ་བྱེད་ཅིང་། དེ་ཡང་འགྲོ་ཚུལ་ཉི་མ་ནི་སྔ་དྲོ་དང་པོ་ཤར་ཕྱོགས་ནས་འགོ་བརྩམས་ཏེ་ཐུན་ཕྱེད་ཀྱི་མཇུག་ཏུ་རླུང་དུ་རྒྱུའོ། །དེའི་ཚེ་ཤར་ནས་རླུང་མཚམས་སུ་ཁ་བལྟས་ན་རྒྱལ། དེ་ནས་ལྷོར་རྒྱུ། དེ་ནས་དབང་ལྡན། དེ་ནས་ནུབ། དེ་ནས་མེ། དེ་ནས་བྱང་། དེ་ནས་བདེན་བྲལ་དུ་འགྲོ་བར་བྱེད་དོ། །ཕྱོགས་བརྒྱད་པོ་རྣམས་ལ་ཉི་མ་ཤར་བ་ནས་ཉི་མ་ནུབ་པའི་བར་དུ་རྒྱུ་བའི་ངེས་པ་སྟེ། དེ་བཞིན་མཚན་མོའི་ཐུན་ཕྱེད་བརྒྱད་ལ་ཡང་ཤེས་པར་བྱ་ལ། རེས་གཟའ་ལྷག་མ་དྲུག་ལ། རེས་གཟའ་ཟླ་བ་ཡོད་པའི་ཉིན་ཞག་ལ་སྔ་དྲོ་དང་པོ་བྱང་ནས་མེར་རྒྱུ། མིག་དམར་ལ་མེ་ནས་ནུབ། ལག་པ་ལ་བདེན་བྲལ་ནས་བྱང་དུ། ཕུར་བུ་ལ་ལྷོ་ནས་དབང་ལྡན། པ་སངས་ལ་ནུབ་ནས་མེ། སྤེན་པ་ལ་རླུང་ནས་ཤར་དུ་སྟེ། དེ་ཡང་ཟླ་སྟོང་ལ་ཉིན་མོ་གཡོན་སྐོར་དང་། མཚན་མོ་གཡས་སྐོར་དང་། ཟླ་སྨད་ལ་དེ་ལས་ལྡོག་པར་བཤད་དོ། །མཇུག་རིངས་སྤེན་པར་བསྡུའོ། །དྲུག་པ་ནི། ཕན་ཚུན་གྱི་དམག་དཔོན་གྱི་མིང་གི་དབྱངས་ལྷག་པས་དམན་པ་འཇོམས། དེ་བཞིན་དུ་དབྱངས་ཐུང་ངུ་རིང་པོས་འཇོམས་པར་བྱེད་པ་བཞིན། དབུགས་ནང་དུ་བརྔུབ་པའི་དུས་གང་གིས་མིང་གིས་བརྗོད་ན་རྒྱལ། མིང་གང་དབུགས་ཕྱིར་འཐོན་པ་ལ་བརྗོད་པ་དེ་འཆི་བར་འགྱུར་རོ། །དེ་བཞིན་སྔར་མིང་བརྗོད་པ་དེ་རྒྱལ་ལ། ཕྱིས་བརྗོད་པའི་མིང་ཅན་ཕམ་པར་འགྱུར་རོ། །བདུན་པ་ནི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། སྒྲ་གཅན་གྱི་ལུས་ཀྱིས་ནོན་པའི་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ཁྱབ་པའི་སྒྲ་གཅན་ཤར་དུ་གདོང་པ་དང་། ནུབ་ཏུ་མཇུག་མ་ཡོད་ན། དེའི་ཚེ་ལྷོར་ལྟ་བ་དང་། བྱང་དུ་ལྟོ་བ་ཡོད་དེ། ལྟོ་བའི་ཆ་ནི་ལྟེ་བ་ལ་གནས་པའི་རྒྱུ་སྐར་བཅུ་གསུམ་རྣམས་ཀྱི་མཐའ་ནས་གཉིས་གཉིས་དོར་བའི་གཡས་དང་གཡོན་ནས་བཞི་པ་གསུམ་པའི་ཆ་རྒྱུ་སྐར་བཞི་ནི་སྒྲ་གཅན་གྱི་ལྟ་ས་ཡིན་ལ། བཞི་ནི་དུས་མེའི་ལྟ་ས་སྟེ། དེ་གཉིས་ཀྱི་སྟེང་ནས་ཕན་ཚུན་འཐབ་ན་གཉིས་ཀའི་སྡེ་འཇོམས། ལྟ་བའི་ཆ་ལ་གནས་པ་རྣམས་ནི་ལྟོའི་ཆར་ཞུགས་པ་རྣམས་ལ་མངོན་པར་ཕྱོགས་པར་འགྱུར་ཏེ་དེ་རྣམས་དང་ལྷན་ཅིག་འཐབ་བོ། །དེ་ལས་སྒྲ་གཅན་གྱི་ལྟ་བའི་ཆ་གང་ལ་གནས་པ་སྟེ་འཆི་བ་འམ་ཕམ་པ་དང་། ལྟོའི་དབུས་སུ་གང་གནས་པ་དེ་རྒྱལ་བར་འགྱུར་རོ། །འདིར་རྣལ་འབྱོར་མ་བརྒྱད་དང་། བིཥྚི་དང་། དྲག་པོ་དང་། དྲག་པོའི་གཟའ་ཚོགས་དང་བཅས་པ་དང་། དབྱངས་ནི་འཆར་བ་དག་དང་བཅས་པར་འགྱུར་བ་དེ་དག་གི་སྟོབས་རྣམས་བཟང་ངན་མཐུན་པར་མ་གྱུར་ན་སྒྲ་གཅན་ཁོ་ན་བརྩི་བར་བྱ་སྟེ། ཤིན་ཏུ་སྟོབས་ཆེ་བའི་ཕྱིར་རོ། །དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས། ལོངས་སྤྱོད་ཁྱེར་ལས་ཕན་གནོད་དུ་འགྱུར་བའི་དཔྱད་བཤད་པའི་སྐབས་ཏེ་དགུ་པའོ།། །། གཉིས་པ་སྦྱོང་བྱེད་རྗེས་སུ་དཔག་པའི་ལྷའི་རྣལ་འབྱོར་བཤད་པ་ལ། སྦྱོང་བྱེད་དུ་འགྲོ་བ་སྟོང་ཉིད་ལ་རག་ལས་པར་བསྟན། སྟོང་ཉིད་ཀྱིས་ཟིན་པའི་རིམ་འཇུག་གི་ལམ་དངོས་བཤད་པ་གཉིས། དང་པོ་ནི། ཇོ་བོ་ཨ་ཏི་ཤའི་གྲོགས་པོ་པཎྜྻི་ཏ་སའི་སྙིང་པོ་ཟེར་བ་ཞིག་གིས་རེས་འགའ་སངས་རྒྱས་པའི་སྔགས་རྒྱུད་ལ་བལྟས། རེས་འགའ་མུ་སྟེགས་བྱེད་དག་གི་ལ་བལྟས་པས་ཁྱད་པར་མ་ཕྱེད་ནས་ཇོ་བོ་ཨ་ཏི་ཤ་ལ་དྲིས་པས། དེས་སྟོང་པ་ཉིད་ཁོ་ནས་ཁྱད་པར་བྱས་པའི་ཚུལ་བཤད་པས་ཡིད་ཆེས་ཏེ་ཇོ་བོའི་སློབ་མར་སོང་ངོ་། །དེ་བཞིན་འགྲེལ་ཆེན་ལས། འདིར་འཇིག་རྟེན་ཀུན་རྫོབ་ཀྱིས་རྣམ་པར་དཔྱད་ན་འཇིག་རྟེན་པའི་དངོས་གྲུབ་ཀྱི་སླད་དུ་ལྟ་བ་ཐམས་ཅད་ཀྱི་གྲུབ་པའི་མཐའ་མཚུངས་སོ། །འདི་ལྟ་སྟེ། དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དང་སྦྱར། །དེས་དེའི་རང་བཞིན་ཉིད་འགྱུར་ཏེ། །སྣ་ཚོགས་གཟུགས་ཀྱི་ནོར་བུ་བཞིན། །ཞེས་པ་སྟེ་དངོས་པོའི་རྣམ་པར་བརྟག་པ་མཚུངས་སོ། །དེ་བཞིན་དུ་ཁམས་དང་དབང་པོ་ལ་སོགས་པ་རྣམ་པར་དཔྱོད་པ་ཡང་མཚུངས་སོ། །ཐ་སྙད་ཅན་བྱེད་པ་པོ་དང་། བྱེད་པ་ལ་སོགས་པ་ཡང་མཚུངས་ཏེ། སངས་རྒྱས་པ་དང་མུ་སྟེགས་པ་དག་ལ་བྱེ་བྲག་མེད་དོ། །སྟོང་པ་ཉིད་ཀྱི་དེ་ཁོ་ན་ལ་ནི་བྱེ་བྲག་ཡོད་དེ། དེ་ཡང་བདག་མེད་པ་ཞེས་པ་ལ་སོགས་པའོ། །བདག་མེད་པ་ནི་རྣམ་པ་གཉིས་ཏེ། གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་པའོ་ཞེས་འབྱུང་བ་དང་། རྡོ་རྗེ་སྙིང་པོས་ཀྱང་། དབང་ཕྱུག་སོགས་ཀྱིས་བྱས་པ་ཡི། །རིག་བྱེད་གྲུབ་མཐའི་སྦྱོར་བ་དང་། །སངས་རྒྱས་པ་ཡི་སྔགས་རྒྱུད་ལ། །སྟོང་པ་ཉིད་ཀྱི་བྱེ་བྲག་ཡོད། །ཅེས་གསུངས་སོ། །དེ་ལ་སྟོང་པ་ཞེས་པ་མི་སྣང་བ་ནམ་མཁའ་དཔེར་གཟུང་བ་ཙམ་ནི་དེ་དག་ལ་ཡང་གྲགས་ཏེ། སྐྱེ་བོ་ཕལ་པས་ཀྱང་ངེས་པའི་ཕྱིར། དེ་ཕན་གྱི་རྐྱེན་ལས་ཉིད་ཅེས་པའི་སྒྲ་དང་སྦྱར་བའི་ཚེ་ནི་སངས་རྒྱས་པའི་ལྟ་བ་པོ་རྣམས་ཀྱི་རྩོད་པས་གཏན་ལ་དབབ་བྱ་ཁྱད་པར་དུ་སྟོན་པ་ཡིན་ནོ། །ཇི་ལྟར་རྩོད་པས་གཏན་ལ་ཕབ་པ་ཞེ་ན། ཐེག་དམན་ལ་ཟད་པ་སྟོང་པ་ཉིད་ཅེས་དང་། ཐེག་ཆེན་ལ་སྐྱེ་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བ་མི་མཐུན་པ་དང་། མཐུན་པར་རྩོད་པ་སྟེ། གཏམ་བྱ་རིན་ཆེན་ཕྲེང་བ་ལས། ཁྱོད་ཀྱི་ཟད་པ་སྟོང་པ་ཉིད། །ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །ཟད་དང་མི་སྐྱེ་དོན་ལ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་འབྱུང་བ་དང་། ཆེན་པོ་རང་གི་ནང་དུ་ཡང་སེམས་ཙམ་པ་གཞན་སྟོང་དང་། དབུ་མ་པ་རང་སྟོང་པར་འདོད་པ་མི་མཐུན་པ་ལྟ་བུའོ། །དེ་ཡང་གཞན་སྟོང་ཟད་པ་སྟོང་པ་ཉིད་སྟོན་པའི་ཕྱོགས་སུ་ཉེ། རང་སྟོང་ནི་སྐྱེ་བ་མེད་པ་སྟོང་པ་ཉིད་དོ། །ཟད་རྒྱུ་ཡོད་པ་དང་མེད་པར་སྟོན་པས་གནས་ལུགས་ལ་བཤད་པ་ཕྱི་མ་ཉེ་བ་ཡིན་ནོ། །འདི་ཡང་། ས་ར་ཧས། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་ནས། །དངོས་པོ་རྣམས་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །ཞེས་གསུངས་པ་དེའོ། །རྣལ་འབྱོར་བསྡུ་བའི་མདོར་བསྡུས་སུ། དེ་ལྟར་ན་དོན་དམ་པར་ཡོད་པའི་དངོས་པོ་མེད་པའི་ཕྱིར་སྐད་ཅིག་མ་གཅིག་མེད་དེ་གཅིག་དང་དུ་མ་འགལ་བའི་ཕྱིར་རོ་ཞེས་གསུངས་པས། ཆོས་ཉིད་དོན་དམ་གཞན་སྟོང་དེ་ནམ་ཡང་མེད་པ་མ་ཡིན་ཞིང་དཔྱད་བཟོད་པའོ་ཞེས་འདོད་པ་རྣམས་བཀག ཀུན་རྫོབ་ཏུ་དོན་བྱེད་པའི་དངོས་པོ་གང་ཡོད་པ་དེ་ནི་ཆ་འགའ་ཞིག་གིས་ཀྱང་མེད་པར་མི་འགྱུར་ཞིང་། གང་དོན་དམ་པ་མེད་པ་ནི་ཆ་གང་ནས་ཀྱང་རང་བཞིན་གྱིས་ཡོད་པར་མི་འགྱུར་ཏེ། ཆོས་དེ་ཉིད་གྲུབ་ཙམ་ན་བྱ་བ་བྱེད་པའི་དངོས་པོ་དང་། བདེན་པའི་དངོས་པོ་མེད་པའི་རང་བཞིན་དུ་གནས་པ་ལས་སོ། །ཞེས་འདོད་པ་ནི་ནང་ལེའི་མདོ་སྡེ་པ་དགག་པར་དོན་དམ་པ་ཡེ་ཤེས་ཀྱི་སྐུ་མ་རིག་པར་ཟད་དེ་མོ་གཤམ་གྱི་བུ་བཞིན་དུ་མེད་པ་དག་ཏུ་འདོད་པས་སོ་ཞེས་བཀག་པས། རང་ལུགས་ལ་གཞུང་ལུགས་དབུ་མ་པ་དག་གིས་ཀུན་རྫོབ་ལ་གནས་ནས་དོན་དམ་པ་རིགས་པས་གཏན་ལ་ཕབ་པ་ལྟ་བུ་ནི་རྗེས་སུ་དཔག་པ་ཉིད་དུ་ཟད་པས་བློའི་ངོར་ཀུན་རྫོབ་ཅི་ཡང་མི་དམིགས་པར་རང་དོན་དམ་དམིགས་པར་གཟུང་བའི་ཕྱིར་རེ་ཞིག་ཆད་པའི་སྟོང་པ་ཞེས་བྱ། རྣལ་འབྱོར་པ་ཤེས་རབ་མཆོག་གི་བསམ་གཏན་མཐར་ཐུག་གི་ཚེ་མ་བཅོས་པ་མངོན་སུམ་དུ་གྱུར་པ་དེ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དེ། དེའི་ངང་ཚུལ་དེ་ཡིན་པས་སོ། །དེའི་ཕྱིར་འཕགས་པ་འཇམ་པའི་དབྱངས་ཀྱིས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས་པ་ཡིན་ནོ། །ཇོ་བོས། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་དང་། མདོ་སྡུད་པར། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་ཏུ་བརྗོད། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །དེ་ལྟ་བུའི་རྗེས་སུ་དཔག་པའི་རྒྱུན་གོམས་པ་ལས་སྒོམ་བྱུང་ཐམས་ཅད་ཀྱི་རབ་ཀྱི་མཐར་སོན་པས། མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་གསུངས་པ་དེ་འབྱུང་བས། རིགས་པས་རྣམ་པར་དཔྱད་པ་ལ་དེ་ལས་འཕུལ་ས་མེད། དེའི་ཕྱིར་གཤིས་གང་དུའང་མ་གྲུབ་པས་བློས་ཅིར་གཟུང་ཡང་འཛིན་བྱེད་འཁྲུལ་པ་ལས་མི་འདའ་སྙམ་ཁས་ལེན་དང་བྲལ་ལོ་ཞེས་བྱས། འདིས་འཁོར་གསུམ་དག་ཁྱེར་དང་། དེས་བློས་བཞག་གི་ལྟ་བ་ཐམས་ཅད་བཟློག་ནུས་པས་མཐར་ཐུག་གི་དཔྱད་པར་གསུངས་སོ། །ཡོངས་གཅོད་ལ་ཀུན་རྫོབ་མ་དམིགས་པས་བདག་གིས་བསམ་མ་ནུས་པ་མ་གཏོགས་ཏེ་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཡིན་པས་རྣམ་པ་ཀུན་གྱི་མཆོག་ཅེས་བརྗོད་ལ། སུས་རྟོགས་ན་སངས་རྒྱས་ཁོ་ནའོ། །དེ་བས་ན་ཀླུ་སྒྲུབ་ཀྱིས། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་ཞེས་གསུངས་པ་ཡིན་ནོ། །གནས་འདི་ལ་དགོངས་ནས། རྒྱལ་དབང་རྗེས། བློས་བྱས་ཀྱི་ལྟ་བ་བཟང་ཡང་འཇིག །བློ་འདས་ལ་ལྟ་བའི་མིང་ཡང་མེད། །ཅེས་དང་། གནས་ལུགས་རང་ངོ་ཤེས་པ་ཡིས། །ལྟ་བ་བཟང་ཡང་སྐྱོན་ཡིན་ནོ། །ཞེས་གསུངས། དེ་གཉིས་ཀྱང་། སངས་རྒྱས་ལ་སྐྱོན་ཐམས་ཅད་སྤངས་ཞེས་བརྗོད་པ་དང་། ཡོན་ཏན་ཐམས་ཅད་དང་ལྡན་ཞེས་སྨྲ་བརྗོད་ལ་ཁྱད་ཙམ་ལས་དོན་གཅིག་ཏུ་འབབ། དེའི་ཕྱིར་མདོ་སྔགས་ལ་ལྟ་བ་ཁྱད་མེད་ཅེས་བླ་མས་གསུངས་ཤིང་། དོན་གཅིག་ན་ཡང་མ་རྨོངས་དང་། སོགས་ཀྱིས་དོན་གཅིག་ས་དེ་ཡིན། སོ་སྐྱེའི་ས་ཇི་སྲིད་ལྟ་བ་དེ་དང་རྗེས་སུ་མཐུན་པ་ཙམ་ཡང་མ་རྙེད། ནམ་རྙེད་པ་ནས་བྱང་འཕགས་སུ་སོང་། ཡིན་ལུགས་མངོན་སུམ་པ་ནི་བྱང་འཕགས་དག་གིས་ཀྱང་མ་གཟིགས་པས། དེ་དག་གི་མཉམ་བཞག་རྣམ་གྲངས་པའི་དོན་དམ་དུ་འཇོག་པ་ཡིན་ནོ། །ཡང་སོ་སྐྱེའི་དུས་ན་ནི་གཞན་སྟོང་གི་འཆར་ཚུལ་གཙོ་ཆེ། དེའི་རྒྱུ་མཚན་ཀུན་རྫོབ་བསལ་བྱ་དང་། དོན་དམ་བྲལ་བར་མཐོང་བས་གཟུང་འཛིན་མ་སྤངས་པའི་ཕྱིར་རོ། །དེའི་ཚེའང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཞན་སྟོང་གི་ཁུངས་སུ་མི་འགྲོ་སྟེ། སོ་སྐྱེའི་དུས་ཀྱི་རྣམ་ཀུན་མཆོག་ལྡན་ནི། གསང་བ་འདུས་པར། རིམ་པ་གསུམ་པ་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་གསུངས་པ་དེ་ཡིན་ལ། དེ་ནི་སྣང་བའི་སྟེང་དུ་སྣང་བ་གང་ཡིན་པ་དེར་རུང་བ་ཞིག་མི་རྙེད་པ་ཁོ་ན་སྟེ། སྒྱུ་མ་མཁན་པོ་ལ་རང་ཉིད་ཀྱིས་སྤྲུལ་བའི་རྟ་གླང་སྣང་བ་ལྟ་བུའོ། །དེས་རང་བཞིན་མེད་པའམ་མི་བདེན་པས་སྣང་བ་དེ་ལ་དག་པའི་སྒྱུ་མར་བཞག་པ་ཡིན་ནོ། །དེ་ལྟར་ཡང་དབང་མདོར་བསྟན་ལས། རང་བཞིན་ཉིད་ཕྱིར་སྐྱེ་མི་འགྱུར། །སྣ་ཚོགས་འདི་ནི་རང་བཞིན་མེད། །དངོས་པོ་དངོས་མེད་མཚན་ཉིད་གཅིག །ཅེས་པའི་འགྲེལ་པར་དཔལ་ནཱ་རོ་པ་ཆེན་པོས། ཀུན་རྫོབ་ཏུ་དོན་བྱ་བ་བྱེད་པའི་དངོས་པོའི་ངོ་བོ་སྟེ། དེ་ཁོ་ན་རང་བཞིན་གྱི་སྟོང་པ་ཉིད་ཀྱི་ཕྱིར་དངོས་པོ་མེད་པའི་མཚན་ཉིད་དོ་ཞེས་གསུངས་པས་སོ། །འདི་ལ་དགོངས་ནས་རྒྱལ་དབང་རྗེས། སྣང་བའི་སྟེང་དུ་སྟོང་པའི་རང་ཞལ་མཐོང་བ་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟེར། གསུངས་སོ། །དེ་ལྟ་བུའི་སྟོང་ཉིད་སོ་སོའི་སྐྱེ་བོ་ལ་འཆར་བའི་ཚེ་ལས་སྣང་རགས་པ་འདི་དང་བྲལ་བས་སྟོང་ཉིད་འཁོར་བ་སྦྱང་བ་དང་། སྟོང་པ་དེ་ཡང་སྣང་བའི་སྟེང་དུ་ཁྱེར་ན་རྩལ་ཆེ་བའི་ཕྱིར་ཐབས་ལ་སློབ་སྟེ། ཐབས་ཤེས་དེ་གཉིས་གཞི་གཅིག་དུས་གཅིག་ཏུ་མི་ཕྱེད་པས་མཉམ་པར་གྱུར་པ་འདི། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས་པའི་ཐབས་དེ་ཡིན། གནས་འདི་ལ་དགོངས་ནས་འཁྲུལ་པ་ཆེ་བདོ་བ་ན་ཡེ་ཤེས་ཆེ་བདོ། །གཏི་མུག་ཆེ་བདོ་བ་ན་རིག་པ་རྩལ་ཆེ་སོགས་བཀའ་བརྒྱུད་རིན་པོ་ཆེས་གསུང་འདིས་སྤང་བླང་མེད། སྲིད་ཞི་མཉམ་ཉིད་དེ་ཡང་སོ་སོ་སྐྱེ་བོ་ལ་ལམ་འཇུག་ཁྱེར་འདི་བསྟན་པས་སྔགས་ཀྱི་དངོས་ཟིན་ཟབ་པར་སོང་། ལམ་ཁྱེར་འདི་ཡོད་ན་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་རྫོགས་པའི་རིམ་པ་ལ་འཇུག འདི་མ་བྱུང་རིང་སྟོང་ཉིད་དེ་བསམ་པར་བཏང་ནས་བསྐྱེད་རིམ་གཙོ་བོར་སློབ་པས་བསྐྱེད་རིམ་ལུས་སུ་སོང་། ལུས་བསམ་དེའི་དབྱེ་བས་ལྷའི་རྣལ་འབྱོར་ཐམས་ཅད་ཀྱང་ཟུང་འཇུག་ཏུ་འགྲོ་སྟེ། ལུས་ལ་བསམ་པ་རབ་ཞུགས་ནམ་མཁའ་བཞིན་དུ་རོ་མཉམ་པ་དང་བསམ་པའི་དབུས་སུ་ལུས་ཉིད་ཀྱང་། །རང་བཞིན་ཡོན་ཏན་དབང་ལས་ཁ་དོག་རྣམས་ཀྱི་དབྱེ་བ་རྣལ་འབྱོར་ལྡན་པས་ཤེས་པར་བྱ་བ་སྟེ། །སེར་པོ་ནག་པོ་དམར་པོ་དཀར་པོ་ཁ་དོག་རྣམས་ནི་ས་དང་རླུང་དང་མེ་དང་ཆུ་རྣམས་སོ། །ཡེ་ཤེས་ནམ་མཁའ་དག་ཀྱང་ལུས་དང་བསམ་པའི་རབ་ཏུ་དབྱེ་བས་ལྗང་ཁུ་དང་ནི་སྔོན་པོར་འགྱུར། །ཞེས་སོ། དེ་བས་བསྐྱེད་རིམ་གྱི་སྔོན་ཏུ་སྟོང་པ་ཉིད་བསམ་པ་བསམ་པ། མདངས་འགག་མེད་དུ་འཆར་བ་ལྷར་སློང་བ་དེ་ལུས། དང་པོ་ཟབ་པ་དང་། གཉིས་པ་ལ་གསལ་བར་བྱས་ནས། སྟོང་གསལ་ལམ་ཟབ་གསལ་དེ་གཉིས་དབྱེར་མེད་དུ་འགྲོ་བ་ལ་ལྷར་སྣང་དུས་ལྷའི་རགས་འཛིན་མེད་པ་ཞིག་དགོས་པས། བརྟག་གཉིས་སུ། དང་པོ་ལ་ཆོས་ཉིད། དེ་ནས་ལྷ། དེ་ནས་རང་རིག་གི་དག་པ་གསུངས་པའོ། །འོ་ན་རྣལ་འབྱོར་རེ་རེའི་མཐར་ང་རྒྱལ་འཛིན་པ་གསུངས་པ་དེ་དང་འགལ་བར་འགྱུར་རོ་སྙམ་ན་མི་འགྱུར་ཏེ། འདི་ནི་ལྷའི་སྣང་བ་བརྟན་པོར་བསྒྲུབ་པའི་ཕྱིར་ཏེ་གྱ་ནོམ་པའི་ལྷར་ལྟ་བ་ནི་མ་ཡིན་ནོ། །གྱ་ནོམ་པའི་ལྷར་ལྟ་ན་དེ་ནི་སྨན་མ་ཞུ་བ་ལྟ་བུ། ཐག་པའི་སྒྲོག་འགྲོལ་པ་ལ་གསེར་གྱི་སྒྲོག་དམ་པོས་བཅིངས་པ་ལྟ་བུར་སོང་སྟེ་སྔར་ལས་དུཿཁ། དེ་བས་སྔ་མའི་ལམ་ཁྱེར་མེད་པས་བསྐྱེད་ཀྱང་དེས་སྲིད་པ་མི་ལྡོག་བ་རྒྱ་འདྲེ་ལྦ་བ་དགུ་བརྩེགས་འཇིགས་བྱེད་ཀྱི་རྣམ་པར་བྱས་ནས་འོང་བའི་རྒྱུ་མཚན་བསྙད་པས་ཤེས་སོ། །དེ་བས་ན་བསམ་གཏན་པ་ཟད་པར་ས་སོགས་སྒོམ་པ་ལྟ་བུ་བྱུང་མན། སྔགས་ལ་སོགས་པའི་དངོས་གྲུབ་ཐོབ་ཀྱིན་རྟོག་པ་ཙམ་པོ་འདིས་བརྟགས་པ་དེར་སྣང་ངོ་སྙམ་པ་ནི་རྟོག་པའི་གསལ་སྣང་ཉིད་དེ། བུད་མེད་བཟང་མོ་དང་དུས་བཏབ་པའི་སྐྱེས་བུ་ལ་བུད་མེད་དེའི་གཟུགས་འཆར་བ་བཞིན་ཡིན་པས་དོན་མི་འགྲུབ། འོ་ན་འདི་རྟོག་སྒོམ་ཞེས་གསུངས་ན་ཇི་ལྟར་རྣམ་པར་མི་རྟོག་པར་འགྱུར་ཞེ་ན། བསྐྱེད་རིམ་དང་ཕྱག་རྒྱ་དང་པོ་རྟོག་པར་བསྡུ་བ་ནི་འཁོར་བ་མཐའ་དག་རྟོག་པར་བཞག་པའི་སྐབས་ཀྱིས་ཏེ། དེ་ཐམས་ཅད་རྟོག་པ་དང་རྣམ་པར་རྟོག་པ་ཀུན་ཏུ་རྟོག་པ་ཡང་དག་པར་རྟོག་པ་དང་སོ་སོར་རྟོག་པ་ཞེས་དབྱེ་བའི་ཕྱི་མའི་བྱེ་བྲག་ཏུ་འགྱུར་རོ། །སྔ་མ་ནི་རྟོག་གེ་པས་བཞག་པ་བཞིན་སྒྲ་དོན་འདྲེར་རུང་བའི་ཤེས་པ་ཁོ་ནའོ། །སྟོང་ཕྱོགས་རྒྱུ་བྱས། སྣང་ཕྱོགས་ལྷའི་འཁོར་ལོ་འབྲས་བུར་བྱས་པའི་ཟབ་གསལ་འདི་ཙམ་བྱ་བའི་རྒྱུད་ལ་ཡང་དགོས་ན་དེ་རྣལ་འབྱོར་བླ་མེད་ཀྱི་ཉམས་ལེན་མཐར་ཐུག་གོ་སྙམ་པ་ཚོ་དེར་ཟད་དོ། །བྱ་རྒྱུད་དུ་དེ་མི་དགོས་ན། དེའི་ལྷ་དྲུག་སྒོམ་པའི་བྱང་ཆུབ་སེམས་སམ་སྟོང་ཉིད་ཀྱི་ལྷ་སྔོན་དུ་བཏང་ནས་ཕྱག་རྒྱ་དང་གཟུགས་བརྙན་གྱི་ལྷ་ཕྱིས་བསྒོམ་པ་དོན་མེད་པ་དང་། འདིའི་ཐབས་ནི་འདི་ཉིད་ཀྱི་ལྷ་དྲུག་ལ་སོགས་པ་ཡིན་ལ། ཤེས་རབ་ནི་སྟོང་ཉིད་དབུ་མ་པས་རྣམ་པར་གཞག་པ་དེ་ཁོ་ན་ཡིན་ནོ། །འདིས་ཐབས་ཤེས་དབྱེར་མེད་ལམ་དུ་མི་བྱེད་ན་རྒྱུའི་ཐེག་ཆེན་ལས་འདི་དམན་པར་ཡང་འགྱུར་རོ། །དེའི་ཕྱིར་ཐེག་པ་འདི་ཡང་རིམ་གཉིས་དང་ལྡན་པ་ཡིན་ཏེ། སྔར་བཤད་པ་དེ་ལ་ཀུན་རྫོབ་ཀྱི་བདེན་པ་རྣམ་པ་དང་བཅས་པ་དང་། དེ་ནས་དོན་དམ་པའི་བདེན་པ་རྣམ་པ་མེད་པའི་ཏིང་ངེ་འཛིན་ལ་གནས་དགོས་པར་བཤད་པའི་ཕྱིར་རོ། །དེས་ན་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ཀར། དབང་བཞི་དང་ནི་རིམ་གཉིས་མེད། །དབང་བཞི་དང་ནི་རིམ་པ་གཉིས། །རྣལ་འབྱོར་ཆེན་པོའི་ཁྱད་ཆོས་ཡིན། །ཞེས་པའང་ཚིག་ལ་རྟོན་པ་ཁོ་ནར་སོང་བས་བྱིས་པའོ། །ཇི་ལྟར་ཚིག་ལ་རྟོན་པར་སོང་ན། །དོན་དེ་གཉིས་དང་བསྐྱེད་རྫོགས་གཅིག་ཡིན་པ་མ་ཤེས་པར་བསྐྱེད་རིམ་དང་རྫོགས་རིམ་ཞེས་པའི་ཐ་སྙད་མ་བྱུང་བས་སོ་སྙམ་པའི་ཕྱིར་རོ། །དེས་ན་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་དག་ཏུ་དོན་གཅིག་ལ་མིང་མང་པོ་ཡོད་པ་ལས་གང་རུང་གཅིག་གིས་བཤད་ཀྱང་དེ་བཤད་པར་བསྒྲུབས་པ་དང་འགལ་བ་ཡིན་ནོ། །ཡང་། དབང་དང་རིམ་གཉིས་མི་ལྡན་ན། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །ཞེས་རང་ཚིག་འདིས་ཀྱང་གནོད་པས་ལུགས་དེ་ཚར་གཅད་ཀྱི་གནས་སོ། །ལེགས་པར་གྲུབ་པ་ཡན་ཆད་དུ། །རང་གིས་དབང་བསྐུར་མ་ཐོབ་ན། །སེམས་སྐྱེད་ཐོབ་ཀྱང་གསང་སྔགས་བཀག །ཟེར་བ་དང་། དམ་ཚིག་གསུམ་བཀོད་ལ་སོགས་པར། །འཇུག་པ་སེམས་བསྐྱེད་ཐོབ་ནས་ནི། །འཕྲིན་ལས་འགའ་ཞིག་བསྒྲུབ་པའི་ཕྱིར། །ཆོ་ག་ཤེས་ན་སྒྲུབ་པར་སྣང་། །ཟེར་བའང་འགལ་སྟེ་དམ་ཚིག་གསུམ་བཀོད་བྱ་སྤྱོད་ཐུན་མོང་པར་འདྲེན་པའི་ཕྱིར། ལེགས་པར་གྲུབ་པ་དང་མཆོག་དམན་འབྱེད་ན། འདི་གོང་མར་བྱེད་རིགས་པས་སོ། །དེ་ལྟར་རང་བཞིན་ཡོངས་སུ་ཤེས་པའི་དབང་དུ་བྱས་ནས། དྲི་མ་མེད་པའི་འོད་འདིར། གཟུགས་བརྙན་ལ་སོགས་རྟོགས་པའི་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་བྱས་པ་ཡིས། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་སྣང་ཕྱོགས་བསྐྱེད་རིམ་སྨད་པ་ལྟ་བུས་གསུངས། རང་བཞིན་ཡེ་ཤེས་སུ་མ་ཤེས་པའི་དབང་དུ་མཛད་ནས། རྡོ་རྗེ་གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མ་འགྱུར། །འབྲས་བུ་རྒྱུ་ལས་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ལོག་རྣམས་དང་། །བདག་ཏུ་ལྟ་བ་འཚོལ་རྣམས་ཀྱིས། །བདག་ཞེན་བསམ་པ་བཟློག་པའི་ཕྱིར། །སྟོང་པ་རྒྱལ་བ་རྣམས་ཀྱིས་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ནི་མྱུར་བར་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་དེས་བསྒྲུབ་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་པས་སྟོང་ཕྱོགས་སྨད་པ་ལྟ་བུར་གསུངས། ཕྱི་མ་འདི་རིམ་འཇུག་གི་དབང་དུ་མཛད་པ་སྟེ། འབུམ་ལྔར། རྣམ་རྟོག་རྒྱ་རུ་ཚུད་པ་ཡི། །འགྲོ་བ་གསུམ་པོ་རྣམས་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་འགྱུར་བ། །དེ་དང་དེ་ཡི་ཐབས་བསྟན་ཏོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོགས་པ་ལ་རྣམ་འཇུག་བྱ། །ཞེས་དང་། དཔེའི་སྒོ་ནས་ཀྱང་དེར། དང་པོར་རེ་ཞིག་ཞིང་སྦྱང་ཕྱིར། །དྲུག་ཅུ་པ་ཡི་འབྲུ་རྣམས་བཏབ། །ཕྱི་ནས་དག་པའི་ཞིང་རྣམས་ལ། །སཱ་ལུའི་འབྲས་ནི་བཏབ་པའོ། །ཞེས་སོ། །འདི་ཡང་། ཆོས་རྗེ་གཙང་པ་རྒྱ་རས་ཀྱིས། །རྟོག་པའི་གཉེན་པོར་རྟོག་པ་ཐོང་། །བཟློག་སྒོམ་རྟོག་པའི་སྐོར་འདེད་ཡིན། །ཞེས་གསུངས་པའི་གནད་དེ་བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརཏལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ན། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །དེ་ཡང་ཐ་མལ་གྱི་རྣམ་རྟོག་གི་རྒྱུན་འདི་ཚུགས་མི་ཐུབ་ཀྱང་འགྲོགས་ཡུན་རིང་བས་བཟློག་དཀའ་བར་བྱུང་། བསྐྱེད་རིམ་དེ་ལྟར་མ་ཡིན་པ་གསར་བྱུང་ཡིན་པས་སྔ་མ་དེ་འབྲལ་བ་ལ་གློ་བུར་བའི་རྣམ་རྟོག་བསྒོམ་པ་སྟེ། གུར་ལས་ཐ་མལ་རྣམ་རྟོག་གཞོམ་དོན་དུ། །བསྒོམ་པ་ཡང་དག་རབ་ཏུ་བསྒྲགས། །ཞེས་གསུངས། གཉེན་པོ་འདི་རྙེད་སླ་བས་ཀྱང་དབང་རཏལ་ལ་བསྟན་པ་ཡིན་ནོ། །རིམ་ལྔ་ལས་ཀྱང་། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་ལ། འདི་བསྐྱེད་པའི་རིམ་པ་ཁོ་ནས་གྲོལ་བར་བྱེད་མི་ནུས་ཏེ། དེ་ལ་ལེགས་པར་གོམས་ནས་རྫོགས་རིམ་ལ་སློབ་དགོས་པས་སོ། །རྡོ་རྗེ་མཁའ་འགྲོ་ལས། དཀྱིལ་འཁོར་ལ་སོགས་ལས་གང་ཡིན། །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་བསྔགས། །དངོས་གྲུབ་དེ་ཀུན་འདིར་གནས་པས། །རྒྱལ་བའི་དངོས་ཉིད་རིགས་ལ་མིན། །ཞེས་པས་རྫོགས་རིམ་ལ་ཞུགས་པ་ནས་བསྐྱེད་རིམ་མི་དགོས་པར་དོར་ཆོག་པ་རང་བཞིན་ཡོངས་སུ་ཤེས་ནུས་ན་ནམ་ནུས་པ་དེ་ཙམ་ནས་སྔགས་ལ་སོགས་པའི་དངོས་གྲུབ་དོན་གཉེར་དེས་དེ་མ་གྲུབ་ཀྱང་རྫོགས་རིམ་ལ་འཇུག་སྟེ་དངོས་གྲུབ་དེ་འདིར་ཞར་ལས་གྲུབ་བོ། །གལ་ཏེ་རང་བཞིན་ཡོངས་སུ་ཤེས་པར་མི་ནུས་ན་གང་འདོད་པའི་དངོས་གྲུབ་དེ་མ་གྲུབ་ཀྱི་བར་དེ་ག་རང་གིས་བསྒྲུབ་དགོས་པར་བསྟན་ཏོ། །དེའི་ཚེ་ཤི་ན་སྐྱེ་བ་རྟིང་མ་སོགས་སུ་རྫོགས་པའི་རིམ་པའི་སྐལ་ལྡན་དུ་འགྱུར་རོ། །དེ་བས་ན་བསྐྱེད་རིམ་གྱི་མཐར་ཐུག་འདི་རྗེས་སུ་དཔག་པའི་སྒོམ་པའི་མངོན་སུམ་གྱི་བདག་བྱིན་རླབས་ཏེ། ཕྱི་མ་འདི་ལྷའི་དེ་ཁོ་ན་ཉིད་དངོས་མ་ཡིན། རྒྱུ་མཚན་བརྟག་གཉིས་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་པ་དེ་ལྟར་རྡོ་རྗེ་ཅན་གྱི་སྲིད་པ་གསུམ་པོ་མཐའ་དག་རྣམས་ཀྱང་དཀྱིལ་འཁོར་རྣམ་པར་གསུངས། །ཕྱི་དང་ལུས་དང་གཞན་ལ་ཡང་ནི་སྤྲོ་དང་སྡུད་པ་དག་ལ་དངོས་པོའི་སྐྱེ་བ་ཡང་དག་གནས། །དེ་ལ་རྟག་པ་མཁའ་ཡི་རྡོ་རྗེ་རྣམ་གསུམ་སྲིད་པ་ལ་གནས་མི་རྟག་ཉིད་དུ་འགྱུར་མ་ཡིན། །འབྱུང་པོའི་ཚོགས་ནི་རྟག་པ་མིན་པར་འགྱུར་ཏེ་མི་ཡི་བདག་པོ་མིག་འཕྲུལ་ཇི་བཞིན་ཉིད་དུའོ། །ཞེས་པས་སོ། །ཡང་བརྟག་གཉིས་ལས། །བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་གཉིས། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་པ་ནི་རང་བཞིན་ཡོངས་སུ་ཤེས་ནུས་པ་དེའི་དབང་དུ་བྱས་པ་སྟེ། དེ་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟར་བསྒོམས་ཀྱིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེས་ལྷག་པའི་རྐྱེན་དུ་འགྱུར་བ་ནི། བུད་ཤིང་མང་གིན་མེ་ཆེ་བའི་དཔེ་འོད་སྲུང་གྱིས་ཞུས་པའི་མདོར་གསུངས་པ་ལྟར་རོ། །དེ་ཡང་ས་ར་ཧས། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། །ཀློག་པ་དེ་ཡིན་འཛིན་དང་སྒོམ་པའང་དེ། །བསྟན་བཅོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །ཞེས་དང་། ཇི་སྲིད་སེམས་ལས་རྣམ་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་དང་། བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་རྩེ་བ་བཞིན་ནོ། །མདོར་ན་བསྐྱེད་རིམ་ནས་ངེས་པར་འཇུག་དགོས་པར་འདོད་པ་དང་། བསྐྱེད་རིམ་རྟོག་སྒོམ་ཡིན་པས་འཚང་རྒྱ་བའི་རྒྱུར་གཏན་མི་དགོས་པར་འདོད་པ་རྣམས་ནི་ངལ་བ་ཁོ་ན་སྟེ་ཕྱོགས་གཅིག་པའི་བློས་ཐམས་ཅད་གཞལ་བར་སེམས་པས་ནམ་མཁའ་འདོམ་གྱིས་འཇལ་བ་བཞིན་ནོ། །འོ་ན་གང་ཡིན་ཞེ་ན་གདུལ་བྱའི་དབང་གིས་སོ། །ནང་ལེའི་ལྟ་བ་མདོར་བསྡུས་གསུངས་པའི་དགོས་པ་མུ་སྟེགས་བྱེད་ནས་རྣལ་འབྱོར་སྤྱོད་པ་མན་སུན་ཕྱུང་། །དབུ་མ་འཐད་པར་འཇོག་པའང་། དེའི་ལྟ་བས་ཟིན་པས་ན་བྱ་བ་དང་ལས་ཐམས་ཅད་འཁོར་བར་མི་འཆིང་བའི་ཁར་གྲོལ་བའི་རྐྱེན་དུ་འགྱུར་རོ་ཞེས་པ་དང་། གྲུབ་མཐའ་སྨྲ་བ་བཞི་ལས་མི་སྲིད་པ་དང་ཐེག་པ་གསུམ་ལས་གཞན་པའི་བཞི་པ་དང་། སྡེ་སྣོད་གསུམ་ལས་གཞན་པའི་བཞི་པ་མེད་པར་འཆད་པའི་ཕྱིར་ཏེ། རྡོ་རྗེ་སྙིང་པོས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་པས་སོ། །འོ་ན་དཔུང་བཟང་ལས། རིག་འཛིན་སྡེ་སྣོད་དུ་ནི་ངས་བཤད་དོ། །ཞེས་གསུངས་པ་ཇི་ལྟར་འགྲེལ་ཞེ་ན། སྡེ་སྣོད་གསུམ་ཀ་རིག་འཛིན་དུ་བསྡུ་བའི་ཕྱིར་ཏེ། རྡོ་བའི་རིགས་ཀྱི་བྱེ་བྲག་ཞིག །བཞུ་བ་གསེར་དངུལ་ཟངས་ལྕགས་འགྱུར། །གསེར་འགྱུར་རྩི་ཡི་རྣམ་པ་ཡིས། །ཀུན་ཀྱང་གསེར་དུ་བསྒྱུར་བ་ལྟར། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རིག་པ་འཛིན་པ་ཞེས་བརྗོད་དོ། །ཞེས་ཚུལ་ཁྲིམས་ལ་བཞིན་ཟླ་སྟོབས་ཀྱིས་ཤེས་རབ་དང་ཏིང་ངེ་འཛིན་ཡང་ཤེས་པར་བྱའོ། །ལུང་སྡེ་སྣོད་གསུམ་ཡིན་པའང་མངོན་རྟོགས་བསླབ་པ་གསུམ་བཤད་པའི་ཕྱིར་རོ། །ཞེས་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས་སྤྱོད་བྱེད་དུ་འགྲོ་བ་སྟོང་ཉིད་ལ་རག་ལས་པར་བསྟན་པའི་སྐབས་ཏེ་བཅུ་པའོ།། །། གཉིས་པ་སྟོང་ཉིད་ཀྱིས་ཟིན་པའི་རིམ་འཇུག་གི་ལམ་དངོས་བཤད་པ་ལ། སྨིན་པར་བྱེད་པ་དང་གྲོལ་བར་བྱེད་པ་གཉིས། དང་པོ་ལ་དངོས་གྲུབ་ཀྱི་འབྱུང་ཁུངས་དཔོན་སློབ་ཀྱི་བརྟག་པ། དངོས་གྲུབ་སྒྲུབ་བྱེད་དཀྱིལ་འཁོར་གྱི་རབ་དབྱེ། དངོས་གྲུབ་ཀྱི་རྒྱུར་དབང་བསྐུར་བའི་ཆོ་ག་བཤད་པ་གསུམ། དང་པོ་ནི། དོན་དམ་བསྙེན་པར། འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་པར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མ་དམ་པས་བླ་མ་གསེར་བཞིན་དུ། །ཡོངས་སུ་བརྟགས་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །ཞེས་པས་དངོས་གྲུབ་འགྲུབ་མི་འགྲུབ་ཀྱི་ཁ་མ་ཡིན་པས་བླ་མ་བརྟག་པ་གཅེས་པ་ཡིན་ལ། དེ་ཡང་། །དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེ་ཐེག་ལ་ལྷག་པར་གནས། །དེ་ཉིད་སྒོམ་ཞིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ལ་ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཅིང་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུན་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་པའོ། །ཞེས་པ་བླ་མ་དམ་པ་སྟེ་ས་ལ་རྡོ་རྗེ་སེམས་དཔའོ། །སློབ་དཔོན་དེ་ལྟ་བུ་ནི་སློབ་མ་ཐམས་ཅད་བསྡུ་བར་འོས་ཏེ་སྐལ་པ་བཞིན་དུ་ཁྲིད་པ་ལ་མཁས་པས་སོ། །དེ་ལྟ་བུའི་མཆོག་གི་མཆོག་རྙེད་པར་དཀའ་ན་སློབ་མ་སོ་སོ་ལ་བླ་མ་སོ་སོར་བསྟན་ཏེ། སློབ་དཔོན་ཆེན་པོ་ཀླུའི་བྱང་ཆུབ་གྱིས་གསུངས་པ་བཞིན་ནོ། །ཇི་ལྟར་ཞེ་ན། དེ་བཞིན་གཤེགས་པས་རྡོ་རྗེ་ཡི། །ཐེག་པར་སློབ་དཔོན་རྣམ་གཉིས་གསུངས། །གཅིག་ནི་གསང་སྔགས་གཙོར་བྱེད་འགྱུར། །གཅིག་ནི་བསམ་གཏན་ལ་གཞོལ་བ། །ཞེས་པའོ། །སྔར་གྱི་ལུང་ནི་བསམ་གཏན་གཙོ་བོར་སྨོས་པ་དང་། སྔགས་ལ་གཞོལ་བ་གཙོ་བོར་བསྟན་པ་ནི། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུར་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེར་ལྡན་ཞིང་བསྟན་ཆོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །ཞེས་པ། སྔགས་ཞེས་པ་སྔགས་ཀྱི་དངོས་གྲུབ་པའི་ཐབས་དང་། རྒྱུད་ཀྱི་སྦྱོར་བ་ཤེས་ཞེས་པ་ཞི་སོགས་ཀྱི་སྦྱོར་བ་ཤེས་པ་ཡིན་ལ། དེ་ཉིད་བཅུ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་དབྱེ་བའི་ཆོ་ག་དང་། གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་བསྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟང་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས་པའོ། །དེ་ཡང་། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གདམ་ང་ཡོད་ན་དེ་ལྟར་བྱ་བ་མེད་ན་ཁྱིམ་པའང་རུང་སྟེ། རྒྱལ་བའི་སྐྱེས་རབས་ན་རྔོན་པ་ལ་ཆོས་འདུག་པ་ཐོས་པར་མཛད་པ་ལྟ་བུའོ། །བསྟེན་དུ་མི་རུང་བའི་བླ་མ་ནི། ང་རྒྱལ་དང་ལྡན་ཁྲོ་བས་ཟིལ་གནོན་དམ་ཚིག་རྣམ་བྲལ་རྫས་ལ་བརྐམ་ཞིང་ཐོས་པ་དག་ཀྱང་མེད། །སློབ་མ་རྣམས་ནི་སླུ་བ་དོན་དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལ་སེམས་ཉམས་དབང་མ་བསྐུར། །ལོངས་སྤྱོད་དག་ལ་ཀུན་ཆགས་བག་མེད་རྩུབ་མོའི་ཚིག་དང་བཅས་ཤིང་དབང་པོའི་དོན་དུ་འདོད་ལྡན་པ། །དེ་ཉིད་དམྱལ་བ་བཞིན་དུ་སློབ་མ་མཁས་པ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རྒྱུར་ནི་སྤང་བར་བྱ། །ཞེས་པ་ཉིད་དོ། །སློབ་དཔོན་དུ་གྱུར་ཟིན་ནས། སློབ་དཔོན་ཡོན་ཏན་བླང་བྱ་ཡིན། །སྐྱོན་ནི་ནམ་ཡང་མིན་པ་ཉིད། །ཡོན་ཏན་བླངས་པས་དངོས་གྲུབ་འགྱུར། །སྐྱོན་བརྗོད་པ་ལས་དངོས་གྲུབ་མེད། །ཅེས་གསུངས། བླ་མ་སངས་རྒྱས་སུ་བལྟ་དགོས། དེ་ལྟར་མཐོང་ན་ཅི་གསུངས་ཚད་མར་ཤེས་འོང་བ་དཔལ་ནཱ་རོ་པ་ལྟ་བུའོ། །དེ་ཙ་ན་འདོད་པའི་དངོས་གྲུབ་ཀྱང་བདེ་བླག་ཏུ་རྙེད་པ་ཡིན་ནོ། །དགེ་སློང་གིས་སློབ་དཔོན་ཁྱིམ་པ་བསྟེན་དགོས་པ་བྱུང་ན། འགྲེལ་ཆེན་ལས་འདིར། ངུར་སྨྲིག་འཛིན་པའི་དགེ་སློང་རྣམས་ཀྱིས་དུས་གསུམ་དུ་རྡོ་རྗེའི་སློབ་དཔོན་ལ་ཕྱག་འཚལ་བར་བྱ་སྟེ། ཁྱིམ་པ་དང་གསར་བུ་པ་རྣམས་ལ་ནི་དམ་པའི་ཆོས་འཆད་པའི་ཚེ་མ་གཏོགས་པར་མ་ཡིན་ནོ་ཞེས་ཏེ་འདུལ་བའི་བསྟན་པ་ལ་གཅེས་སྤྲས་སུ་མཛད་པའོ། །སློབ་མའི་མཚན་ཉིད་ནི། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་དང་ལྡན་ཡོན་ཏན་ཤེས། །ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེད། །གདུག་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་མཁས་པ་རྣམས་ཀྱིས་བསྡུ་བྱ་བ། །ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་ཞེས་པ་ནི་བསམ་གཏན་ལ་གཞོལ་བའི་གང་ཟག་གི་མཚན་ཉིད་དང་། གཞན་ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་དག་གི་རྒྱུར། ཞེས་པ་སྔགས་ལ་གཞོལ་བའི་དབང་དུ་མཛད་པའོ། །དེ་ཡང་འགྲེལ་ཆེན་ལས། ད་ནི་ཟབ་ཅིང་ཞེས་པ་ལ་སོགས་པས་ཤེས་རབ་ཡེ་ཤེས་ལ་སོགས་པའི་དབང་གི་དོན་ཏུ་སློབ་མ་དམ་པའི་མཚན་ཉིད་གསུངས་ཏེ། འདིར་སྔགས་ཀྱི་ཚུལ་ལ་སློབ་མ་རྣམ་པ་གཉིས་ཏེ། གཅིག་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་དོན་དུ་གཉེར་བ་དང་། གཉིས་པ་ནི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་དོན་དུ་གཉེར་བའོ། །གང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་དོན་དུ་གཉེར་བ་དེ་ནི་སྟོང་པ་ཉིད་ཀྱི་ལམ་བསྒོམ་པའི་དོན་དུ་བུམ་པ་དང་གསང་བ་ལ་སོགས་པའི་དབང་གིས་ཡང་དག་པར་བསྡུ་བར་བྱའོ། །གང་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་དོན་དུ་གཉེར་བ་དེ་ནི་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་དོན་དུ་དབང་བདུན་གྱིས་ཡང་དག་པར་བསྡུ་བར་བྱ་བ་སྟེ། འབྲིང་པོ་བསོད་ནམས་དག་གི་རྒྱུར་ཞེས་སོ། །ཐ་མ་ནི་དབང་གིས་ཡང་དག་པར་བསྡུ་བར་བྱ་བ་ནི་མ་ཡིན་ཏེ། དགེ་བསྙེན་ཀྱི་བསླབ་པས་ཡང་དག་པར་བསྡུ་བར་བྱའོ་ཞེས་པས་བསྐྱེད་རིམ་དགོས་པ་དང་མི་དགོས་པ་འདི་ལྟ་བུར་ཕྱེ་སྟེ་གསུངས་རུང་འཚང་རྒྱ་བ་ལ་ངེས་པར་བསྐྱེད་རིམ་དགོས་སོ་སྙམ་པ་དང་། མི་འདོད་ནས་རྩོད་པ་དོན་མེད། རྩ་བའི་འགག་རིམ་འཇུག་པ་དང་ཅིག་ཅར་བའི་ཁྱད་དུ་སྣང་། ཅིག་ཅར་བ་ལ་ཡང་ངེས་པར་མི་དགོས་པ་ཙམ་སྟོན་པ་ཡིན་གྱིས། དེས་དེ་ཉམས་སུ་བླངས་ཀྱང་གནོད་པར་ཅི་འགྱུར་ཏེ། འདོད་ཆགས་འདོད་ཆགས་ཀྱིས་སྦྱོང་བ་ལྟ་བུའོ། །གཉིས་པ་དངོས་གྲུབ་སྒྲུབ་བྱེད་དཀྱིལ་འཁོར་གྱི་རབ་དབྱེ་ལ་དངོས་དང་རྣམ་དག་བཤད་པ་གཉིས། དང་པོ་ནི། འགྲེལ་ཆེན་ལས། རྒྱུ་སྐར་གྱི་དཀྱིལ་འཁོར་ཞེས་པ། ཇི་ལྟར་ཤེས་པར་བྱ་ཞེ་ན་བརྗོད་པར་བྱ་སྟེ། འདིར་མཆོད་རྟེན་གྱི་ཕྱི་རོལ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམ་པར་དག་པས་ཀ་བ་ཉི་ཤུ་རྩ་བརྒྱད་དེ། ཕྱོགས་བཞི་རྣམས་སུ་ཐུར་མ་བདུན་གྱི་དབྱེ་བས་ཤར་དུ་ཁྱབ་འཇུག་གིས་ཁྱེར་ནས་འོངས་པ་དང་། ལྷོར་ཀཱརྟི་ཀ་ཡིས་དང་། ནུབ་ཏུ་ཚངས་པས་དང་། བྱང་དུ་བདེ་བྱེད་ཀྱིས་ཁྱེར་ཏེ་འོངས་པ་དག་གཙུགས་པ་དག་གང་ཡིན་པ་དེས་ན་མཆོད་རྟེན་གྱི་ཕྱི་རོལ་ཏུ་རྒྱུ་སྐར་གྱི་རྣམ་པར་དབྱེ་བས་མཆོད་རྟེན་གྱི་ནང་གི་དཀྱིལ་འཁོར་ནི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་རོ་ཞེས་གསུངས་པས། དྲུག་གི་རྣམ་པར་དབྱེ་བ་ཞེས་པའང་ཀ་བ་བདུན་རེ་ཡོད་པའི་གཅིག་ཟུར་ལ་ཡོད་པས་ལོགས་ལ་དྲུག་དྲུག་བྱུང་བ་དེ་ལ་དགོངས་པ་ཡིན་ནོ། །ཡང་འོག་གི་དཀྱིལ་འཁོར་ཆ་བཅུ་དྲུག་དང་ལྡན་པ་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་ནི་སྟོང་པ་ཉིད་དང་སྙིང་རྗེ་བཅུ་དྲུག་རྣམ་པར་དག་པས་སོ་ཞེས་སོ། །འོག་གི་དཀྱིལ་འཁོར་འདི་མཚན་བརྗོད་དང་། འགའ་ཞིག་རྣལ་འབྱོར་རྒྱུད་ནས་གསུངས་པའི་ཆོས་དབྱིངས་གསུང་དབང་ལ་འདོད་པ་ནི་མ་ཡིན་ཏེ། སྐུ་གསུང་ཐུགས་ཞེས་སྔར་གསུངས་པ་དང་། དཔལ་ལྡན་དྲི་མེད་གསུང་གི་དབང་ཕྱུག་དཀྱིལ་འཁོར་དུ་ནི་དབང་བསྐུར་ནས། །ཞེས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རང་ལ་གསུངས་པ་ཡིན་ནོ། །དེ་ཀ་ཡང་། འགའ་ཞིག་གསུངས་རྡོ་རྗེའི་གཙོ་བོར་གྱུར་བའི་དཀྱིལ་འཁོར་ལ་ཆོས་དབྱིངས་གསུང་དབང་དང་། ཐུགས་རྡོ་རྗེ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ལ་རྡོ་རྗེ་དབྱིངས་ཞེས་བཏགས་པ་ཡིན་ནོ་ཞེས་ཟེར་ཡང་འདིའི་རྡོ་རྗེ་དབྱིངས་དང་། ཆོས་དབྱིངས་གསུང་དབང་དང་། དུས་ཀྱིས་འཁོར་ལོ་དོན་གཅིག་ཀའོ། །དེ་ཡང་། ནང་ལེའི་ཚིགས་བཅད་ལྔ་བཅུ་རྩ་གཅིག་པ་སོགས་ཤློ་ཀ་བཅུ་དང་། དེར་མ་ཚང་བ་ཡེ་ཤེས་ཀྱི་ལེའུས་ཁ་བསྐང་སྟེ་བཤད་པར་བྱ་སྟེ། ལོ་བརྒྱའི་ཡེ་ཤེས་ཀྱི་ཆ་བསགས་པའི་ལོ་གསུམ་ཕྱོགས་གསུམ་ལྷར་བསྟན་པ། ལོ་དང་པོ་སྐུ་རྡོ་རྗེ། གཉིས་པ་གསུང་རྡོ་རྗེ། གསུམ་པ་ཐུགས་རྡོ་རྗེ། །དེ་ཡང་། སྙིང་སྟོབས་དག་པ། རྡུལ་དག་པ། མུན་པ་དག་པའོ། །ལོ་གསུམ་པ་ོདེ་ལ་ལྷོ་བགྲོད་གསུམ་བྱང་བགྲོད་གསུམ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐབས་ཤེས་རིགས་དྲུག་གོ །ལོ་རེ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུས་བསྒྱུར་བས་སྟོང་བརྒྱད་ཅུ་བྱུང་། དེ་ཟླ་བའི་དབྱེ་བ་སུམ་ཅུས་བགོས་པས་སོ་དྲུག་ཐོབ་པ་ནི་ཟླ་བ་སོ་དྲུག དེ་ཡང་རྣལ་འབྱོར་མའི་རིགས་སུམ་ཅུ་རྩ་དྲུག་གམ། རྣལ་འབྱོར་ཕའི་རིགས་སུམ་ཅུ་རྩ་དྲུག་གོ །སྟོང་བརྒྱད་ཅུ་དེ་ལ་གཟའ་བདུན་གྱིས་བགོས་པས་བརྒྱ་ལྔ་བཅུ་རྩ་བཞི་འཐོབ། དེ་དུས་ཀྱི་འཁོར་ལོ་པདྨ་གདན་ཅན་གྱི་ལྷ་གྲངས། ལྷག་མར་གཉིས་ལུས་པ་ཀུན་ཁྱབ་ཀྱི་གཙོ་བོ་ཡབ་ཡུམ། བསྡོམས་པས་བརྒྱ་ལྔ་བཅུ་རྩ་དྲུག ཕྱོགས་ཀྱི་ཞག་བཅོ་ལྔས་སྟོང་བརྒྱད་ཅུ་ལ་བགོས་པས་བདུན་ཅུ་རྩ་གཉིས་འཐོབ། འཁོར་ལོ་སྡོམ་ཆེན་གྱི་ལྷ་གྲངས། དེའི་སྟེང་དུ་གཙོ་བོ་ཡབ་ཡུམ་གཉིས། དབུ་མའི་ཕྱོགས་གསུམ་གྱི་ཞག་བཞི་བཅུ་རྩ་ལྔ་ལ་དུས་སྦྱོར་བཅུ་གཉིས་པ་རེ་ཡོད་པས་དེས་བསྒྱུར་བས་ཞག་གི་ཡན་ལག་དུས་སྦྱོར་ལྔ་བརྒྱ་དང་བཞི་བཅུ་བྱུང་། དེ་ལ་སྒྱུ་འཕྲུལ་དྲ་བ་རིགས་གསུམ་ལས་བུག་པ་རིག་བྱེད་དེ་ལྷ་ཞེ་དགུ་མ། འབྱུང་བ་རྒྱ་མཚོ་ཞེ་ལྔ་མ། མེ་དང་ཆུ་གཏེར་ཞེ་གསུམ་མ། དེ་རྣམས་བསྡོམས་པས་ལྷ་ཡབ་ཡུམ་ཟུང་བརྒྱ་དང་སུམ་ཅུ་རྩ་བདུན་འབྱུང་། དེ་ཐབས་ཤེས་གཉིས་ཀྱིས་བསྒྱུར་བས་ལྷ་རེ་རེ་བ་ཉིས་བརྒྱ་བདུན་ཅུ་རྩ་བཞིའོ། །གསང་བ་འདུས་པ་ལ། དུས་ཀྱི་དབྱེ་བ་ཞེས་པས་རིགས་དྲུག་བྱུང་། དེ་ཡང་དེ་ཉིད་ཅེས་པ་ལྷ་ཉེར་ལྔ་མ། དེ་ལས་དྲུག་གི་དམན་པ་ལྷ་བཅུ་དགུ་མ། ཉེར་ལྔའི་ཕྱེད་ཕྱེད་དང་བཅུ་གསུམ་དང་། བཅུ་དགུའི་ཕྱེད་ཕྱེད་བཅས་དགུའི་ཕྱེད་མ་འདི་ཕྱེད་དང་བཅུ་གསུམ་གྱི་ཕྱེད་མ་ལ་བསྲེས་པས་ལྷ་བཅུ་གསུམ་མ་དང་ལྷ་དགུ་མ་གཉིས། སླར་ཡང་བསྲེས་པ་དག་ནི་ཞེས་པས་བཅུ་གསུམ་དང་བཅུ་དགུ་མ་བསྲེས་པས་ལྷ་སོ་གཉིས་མ། བུག་པ་དེ་ཉིད་བསྲེས་པས་ལྷ་སོ་བཞི་མ། དེ་ལྟར་འདུས་པའི་ལྷ་ཡབ་ཡུམ་ཟུང་བརྒྱ་དང་སོ་གཉིས་བྱུང་། དེ་ཐབས་ཤེས་རབ་ཀྱིས་བསྒྱུར་བས་ལྷ་རེ་རེ་བ་ཉིས་བརྒྱ་དྲུག་ཅུ་རྩ་བཞིའོ། །འདུས་པ་དང་སྒྱུ་འཕྲུལ་དྲ་བ་དྲིལ་བའི་ལྷ་ལྔ་བརྒྱ་དང་སུམ་ཅུ་རྩ་བརྒྱད། ཀུན་ཁྱབ་ཀྱི་གཙོ་བོ་ཡབ་ཡུམ་བསྣན་པས་ལྔ་བརྒྱ་དང་བཞི་བཅུ་ནི་ཕྱོགས་ཞག་གི་དུས་སྦྱོར་གྱི་གྲངས་སོ། །ཕྱོགས་ཞག་ཞེ་ལྔ་ལ་གཟའ་བདུན་གྱིས་བགོས་པས་དྲུག་ཐོབ་པ་ནི་ཕྱག་རྒྱ་དྲུག་གི་ལྷ། ལྷག་མ་གསུམ་བྱུང་བ་ནི་སྐུ་གསུང་ཐུགས་རྡོ་རྗེའི་རྒྱས་བཏབ་ཀྱི་ལྷ་སྟེ་ཤེས་རབ་ཀྱི་རྒྱུད་པ་དང་། དེའི་ཤུགས་ཀྱིས་ཐབས་རྒྱུད་དུས་སྦྱོར་གསུམ་དང་། སྙིང་སྟོབས་རྡུལ་མུན་དག་པའོ། །དེ་དག་གི་སྟེང་དུ་སྡོམ་པ་ཆུང་བ་བསྣན་པ་ལ། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་བཅུ་གཉིས་ཞེས་བརྗོད་དོ། དང་པོ་ལ་པདྨའི་ལྟེ་བའི་ལྷ་ནི། ནུས་མ་བཅུ། གཙུག་ཏོར་ཅན་ཐུགས་དང་སྐུ་དཀྱིལ་གྱི་ཁྲོ་བོ་བཅུ་དང་། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་དང་། རྡོ་རྗེ་དབྱིངས་ཀྱི་དབང་གྱུར་མ་སོགས་གཤེགས་མ་ལྔ་དང་། གཟུགས་རྡོ་རྗེ་མ་སོགས་སེམས་མ་དྲུག ས་སྙིང་སོགས་སེམས་དཔའ་དྲུག དྲུག་གཉིས་ཞེས་པ་ཚེས་ལྷའི་གཙོ་བོ་བཅུ་གཉིས། རྣལ་འབྱོར་མ་གསུང་དཀྱིལ་གྱི་གཙོ་མོ་བརྒྱད། ཀླུ་བརྒྱད། གཏུམ་མོ་བརྒྱད། སྲིད་པར་ཉིས་འགྱུར་ཞེས་པ་ཕྱི་འཇིག་རྟེན་ནང་ལུས་ལའང་སྦྱར་དུ་རུང་བ། འདི་ཐམས་ཅད་བསྡུས་ན་ལྷ་ཟུང་བདུན་ཅུ་རྩ་བརྒྱད། དེ་ཐབས་ཤེས་གཉིས་ཀྱིས་བསྒྱུར་བས་བརྒྱ་ང་དྲུག དེ་ཡང་ཆ་གསུམ་དུ་བྱས་ནས་ཉི་མའི་ཕྱོགས་ལ་སུམ་གཉིས་ཀྱི་གྲངས་ལྷ་བརྒྱ་དང་བཞི། ཟླ་བའི་ཆ་ལ་སུམ་ཆའི་གྲངས་ལྔ་བཅུ་རྩ་གཉིས། དེ་དག་པདྨའི་གདན་ཅན་ཞེས་པ་ནི། ཕལ་ཆེར་པདྨའི་ལྟེ་བ་ལ་གནས་པ་ཡིན་ལ། གཞན་འབྱུང་བ་དང་། འཁོར་ལོ་དང་། ཤིང་རྟ་ལ་གནས་པ་ཟླ་སྟོབས་ཀྱིས་དྲངས་པ་ཁ་ཅིག་གོ །ནུས་མ་རྣམས་འདབ་མར་གནས་སོ་སྙམ་ན། དེ་ནི་གཙོ་བོ་དང་སྦྱོར་བའི་ཚེ་ལྟེ་བར་གནས་པ་ཡང་ཡིན་ནོ་ཞེས་གསུངས་སོ། །ཉི་མའི་ཡེ་ཤེས་ཀྱི་ཆ་འབྲིང་ཟླ་བ་གཅིག་ན་ཆུ་ཚོད་དྲུག་ཅུར་འགྱུར། དེ་ཡང་ཞིབ་མོར་བརྩིས་ན་ཞག་སོ་གཉིས་ན་ཞག་གཅིག དེའི་ཆུ་ཚོད་དྲུག་ཅུ། དེའི་སྟེང་དུ་དུས་སྦྱོར་བསྲེས་པ་སྟེ་ཐུན་མཚམས་བཞི་བསྲེས་པས་འདབ་མའི་ལྷ་མོ་དྲུག་ཅུ་རྩ་བཞི། དེ་ཐབས་ཤེས་གཉིས་ཀྱིས་བསྒྱུར་བས་ལྷ་བརྒྱ་དང་ཉི་ཤུ་རྩ་བརྒྱད་འབྱུང་། ལོའི་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཚེས་ལྷའི་གཙོ་བོ་བཅུ་གཉིས་ཀྱི་དོད་པོར་མཆོད་པའི་ལྷ་མོ་བཅུ་གཉིས་དང་བཅས་པའི་ཚེས་ལྷ་སུམ་བརྒྱ་དྲུག་ཅུ། དེ་ཐབས་ཤེས་ཀྱིས་ཕྱེ་བས་ཉིས་འགྱུར་སོང་བས་བདུན་བརྒྱ་ཉི་ཤུའི་གྲངས་སུ་འགྱུར། གོང་གི་ལྷ་མཐའ་དག་དང་། དེའི་སྟེང་དུ་མངོན་བརྗོད་ཀྱི་ལྷ་བདུན་ཅུ་རྩ་གཉིས། འདི་སྡོམ་ཆེན་གྱི་ལྷར་བཞེད་པ་དང་། རོང་པ་ཤེས་རབ་སེང་གེས་འདོད་ཕྱིར་དོད་ཀྱི་ལྷ་བདུན་ཅུ་རྩ་གཉིས་ལ་མཛད། སྔ་མ་དེ་ལེགས་པར་སེམས་སོ། །དེའི་སྟེང་དུ་ཕྱག་དྲུག་གི་ལྷ། གཙོ་བོ་ཡབ་ཡུམ་ཀུན་ཁྱབ་ཡིན་པས་ཐབས་རྒྱུད་ཀྱི་ལྷའི་ཁ་སྐོང་དུ་བྱས་ནས་པདྨའི་གདན་ཅན་གྱི་ལྷ་བརྒྱ་ང་བཞི། གསུང་གི་འདབ་མའི་ལྷ་བརྒྱ་ཉེར་བརྒྱད། ཚེས་ལྷའི་བདུན་བརྒྱ་ཉི་ཤུ། མངོན་བརྗོད་ཀྱི་བདུན་ཅུ་རྩ་གཉིས། ཕྱག་རྒྱའི་ལྷ་དྲུག་སྟེ་སྟོང་བརྒྱད་ཅུ་བྱུང་བ་ནི་སྔར་ལོ་གསུམ་གྱི་ཞག་དང་སྦྱར་བའོ། །དེ་ལྟར་ལོ་དང་ཕྱོགས་ཀྱི་ལྷ་འམ་ཤེས་རབ་དང་ཕའི་རྒྱུད་ཀྱི་ལྷ་ཀུན་བསྡོམས་པས་སྟོང་དྲུག་བརྒྱ་ཉི་ཤུ་བྱུང་བ་ནི་རྒྱུ་སྐར་ཉེར་བདུན་རེ་རེ་འང་ཆུ་ཚོད་དྲུག་ཅུའི་བདག་ཉིད་ཡིན་པས། དེ་དྲུག་ཅུས་བསྒྱུར་བས་སྟོང་དྲུག་བརྒྱ་དང་ཉི་ཤུ་འབྱུང་བ་དང་དག་པ་སྦྱོར་རོ། །ཤེས་རབ་ཐབས་དག་མཚན་མོ་ཉིན་མོར་འགྱུར་བ་མཉམ་པའི་ཆ་སྟེ་མཚན་མོ་ཕྱེད་དང་ཉིན་ཕྱེད་ལའོ་སོགས་ཀྱིས་དོན། ཕྱིར་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ལ་གཟའ་རྣམས་ལོངས་སྤྱོད་པ་བཞིན་དུ་ནང་དུ་ཉིན་མཚན་ཉིན་མོ་ཤེས་རབ་ཀྱི་ལྷ་སྟོང་བརྒྱད་ཅུ། མཚན་མོ་ཐབས་ཀྱི་ལྷ་ལྔ་བརྒྱ་བཞི་བཅུ། གཞན་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དུས་ཀྱི་འཁོར་ལོ་སོགས་ཀྱིས་ལོངས་སྤྱོད་པའོ། །སླར་ཡང་དེ་ལས་འཁོར་ལོ་དག་གི་རྩ་རྣམས་དེ་བཞིན་ཉིད། །ཅེས་སོགས་ཀྱི་ལྟེ་བའི་འཁོར་ལོ་ལུས། གསང་བའི་འཁོར་ལོ་ངག ནོར་བུ་ཐུགས་ཀྱི་ཐིག་ལེ་འཛིན་པའི་རྩ་སྟེ། དབང་མདོར་བསྟན་ལས། ནོར་བུ་ཐུགས་དང་གསང་བ་གསུངས། །ལྟེ་བར་སྐུ་ནི་བདེ་ཆེན་ཕྱིར། །ཞེས་སོ། །སྟེང་དུ་ཉི་ཟླ་སྒྲ་གཅན་འོག་ཏུ་བཤང་གཅི་ཁུ་བ་འབབ་པ་རིགས་དྲུག་གསང་གནས་ཀྱི་ནང་སྐོར་གྱི་རྩ་འདབ་དྲུག དེའི་བར་སྐོར་བཅུ། ལྔ་བའི་ནང་སྐོར་གྱི་འཕོ་ཆེན་བཅུ་གཉིས་ཀྱི་རྩ། སྙིང་ཀའི་ཐུན་བརྒྱད་དེ་སོ་དྲུག་རིགས་སོ་དྲུག ཡང་ལྟེ་བའི་བདུན་ཅུ་རྩ་གཉིས་ནི་ཕུང་པོའི་རང་བཞིན་ཅན་དྲུག ཁམས་ཀྱི། དབང་པོའི། ཡུལ་གྱི། ལས་དབང་གི བྱ་བའི་རང་བཞིན་ཅན་དྲུག་དྲུག་སྟེ་སོ་དྲུག དེ་རྣམས་ལ་བརྟེན་པའི་རླུང་གཟུགས་ཕུང་། དེ་བཞིན་ཚོར་འདུ། འདུ་བྱེད་རྣམ་ཤེས་ཡེ་ཤེས་འཇུག་པར་བྱེད་པ་དྲུག་དྲུག་སྟེ་སོ་དྲུག རྟེན་དང་བརྟེན་པའི་དབྱེ་བ་དེས་རིགས་བདུན་ཅུ་རྩ་གཉིས། ཐུན་མཚམས་བཞི་དག་པའི་གཙུག་ཏོར་འདབ་མ་བཞི། ཐུན་བརྒྱད་གཟའ་བརྒྱད་དག་པས་སྙིང་ཀའི་རྩ་བརྒྱད། ཐུན་ཕྱེད་དམ་ཚེས་བཅུ་དྲུག་དག་པས་སྤྱི་བོར་བཅུ་དྲུག རྒྱུ་སྐར་ཉེར་བརྒྱད་དབྱུག་གུའི་སྐར་མ་བཞི་དག་པས་མགྲིན་པར་སོ་གཉིས། ཆུ་ཚོད་དྲུག་ཅུ་སྟོང་པའི་ཐོབ་སྐལ་བཞི་དང་བཅས་པ་དག་པས་ལྟེ་བའི་ཕྱི་སྐོར་དྲུག་ཅུ་རྩ་བཞི་ཁམས་སོ་གཉིས་དག་པའི་གསང་གནས་སོ་གཉིས་པདྨ་གདན་ཅན་གྱི་ལྷའོ། །གསང་གནས་ཀྱི་ནང་གི་དྲུག་འཁོར་ལོ་དྲུག་འགོག་པ། བར་སྐོར་བཅུ་ཡུལ་འཛིན་པའི་རྩ་འགོག་པ། འདུས་པའི་རང་བཞིན་དེ་ཉིས་འགྱུར། གཙུག་ཏོར་དང་དཔྲལ་བའི་ཉི་ཤུ་བད་ཀན། དེ་ཉིས་འགྱུར་མགྲིན་སྙིང་གི་རྩ་བཞི་བཅུ་མཁྲིས་པ། དེ་ཉིས་འགྱུར། ལྟེ་བ་དང་གསང་བའི་ཕྱི་སྐོར་དྲིལ་བས་རྩ་བརྒྱད་ཅུ་རླུང་གི་ཆ། དེ་ལྟར་རྩ་བརྒྱ་དང་ང་དྲུག་དེ་དག་ཐ་མལ་པ་ལ་འཆི་བ་སྟེར། རྣལ་འབྱོར་དང་ལྡན་པ་ལ་ཐར་པ་སྟེར། དེའི་སྟེང་དུ་རིགས་དྲུག་གི་རྩ་བསྣན་པ་དེ་རྣམས་ལ་བརྒྱ་དྲུག་ཅུ་རྩ་གཉིས་བྱུང་། རླུང་བཅུས་སམ་ཕུང་ཁམས་བཅུས་བསྒྱུར་ན་སྟོང་དྲུག་བརྒྱ་ཉི་ཤུ་འབྱུང་། དེ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་ལྷའོ། །དང་པོའི་སངས་རྒྱས་ཀྱི་ལྷ་སྟོང་དྲུག་བརྒྱ་ཉི་ཤུ་ལ་སུམ་ཅུས་བགོས་པས་ལྷ་ལྔ་བཅུ་རྩ་བཞི། དེ་གསུམ་གྱི་བསྒྱུར་བས་བརྒྱ་དང་དྲུག་ཅུ་རྩ་གཉིས་འབྱུང་། དེ་པདྨའི་གདན་ཅན་གྱི་ལྷ་བརྒྱ་ང་བཞི། ཀུན་ཁྱབ་གཙོ་བོ་ཡབ་ཡུམ་གཉིས། ཕྱག་རྒྱ་དྲུག་དང་བཅས་པའི་གྲངས་སོ། །ཡང་ན་སྟོང་དྲུག་བརྒྱ་ཉི་ཤུ་ལ་སྙིང་གའི་རྩ་བཅུས་བགོས་པ་བརྒྱ་རེ་གཉིས་ཐོབ་སྟེ་གནད་གཅིག དེ་ལྟར་ནང་ལེར་གསུངས་པ་ཡིན་ལ། ཡེ་ལེར་ཤེས་རབ་གྱི་རྒྱུན་སྡོམ་པ་ཆུང་བའི་ལྷ་ཤར་ཞལ་ནས་སྤྲོས་ཚུལ། གསང་འདུས་རིགས་དྲུག་ལྷོ་ཞལ། སྒྱུ་འཕྲུལ་དྲ་བ་རིགས་གསུམ་བྱང་ཞལ། སྡོམ་པ་ཆེན་པོ་ནུབ་ཞལ་ནས་སྤྲོ་ཚུལ། ཚིགས་བཅད་བཅུ་གསུམ་པ་ནས་ཞེ་གཅིག་པའི་བར་གྱིས་གསུངས་པའི་དོན། སྐྱེས་པ་ལ་ལོ་བཅུ་དྲུག་པའི་མཐར་ཁམས་སྨིན་པས་སེམས་ཀྱིས་རྣམ་པ་སྣ་ཚོགས་སྤྲོ་བར་བྱེད་པ་བཞིན་དུ། གཙོ་བོའི་དཔྲལ་བའི་འཁོར་ལོ་ཆུ་ཁམས་ལས་འོད་དཔག་མེད་སོགས་ལྷ་དཀར་པོ། སྙིང་ཀ་རླུང་ལས་དོན་གྲུབ་སོགས་ནག་པོ། མགྲིན་པ་མེ་ལས་རིན་འབྱུང་སོགས་དམར་པོ། ལྟེ་བ་ས་ལས་རྣམ་སྣང་སོགས་སེར་པོ། གཙུག་ཏོར་ནམ་མཁའ་ལས་མི་སྐྱོད་པ་སོགས་ལྗང་ཁུ། གསང་བ་ཡེ་ཤེས་ལས་རྡོར་སེམས་སོགས་སྔོན་པོ་རྣམས་སོ། །འདིར་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྒྱས་འདེབས་ལ་རྣམ་སྣང་དཀར་པོ། སྣང་མཐའ་དམར་པོ། མི་བསྐྱོད་པ་ནག་པོ། རྡོར་སེམས་སེར་པོར་བཤད་པའང་བྱུང་སྟེ། ཁམས་ཀྱི་དག་པ་ལས་སོ། །སྡོམ་པ་ཆུང་ངུའི་དཀྱིལ་འཁོར་ལ། རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་གཉིས། དང་པོ་ནི། ཕྱི་ནས་སེར་དཀར་དམར་ནག་ལྗང་བའི་རྩིག་པ་ལྔ་ལྡན། ནང་ཤར་ནག ལྷོ་དམར། བྱང་དཀར། ནུབ་སེར་པོ། རྩ་ཐིག་ལ་རེག་པའི་སྐུའི་འཁོར་ལོ་དཀར་པོ་འཁོར་ལོའི་འཕྲེང་བ་ཅན། དེའི་ནང་དུ་གསུང་གི་འཁོར་ལོ་དམར་པོ་པདྨའི་འཕྲེང་བ་ཅན། དེའི་ནང་དུ་ཐུགས་འཁོར་ནག་པོ་རྡོ་རྗེའི་འཕྲེང་བ་ཅན། འཁོར་ལོ་རེ་ལ་ཆ་ཕྲན་དྲུག་རེ་ཡོད་པའི་ཕྱི་ནས་ཆ་ཕྲན་གཉིས་འཕྲེང་བ། བཞི་རྩིབས། དེ་ཡང་ཕྱོགས་མཚམས་རེ་རེ་ཡོད་པས་བརྒྱད། དེའི་ནང་དུ་ཆ་ཕྲན་དྲུག་ནི་ཕྱི་མ་བཞི་ལ་པད་འདབ་བརྒྱད་ལྗང་ཁ་ནང་གི་གཉིས་ལྟེ་བ། གཞན་དུས་འཁོར་དང་འདྲའོ། །གདན་ནི་རོ། རྟེན་པ་ལྷ་གཙོ་བོ་ནི་ཞབས་གཡོན་བརྐྱང་ཨུ་མ་དང་དབང་ཕྱུག་བརྫིས་པ། སྐུ་མདོག་རྩ་ཞལ་ནག་པོ། གཡས་ཞལ་དམར། གཡོན་དཀར། རྒྱབ་སེར་དུས་སྦྱོར་དག་པའི་ཕྱག་བཅུ་གཉིས། གཞན་ལཱུ་ཡི་པ་ལྟ་བུའོ། །རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་པ་ལྗང་ཁ། ཤར་དུ་མཁའ་འགྲོ་མ་ནག་མོ། ལྷོར་ལཱ་མ་དམར་མོ། ནུབ་ཏུ་དུམ་སྐྱེས་མ་སེར་མོ། བྱང་དུ་གཟུགས་ཅན་མ་དཀར་མོ། དེ་དག་ཀྱང་སྒྲོལ་མ། གོས་དཀར། སྤྱན་མ། མཱ་མ་ཀི་བཞི་ཡིན་ནོ། །འཁོར་ལོ་གསུམ་ལ་རབ་གཏུམ་མ་དང་། དཔའ་བོ་ཐོད་པའི་དུམ་བུ་ལ་སོགས་པ་ཡབ་ཡུམ་ཉེར་བཞི། ཁྭ་གདོང་མ་སོགས་སྒོ་མཚམས་མ་བརྒྱད། ལྷ་མོ་གཞན་རྣམས་ཀྱང་ཕྱོགས་མདོག་དེ་ལ་མེར་གནས་པ་ཤར་བཞིན་གྱི་མཚམས་ལྷག་མ་གཏོགས་སོ། །དཔའ་མོ་ཉེར་བཞི་གཟུགས་རྡོ་རྗེ་མ་སོགས་དྲུག ཤིན་ཏུ་སྔོན་མོ་སོགས་ཁྲོ་སྐྱེས་མ་བཅུ། ཙར་ཙི་ཀ་སོགས་འབྱུང་སྐྱེས་མ་བརྒྱད་དང་། སྒོ་མཚམས་མ་རབ་གཏུམ་མ་བརྒྱད། ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། དཔའ་བོ་ཞལ་གཅིག་ཕྱག་བཞི་རྡོ་རྗེ་དང་ཌ་མ་རུ། དྲིལ་བུ་དང་ཁ་ཊྶཾ་ག་བསྣམས་པ། དེ་དག་ཀྱང་ཕྱི་ལྷུན་པོའི་སྟེང་གི་པདྨ་བརྒྱད་སྙིང་པོ། སའི་དཀྱིལ་འཁོར་གྱི་ཕྱོགས་བཞི་གནས། མཚམས་བཞི་ཉེ་གནས་ཐུགས་འཁོར། ཆུའི་ཕྱེད་ནང་མ། ཤར་དང་ལྷོ་ཞིང་། ནུབ་དང་བྱང་ཉེ་ཞིང་། དབང་ལྡན་དང་རླུང་ཚནྡྷོ་ཧ། བདེན་བྲལ་དང་མེ་ཉེ་ཚན་ཏེ་གསུང་འཁོར། ཆུའི་ཕྱེད་ཕྱི་མ་ཤར་དང་ལྷོ་འདུས་པ། ནུབ་དང་བྱང་ཉེ་འདུས། དབང་ལྡན་དང་རླུང་དུར་ཁྲོད། བདེན་བྲལ་དང་མེ་ཉེ་བའི་དུར་ཁྲོད་སྐུ་འཁོར། དམྱལ་བ་བརྒྱད་དུར་ཁྲོད་བརྒྱད། དེ་ཡང་གནས་འཇིག་རྟེན་གྱི་ཁམས་ལ་ཚང་བ་བཞིན། འཛམ་བུ་གླིང་དང་། ཡུལ་རེ་རེ་དང་། གྲོང་ཁྱེར་རེ་རེར་ཡང་ཚང་ཞིང་། དེ་དག་ན་འཁོར་ལོ་དེ་དག་གི་རྣལ་འབྱོར་མ་རྣམས་ཀྱང་ཡོད་པར་ཤེས་པར་བྱའོ། །གསང་བ་འདུས་པའི་དཀྱིལ་འཁོར་ལ་རྟེན་ནས་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཆ་ཕྲན་བཅུ་གཉིས་ལ་བྱ་སྟེ། དབུས་ནས་ཕྱོགས་གཅིག་ལ་གཙོ་བོའི་གནས་ཆ་ཕྲན་གསུམ། རྡོ་རྗེའི་གདུང་ངམ་ཀ་བའི་གནས་ལ་ཆ་ཕྲན་ཕྱེད་དང་གཉིས། སངས་རྒྱས་བཞིའི་གནས་ལ་ཆ་ཕྲན་དྲུག ཕྱིའི་གདུང་ཟླུམ་པོ་ལ་ཕྱེད་གཉིས། ཀ་གདུང་གི་ས་ལ་གཙོ་བོའི་མཚན་མ་རྡོ་རྗེ་བྲི། ཟླུམ་པོའི་ཕྱི་ནས་རྩ་ཐིག་གི་བར་གྱི་ཆ་ཕྲན་བཅུ་གཉིས་ལ་ཕྱེད་མར་བགོས་ནས་ནང་མར་ཚོན་ས། ཕྱི་མ་ལྷ་སྣམ། ཡང་ན་དུས་འཁོར་ལྟར་ཆ་ཕྲན་བདུན། ལྷ་སྣམ་ལ་བཞི། དཔང་ཆུང་ལ་གཅིག་གོ གཞན་སྡོམ་ཆུང་བཞིན། གདན་དཔའ་བོ་གཅིག་པ་བྱེད་ན་ཁུ་རྡུལ་དག་པའི་ཟླ་ཉི། ལྷ་དགུ་མ་ཟླ་རྐང་དང་པོའི་ཆུ་ཚོད་ལྔ་འམ་གཟུགས་སོགས་ཡོན་ཏན་ལྔ་དག་པའི་ཟླ་གདན། ཡུམ་བཞི་རྣམ་སྣང་གི་གདན། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་དེ་དག་ཆ་མཉམ་པའི་སྐབས་དག་པའི་གདན་བཞི་གཙོ་བོར་རིན་འབྱུང་སྣང་མཐའ་དོན་གྲུབ་ཀྱི་གདན། བཅུ་གསུམ་མ་དེའི་སྟེང་དུ་ཉི་མའི་རིམ་པའི་སྔ་རྐང་ལ་བུ་ལོན་འཕེལ་ཕྱི་རྐང་ལ་བུ་ལོན་འགྲིབ། རིམ་མིན་གྱི་སྔ་རྐང་ལ་ནོར་འཕེལ་ཕྱི་རྐང་ལ་ནོར་འགྲིབ་པ་དབྱེ་བས་ཉི་གདན་བཞི་སྒོའི་ཁྲོ་བོའི་གདན། ལྷ་བཅུ་དགུ་མ་ལ་རེས་གཟའ་བདུན་དག་པའི་ཉི་གདན་བདུན། སྒོའི་ཁྲོ་བོ་དང་རིན་འབྱུང་སོགས་ཀྱི་གདན་ཡར་ངོའི་རྫོགས་པ་བཅུ་གཉིས་དག་པའི་ཟླ་གདན་བཅུ་གཉིས། གཙོ་བོ་རྣམ་སྣང་ཡུམ་བཞི་སེམས་མ་དྲུག་རྣམས་ཀྱི་གདན། ལྷ་ཉེར་ལྔ་མ་ལ་ཡར་ངོའི་རྫོགས་པ་བཅུ་གཉིས་ཀྱི་དག་པའི་ཟླ་གདན་བཅུ་གཉིས་སེམས་དཔའ་དྲུག་སེམས་མ་དྲུག་གི་གདན། མར་ངོའི་རྫོགས་པ་བཅུ་གཉིས་དག་པའི་ཉི་གདན་བཅུ་གཉིས། གཤེགས་པ་བཞི། ཡུམ་བཞི་ཁྲོ་བོ་བཞིའི་གདན། གཙོ་བོ་ལ་ཟླ་ཉི་གང་རུང་། ལྷ་སོ་གཉིས་མ་ལ་ཉེར་ལྔའི་སྟེང་དུ་གཟའ་བདུན་དག་པའི་ཉི་གདན་བདུན་ཏེ། དེ་ལྟར་ཉི་གདན་ཉི་ཤུ་ནི་ཁྲོ་བོ་བཅུ་གཅིག་དང་། སངས་རྒྱས་ལྔ་ཡུམ་བཞི། ཟླ་གདན་བཅུ་གཉིས་ནི་སེམས་དཔའ་དྲུག སེམས་མ་དྲུག་གིས་སོ། །ལྷ་སོ་བཞི་མ་ལ་དེའི་སྟེང་དུ་མཉམ་མོ་སྣ་བུག་གཡས་ནས་སྲོག་འགྲོ་བའི་ཉི་གདན། སྣ་བུག་གཡོན་ནས་སྲོག་འགྲོ་བའི་ཟླ་གདན། ཛམྦྷ་ལ་ཡབ་ཡུམ་གྱི་གདན་བརྟེན་པ་ནི། དེ་ཡང་ཕུང་པོ་ལྔ་དག་པ་རིགས་ལྔ། ཁམས་བཞི་ཡུམ་བཞི། ལྷ་དགུ དེའི་སྟེང་སྒོ་སྐྱོང་ཁྲི་བོ་བཞི་བསྣན་པས་བཅུ་གསུམ། དེའི་སྟེང་དུ་ཡུལ་དྲུག་དག་པའི་སེམས་མ་དྲུག་བསྣན་པས་བཅུ་དགུ དེའི་སྟེང་དུ་ར་བའི་རྩིག་པ་ལ་ཉེ་བའི་ལྷ་རྣམས་ལ་གནས་པའི་སེམས་དཔའ་དྲུག་སྟེ་ཉེར་ལྔ། དེའི་སྟེང་དུ་ཟུར་གྱི་ཁྲོ་བོ་བཞི་སྟེང་འོག་གཉིས་ཏེ་དྲུག གཙོ་བོ་ཡབ་ཡུམ་ཐ་དད་དུ་བགྲངས་པས་ལྷ་སོ་གཉིས། གོང་དུ་ཁྲོ་བོ་བཅུ་གཅིག་ཅེས་པ་གཙོ་བོ་ཁྲོ་ཆགས་ཡིན་པས་དེ་བགྲངས་པའོ། །ཁྲོ་བོ་བཅུ་སྦྱང་གཞི་ནི། ལས་དབང་ལྔ། དེའི་ཡུལ་བྱ་བ་ལྔའོ། །དེའི་སྟེང་དུ་ཛམྦྷ་ལ་ཡབ་ཡུམ་བསྣན་པས་སོ་བཞི། མཆོག་གི་དབང་པོ་དང་དགའ་བའི་བྱ་བ་དག་པའོ། །དུས་གྱི་རྩ་དབུ་མ་ནི་དབུས་ཀྱི་གཙོ་བོ་ཉིད་ཀྱི་སྦྱང་གཞི། རྡུལ་མུན་སྙིང་སྟོབས་དག་པས་ཞལ་གསུམ། ཡུལ་དྲུག་དག་པས་ཕྱག་དྲུག ལུས་ཀྱི་མཛོད་དྲུག་དག་པས་ཕྱག་མཚན་དྲུག་སྟེ། གཡས་ན་རྡོ་རྗེ་པདྨ་འཁོར་ལོ། གཡོན་ན་དྲིལ་བུ་ནོར་བུ་རལ་གྲི་འཛིན་པ། གཡས་ཀྱི་ཕྱག་མཚན་དང་པོའི་གནས་སུ་གཞན་བྱུང་ན་དེའི་གནས་སུ་རྡོ་རྗེ་འགྲོ་ཞིང་དབུས་སུ་གཙོ་བོ་འཕོས་ན་དེའི་གནས་སུ་མི་བསྐྱོད་པ་འགྲོའོ། །སྐུ་མདོག་གསལ་ཀ་མ་བྱུང་ཡང་དུས་འཁོར་བཞིན་བླ་མས་བཞེད་དོ། །འདུས་པ་དྲུག་པོ་འདི་སློབ་དཔོན་ཐ་ག་ནས་ལྷ་དགུ་མ། ཨིནྡྲ་བྷཱུ་ཏིས་བཅུ་གསུམ་མ། སངས་རྒྱས་ཡེ་ཤེས་ཞབས་བཅུ་དགུ་མ། སློབ་དཔོན་མགྲིན་པ་གསུམ་པས་ཉེར་ལྔ་མ། ཀླུ་སྒྲུབ་ཀྱིས་སོ་གཉིས་མ། ཀུན་སྙིང་གིས་སོ་བཞི་མ་བཤད་པ་དང་ལྷ་གྲངས་མཐུན་ངོ་བོ་གཅིག་ཀྱང་དཀྱིལ་འཁོར་སོགས་མ་མཐུན་ཏེ་འདི་ནི་དུས་འཁོར་དང་འདྲ་བ་ཉིད་དོ་ཞེས་བུ་སྟོན་གྱིས་སོ། །སྒྱུ་འཕྲུལ་དྲ་བ་རིགས་གསུམ་གྱི་རྟེན་ནི། དབུས་ནས་བདེ་གཤེགས་འཕར་མ་ཡན་ལ་ཆ་ཕྲན་བརྒྱད། དེ་ནས་རྩ་ཐིག་གི་བར་ལ་བཅུ་དྲུག་ཡོད་པས་ཚངས་ཐིག་ནས་ཆ་ཕྲན་གཉིས་ལ་གཙོ་བོའི་གནས། གཅིག་རྡོར་འཕྲེང་། དེ་ནས་བཞི་བདེ་གཤེགས་འཕར་མའི་གནས། གཅིག་རྡོར་འཕྲེང་། ཐམས་ཅད་དབྱིབས་གྲུ་བཞིའོ། །དེས་སུམ་ཆ་སོང་། དེ་ནས་སུམ་གཉིས་ལ་བཞི་སྒྲ་རྡོ་རྗེ་མ་སོགས་ཀྱི་གནས། གཅིག་རྡོར་འཕྲེང་། དེ་ནས་བཞི་ཁྲོ་བོ། གཅིག་རྡོར་འཕྲེང་། ཡང་བཞི་སེམས་དཔའ་བཅུ་དྲུག་གི་གནས། གཅིག་རྡོར་འཕྲེང་། ཐམས་ཅད་གྲུ་བཞི། ལྷག་མ་གཅིག་ཚོན་ས། གཞན་དུས་འཁོར་དང་འདྲ། གདན་ཞེ་གསུམ་མ་ལ་ཡར་ངོའི་རྫོགས་པ་བཅུ་གཉིས་མར་ངོའི་བཅུ་གཉིས་ཏེ་ཟླ་ཉི་ཉེར་བཞི་དེའི་སྟེང་དུ་གཟའ་བདུན་དག་པའི་ཉི་མ། ཉི་རྐང་གི་ཆུ་ཚོད་བཅུ་གཅིག་དག་པའི་ཉི་གདན་བཅུ་གཅིག ཡང་ན་བསམ་པའི་ཟླ་གདན་བཅུ་གཅིག གཙོ་བོ་ལ་གང་རུང་། དེ་ལས་ཉི་གདན་སུམ་ཅུ་ནི་ཡུམ་བཞི། ཁྲོ་བོ་བཅུ། སེམས་དཔའ་བཅུ་དྲུག་གི་གདན། ཟླ་གདན་བཅུ་གསུམ་ནི་རིགས་ལྔ། རྡོ་རྗེ་མ་བརྒྱད་ཀྱི་གདན་ཞེ་ལྔ་མ་ལ། དེའི་སྟེང་དུ་རྐང་འཛིན་མཉམ་པ་དང་མི་མཉམ་པའི་དག་པས་ཟླ་གདན་གཉིས་བསྣན་པ། ཞེ་དགུ་མ་ལ་ཉི་རྐང་གི་བུ་ལོན་འཕེལ་འགྲིབ་གཉིས་ནོར་འཕེལ་འགྲིབ་གཉིས་ཏེ་བཞི་དག་པའི་ཉི་གདན་བཞི་འམ། བསམ་པའི་དབང་གིས་ཟླ་གདན་བཞིའོ། །གཙོ་བོ་གདན་གང་རུང་བརྟེན་པ་ལྷ་ནི་དབུས་ཀྱི་བདེ་གཤེགས་འཕར་མ་ལ་ལེའུ་ཚེ་དགུར་བྱས་པའི་བར་ཀ་བས་བཅད་པ། སངས་རྒྱས་ལྔ། ཡུམ་བཞི། འཕར་མ། གཞན་ལ་སྒྲ་རྡོ་རྗེ་མ་སོགས་བརྒྱད། མིང་གཞན་སེམས་མ་རྡོ་རྗེ་མ། རིན་ཆེན་རྡོ་རྗེ་མ། ཆོས་ཀྱི་རྡོ་རྗེ་མ། ལས་ཀྱི་རྡོ་རྗེ་མ། ཙུནྡ། རིན་ཆེན་སྐར་མདའ། ཁྲོ་གཉེར་ཅན། རིན་ཆེན་ལྕགས་སྒྲོག་མ་ཞེས་བྱའོ། །དེའི་ཕྱིར་སྣམ་བུ་ལ་ཕྱོགས་བཅུར་ཁྲོ་བོ་བཅུ། སྟེང་གི་ཁྲོ་བོ། ཤར་གྱི་ཤར། འོག ནུབ་ཀྱི་ནུབ། དེའི་ཕྱི་རོལ་ར་བའི་རྩིག་པ་ལ་ཉེ་བའི་སྣམ་བུ་ཤར་ལ། བྱམས་པ། འཇམ་དབྱངས། སྤོས་ཀྱི་གླང་པོ། ཡེ་ཤེས་ཏོག་བཞི། ལྷོར་བཟང་སྐྱོང་བློ་གྲོས་རྒྱ་མཚོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ་བཞི། ནུབ་ཏུ་མཐུ་ཆེན་ཐོབ། ངན་སོང་ཀུན་འདྲེན། མྱ་ངན་མུན་འཇོམས། དྲ་བ་ཅན་གྱི་འོད་བཞི། བྱང་དུ་ཟླ་འོད། འོད་དཔག་མེད། ནམ་མཁའ་མཛོད། སྒྲིབ་སེལ་བཞིའོ། །འདུས་པ་ལྟར་ཞལ་གསུམ་ཕྱག་དྲུག་ཕྱོགས་ཀྱི་མདོག་ཅན་ནོ། །འཁོར་ལོ་སྡོམ་པ་ཆེ་བའི་དཀྱིལ་འཁོར་ལ་རྟེན་ནི་ཚངས་ཐིག་ནས་ཕྱོགས་ཀྱི་རྩ་ཐིག་གི་བར་ལ་ཁྲུ་བཞི་ཡོད་པས་སོར་མོ་ཞེ་བརྒྱད། སོར་ཕྱེད་དུ་བཏང་བས་དགུ་བཅུ་རྩ་དྲུག ཕྱིའི་འཇིག་རྟེན་གྱི་ས་ཆུ་མེ་དང་གཡོ་བའི་དཀྱིལ་འཁོར་དང་སྦྱར་ནས་སྙིང་པོ་ནས་རང་སོར་དྲུག་ཏུ་བགོས་ནས་དྲུག་ཚན་དང་པོ་ལ་དགའ་བའི་འཁོར་ལོ་བྱ་སྟེ། དེ་ཡང་དབུས་ནས་གཉིས་སོར་གཉིས་བསྐོར་བ་ལྟེ་བ། དེ་ནས་བཞིས་པད་འདབ་བཅུ་དྲུག གཉིས་པ་སོགས་དྲུག་ལ་སོར་བཞིས་འཁོར་ལོའི་ས། སོར་གཉིས་ལ་མུ་ཁྱུད། དེ་ཡང་ཡེ་ཤེས་ཀྱི་འཁོར་ལོ་ལ་གྲི་གུག ས་ལ་འཁོར་ལོ། ཆུ་ལ་པདྨ། མེ་ལ་རིན་པོ་ཆེ། རླུང་ལ་རལ་གྲི། ནམ་མཁའ་རྡོ་རྗེའི་འཕྲེང་བའོ། །དྲུག་ཚན་བརྒྱད་པ་ཚོན་ས། སོར་བཅུ་གཉིས་ཀྱིས་སྒོ་དང་སྒོ་ཁྱུད་དང་སྒོ་ལོགས་སྒོ་འགྲམ་བྱ་ཞིང་། སོར་དྲུག་རེས་ཁ་ཁྱེར་དང་དོ་ཤལ་གྱི་ས། སོར་གསུམ་གྱིས་ཕྱི་ནས་རིམ་པ་བཞིན་སེར་དཀར་དམར་ནག་ལྗང་བའི་རེ་ཁཱ། སོར་གསུམ་གྱིས་དོ་ཤལ་གྱི་རྩ་བར་རིན་པོ་ཆེའི་སྣམ་བུ་དམར་པོ། སོར་བཅུ་གཉིས་པ་སུམ་འགྱུར་གྱིས་ཀ་བའི་སྟེང་དུ་རྟ་བབས་སོ། །ཕྱོགས་བཞི་མཚམས་བཞིར་སྒོ་རེ་རེ་སྟེ་བརྒྱད་དོ། །རྩ་ཐིག་ཟླུམ་པོ་ཡིན་ནོ། །སྒོ་རྟ་བབས་ཕྱོགས་མདོག་དུས་འཁོར་བཞིན་ནོ། །སྟེ་བ་ལྗང་ཁུ་ལ་ཟླ་བ་དང་སྟེང་དུ་ཉི་མ། ཡེ་ཤེས་ཀྱི་འཁོར་ལོ་སྔོན་པོ་གཞི་ལྗང་ཁ། སའི་གཞི་ནག་པོ། ཆུའི་གཞི་དམར་པོ། མེའི་གཞི་དཀར་པོ། རླུང་གི་གཞི་སེར་པོ། ནམ་མཁའི་གཞི་སྔོན་པོ་འབྱུང་བའི་འཁོར་ལོའི་ཕྲེང་བ་རང་རང་གི་མདོག སྒོ་བརྒྱད་ཀྱི་སོ་སོའི་དབུས་སུ་སོར་དྲུག་གི་ཚད་ཀྱི་འཁོར་ལོ་རྩིབས་བརྒྱད་རྩིག་པའི་ནང་རོལ་ཚོན་སའི་སྟེང་དུ་སྔར་དང་ཚད་མཚུངས་པའི་འཁོར་ལོ་རྩིབས་བརྒྱད་པ་བཅུ་དྲུག་འགོད་པར་བུ་སྟོན་གྱི་གསུང་དྷརྨ་ཤྲཱི་པའི་ཟིན་བྲིས་སུ་བྱུང་། གཞན་ཕྱིའི་འདོད་སྣམ་ལ་འགོད་པར་བྱེད་དོ། །བརྟེན་པ་ནི་སྙིང་པོའི་པདྨའི་ལྷ་མོ་བརྒྱད་ནི་ཕྱོགས་མཚམས་སུ་དུ་བ་མ་སོགས་བརྒྱད། བར་གྱི་འདབ་མ་བརྒྱད་ལ་ཐོད་པ་བདུན་རྩིའི་རོས་གང་བ་བརྒྱད། འཁོར་ལོ་དྲུག་གི་རྩིབས་བརྒྱད་པོ་རྣམས་ལ་གནས་དང་ཉེ་གནས་ལ་སོགས་པར་བཞུགས་པའི་ལྷ་མོ་བཞི་བཅུ་རྩ་བརྒྱད་དང་དཔའ་བོ། དེ་མཉམ་ཕྱི་རོལ་ཏུ་ཤར་གྱི་ཀ་བའི་འོག་གི་གཡོན་དང་གཡས་སུ་སྟོབས་རྒྱུ་དང་པདྨ་ནག་པོ། མེ་མཚམས་ཀྱི་ཀ་བའི་འོག་གཡས་གཡོན་དུ་དྲི་ཆབ་མ་དང་འཕྲེང་བ་མ་སྟེ། ཕྱོགས་སུ་གླུ་དང་མཚམས་སུ་སྒེག་སོགས་ཀྱི་ལྷ་མོ་བརྒྱད། རྟ་བབས་ཀྱི་ཕྱིར་ས་ཆུ་མེ་རླུང་ནམ་མཁའ་རྡོ་རྗེའི་ར་བ་འོད་ཟེར་འབར་བ་དུས་འཁོར་བཞིན་རང་རང་གི་ཚད་དང་ལྡན་པའོ། །གཙོ་བོ་སྡོམ་ཆེན་ནི་ཞལ་བཞི་སོགས་མཚུངས་པར་མ་ཟད་དོན་རྡོ་རྗེ་ཤུགས་རང་ངོ་ཞེས་གསུང་སྟེ། འགྲེལ་ཆེན་ལས། བཅོམ་ལྡན་འདས་ནི་ཐིག་ལེ་བཞི་འཛིན་པའི་ཕྱིར་ཞལ་བཞི་པའོ། །ཕྱོགས་ཉི་ཤུ་རྩ་བཞི་འགོག་པའི་ཕྱིར་ཕྱག་ཉི་ཤུ་རྩ་བཞི་པའོ། །ལྷག་པའི་ཟླ་བའི་ཕྱོགས་གཉིས་འགོག་པའི་ཕྱིར་གཉིས་ལྷག་རྒྱལ་བའི་ཕྱག་སྟེ་སྔར་གསུངས་པའི་རྡོ་རྗེ་ཤུགས་སོ། །བཅོམ་ལྡན་འདས་མའི་ཞལ་གཅིག་ནི་སྟོང་པ་ཉིད་དོ། །ཕྱག་གཉིས་ནི་མཚན་མ་མེད་པ་དང་སྨོན་པ་མེད་པ་དག་པའོ། །གྲི་གུག་དང་། ཕྱག་རྒྱ་དང་། ཐོད་པ་ལ་སོགས་པ་ནི་མངོན་པར་འདུས་མ་བྱས་པའོ་ཞེས་གསུངས་པའི་ཕྱིར་རོ། །དུ་བ་མ་སོགས་ཞལ་གཅིག་ཕྱག་གཉིས་ཌཱ་མ་རུ་དང་ཁ་ཊྶཱཾ་འཛིན་པ། བར་གྱི་ཐོད་པར་ནུབ་གཉིས་སུ་བཤང་བ། བྱང་གཉིས་སུ་གཅི་བ། ལྷོ་གཉིས་སུ་ཁྲག ཤར་གཉིས་སུ་མི་ཤས་གང་བ། ལྷ་རྣམས་ཀྱི་ཕྱག་གི་ཐོད་པ་ནི་བདུད་རྩིའི་ཁུ་བས་གང་བ། འདི་ཀུན་ནས་ཐབས་ཤེས་གཉིས་ཀར་བདེ་བའི་སྙོམས་པར་ཞུགས་པ་གཙོ་བོའི་ཡིན་པའི་ཕྱིར་དགའ་བའི་འཁོར་ལོ་ལྷ་མོ་ཕྱོགས་མདོག ལྷ་མོ་གཞན་རྣམས་གཡས་བརྐྱང་གཡོན་ཐོད་པ་གཡས་གྲི་གུག ཡབ་ཁྲོ་བོ་རྣམས་ཞལ་གཉིས་རྩ་བའི་ཞལ་དང་རྒྱས་འདེབས་ཀྱི་ཞལ། ཕྱག་བཞི་གཡས་རྡོ་རྗེ་དང་ཌཱ་མ་རུ། གཡོན་དྲིལ་བུ་དང་ཁ་ཊྶཱཾ། གླུ་དང་སྒེག་མོ་དུས་འཁོར་བཞིན་ལྷ་མོ་རྣམས་གཅེར་བུ་སྐྲ་གྲོལ་བ། རྐང་པ་དྲིལ་གཡེར། འོག་པག དཔྲལ་བར་དར་དཔྱངས། ཕྱག་རྒྱ་ལྔ། མགོ་འཕྲེང་ཐོད་པ་དུམ་བུའི་སྐ་རགས་ཅན་ནོ། །མཁའ་འགྲོ་རྣམས་མགོ་བོར་ཅོད་པན་རྡོ་རྗེའི་དར་དཔྱངས་སྤྱི་བོར་ནོར་བུ་ཕྱག་རྒྱ་དྲུག མགོ་བོ་ལྔ་བཅུའི་འཕྲེང་བ། འཚོགས་མའི་གཡོན་དུ་ཟླ་ཕྱེད། སྟག་ཤམ་སྦྲུལ་གྱིས་བརྒྱན་པའོ། །དེ་ནི་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གམ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དེ་ཡང་རྡུལ་ཚོན་དང་། ལུས་དང་བྷ་ག་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ་རྣམ་པ་བཞིར་འགྱུར་བ་ཡིན་ལ། དེ་ལས་དང་པོ་ནི། འགྲེལ་ཆེན་ལས། ད་ནི་སེམས་ཅན་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཐོབ་པར་བྱ་བ་དང་། སློབ་མ་རྣམས་ལ་དབང་བསྐུར་བ་སྦྱིན་པ་དང་། སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པ་བྱ་བ་དང་། འཇིག་རྟེན་པའི་བདེན་པས་འོག་མིན་གྱི་སྲིད་པའི་མཐར་ཐུག་པར་དེ་ཉིད་བཅུ་དང་ཡང་དག་པར་ལྡན་པའི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་བསྟན་དུ་གསོལ་ཞེས་དང་། རྒྱུ་དེས་ན་ཟླ་བ་བཟང་པོས་གསོལ་བ་བཏབ་པ་འདི་ནི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དང་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་དོན་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་ནི་མ་ཡིན་ནོ་ཞེས་འབྱུང་བས། ལས་ཀྱི་རིམ་པ་རྒྱས་པ་དགོས་པ་ནི་དེའི་ངོ་ཁོ་ནའོ། འདིར་དབང་གི་མངོན་པར་རྟོགས་པ་བདུན་ལྡན་ཁོ་ནས་སྨིན་པར་བྱེད་དགོས་ཟེར་བའང་ཕྱོགས་གཅིག་པའི་བློ་སྐྱོན་ཅན་དུ་རྟོགས་སོ། །གང་ཟག་དེའི་རིགས་ལའང་འབྱོར་ལྡན་དང་ཀུན་སྤངས་ཀྱི་ཚུལ་གཉིས་གསུངས་པའི་ཕྱི་མ་ནི་འགྲེལ་ཆེན་ལས། ཀུན་སྤངས་ཀྱི་སློབ་མ་རྣམས་ལ་ནི་མཆོད་པ་ངེས་པ་མེད་ཅིང་དེ་དག་ལ་བསྟན་པའི་དོན་དུ་བླ་མ་རྣམས་ལ་ཡང་ངེས་པ་མེད་དེ། གང་གི་ཕྱིར་སངས་རྒྱས་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱང་བསམ་པ་འཛིན་པར་བྱེད་པ་སྟེ་མཆོད་པ་ལ་སོགས་པའི་དངོས་པོ་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་ལ། ཀུན་སྤངས་འདིའི་དབང་དུ་བྱས་ནས་དེ་ཉིད་དུ། ནག་པའི་ཉ་ལ་དཀྱིལ་འཁོར་བཞེངས་ནས་སམ། ཡང་ན་དཀྱིལ་འཁོར་བྲིས་པ་མེད་པར་ཡང་སོགས་ཀྱིས་གསུངས་སོ། །དེ་ལྟ་བུའི་གང་ཟག་ལ་དབང་བསྐུར་བ་ན་དབང་རྫས་ཐམས་ཅད་ཡིད་ཀྱིས་བསྒོམས་ཏེ་ཚིག་ཙམ་གྱིས་དབང་བསྐུར་བས་ཆོག་སྟེ། རྡོ་རྗེ་འཕྲེང་བར། ཡིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞེས་སམ་གཞན་དུ་མངོན་པར་རྟོགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞེས་གསུངས་ཏེ། དེ་ལྟར་དབང་མདོར་བསྟན་གྱི་འགྲེལ་པར། ནཱ་རོ་པ་ཆེན་པོས་ཀྱང་གསུངས་སོ། །དེས་ན་འབྱོར་ལྡན་གྱི་དབང་དུ་བྱས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་བློས་བསླང་རས་བྲིས་ལ་སོགས་བཤད་པའོ། །གཞལ་ཡས་ཁང་གི་གཞི་སྣ་ཚོགས་རྡོ་རྗེ་ལ་བྱེད་པ་མང་དུ་བཤད་པ་དང་མི་འདྲ། འདིར་ནི་རྡོ་རྗེའི་གཞི། དཔེར་ན་ས་མེན་བསྒྲིགས་པའི་ཞལ་བ་ལྟ་བུར་བྱས་པའི་སྟེང་དུ་བསྒོམ་པ་ཡིན། དེ་ཡང་རྩ་རྒྱུད་ལས། གྲུ་བཞི་མཉམ་པའི་ས་དག་ལ། བཅུ་དྲུག་ཆ་རུ་བྱས་ནས་ནི། །སྐུ་ཡི་དཀྱིལ་འཁོར་དོར་བྱ་སྟེ། །སླར་ཡང་ཆ་ནི་བཅུ་དྲུག་པ། །གསུང་ལ་སོགས་པའི་དཀྱིལ་འཁོར་བྱ། །དེ་ནས་གསུང་གི་དཀྱིལ་འཁོར་དག །དོར་ནས་ཆ་ནི་བཅུ་དྲུག་པ། །སླར་ཡང་ཐུགས་ཀྱི་དཀྱིལ་འཁོར་བྱ། །དེ་ལྟར་ཕྱོགས་གསུམ་ཡང་དག་དག །དཀྱིལ་འཁོར་གསུམ་གྱི་བདག་ཉིད་དོ། །ཞེས་པ་ལག་ལེན་དུ། མཉམ་པ་གྲུ་བཞི་བཅུ་དྲུག་ཆ། །ཀུན་ལའོ་ཆ་རེ་སོར་ཕྱེད་སྐུར། །བཅུ་གཉིས་གསུང་དྲུག་ཐུགས་ཀྱི་གསུམ། །དང་པོ་ཕྱེད་ཕྱི་གཉིས་པ་བཞིར། །ལྔ་པ་དབུས་དོར་དྲུག་ཕྱེད་ཕྱི། །སྒོ་ཡང་ཆ་ཕྲན་དྲུག་ཏུ་བྱ། །སྒོ་གསུམ་ལ་ནི་རྟ་བབས་སོ། །དྲུག་དང་ཕྱེད་ལྔ་ཕྱེད་བཞི་གཉིས། །ཡང་གཉིས་འོག་ནས་རིམ་བཞིན་བྱ། །སྣམ་བུ་མྱོས་སྲུང་རེ་རེའི་འོ། །སོར་ཕྱེད་པ་རེ་ཕྱེད་ལ་ཕྱེད། །རྒྱར་ནི་ཉེར་བཞི་བཅུ་དྲུག་དང་། །བཅོ་བརྒྱད་བཅུ་གཉིས་བཅོ་ལྔ་བརྒྱད། །བར་མ་གྲུ་བཞི་གསུམ་པར་ཀ །གཅིག་དང་ཆས་དམན་ཕྱོགས་མཐར་བརྒྱན། །ཧར་མིའི་རྒྱར་བརྒྱད་བུམ་པ་གཉིས། །ལྟེར་དྲུག་ཟླུམ་གཅིག་བཞི་བདུན་བཞི། །བདུན་པའི་ཕྱི་ནང་རེ་ཁཱ་བཞི། །རྟ་བབས་རྩེ་ནས་ཆ་ཕྲན་ནི། །གསུམ་དྲུག་དྲུག་དྲུག་གསུམ་དྲུག་བསྐོར། །ཞེས་པ་ཉིད་དེ་ཡང་རྡོ་རྗེ་འཕྲེང་བ་ནང་མའི་ས་གཞི་ལྗང་ཁ་འམ་སྔོན་པོ། ཤར་ནག ལྷོ་དམར། བྱང་དཀར། ནུབ་སེར་པོ། པདྨ་ལྗང་ཁུ། རྡོ་རྗེའི་འཕྲེང་བ་ནང་མ་ནག་པོ། ཕྱི་མ་ལྗང་། ཀ་བ་གཉིས་པོ་རིགས་ཀྱི་མཚན་མས་བརྒྱན་པ། གཙོ་བོའི་པདྨའི་ཕྱི་ཟུར་བཞི་དབང་ལྡན་དུ་དུང་དཀར། ལྷོར་གཎྜྻི་དམར་པོ། མེར་ནོར་བུ་ནག་པོ། རླུང་དཔག་བསམ་སེར་པོ། བདེ་གཤེགས་འཕར་མའི་བར་གྱི་བུམ་པ་དཀར་པོ། ཁ་རྒྱན་པད་གདན་དང་བཅས་པ། གཤེགས་པ། སེམས་དཔའ། ལྷོ་ནུབ་ཀྱི་ཁྲོ་བོའི་གདན་པད་དཀར་ཉི་མར་དམར་པོ་གཞན་རྣམས་པད་དཀར་ཟླ་དམར། ལྷའི་སྣམ་བུ་དཀར་པོ། ཁ་ཁྱེར་དཀར་པོ། མུན་པ་ནག་པོ། བ་ཀུ་ལཱི་མདའ་ཡབ་ནག་པོ་ལ་དེ་དག་བསྐོར། རྟ་བབས་ཀྱི་ཀ་བ་སེར་པོ། རྟ་བབས་སྣ་ཚོགས་མདོག ཕྱི་ཟུར་བཞིར་སྣ་ཚོགས་རྡོ་རྗེ། གསུང་ལ་པད་འདབ་བརྒྱད། སྐུ་ལ་བཞི་བརྒྱད་བཅུ་དྲུག་པ་སྣམ་བུའི་སྟེང་གི་པདྨ་རྣམས་ཕྱོགས་མདོག་མཚམས་དཀར་པོ། སྐུའི་རྟ་བབས་ཀྱི་འོག་ཏུ་འབྱུང་བ་སོགས་གདན། ཕྱིའི་ཁོར་ཡུག་གིས་སེར་པོ་ལ་དབང་ལྡན་དུ་ཟླ་བ། བདེན་བྲལ་དུ་ཉི་མ། ཆུ་དཀར། མེ་དམར། རླུང་ནག མེ་རླུང་གི་མཚམས་སུ་དུར་ཁྲོད་ཀྱི་འཁོར་ལོ་རྩིབས་བརྒྱད་ཕྱོགས་དམར། མཚམས་དམར་སེར་བཅུ་གཉིས་ཀྱི་ཚད། ནམ་མཁའ་ལྗང་ཁུ་གཡས་གཡོན་དུ་ཆ་ཕྲན་གསུམ་དོར་བའི་དབུས་མ་ལ་རྡོ་རྗེ་འཕྲེང་བ། དེའི་ཕྱིར་འོད་ཟེར་འཕྲོ་བ་ཁ་དོག་ལྔ་པ། སྐུའི་མདའ་ཡབ་དང་སའི་ཁོར་ཡུག་གི་བར་ལ་བུམ་སོགས་མཆོད་རྫས། རྟ་བབས་ཀྱི་ཀ་རྒྱན་འོག་མ་གླང་པོ་ཆེ་མནན་པའི་སེང་གེ སྟེང་མ་གཉིས་ཤཱ་ལ་བྷཉྫྱི་ཀ་སྟེ་གནོད་སྦྱིན་མོ། སྐུའི་རྟ་བབས་ཀྱི་ལྷག་ནས་དབུས་མའི་ཤར་དུ་འཁོར་ལོ། གཡས་གཡོན་རི་དྭགས། ལྷོར་བུམ་པ། གཡས་གཡོན་དུང་པད། ནུབ་ཏུ་རྔ་བོ་ཆེ། གཡས་གཡོན་དབྱུག་པ་དང་ཐོ་བ། བྱང་དུ་དཔག་བསམ་གྱི་ཤིང་། གཡས་གཡོན་དུ་མིའམ་ཅི་ཕོ་མོ། རྟ་བབས་ཀྱི་སྣམ་བུ་ལ་འཕྱང་བའི་དྲིལ་བུ་དང་མེ་ལོང་། བ་དན་རྣམས་དཀར་པོ། ཁ་ཅིག་པདྨའི་ལྟེ་བར་གཙོ་བོ་གཙོ་མོ་ཐུན་མོང་མ་ཡིན་པའི་གདན་ལ་སྲོག་ཆགས་བྱེད། རབ་གཏུམ་མ་སོགས་འཁོར་མེད་པས་པདྨའི་འོག་ཏུ་སོགས་ཆགས་བྱེད་ལ། རང་ལུགས་ཐམས་ཅད་མཚུངས་པར་པདྨའི་འོག་ཏུ་སྲོག་ཆགས་བྱེད་པ་ཡིན་ཏེ། འགྲེལ་ཆེན་ལས། ཙ་མུནྜི་ལ་སོགས་པ་རྣམས་ཀྱི་པདྨའི་གདན་རྣམས་གསུངས་ཏེ། འདིར་ཤར་དུ་ཙ་མུཎྜྻི་སྟེ་ཡི་དྭགས་དམར་པོ་ཆེན་པོའི་གདན་དང་པདྨའི་ལྟེ་བ་ལའོ་ཞེས་དང་། དབང་ལེར། ཙར་ཙི་ཀ་པདྨའི་གདན་ཡི་དྭགས་ཏེ། དེ་དག་གི་སྟེང་དུ་པདྨ་འདབ་མ་བརྒྱད་པ་དེ་ཉིད་རྡུལ་ཚོན་གྱིས་བྲི་བར་བྱ་སྟེ་གསུངས་པའི་ཕྱིར་རོ། །ཡི་དྭགས་རོ་ལངས་མཁའ་ལྔིང་ཁྱད། ཁྱུ་མཆོག་གླང་། བྷེ་རུནྜ་བྱའི་རིགས་གཅིག མིག་སྔོན་འདྲེ་བྱ། གཤང་གདོང་ཕ་ཝང་། འགའ་ཞིག་ལས་བྱ་མ་བྱི་སྔ་མ་འདི་ལ་བཤང་གཅི་སྣ་ནས་འབྱུང་བ་ཡིན་པས་དེར་བཏགས་སོ། །ཕག་གདོང་མའི་གདན་དུ་དོམ་ཟེར་བ་འདུག་ཀྱང་བུ་མཆན་དུ་དྲེད་སེང་གེ་རྐང་པ་བརྒྱད་པ་ནི་ཤ་ར་བྷ་སྟེ་རྐང་ལག་བཞིའི་ལོགས་སུ་སྤུ་སྐྱེས་པ་རྩལ་འདབ་ཏུ་སྣང་བ་ལ་བཏགས་པར་འདུག མཁའ་ལྡིང་མདོག་ལྔ་པ་ནི། དཔྱི་མན་སེར་པོ། དེ་ནས་ལྟེ་བའི་བར་དཀར་པོ། དེ་ནས་མགྲིན་པའི་བར་དམར་པོ་སྨིན་མའི་བར་ནག་པོ། དེ་ནས་སྤྱི་བོའི་བར་ལྗང་ཁུའོ། །བློས་བསླང་བའི་ཚེ། སྐུ་དཀྱིལ་གྱི་རྩ་ཐིག་ནས་རྩ་ཐིག་གི་མཐའི་བར་དང་། དེ་སྐུའི་འདོད་སྣམ་གྱི་རྨང་ནས་རྡོ་རྗེའི་ཏོག་གི་བར་དུ་ཁྱེར་བ་མཉམ་པ། སྐུ་དཀྱིལ་གྱི་ཕྱེད་ཀྱི་ཚད་ཀྱི་དེའི་ཐོག་མདའ་ཡབ་དང་བཅས་འཐོན་པ། དེའི་རྟ་བབས་དང་རྩེ་མཉམ་པ། ནང་གི་ཕྱེད་ཀྱི་ཚད་དུ་གསུང་དཀྱིལ་འདེགས་པའི་གར་བུ་དེ་ཚུན་སླེབ་པ། ཐུགས་དང་བདེ་ཆེན་དག་ལ་ཡང་འདྲའོ། །བདེ་ཆེན་གྱི་རྡོ་རྗེའི་འཕྲེང་བ་རྩིག་པ་བཞིན་མ་ཡིན་ཅོག་གུ་བརྩིགས་ལྟ་བུའོ། །གཉིས་པ་རྣམ་དག་བཤད་པ་ནི། ཕྱི་འཇིག་རྟེན་དང་། ནང་ལུས་དང་། གཞན་ཆོས་ཀྱི་ཕུང་པོ་དང་སྦྱར་བའི་ཚུལ་གསུམ། དང་པོ། དབུས་ནས་སྒོ་ཡི་དང་པོའི་མཚམས་ནི་ནོར་གྱི་བློ་གྲོས་མར་འགྱུར་སོགས་ཀྱི་ཚིགས་བཅད་ཀྱིས་བསྟན་ལ། ཚངས་ཐིག་ནས་ཐུགས་དཀྱིལ་གྱི་སྒོའི་བར་ནི་ས་དཀྱིལ་དང་། དེ་ནས་གསུང་གི་རྩ་ཐིག་གི་བར་ནི་ལན་ཚྭའི་ཆུའི་དཀྱིལ་འཁོར་དང་། དེ་ནས་གསུང་གི་མདའ་བར་ནི་མེ་དཀྱིལ་དང་། དེ་ནས་སྐུའི་རྩ་ཐིག་གི་བར་ནི་རླུང་གི་དཀྱིལ་འཁོར་ཏེ། ཕྱི་རོལ་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཞི་པ་དང་སྦྱར་བའོ། །དེ་ཡང་སྐུ་དཀྱིལ་ལ་ཁྲུ་ཚད་སྟོང་ཡོད་རུང་གཅིག་ལས་མེད་རུང་འདྲ། སྐུ་དཀྱིལ་དེའི་རྩ་ཐིག་ནས་ནུབ་ཀྱི་རྩ་ཐིག་གི་བར་ལ་དཀྱིལ་འཁོར་དེ་རང་གི་ཁྲུ་བཞིར་བརྩིས་ཏེ་བཤད་པ་ཡིན་ནོ། །ཇི་ལྟར་རྒྱ་བཞིན་སྲིད་དུ་ཡང་སྐུ་དཀྱིལ་གྱི་ལྟེ་བའི་འོག་གཞི་ནས་ཡེ་ཤེས་ནོར་བུའི་ཏོག་གི་རྩེའི་བར་ལ་རི་རབ་ཀྱི་གཙུག་ཏོར་ནས་མགྲིན་པ་རྫོགས་པ་ཡན་ཐུགས། རི་རབ་དང་གསུང་འབྱུང་བཞིའི་དཔངས་དང་སྐུ་དཀྱིལ་སྦྱོར་བ་ཡིན་ནོ། །གཉིས་པ་ནི། ཀ་བ་རྣམས་དང་རྡོ་རྗེའི་འཕྲེང་བ་སའི་དཀྱིལ་འཁོར་སོགས་ཀྱིས་དོན་དཀྱིལ་འཁོར་གྱི་ཀ་བ་རྣམས་དང་། ནང་གི་རྡོ་རྗེ་འཕྲེང་བ་གཉིས་དང་། སའི་འཁོར་ལོ་དང་། རྩིག་པ་རྣམས་ལུས་ཀྱི་རུས་པ་རྣམ་པར་དག་པ། ཤ་ཁྲག་ཆུ་བཤང་བ་རྣམས་ཀྱི་དག་པས་ཤར་ལྷོ་ནུབ་བྱང་དུ་རྡུལ་ཚོན་ཕྱོགས་མདོག མཁྲིས་པས་ཉི་གདན། བད་ཀན་གྱིས་ཟླ་གདན། རྩ་རྒྱས་དག་པས་པདྨ། སྐུའི་རྩིག་པ་ལྔ་པ་ལ་སོགས་པ་འབྱུང་སྐྱེས་ལྔ། དེ་བཞིན་འབྱུང་བའི་རླུང་ལྔ་དག་པས་གསུང་གི་རྩིག་པ། དུས་ཀྱི་རྩ་དག་པས་གཙོ་བོའི་པདྨ། པདྨ་ལྷག་མ་རྣམས་རོ་བརྐྱང་སོགས་རྩ་སྟོང་ཕྲག་བདུན་ཅུ་རླུང་གི་དཀྱིལ་འཁོར། པགས་པ་ས་མེ་ཁྲག་དང་དྲོད། ཆུ་རྡུལ། བུ་ག་བཅུ་གཉིས་དག་པས་བདེན་དོན་བཅུ་གཉིས། བུ་ག་བཅུ་གཉིས་ནི། ཁ་སྣ་མིག་རྣ་བ་གསུམ་ལ་གཉིས་གཉིས་ཏེ་བུ་ག གཅི་བཤང་ཁུ་བའི་བུ་ག་གསུམ། ནུ་མ་གཉིས་སོ། །དེ་ལྟར་ཉི་མའི་དུས་སྦྱོར་གྱི་དབྱེ་བས་སྒོ་བཅུ་གཉིས། ཟླ་བའི་ཆའི་དབྱེ་བས་སྒོ་ལྔ་སྟེ། སྐུའི་སྒོ་ལྔ་དབང་པོ་ལྔ། གསུང་གི་སྒོ་ལྔ་སྒྲ་འབྱུང་བའི་གནས། རྐན། སྤྱི་བོ། མཆུ། སོ། མགྲིན་པ་ལྔ། ཐུགས་ཀྱི་སྒོ་ལྔ། ཁ། བཤང་། གཅི། ཁུ། གཙུག་ཏོར་ཏེ་བཅོ་ལྔ་དག་པ། དེ་ཡང་དཀྱིལ་འཁོར་ལ་སྟེང་འོག་སྟོང་པའི་སྒོ་གཅིག་ཕྱོགས་ཀྱི་སྒོ་བཞིའོ། །ནོར་བུའི་རང་བཞིན་བཀོད་པའི་དོ་ཤལ་དང་དོ་ཤལ་ཕྱེད་པ་སོགས་ནི་སོ། དུར་ཁྲོད་བརྒྱད། རྐང་ལག་གི་སོར་མོ་རྣམས་ཀྱི་སེན་མོ་རྡོ་རྗེའི་རྭ་བ་དང་། མེ་འོད་བ་སྤུ་རྣམ་པར་དག་པའོ། །གསུམ་པ་ནི། རྩ་བའི་རྒྱུད་ལས། སངས་རྒྱས་ཆོས་དང་དགེ་འདུན་ཆེ། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་རོ། །ཞེས་སམ། ཚངས་ཟུར་གྱི་ཐིག་བཞི་ཚད་མེད་བཞི། དཀྱིལ་འཁོར་གྱི་གྲུ་བཞི་དྲན་པ་ཉེར་བཞག་བཞི། སྒོ་བཅུ་གཉིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགག་པས་རྟ་བབས་བཅུ་གཉིས་ས་བཅུ་གཉིས། དུར་ཁྲོད་བརྒྱད་འཕགས་ལམ་བརྒྱད། ཀ་བ་བཅུ་དྲུག་སྟོང་ཉིད་བཅུ་དྲུག སྐུ་གསུང་ཐུགས་ཡེ་ཤེས་བདེ་ཆེན་ལྔ་སྟེ་དཀྱིལ་འཁོར་ལྔ་བརྩེགས་པ་སྟོང་པ་ཆེན་པོའི་ཁམས་ལྔ། དཀྱིལ་འཁོར་རེ་ལ་སྒོ་ཁྱུད་བརྒྱད་བརྒྱད་ཡོད་པ་གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་པར་ཐར་པ་སོགས་བརྒྱད། སྒོ་འགྲམ་བརྒྱད་འབྱུང་བཞི། དྲི་རོ་རེག་གཟུགས་བཞི། སྒོ་ལོགས་བརྒྱད་ཡོན་ཏན་བརྒྱད་ཀྱི་ངོ་བོ། ཚོན་ཁ་དོག་ལྔ་ནི་ཚུལ་ཁྲིམས་ཀྱི་ཕུང་སོགས་ལྔ། ཐུགས་དཀྱིལ་གྱི་རྩིག་པ་གསུམ་ཐེག་པ་གསུམ། གསུང་དཀྱིལ་གྱི་ལྔ་དབང་པོ་ལྔ། སྐུ་དཀྱིལ་གྱི་ལྔ་སྟོབས་ལྔ། དཀྱིལ་འཁོར་གསུམ་གྱི་ཁ་ཁྱེར་དཔའ་འབར་འགྲོ་བ་སོགས་ཀྱི་ཏིང་ངེ་འཛིན་ནམ་གཟུངས་གསུམ། ཕ་གུ་ཕར་ཕྱིན། དྲ་བ་མ་འདྲེས་པའི་ཆོས། དབང་བཅུ་དགེ་བཅུ། མདའ་ཡབ་རྣམ་ཐར་སྒོ་བཞི། ཟུར་གྱི་རྒྱལ་མཚན་རྫུ་འཕྲུལ་རྐང་བཞི། མེ་ལོང་ཡང་དག་སྤོང་བཞི། རྔ་ཡབ་བྱང་ཆུབ་ཡན་ལག མེ་ཏོག་གི་འཕྲེང་བ་གསུང་རབ་ཡན་ལག་བཅུ་གཉིས། འདོད་སྣམ་གྱི་ཟུར་གྱི་རྡོ་རྗེ་རྒྱ་གྲམ་བསྡུ་བ་བཞི། སྒོ་ཁྱུད་ཀྱི་རིན་པོ་ཆེ་བདེན་བཞི། ཁོར་ཡུག་ལྔ་མངོན་ཤེས་ལྔ། རྡོ་རྗེའི་ར་བ་བྱང་ཆུབ་ཆེན་པོ། མེ་རི་བདེ་ཆེན། ཆོས་འཁོར་ཐུགས་རྡོ་རྗེ། བུམ་པ་གསུང་། རྔ་བོ་ཆེ་སྐུ། ཤིང་ཡེ་ཤེས་རྡོ་རྗེ། ནོར་བུ་ཐུགས། གཎྜྻཱི་གསུང་། དུང་སྐུ། ཤིང་ཡེ་ཤེས་སོ། །ནང་ལྷའི་དག་པ་ནི། ལོ་གཅིག་དག་པའི་སྐུ་གཅིག བགྲོད་པ་གཉིས་དག་པའི་ཞབས་གཉིས། དུས་གསུམ་དག་པའི་མགྲིན་པ་གསུམ། དུས་བཞི་དག་པའི་ཞལ་བཞི། དུས་དྲུག་དག་པའི་ཕྲག་པ་དྲུག ཟླ་བ་བཅུ་གཉིས་དག་པའི་དཔུང་པ་བཅུ་གཉིས། ཟླ་ཕྱེད་ཉེར་བཞི་དག་པའི་ཕྱག་ཉེར་བཞི་ཁྱིམ་ཞག་དག་པའི་ཚིགས་སུམ་བརྒྱ་དྲུག་ཅུ། གཙོ་བོ་ཞག་གཅིག་དག་པའི་སྐུ་གཅིག ཉིན་མཚན་གྱི་ཆ་གཉིས་དག་པའི་ཞབས་གཉིས། ཐུན་མཚམས་བཞི་དག་པའི་ཞལ་བཞི། ཐུན་བརྒྱད་དག་པའི་ཕྱག་བརྒྱད། གཙོ་བོ་མི་འགྱུར་བའི་བདེ་བ་ཆེན་པོ། ཡུམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། དེ་གཉིས་སྙོམས་པར་འཇུག་པ་བདེ་སྟོང་མི་ཕྱེད་པའི་དོན། རླུང་བཅུ་ནུས་མ་བཅུ། ནུས་མ་བརྒྱད་ལས་མེད་ན་གཉིས་གང་བསྣན་ཞེ་ན། གཙོ་མོ་ལ་རྒྱུ་འབྲས་ཀྱི་སྒོ་ནས་ཤེར་ཕྱིན་མ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཆ་གཉིས་འཛིན་པས་དེ་གཉིས་བསྣན་ནོ། །ཉོན་མོངས་པ་ལྔ་སྤངས་པས་དྲག་པོ་དཀར་པོ། བདུད་བཞི་བཅོམ་པས་འདོད་ལྷ་མནན་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པ་ནི་རྡུལ་འོག་ཏུ་བརྐྱང་བ་དང་ཁུ་བ་གཙུག་ཏོར་དུ་བསྐུམ་པའོ། །ལུས་ངག་ཡིད་ཡེ་ཤེས་ཀྱི་སྒྲིབ་པ་ཟད་པ་རིམ་པ་བཞིན་དུང་གཎྜྻཱི་ནོར་བུ་དཔག་བསམ། རྐང་དག་པའི་བུམ་པ་གཉིས་ནས། ཁྲག་དྲི་ཆུ་དྲི་ཆེན་དག་པའི་བུམ་པ་གཉིས། དེ་དག་ཀྱང་ལུས་ཀྱི་གཡས་གཡོན་གཉིས་ཡོད་པས་སོ། །སྟེང་དུ་ཁུ་བ་འཆིང་པ་རྒྱལ་བའི་བུམ་པ། འོག་ཏུ་རྡུལ་མནན་པ་རྣམ་རྒྱལ་བུམ་པ། ཕུང་པོ་དྲུག་ཤ་སོགས། ཁམས་དྲུག་སངས་རྒྱས་དྲུག ཁམས་དྲུག་ཡུམ་དྲུག ཡུལ་དྲུག་སེམས་མ་དྲུག དབང་པོ་དྲུག་སེམས་དཔའ་དྲུག སྟོབས་ལྔ་ཐུགས་དཀྱིལ་གྱི་ཁྲོ་བོ། ལས་དབང་ལྔ་དག་པ་སྐུ་དཀྱིལ། དད་སོགས་དབང་པོ་ལྔ་དང་ལས་དབང་གི་བྱ་བ་ལྔ་དག་པས་དེ་དག་གི་ཡུམ་ཁྲོ་མོ་བཅུ། ཉིན་གཅིག་གི་ཐུན་བརྒྱད་གསུང་དཀྱིལ་གྱི་གཙོ་བོ་བརྒྱད། ཆུ་ཚོད་དྲུག་ཅུ་འཁོར་གྱི་ལྷ་མོ་སྟོང་པའི་རྩ་བཞི་དང་ལྷ་མོ་བཞི་སྟེ་དྲུག་ཅུ་རྩ་བཞི། ནག་པ་སོགས་ཟླ་བ་བཅུ་གཉིས་དང་ཚེས་ལྷ། ཡུད་ཙམ་སུམ་ཅུ་རྩ་གཉིས། ཀླུ་དང་བར་གཏུམ་མ། རྟོགས་པ་བདུན་ཅུ་རྩ་གཉིས་ཀྱིས་ཀུན་ནས་བསླང་བའི་ལུས་ཀྱི་བྱ་བ་བདུན་ཅུ་རྩ་གཉིས་འདོད་ཕྱིར་འདོད། སྐྲ་གྲུབ་པ། བ་སྤུ་འབྱུང་བའོ། །འདོད་པའི་དེ་ཉིད་ཉེར་བཞི་གཙོ་བོའི་ཕྱག་མཚན། དེ་ཡང་ནམ་མཁའི་ཁམས་རྡོ་རྗེར་སྦྱར་བ་སོགས་སོ། །ཁམས་དྲུག་གཟུགས་སོགས་ཡུལ་དྲུག་དག་པས་ཕྱིའི་ཕྱག་རྒྱ་དྲུག རྡོ་རྗེ་བཞི་དག་པས་ནང་གི་ཕྱག་རྒྱ་བཞི། གཡོན་རྒྱུ་དག་པ་གཡོན་བརྐྱང་། གཡས་རྒྱུ་དག་པ་གཡས་བརྐྱང་། མཉམ་རྒྱུ་མཉམ་པའི་རྐང་སྟབས། ནམ་མཁའི་རླུང་ས་ག རླུང་གི་རླུང་ཟླུམ་པོ། མེ་རླུང་རོལ་པའི། ཆུ་རླུང་པདྨའི་གདན། ས་རླུང་རྡོ་རྗེའི་གདན་ནོ། །དེ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་གཙོ་བོར་བཤད་པ་ཡིན་ནོ། །དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས། དངོས་གྲུབ་སྒྲུབ་བྱེད་དཀྱིལ་འཁོར་གྱི་རབ་དབྱེ་བཤད་པའི་སྐབས་ཏེ་བཅུ་གཅིག་པའོ།། །། གསུམ་པ་དངོས་གྲུབ་ཀྱི་རྒྱུ་དབང་བསྐུར་བའི་ཆོ་ག་བཤད་པ་ལ། དཔའ་བོ་ཡིད་འོང་ལས་གསུངས་པ་བཞིན་གྱི་དབང་གི་ཆིངས། ཞར་ལ་ལ་རབ་ཏུ་གནས་པ་བྱ་བའི་ཚུལ་གཉིས། དང་པོ་ནི། དེར། དཀྱིལ་འཁོར་ཡང་ནི་རྣམ་པ་གཉིས། །ལྷག་གནས་དང་ནི་མཆོད་པའོ། །ལྷག་གནས་ལ་ཡང་རྣམ་གཉིས་ཏེ། །རང་དོན་དང་ནི་གཞན་དོན་ནོ། །མཆོད་པ་ལ་ཡང་རྣམ་གཉིས་ཏེ། །བདག་བསྒྲུབ་དང་ནི་གཞན་བསྒྲུབ་བོ། །སྔོན་འགྲོ་དངོས་གཞི་རྗེས་དང་ནི། །ཡན་ལག་ལ་སོགས་ཐུན་མོང་ངོ་། །ཞེས་གསུངས་པ་དོན། དཀྱིལ་འཁོར་ལྷག་པར་གནས་པ་དང་། དཀྱིལ་འཁོར་མཆོད་པ་རྣམ་པ་གཉིས། དང་པོ་ལ། ལྷག་གནས་ཀྱི་ཡན་ལག ལྷག་གནས་ཀྱི་སྔོན་འགྲོ། ལྷག་གནས་ཀྱི་དངོས་གཞི། ལྷག་གནས་ཀྱི་རྗེས་བཞི། དང་པོ་ནི། སློབ་མས་བླ་མ་ལེགས་པར་བརྟགས་ཤིང་། བླ་མས་སློབ་མ་ཡོངས་སུ་ཤེས་ནས། དང་པོ། འཇིག་རྟེན་པའི་དངོས་གྲུབ་དོན་དུ་གཉེར་བའི་སློབ་མ་དེ་སྔགས་ཀྱི་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བའི་ཕྱིར་དབང་བདུན་ཙམ་སྦྱིན་པར་བྱ་སྟེ། ནག་པའི་མཐར་ནི་དཀར་པོའི་ཚིགས་ལ་གཞན་ལ་ཕན་པའི་བླ་མས་དཀྱིལ་འཁོར་དག་ནི་བཞེངས་བྱས་ནས། །སྡིག་པའི་དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་དོན་དུ་བུ་རྣམས་དག་ལ་སྦྱིན་པར་བྱ། །དེ་བས་དབང་བདུན་པོ་འདིས་གང་ཟག་དེ་སྣོད་རུང་ཙམ་དུ་བྱེད་པས་རྡོ་རྗེའི་ཐེག་པ་ལ་འཇུག་པའི་སྒོ་ཡིན་གྱིས། །འདི་ལ་དབང་ལས་བསྒོམ་པར་བྱ་བ་ལོགས་སུ་བསྟན་དགོས་ཏེ། འགྲེལ་ཆེན་ལས། འདིར་དང་པོར་དབང་བདུན་སྦྱིན་པ་ནི་གཞུག་པའི་དོན་དང་། སྔགས་བཟླས་པ་དང་། དཀྱིལ་འཁོར་བསྒོམ་པའི་དོན་དུ་སྟེ། དེ་ཡིས་བསོད་ནམས་ཀྱི་ཚོགས་སོ། །ཞེས་གསུངས་པ་དང་། བླ་མེད་ཀྱི་རྒྱུད་སྡེ་གཞན་ལས། སློབ་མའི་དབང་བསྐུར་བ་ཙམ་བཤད་པ་དང་གནད་གཅིག འདི་ཙམ་ཐོབ་པ་རྒྱུ་རྐྱེན་ཚོགས་ཆ་ཙམ་གྱིས་སྨིན་པ་ནི་ཡིན་ནོ། །དེས་ན། དབང་བསྐུར་ཆོས་སྒོ་ཙམ་ཡིན་གྱིས། །འཚང་རྒྱ་བ་ཡི་ཆོས་གཞན་ཞིག །བསྒོམ་རྒྱུ་ལོགས་ན་ཡོད་དོ་ཞེས། །བླུན་པོ་རྣམས་ཀྱིས་མུན་བསྒོམས་བྱས། །ཞེས་པའང་ཤཱཀྱ་སེང་གེ་ལ་འཁུ་བར་ཟད་དོ། །དབང་དེ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་བསྐུར་བར་བཤད་ཀྱི། ལྷག་མ་རྣམས་དཀྱིལ་འཁོར་དེ་ལ་མ་བལྟོས་པས། སྨིན་བྱེད་རྡུལ་ཚོན་དུ་བསྐུར་དགོས་ཞེས་མགྲིན་གཅིག་ཏུ་སྨྲ་བའང་། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན། །ཞེས་རྩ་བའི་རྒྱུད་ལ་བསྙོན་དོར་བའི་ཚིག་རི་བོང་གི་ཅལ་ལྟར་གྱུར་པའོ། །རྩིང་པོར་ན་དགེ་བའི་ལས་གཙོ་བོར་གྱུར་པའི་དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་ནས་ཕྱིས་ལས་ཐམས་ཅད་འགྲུབ་པ་དང་། ཞིབ་མོར་ན་སློབ་མ་དགེ་བའི་ལས་ལ་འདོད་པ་ལ་དེར་དང་མི་དགེ་བའི་ལས་བསད་སོགས་ལྟ་བུ་ལ་དེའི་དབྱེ་བ་འཆད་པའི་དཀྱིལ་འཁོར་སོ་སོར་བསྐུར་དགོས་ཏེ། གང་ལ་གང་གིས་གདུལ་བ་དེ་ལ་དེ་སྟོན་འོས་པས་སོ། །དེའི་ཕྱིར། སློབ་དཔོན་དག་གི་ས་གཞིའི་གནས་སུ་འཇིག་རྟེན་འཇིག་རྟེན་འདས་པ་དག་ཀྱང་མཐའ་དག་ཤེས་ནས་ནི། །བྱ་བ་གང་གང་བྱེད་པ་དེ་དེ་མཐའ་དག་དེ་ལྟར་འབྲས་བུ་དག་ནི་རབ་ཏུ་སྦྱིན་པར་འགྱུར། །ཞེས་སོ། །འདིས་དབང་བསྐུར་བའི་སྔོན་དུ་ལས་སོ་སོའི་ས་བརྟག་པ་འཆད་དགོས་པ་སོགས་ཀྱིས་གནད་ཤེས་པར་འགྱུར་རོ། །དེའི་ཕྱིའི་སློབ་མས་གསོལ་བ་བཏབ་པའི་བླ་མས། དེ་ལ་སོ་ཤིང་སྦྱིན་དགོས། དེའང་ལས་སམ་དངོས་གྲུབ་གང་གི་སྣོད་དུ་གྱུར་པ་ཤེས་པར་བྱ་བའི་ཆེད་དུའོ། །འགྲེལ་ཆེན་ལས། དང་པོར་སློབ་མ་ལ་སོགས་པ་བསྲུང་བ་བྱ་སྟེ་ཞེས་པས་དེ་ནས་དེ་ལ་བསྲུང་བ་བྱའོ། །དུས་ནི། ནག་པའི་ཉ་གཙོ་བོར་བྱས་ལ། གཞན་དེ་ཁོ་ནའི་ཉ་ལ་དབང་བསྐུར་གཞན་ལ་དགག་པ་ནི་མ་ཡིན་ཏེ། འགྲེལ་ཆེན་ལས། ནག་པའི་ཉ་གཙོ་བོར་བྱས་ནས་ཉ་བཅུ་གཉིས་པོ་རྣམས་ལ་རྡོ་རྗེ་སློབ་དཔོན་གྱིས་དབང་སྦྱིན་པར་བྱ་ཞིང་། སྐུ་གཟུགས་ལ་སོགས་པ་རྣམས་རབ་ཏུ་གནས་པར་བྱའོ་འབྱུང་བས་སོ། །རྣམ་བཅད་དང་པོས་ས་གཞི་གཟུང་། །གཉིས་པ་ལ་ནི་སྟ་གོན་བྱ། །ནུབ་གསུམ་པ་ལ་འཇུག་པ་ཤེས། །ཞེས་གསུངས་པའང་དབང་གི་ཆོ་ག་ཐམས་ཅད་ལ་མཐའ་གཅིག་ངེས་པ་མ་ཡིན་ཏེ། རྫོགས་པ་དག་ལས་ནི་སྦྱང་དང་གཟུང་བ་དག་ཀྱང་དེ་བཞིན་བུ་རྣམས་དག་ནི་ཐམས་ཅད་བསྡུ། །བཅུ་གཉིས་པ་ལ་ཐིག་གདབ་འདོད་པ་མ་ནུའི་ཉིན་ཞག་དག་ལ་དཔལ་ལྡན་རྡུལ་ཚོན་དཀྱེ་བ་ཉིད། །དབང་ལ་སོགས་པ་ཉ་ལ་མཆོག་གི་བླ་མས་སྦྱིན་ཏེ་བདུད་ནི་བཅོམ་པའི་ཉིན་ཞག་དག་ལ་ཡང་། །ཞེས་པས། རྫོགས་པ་གཉིས་པ་ལ་སློབ་མ་བསྡུ་བ་དང་སའི་ཆོ་ག་བྱས། བཅུ་གཅིག་པ་ལ་ལྷག་གནས། བཅུ་གཉིས་པ་ལ་ཐིག བཅུ་གསུམ་བཅུ་བཞི་ལ་བྲི། ཉ་ལ་དབང་བསྐུར་བ་བཤད་པའི་ཕྱིར་རོ། །ས་ཡི་ཕྱོགས་གང་དུ་དང་པོར་རྡོ་རྗེ་གསུམ་གྱི་ཞིང་སྐྱོང་རྣམས་ལ་གཏོར་མ་སྦྱིན་བྱ་སྟེ། ཞེས་པས་བསླང་བ་དང་། དེ་ལ་སྦྱང་བ་ནི། ཟུག་རྔུ་སོལ་བ་དང་བཅས་རང་ནི་འཆི་བའི་འཇིགས་བྱེད་ཅེས་པའི་ཟུག་རྔུ་དེ་ལྟ་བུས་ཐུན་མོང་དགེ་བའི་ལས་ལ་བླ་མ་དང་སློབ་མ་ལ་འཆི་བའི་འཇིགས་པ་འབྱུང་བས་སྦྱང་དགོས་པར་བསྟན། ས་ལ་རིན་ཆེན་དུང་དང་མཆིང་བུ་དག་ནི་རྣམ་རྒྱལ་བདེ་བྱེད་ཅེས་པས་དུང་ངམ་མཆིང་བུའི་རིགས་མཐོང་ན་བདེ་བ་བྱེད་པའི་ཕྱིར་རོ། །དེ་ཡང་རྐོ་བ་སོགས་དགོས་པའི་སར་ཡིན་ལ་ཐམས་ཅད་དུ་མ་ཡིན་ནོ། །གང་དུ་རྐོ་དགོས་པ་དེར་ལྟོ་འཕྱེ་བརྟག་དགོས་པས། ས་གཞི་གང་ཡིན་དེ་གྲུ་བཞིར་བྱས། ཕྱོགས་ཀྱི་ཆ་ཐམས་ཅད་དུ་རེ་མིག་དགུ་བཅུ་བྱས། དེར་ལྟོ་འཕྱེའི་གསང་གནས་སའི་དབུས་སུ་བཞག ལྟེ་བ་ཡན་མི་གཟུགས། སྦྲུལ་གྱི་གདེངས་ཀ་ཅན། གཞོགས་གཡོན་འོག་ཏུ་བཅུག་པ། ལག་པ་གཡོན་པའི་སྟེང་དུ་རྣ་བ་གཡོན་པ་བཞག་ནས་ཉལ། གཡས་པ་རིན་ཆེན་བཟུང་སྟེ་མཁལ་ཁུང་གཡས་པའི་སྟེང་དུ་བཀབ། ཉལ་བའི་ལུས་ཀྱི་ཞེང་གི་རེ་མིག་དགུ དཀྱུས་ཀྱིས་རེ་མིག་དགུ་བཅུ་རེ་ནོན་པ། སྨད་སྦྲུལ་དུ་ཡོད་པ་མཇུག་མའི་རྩེར་རིགས་ལྡན་སྔོན་པོ། གསང་གནས་སྟོབས་རྒྱུ་ལྗང་ཁུ། ལྟེ་བར་དུང་སྐྱོང་དཀར་པོ། དཔུང་པར་པད་ཆེན་སེར་པོ། སྙིང་གར་ནོར་རྒྱས་ལྗང་ཁུ། མགྲིན་པར་འཇོག་པོ་དམར་པོ། རྣ་བར་པདྨ་དཀར་པོ། སྤྱི་བོར་མཐའ་ཡས་སྔོན་པོ། ཁོ་རང་ཡང་མཐའ་ཡས་མདོག་དཀར་པོ་ཡིན། དེ་དག་ལུས་ཚད་མཐོ་བཅུ་མཐོ་རེ་ལ་རེ་མིག་དགུ སྟོན་ཟླ་ར་བའི་ཁྱིམ་ཞག་གི་ཚེས་གཅིག་ལ་ཤར་ཕྱོགས་ཀྱི་མཐའི་དབང་ལྡན་གྱི་རེའུ་མིག་དང་པོ་ལ་མགོ་བོས་སླེབ་པའི་ཚེ་རླུང་གི་མཐའི་རེ་མིག་ལ་མཇུག་རྩེས་སླེབ། དེ་ནས་ཁྱིམ་ཞག་རེ་ལ་རེ་མིག་རེ་བགྲོད་པས་སྟོན་ཟླ་གསུམ་ལ་མགོ་ཤར། ཁ་ལྷོ། དགུན་ཟླ་གསུམ་ལ་མགོ་ལྷོ། ཁ་ནུབ། དཔྱིད་ཟླ་གསུམ་ལ་མགོ་ནུབ། ཁ་བྱང་། དབྱར་ཟླ་གསུམ་ལ་མགོ་བྱང་། ཁ་ཤར་དུ་བལྟ། དེ་ལྟར་ཁྱིམ་ལོ་གཅིག་ལས་ཐམས་ཅད་མགོ་དང་མཇུག་གིས་འཁོར། དེས་ན་ཀླུའི་རྒྱལ་པོ་རྣམས་ས་འོག་ན་འཁོར་ཚུལ་དེ་ལྟ་བུར་ཡོད་པས། ས་སྟེང་དུ་དཀྱིལ་འཁོར་དང་ཁང་བཟང་སོགས་ཀྱི་ས་བརྐོ་ཚུལ་ལས་ཡོན་ཏན་དང་ཉེས་པར་འགྱུར་ལ། དེས་ན་ཤར་ནས་གདེངས་ཀ་ཞལ་མགྲིན་པ་གསུམ་ལ་རེ་མིག་དགུ་ཚན་གསུམ། མདུན་གྱིས་ནོན་པའི་ཆ་ནས་ཕྱེད་དང་བཅུ་གསུམ་དོར་ནས་ཤར་ནུབ་ཆ་དགུ ལྷོ་བྱང་ཕྱེད་དང་ལྔ་ཚན་གྱི་མདུན་ཏེ་དེར་ཐོག་མར་བརྐོས་ན་ཡོན་ཏན། ལྟོ་འཕྱེ་གནས་པའི་ཞེང་དཀྱུས་ཀྱི་རེ་མིག་གི་ཆ་དང་རྒྱབ་ཏུ་བརྐོས་ན་ཉེས་པ་ཅིར་འགྱུར་ཞེ་ན། གལ་ཏེ་ལྟོ་འཕྱེའི་རྒྱལ་པོ་གནས་པ་ཡི། །ཆ་དགུའི་ས་ཡི་ཆ་ལ་བརྐོས་ན་ནི། །ཕ་མ་བུ་དང་བུ་མོ་སྤུན་ཆུང་མ། །མནའ་མ་རང་གི་སྐྱེ་བོ་མཛའ་བཤེས་འཆི། །གལ་ཏེ་རྒྱབ་ཏུ་བརྐོས་ན་རང་འཆི་ཞིང་། །ཡང་ན་རང་གནས་ནས་འཕོ་ནོར་བརླག་འགྱུར། །མཇུག་མར་གླང་ཆེན་རྟ་དང་མ་ཧེ་ར། །བ་ལང་འཆི་ཞིང་སྟོབས་ཀྱང་ཉམས་པར་འགྱུར། །ཞེས་བི་བྷཱུ་ཏིས་བཤད་དོ། །དེ་ལྟར་བརྐོས་རོ་བསལ་བའི་ཕྱོགས་དེར་ལས་མཐུན་གྱི་ས་དང་སྙིང་པོ་གཞུག སྟེགས་བུ་མཎྜྻལ་ལྟ་བུ་དབུས་མཐོ་མཐའ་བྱིན་གྱིས་དམའ་བ་བྱ། འགྲེལ་ཆེན་ལས། དཀྱིལ་འཁོར་ནི་རང་གི་བདག་ཉི་ཀྱི་ཆ་ཡི་ཁྲུ་གཅིག་ནས་བརྩམས་ཏེ་ཁྲུ་སྟོང་ཇི་སྲིད་པ་དེ་སྲིད་དུའོ་ཞེས་པ་བཞིན་བྱའོ། །ལྷག་གནས་ཀྱི་སྔོན་འགྲོ་ནི་ཕྱིས་ནས་རྡོ་རྗེ་བཞི་ཡིས་ཞེས་པས། སྒྲུབ་པའི་ཐབས་ཚར་གཅིག་བསྒོམ་པ་བསྟན་ལ། དེ་ནས་སའི་ལྷ་མོ་སྤྱན་དྲངས་སོགས་ནི་བདུད་འདུལ་བའི་བློས་དེ་དཔང་པོར་འཛུགས་པ་སྟེ། བྱང་ཆུབ་ཀྱི་སྙིང་པོར་བདུད་འདུལ་བའི་དཔའ་བོ་དག་གི་མཛད་པ་བཞིན་ནོ། །གང་དག་ཕྱོགས་རྣམས་ཀུན་ན་སངས་རྒྱས་བྱང་ཆུབ་སོགས་ཀྱིས་བླ་མས་ཕྱོགས་བཅུའི་སངས་རྒྱས་ལ་གསོལ་བ་བཏབ་པ་དངོས་སུ་བཤད། བློས་བླ་མར་དཀྱིལ་འཁོར་སྟོན་པར་གསོལ་བ་འདེབས་པ་ནི་གཞན་བཞིན་དུ་གྲུབ་པའི་གཞུང་ལས་ཁ་བསྐང་སྟེ་མཛད་དོ། །ཕྱོགས་དང་ཕྱོགས་བྲལ་དུ་གནས་བདུད་ཀྱི་ཚོགས་ནི་ངེས་པར་བསྲེག་པར་བྱ་དང་། སེང་ལྡེང་དང་ནི་སྲ་བའི་ཕུར་བུ་ཞེས་སོགས་ཀྱིས་གདུག་པ་བསལ་བ་དང་གནས་བསྲུང་བ་གསུངས་ཏེ་རྡོ་རྗེ་ཤུགས་ཀྱི་ང་རྒྱལ་གྱིས་དྲག་སྔགས་དང་། ཕུར་བཏབ་བཀའ་སྒོ་སྟང་སྟབས་ཀྱི་མཐར་ཕུར་བུ་ཁྲོ་བོ་བཅུར་བསྐྱེད། མཆོད་བསྟོད་བྱ་བའི་བར་རོ། །འདིར་ཕུར་པ་ལ་རྒྱུ་ནྱ་གྲོ་དྷ་སོགས་བརྒྱད་བཤད་ཀྱང་སྐབས་འདིར་སེང་ལྡེང་ཁོ་ན་བཟུང་བ་ནི་འདི་དྲག་པོ་ཡིན་པ་ལ་དགོངས་སོ། །འདིར་ཕྱག་རྒྱ་དང་སྟངས་སྟབས་བཤད་པའི་དང་པོ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཁ་སྦྱར་བའི་མཐེ་བོང་མཐེའུ་ཆུང་བརྐྱང་པ་པདྨའི་འདབ་མ་ལྟར་བྱ། གུང་མོ་གཉིས་མཉམ་དུ་བརྐྱང་བའི་རྒྱབ་ཏུ་མཛུབ་མོ་ཕྱེད་འཁྱོག་པའི་ཚུལ་དུ་བཞག་མིང་མེད་འོག་ཏུ་བསྐུམ་པ་ལག་མཐིལ་དུ་སོན་པ། རལ་གྲིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་མཛུབ་མོ་དང་གུང་མོ་བསྒྲེང་བ། རིན་པོ་ཆེའི་ཕྱག་རྒྱ་ནི་སོར་མོ་ལྔ་སྦྱར་ཏེ་གུང་མོ་དབུས་ནས་སྟེང་དུ་ཕྱུང་བ། འཁོར་ལོའི་ཕྱག་རྒྱ་ནི་སོར་མོ་རྣམས་འཁོར་ལོའི་རྩིབས་ལྟར་རྣམ་པར་བརྒྱད་གི་པདྨའི་ཕྱག་རྒྱ་ནི་མཐེ་བོང་དང་མཐེའུ་ཆུང་གཉིས་སྦྱར་སོར་མོ་ལྷག་མ་རྣམས་རྐྱོང་བའོ། །གཏོར་མའི་སྐབས་སུ་ཁྱིའི་ཕྱག་རྒྱ་ཞེས་པ་ཁུ་ཚུར་བཅས་པ་མཉམ་པས་མཐེའུ་ཆུང་སྦྲེལ་བཞིན་པས་བསྐོར་བས། གྲི་གུག་གི་ཕྱག་རྒྱ་ནི་ཁུ་ཚུར་བཅས་མཐེའུ་ཆུང་བསྒྲེང་བའོ། །སྟངས་སྟབས་ནི་རྐང་མགོ་གཡས་ཀྱི་གཡོན་མནན་ལ། གཡས་གཡོན་བར་གསུམ་སྒེག་པའོ། །གཡས་བརྐྱང་ནི་རྐང་པ་གཡོན་བསྐུམ་སྟེ་གཡས་པ་དེ་ལས་མཐོ་ལྔ་རུ་བརྐྱང་བ། དེ་གོ་ལྡོག་པ་གཡོན་བརྐྱང་། རྐང་པ་གཉིས་གཤིབས་པའི་རྟིང་པ་གཉིས་ཀྱི་བར་དུ་སོར་མོ་ཉེར་བཞི་རྐང་སོར་སོ་སོའི་ཐད་དུ་ཕྱིར་བགྲད་པུས་མོ་དྲང་པོར་བྱས་པ་ས་ག དེ་ལས་པུས་མོ་ལྡེམ་བྱས་ཏེ་བར་དུ་ཁྲུ་དོ་ཡོད་པ་ངང་པའི་གཤོག་པ་འདྲ་བ་ནི་ཟླུམ་པོ། རྟིང་པ་གཉིས་ཀྱི་བར་དུ་སོར་མོ་ཉེར་དྲུག པུས་མོ་ཡ་གཅིག་གྱེན་དུ་ཅུང་ཟད་བཀན་པ་རོལ་པའོ། །རྐང་པ་གཡས་པའི་མཐིལ་གཡོན་པའི་བརླ་ལ་གཏད་པ་གར་སྟབས་སམ་ཏཎྜྻའི་སྟབས་སོ། །འདིར་དགོས་པ་དང་གཞན་དུ་དགོས་པ་འདུག་སྟངས། པུས་མོ་གཡོན་པའི་སྟེང་དུ་རྐང་པ་གཡས་གན་རྐྱལ་དུ་གནས་པ་སྐྱིལ་ཀྲུང་། རྐང་པ་གཡས་བརླ་གཡོན་པའི་སྟེང་དང་གཡོན་པ་ཡང་གཡས་པའི་སྟེང་དུ་གན་རྐྱལ་བ་རྡོ་རྗེའི་གདན་ནམ་སྐྱིལ་ཀྲུང་། སའི་ངོས་ལ་པུས་མོ་གཡོན་གྱི་སྟེང་དུ་པུས་མོ་གཡས་བརྐྱང་ཞིང་རྐང་པ་གཡོན་གྱི་སྟེང་དུ་རྐང་པ་གཡས་པ་རྐང་མཐིལ་གྱི་རྒྱབ་ཏུ་དཔྱི་བཞག་པ་ལྷ་མིན་གྱི་གདན་ནམ་རུས་སྦལ་གྱི་སྟབས། རྐང་པ་གཉིས་མཉམ་པར་ལོང་བུ་རྐུབ་ཚོས་ཀྱི་རྩ་བ་ལ་རེག་པ་དག་སྟེ། བྱིན་པ་གཉིས་དང་བརླ་གཉིས་སྟེང་དུ་སོན་པ་ཙོག་པུའོ། །སྐྱིལ་ཀྲུང་ཕྱེད་པ་གཉིས་ཏེ་རྐང་པ་གཡོན་སྐྱིལ་ཀྲུང་བཞིན་ལ་གཡས་ཙོག་པུ་བཞིན་ལ་ཅུང་ཟད་དུད་པ་དང་དེ་ལྡོག་པའོ། །བཤང་ལམ་ལ་གནས་པ་ནི་རྐང་པ་གཡོན་པའི་སྟེང་དུ་བཤང་ལམ་བཞག་ཅིང་གཡས་ཙོག་པུ་བཞིན་དེ་གོ་ལྡོག་པས་གཉིས་ཏེ་འདུག་སྟངས་བརྒྱད། རྐང་མཐིལ་སྤྲད་པ་པདྨའི་གདན་ནོ། །ལྷག་གནས་ཀྱི་དངོས་གཞི་ལ་རང་དོན་གྱི་ལྷག་གནས་དང་གཞན་དོན་གྱི་ལྷག་གནས་གཉིས། དང་པོ་ལ། ས་ལྷ་བུམ་པ་ཐིག་ཚོན་རྡོར་དྲིལ་གྱི་ལྷག་གནས་ཏེ། ཐིག་སྐུད་རྡོ་རྗེ་རྡུལ་ཚོན་ལྷ་དང་གཤིན་རྗེའི་ཆུ་དག་ཏུ་སྟེ། བྱང་དུ་རྡོ་རྗེ་དྲིལ་བུ་དང་། །ཞེས་ཐིག་རྡུལ་ཚོན་བུམ་པ་རྡོ་རྗེ་དྲིལ་བུའི་ལྷག་གནས་གསུངས་ཤིང་། ལྷའི་ནི་རྩ་བའི་ཚིག དེ་ལྟར་སློབ་དཔོན་དག་གིས་ས་གཞི་གནས་སུ་འཇིག་རྟེན་འཇིག་རྟེན་འདས་པ་དག་ཀྱང་མཐའ་དག་ཤེས་ནས་ནི། ཞི་བ་ལ་སོགས་བྱ་བ་གང་གང་བྱེད་པ་དེ་དེ་ཞེས་པས་ལྷ་སྟ་གོན་བསྟན་ཏེ། ས་ལ་ལྷའི་ཚོགས་བཀོད་ནས་ལས་དང་མཐུན་པའི་མཆོད་པ་བྱ་བར་བཤད་པ་དང་། སེམས་ཅན་རྣམས་ལ་ཐར་པའི་སླད་དུ་ཆེ་གེ་བདག་ཀྱང་གཙོ་བོའི་དཀྱིལ་འཁོར་དག་ནི་བཞེད་པར་བགྱིད། །ཅེས་པ་དེ་ཡི་མཐའི་གསོལ་གདབ་བཤད་པས་སོ། །བུམ་པ་ལ། དེ་བཞིན་ཤེལ་གྱི་བུམ་པ་དང་ནི་སོགས་ཀྱིས་རྒྱུ་བརྒྱད། ཟླུམ་པོ་བརྒྱད་གཉིས་སོར་དུ་བརྗོད་དེ་སོགས་ཀྱིས་ཚད་བཤད་པའི་ཚད་ནི། ཞི་རྒྱས་ལ་ཐད་ཀའི་རྒྱར་སོར་བཅུ་དྲུག མཐའ་སྐོར་ན་ཞེ་བརྒྱད། དཔངས་སུ་ཉི་ཤུ་ལས། ལྟེ་བ་ལ་བཅུ་བཞི། མགྲིན་པར་སོར་དྲུག ཁ་ལ་སོར་བརྒྱད་བྱས་པའི་སུམ་ཆ་གཅིག་མཐའ་དང་གཉིས་བུག་པ། མཆུར་སོར་གཉིས་འཕྱང་བ། གྲངས་བཅུའམ། དྲུག་གམ། ལྔའོ། །དབྱེ་བསྐྲད་ཀྱི་བུམ་པའི་ལྟེ་བ་སོར་བཅུ་གཉིས། དཔངས་སུ་སོར་ཉི་ཤུ་རྩ་བཞི། སྐེ་སོར་བརྒྱད། ཁ་སོར་དྲུག མཆུ་སོར་རེ། དབང་དགུག་འཇིག་རྟེན་ནི་ཇི་ལྟར་མཛེས་པ། རེངས་པ་ལ་དཔངས་སོར་བཅུ་དྲུག མགྲིན་པ་སོར་བཞི། ཁ་སོར་དྲུག མཆུ་སོར་གཉིས། ལས་ཐམས་ཅད་ནི་ཞི་རྒྱས་དང་འདྲ་བར་བཤད་དོ། །རྒྱལ་བའི་བུམ་པ་ལ་པདྨ་ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ། རྣམ་རྒྱལ་ལ་གྲི་གུག ཕྱོགས་ཤར་རལ་གྲི་ནག་པོ། ལྷོར་རིན་པོ་ཆེ་དམར་པོ། ནུབ་ཏུ་འཁོར་ལོ་སེར་པོ། བྱང་པདྨ་དཀར་པོ། མེ་པདྨ་དམར་པོ། རླུང་འཁོར་ལོ་སེར་པོ། དབང་ལྡན་ཨུཏྤལ་དཀར་པོ། ཡལ་འདབ་དང་བཅས་པའི་ཤིང་གིས་ཁ་བརྒྱན། ཕྱོགས་མདོག་གི་གོས་དང་སྐུད་པ་དཀར་པོས་མགུལ་དཀྲིས། ཡི་གེ་དྲུག་པ་བཟླ་ཞིང་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། སྨན་ལྔ། དྲི་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ། ལྕགས་ལྔ། བདུད་རྩི་ལྔ་རེ་མིག་བཞིན་བཏབ་པ་དང་ཆུས་སུམ་གཉིས་དགང་། རྣམ་རྒྱལ་ཆེན་པོ། དུང་ཆོས། རྡོ་རྗེ་མེ་ཏོག་དང་བཅས་པ་དང་། ཐིག་སྐུད་བུ་མོ་སྐྱེ་གནས་མ་ཉམས་པས་བཀལ་བ་དཀྱིལ་འཁོར་ཉིས་འདབ། སྦོམ་ཕྲ་རྡོ་རྗེ་སློབ་དཔོན་གྱི་མཐེ་བོའི་ནས་ཞེས་པ་གང་བྱ་བ་དེའི་སོར་ཚད་བདུན་དུ་བགོས་པའི་ཆ་གཅིག་གོ །ཁ་དོག་ལྔ་པ། དེ་ཡང་རྡུལ་མུན་སྙིང་སྟོབས་དག་པས་སུམ་བསྒྲིལ་དུ་བྱ་བའོ། རྡུལ་ཚོན་འགྲེལ་པར་དེ་ལ་འབྱོར་པ་དང་རྫས་སུ་མཐུན་པས་ཚོན་ལྔ་བྱ་སྟེ། འཁོར་ལོ་སྒྱུར་བའི་འབྱོར་པ་ལ་རྡོ་རྗེ་ལ་སོགས་པ་རིན་པོ་ཆེའི་ཕྱེ་མའོ་ཞེས། མརྐ་ཏ། ཨནྡྲི་ནཱི་ལ། པདྨ་རཱ་ག ཟླ་ཤེལ། ཀརྐ་ཏ་མཐོན་ཁ་ཆེན་པོ་ལྔ་བཤད། ཐུན་མོང་བའི་འཁོར་ལོ་སྒྱུར་བ་རྣམས་ཀྱིས་གསེར་གྱི་ཕྱེ་མ་ནི་སེར་པོ་སོགས་ཀྱིས་མུ་ཏིག་བྱུ་རུ་མུ་མན་དེ་བཞིན་བསྲེས་པ་ལྗང་ཁུ། དབྱེ་བ་ལྔ་ཡི་འབྲུའམ་ཞེས་དང་། བཏགས་པའི་ཚོན་ཐུན་མོང་བ་དག་གིས་སེམས་ཅན་ཐམས་ཅད་ཀྱིས་ཏེ་ཞེས་པས་རྒྱལ་པོ་མཆོག་དམན་བཞིན་དུ་ཕལ་པའི་གནས་སྐབས་ཀྱང་གཉིས་ཏེ་ད་ལྟའི་རྡུལ་ཚོན་འདི་ནི་ཐ་མའོ། །རྡོ་རྗེ་ནི། ནོར་བུ་གཙུག་ཏོར་སོགས་ཀྱིས་བསྟན་པ་རྒྱན་དང་གསོར་བའོ། །དང་པོ་ལ་རྡོ་རྗེ་ནོར་བུ་དག་པས་སོར་གཅིག གཙུག་ཏོར་གྱི་འཁོར་ལོ་སོར་གཉིས། དཔྲལ་བ་དག་པས་སོར་བཞི། མགྲིན་པ་སོར་ལྔ། སྙིང་ག་སོར་བརྒྱད། ལྟེ་བ་སོར་དགུ གསང་གནས་རྣམ་པར་དག་པས་སོར་བཅུ་གཉིས་པའོ། །དེ་ལྟ་བུའི་རྡོ་རྗེ་རྣམས་ཟད་པར་རླུང་སོགས་ནས་མེ་རྣམས་ཀྱི་བར་དག་པའང་ཡིན་ལ། དེ་ལས་དང་པོ་རྣ་རྒྱན། མཐེ་བོང་དང་། དཔྲལ་བ་དང་། མགུལ་རྒྱན་དང་། དོ་ཤལ་དང་། སྙིང་ཀར་འདོགས་པ་རྣམས་ཏེ་ཞར་འབྱུང་ངོ་། ཐ་མ་གསོར་བའི་རྡོ་རྗེའི་ཚད། རྡོ་རྗེའི་རྭ་གཉིས་དང་ལྟེ་བ་ཆ་མཉམ་པའི། དབུས་ཆ་གསུམ་དུ་བྱས་པའི་གཡས་གཡོན་པད་འདབ་བརྒྱད་མུ་ཁྱུད་ཟླ་བ་དང་བཅས་པ། རྭ་རྣམས་གུག་པའི་ལྡིར་ཆ་སའི་ཐད་ནས་བསྐོར་བ་དེ་བརྐྱང་ན་དབུས་རྭ་གཉིས་ཀྱི་རྩེ་ནས་རྩེར་སླེབ་པས་ཆུ་ཞེང་མཉམ་པའི་ཐ་སྙད་བྱས། ལྟེ་བའི་རྒྱ་ཆ་སའི་ཟླུམ་ཐིག་ལ་རྡོ་རྗེ་སྲིད་ཕྱེད་ཡོད་པ། རྭ་ཡང་རྩེ་ལྔ་པ་ཕྱོགས་དང་རྩེ་དགུ་པ་ཡིན་ན་མཚམས་ནས་ཀྱང་སྐྱེས་ཏེ་ཕྱིར་སོང་ནས་སླར་གུག་པ་ཞི་བ་དབུས་སུ་རྭའི་རྩེ་ལས་ཅུང་ཟད་དམའ་བར་རེག་པ། ཁྲོ་བོ་ལ་མ་རེག་པའོ། །རྩེ་ལྔ་པའི་རྭ་རྣམས་ནི་ཆ་ཤས་བཞི་པ། རྭ་དབུས་མ་ནི་དྲང་ལ་གྲུ་བཞི་པ། སྐེད་རིམ་གསུམ་དང་ལྡན་པ། ནས་ཀྱི་དབྱིབས་ཅན། ཕྱོགས་ཀྱི་རྭ་རྣམས་འོག་ཅུང་ཟད་ཕྲ་བ། དབུས་སྦོམ་པ། རྩེ་འོག་མ་བས་ཀྱང་ཆེས་ཕྲ་བ། སམ་པུ་ཊར། ཆུ་སྲིན་ཁ་ནས་བྱུང་བ་ཡི། །ཞེས་པ་ལྟར་ཆུ་སྲིན་གྱི་ཁ་བཞི་ཆ་དེ་ནས་ཕྱིར་ཕྱོགས་པ་ཚེར་མའི་རྣམ་པ་ལྟ་བུ་བྱིན་གྱིས་ཕྲ་བའོ། །དབུས་རྭ་དང་གཞན་ནས་ཙམ་མ་རེག་པའོ། །དྲིལ་བུ་ཆ་གསུམ་མཉམ་པ་སོར་བཅུ་གཉིས་པའི་ཚད་དང་སུམ་ཆ་གཉིས་ཞལ་ནས་བ་ལང་ཁའི་མཐར་ཐུག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཞལ་འོག་བ་ལང་ཁ་ཟུམ་པ་ལྟ་བ་ནི་ཞི་བ། པདྨ་རྣམ་པར་རྒྱས་པའི་ཁ་ནི་དྲག་པོའོ། །རྒྱན་ལ་སོགས་པ་རྒྱུད་གཞན་ནས་སོ། །སྟེང་དུ་རྡོ་རྗེ་ཇི་ལྟ་བའོ། རྡོ་རྗེའི་ལྟེ་བ་ལ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་དག་པའི་ཞལ་བཞི་ཡོད་པ་དང་། དྲིལ་བུ་ལ་རྣམ་པར་ཐར་པ་སྒོ་བཞི་དག་པའི་ཞལ་བཞི་ཡོད་པ་དང་། ཡང་འགྲེལ་ཆེན་ལས། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་ཀཱ་ལི་གསལ་བྱེད་ཀྱི་ཆོས་བརྗོད་དུ་མེད་པ་སྟེ་དབྱངས་མེད་པའི་ཕྱིར་རོ། །དེས་ན་རྡོ་རྗེའི་ལྟེ་བ་ལ་ཞལ་མེད་དོ། །མཚན་མོ་ཤེས་རབ་རབ་ཏུ་གྲགས། །ཞེས་པ་ནི། ཨཱ་ལི་དབྱངས་ཀྱི་ཆོས་ཏེ། དེས་བརྗོད་པའི་རང་བཞིན་གྱི་ཕྱིར་བཅོམ་ལྡན་འདས་མའི་ཞལ་གཅིག་གོ་ཞེས་པ་ནི་དྲིལ་བུ་ལ་གྲུབ་བོ། །ཞེས་རིགས་གཉིས་གསུངས་པའི་དེང་སང་ཕྱི་མའི་རྗེས་འབྲང་ངོ་། །གཉིས་པ་གཞན་དོན་གྱི་ལྷག་གནས་ལ། དེ་ནས་སློབ་མ་ལྷག་པར་གནས་པར་བྱ་སྟེ་སོགས་ཀྱིས་དངོས་སུ་སོ་ཤིང་བྱིན་རླབས་བསྲུང་བ་ཙམ་ལས་མ་བཤད་ཀྱང་ལྷག་མ་གྲུབ་པའི་ལུང་གིས་ཁ་བསྐང་སྟེ་རྒྱུད་ནི་བླ་མའི་མན་ངག་གིས་དགྲོལ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ནས་ཁྲུས། མཎྜྻལ། གསོལ་གདབ་སྡོམ་པ། བརཏལ་ཞུགས། དམ་ཚིག་སྒྲག་པ། སོ་ཤིང་། ཁྱོར་ཆུ། བསྲུང་སྐུད། གོ་ཆ་དང་། བྱིན་རླབས། ཀུ་ཤ ཆོས་བཤད་རྣམས་དང་། མཚན་མ་བརྟག་པའི་ཕྱིར་མལ་སྟན་གྱི་ལྷག་གནས། གཏོར་མ་སྲེག་རབ་ཏུ་གནས་པའི་ལྷག་གནས་སོ། །ལྷག་གནས་ཀྱི་རྗེས་ནི་བུམ་པ་དང་ཚོམ་བུ་བསྡུ་བ་དང་། མཚན་མ་ངན་པ་བཟློག་པའི་ཆོ་ག་རྣམས་སོ། །གཉིས་པ་དཀྱིལ་འཁོར་མཆོད་པ་ལ་ཡང་ཡན་ལག སྔོན་འགྲོ། དངོས་གཞི། རྗེས་བཞི་ལས། དང་པོ་ནི། གནས་ཁང་བརྒྱན་པའོ། གཉིས་པ་དཀྱིལ་འཁོར་མཆོད་པའི་སྔོན་འགྲོ་ནི། ཐིག་གདབ་ཚོན་འགྱེད་པ་སྟེ། ཐིག་བྱིན་རླབས་མཆོད་ནས་ལས་སོ་སོའི་དབང་གིས་ཤྲཱི་ཁཎྜྻ་ནས་བ་བླའི་ཆུའི་བར་དུ་གསུངས་པའི་ཆ་ལ་གང་རུང་གིས་སྤངས་ནས། བླ་མའི་གཡོན་པ་སྐྱིལ་ཀྲུང་ཕྱེད་པ་དང་གཡས་པའི་མཐིལ་སར་བཞག་པ་དོན་མཉམ་པའི་རྐང་སྟབས། སློབ་མ་དེ་ལས་གོ་ལྡོག་པ་མི་མཉམ་པའི་རྐང་སྟབས་ཀྱིས་ཤར་ནུབ་ཀྱི་ཚངས་ཐིག་གདབ་བོ། །དེ་ནས་ལྷོ་བྱང་། མཚམས་ལ་སོགས་པའོ། །འདི་ལ་འགྲེལ་ཆེན་ལས། མེ་དང་རླུང་གི་ཇི་སྙེད་གནས་པའི་སྡེ་གཉིས་པོ་དག་གི་དབུས་སུ་གདེངས་ཅན་བཞིན་དུ་དབྱུག་པའི་རྣམ་པ་སྟེ་ཡོངས་འཇོམས་འགོངས་པ་ལས་གཡུལ་དུ་སྡེ་ནི་ཉམས་པར་འགྱུར་ཏེ་ས་གཞི་དག་ཏུ་མཚན་མའི་འཐབ་མོ་ལ་ནི་བསྣུན་པར་འགྱུར་ཞིང་། དཀྱིལ་འཁོར་ལ་འཐབ་མོ་དང་རྩོད་པར་འགྱུར་རོ། །དེ་ཕྱིར་གཡུལ་དང་དབང་དག་ལ་ཡང་ཡོངས་འཇོམས་ཤིན་ཏུ་སྟོབས་དང་ལྡན་པར་སྔགས་པས་རིག་པར་བྱ་ཞེས་པ་འདི་ནི་གཞན་དཀྱིལ་འཁོར་ལ་འདི། ཕྱི་འཇིག་རྟེན་ལ་སྒྲ་གཅན་ཏེ། གདོང་མེར་དང་མཇུག་མ་རླུང་དུ་གནས་པ་ཡིན་ནོ། །མཚམས་དེ་ལས་འདའ་བ་ནི་འགོངས་པ་ཞེས་བྱའོ། །སློབ་མ་བྱང་ཤར་དུ་གནས་དགོས་པས་མེར་དང་། སློབ་དཔོན་ནུབ་བྱང་སྟེ་རླུང་དུ་སྒྲ་གཅན་གྱི་གདོང་མཇུག་དང་། ཐུག་པའི་ཉེས་པ་ལྟ་བུར་འགྱུར་བ་ཡིན་ནོ། །འོན་ཀྱང་ཐིག་སྐུད་ཆད་ན་སློབ་དཔོན་ལ་ངན་པ་བཞིན་ཡོངས་འཇོམས་འགོངས་པའང་སློབ་མ་རྣམས་ལ་སྟེ། དེ་དག་འཐབ་པ་དང་རྩོད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་རྡུལ་ཚོན་བྱིན་རླབས་འགྱེད་པའི་དུས་སུ་དེ་རླུང་གིས་འཁྱེར་ན་ཡུལ་འཁོར་དང་། བླ་མ་དང་། རྒྱལ་པོ་འཇིག་པར་འགྱུར་རོ། །དེ་བས་ན་མཚན་མ་ངན་པ་དེ་བཟློག་པའི་ཕྱིར་སློབ་དཔོན་གྱིས་གཙོ་བོའི་བསྙེན་པ་བྱ་སྟེ། སླར་མཚན་མ་བཟང་པོར་འགྱུར་བ་ན་དབང་བསྐུར་བ་གསུངས་སོ། །རྡུལ་ཚོན་གྱི་དཔངས་ཀྱང་འགྲེལ་ཆེན་ལས། ཤར་དུ་རེག་བྱའི་ཡོན་ཏན་རྣམ་པར་དག་པས་རྡུལ་ཚོན་ནག་པོ་ནི་ནས་ཀྱི་རྐང་པ་གཅིག་གི་དཔངས་སོ། །ཞེས་སོགས་ཀྱིས་ལྷོར་དམར་པོ་རྐང་པ་གཉིས། བྱང་དུ་དཀར་པོ་རྐང་པ་གསུམ། ནུབ་ཏུ་སེར་པོ་རྐང་པ་བཞི། ཐུགས་ལས་གསུང་ཉིས་འགྱུར། དེ་ལས་སྐུ་ཉིས་འགྱུར། གཞན་བཅད་ཀྱི་རེ་ཁཱ་ཐུན་མོང་བ་དག་ནི་རྡུལ་ཚོན་སེར་པོའི་ཉིས་འགྱུར། པདྨ་མི་ཟླ་ཉི་ཉིས་འགྱུར་དོ་ཤལ་ཕྱེད་པ་ནས་གཅིག དབྱེ་བ་གཞན་ནི་ཐམས་ཅད་དུ་ཡོན་ཏན་གསུམ་གྱི་དབྱེ་བས་ས་ཐམས་ཅད་ལ་ཚད་མཚུངས་པ་སྟེ། རྭ་བ་རྣམས་ཀྱི་དཀྱིལ་འཁོར་གསུམ་གྱི་ཚད་ལས་སུམ་འགྱུར་རོ། །ཞེས་དང་། འདིར་ནས་ཀྱང་རང་རང་གི་དཀྱིལ་འཁོར་གྱི་དྲུག་ཅུ་རྩ་བརྒྱད་ལྷག་པའི་བདུན་བརྒྱའི་ཆ་ཤས་སུ་རིག་པར་བྱའོ། །དེ་ལ་རེ་ཁཱ་སྦོམ་པས་སྦྱིན་བདག་གམ་སློབ་དཔོན་ལ་ནད་བྱེད། ཕྲ་བའམ་ངན་པས་རྫས་ཉམས། ཆད་པས་འཆི་བ། འཁྱོག་པོས་མིའི་བདག་པོ་དང་བཅས་པའི་གྲོང་བརྡལ་བསྐྱོད་པ། གདན་ཆད་ན་དངོས་གྲུབ་མེད། ཕན་ཚུན་རྡུལ་ཚོན་འདྲེས་ན་སྦྱིན་བདག་དང་སློབ་དཔོན་གྱི་རིགས་བརྒྱུད་འཆད། མཚན་མ་འགྲེལ་ཆེན་ལས། དེ་བཞིན་གཤེགས་པས་མཚན་མ་གསལ་བར་མ་གསུངས་པའི་མཚན་མ་དེ་ནི་མཛེས་པའི་དོན་དུ་དཀྱིལ་འཁོར་ལ་དགོད་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། མཚན་མ་དེ་ནི་བདུད་ཀྱི་མཚན་མར་འགྱུར་ཏེ་ཕྱིན་ཅི་ལོག་པ་དང་ལྷག་པའི་ཕྱིར་རོ། །ཞེས་པས་སོ། །མཚན་མའང་། འདིར་ཐམས་ཅད་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཉི་དང་ཟླ་བའི་གདན་རྣམས་ལ་རགས་པ་དང་། ཕྲ་མོ་དང་། གཞན་པའི་དབྱེ་བ་དགོད་པ་རྣམ་པ་གསུམ་སྟེ། དེ་ལ་གཞན་གྱི་དབྱེ་བ་ནི་སྔགས་ཀྱི་ས་བོན་དགོད་པའོ། །ཕྲ་མོའི་དབྱེ་བ་ནི་སྔགས་ཀྱི་ས་བོན་ཡོངས་སུ་གྱུར་པ། རྡོ་རྗེ་ལ་སོགས་པའི་མཚན་མ་དགོད་པའོ། །རགས་པའི་དབྱེ་བ་ནི་རྡོ་རྗེ་ལ་སོགས་པའི་མཚན་མ་ཡོངས་སུ་གྱུར་པའི་ལྷའི་གཟུགས་དགོད་པའོ། །ཞེས་དང་། འདིར་གཙོ་བའི་སྔགས་ཀྱི་ས་བོན་དགོད་པ་གསུངས་སོ། །ཞེས་དང་། གསང་བའི་རྒྱུད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་འཇིག་རྟེན་པའི་སྨོད་པ་ཡོངས་སུ་སྤང་བའི་སླད་དུ་ལྷའི་གཟུགས་ནི་བྲི་བར་མི་བྱའོ། །ཞེས་སོ། །ས་བོན་མཚན་མར་བྱས་ན་སང་ལྷ་བསྐྱེད་པའང་ས་བོན་ལས་ལྷར་སློང་། ཕྱག་མཚན་བྲིས་ནས་ས་བོན་དེ་ལས་ཕྱག་མཚན་དེ་ལས་ལྷར་སློང་དགོས་པར་བཤད་དོ། །དེས་ན་ལྷ་དགོད་པ་ནི་བློས་བསླང་རས་བྲིས་ཀྱི་ཚེ་ཡིན་ལ། འདིར་ས་བོན་ནམ་ཕྱག་མཚན་འགོད་པར་བྱ་ཞིང་། རི་མོ་རྒྱུད་ནས་མ་བཤད་པ་ལག་བདེའི་སྟབས་སུ་མ་བཏང་ངོ་། །དཀྱིལ་འཁོར་མཆོད་པ་དངོས་གཞི་ལ། བདག་སྒྲུབ་དང་། གཞན་སྒྲུབ་གཉིས། དང་པོ་ལ་བདག་མདུན་བུམ་གསུམ་དང་པོ་ནི། འགྲེལ་ཆེན་ལས་འཆད་པར་འགྱུར་བའི་སྒྲུབ་ཐབས་ཀྱི་ཆོ་ག་ནས་སྡིག་པ་བཤགས་པ་ལ་སོགས་བྱས་ནས་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་བྱ་སྟེ་ཞེས་པས་སོ། །གཉིས་པ། ཡེ་ཤེས་ཀྱི་འཁོར་ལོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དམ་ཚིག་དཀྱིལ་འཁོར་དུ་བསྒོམས་ནས་དེ་ལ་རོ་མཉམ་དུ་བྱས་ཏེ། དབང་གི་དོན་དུའོ་ཞེས་སོགས་སོ། །བུམ་བསྐྱེད་དུ་ལྷའི་ཚོགས་ཀྱི་སྙིང་པོའི་མཚན་མ་རང་རང་གི་རྒྱུད་ལས་གསུངས་པའི་ཆོ་གས་བཀོད་པར་གྱུར་པ་ན། ཟུར་དུ་ཤེལ་གྱི་བུམ་པ་དཀར་པོ་སྐུད་པ་ལྔ་ཡིས་དཀྲིས་པ་ཡང་དག་པར་བཞག་པ་སོགས་དང་། དེ་ནས་རྣམ་རྒྱལ་བུམ་པའི་མདུན་དུ་གཞན་ཁྲུ་གང་བའི་དཀྱིལ་འཁོར་བྱས་ཏེ་སོགས་ཀྱིས་གསོལ་བ་གདབ་པའི་མཆོད་ཡོན་འབུལ་བ་ནས་བརྩམས་ཏེ་བསྟོད་པའི་བར་དུ་བྱས། བུམ་བཟླས། ཕྱི་རོལ་ཏུ་གཏོར་མ་བཏང་ནང་དུ་ལོག་སྟེ་ཤར་སྒོ་དབྱེ་བ་དང་རྐང་པ་བརྒྱད་པ་ཟློས་ཤིང་བསྐོར་བ་དང་། མེ་ཏོག་འཕྲེང་བ་ཕུལ་སླར་བླངས་མགོ་བོར་བཅིངས་ཏེ་གསོལ་བ་གདབ། ཇི་ཙམ་བསྐུར་བའི་དབང་ལེན་ནོ། །གཉིས་པ་གཞན་བསྒྲུབ་པ་ནི་རྣམ་པ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བའོ། །དང་པོ་ལ་ཆོ་གའི་ཆིངས་ནི། ཁྲུས་དང་། གསོལ་བཏབ། བརཏལ་ཞུགས་ལྔ་སྦྱིན་པ་དང་། སྨད་གཡོགས། སྟོད་གཡོགས། ཐོད་དང་། མིག་དར། སོ་ཤིང་། ཁྱོར་ཆུ། སྒོ་གསུམ་སྦྱང་བ། དྲི་བ་དྲི་ལན། འཇུག་ཡོན། མཎྜྻལ། རྣལ་འབྱོར་སེམས་བསྐྱེད། གསང་བར་གདམས་པ། དཀྱིལ་འཁོར་དུ་དགུག་པ། གཞུག་པ། སྐོར་བ་དང་ཕྱག ཕན་ཡོན་ཉེས་དམིགས་གཉིས་ཀ སློབ་དཔོན་བཀའ་གཉན་པའི་དམ་བཞག་བཞི། བྱིན་དབབ། གཤེགས་སུ་གསོལ་བ། བསྲུང་བ། མེ་ཏོག་དོར་བ། བརྡ་སྤྲོད་པ། མེ་ཏོག་སླར་སྦྱིན་པ། མིག་འབྱེད། དཀྱིལ་འཁོར་བསྟན་པ་རྣམས་སོ། །གསང་བར་གདམས་པ་ཕན་ཡོལ་བ་ཕྱི་འཇུག ལྷག་མ་ནང་འཇུག དམ་བཞག་ནི་བྱིན་དབབ་ཀྱི་སྔོན་དུ་འགྲོ་བ་ཡིན་ལ། བྱིན་དབབ་རང་ནི་གསང་བའི་དཀྱིལ་འཁོར་དུ་འཇུག་པ་ངོ་མ་ཡིན་ནོ། །ཁྲོ་བོ་དབབ་རྒྱུའི་གཙོ་བོ་ནི་རྡོ་རྗེའི་ཤུགས་སོ། །གཞན་ནི་ཁྲོ་བོ་བཅུ་སོ་སོ་ཡང་འབབ་པ་ཡིན་ལ། གང་བབས་སོ་སོའི་ཕྱག་རྒྱ་བཅིངས་པས་ཤེས་སོ། །དེ་དག་ཕེབས་ན་དགེ་མི་དགེ་ལ་སོགས་པའི་དོན་དྲིས་ཏེ་སླར་གཤེགས་གསོལ་བྱ་ཡི། གཞན་རྡོ་རྗེ་བཞི་ཕེབས་པ་དང་དེ་བཞིན་དུས་སོགས་འབྱུང་བ་ལྔ་དང་ལྷའི་མིག་ལ་སོགས་པ་ལྔ་འབབ་པ་ལ་ནི་གཤེགས་གསོལ་མི་དགོས་ཏེ་བསྒྲུབ་བྱའི་གཙོ་བོར་བཤད་པའོ། །དེ་ཡང་། རང་སྟོབས་སམ་གཞན་སྟོབས་ཀྱིས་ཡིན་པ་ཞེ་ན། འགྲེལ་ཆེན་ལས། འདིར་ལྷ་འབབ་པ་གང་ཡིན་པ་དེ་ནི་ངེས་པར་ཞེས་པ་མཐའ་ཅིག་ཏུ་གྱུར་ཏེ། སྔགས་པ་སློབ་དཔོན་རྣམས་ཀྱིས་སྒོམ་པའི་སྟོབས་དང་སྔོན་དུ་བསྙེན་པའི་དབྱེ་བ་ནི་ཞེས་པ་ཆོ་ག་སྣ་ཚོགས་པ་དང་རྣམ་མང་དམ་ཚིག་བྱང་ཆུབ་སེམས་དཔའ་ཐིག་ལེ་ལ་སོགས་པ་བསྲུང་བ་དང་། དེ་བཞིན་དུ་སྔགས་ཀྱི་བཟླས་པ་ལ་སོགས་པ་དག་གིས་ཀྱང་ཕེབས་པར་འགྱུར་གྱི་གཞན་དུ་ནི་མི་འགྱུར་རོ། །འགའ་ཞིག་དག་གི་ཚེ་བླ་མ་བརྒྱུད་པ་རྣམ་པར་དག་པའི་སློབ་མ་ལ་སྟེ། སངས་རྒྱས་རོ་མྱང་བྱེད་པས་བདུད་རྩིའི་དབང་ལས་དཀྱིལ་འཁོར་འགར་ནི་མཆོག་གི་བུ་ལ་འགྱུར་རོ། །ཞེས་པས། ལྷ་ཕེབས་པ་ནི་སྔགས་ཀྱི་གདུལ་བྱ་དང་དེའི་སློབ་དཔོན་ལྷག་མ་ནི་བསམ་གཏན་པ་དང་དེའི་སློབ་དཔོན་གྱི་གཙོ་བོར་འགྱུར་བས་རང་སྟོབས་གཞན་སྟོབས་གཉིས་ཀའོ། །སྔོན་བལ་པོར་པཎ་ཆེན་བི་བྷཱུ་ཏིས་བྱིན་དབབ་མཛད་པ་ན་བྱིན་བབས་པའི་སློབ་མ་གཅིག་ནམ་མཁའ་ལ་གར་བསྒྱུར་གྱིན་སོང་སྟེ་མ་ལོག་པས། པཎྜྻི་ཏ་ཕྱིས་བྱིན་འབེབས་མི་མཛད་ཅེས་གྲགས་སོ། །མེ་ཏོག་དོར་ས། འགྲེལ་པར། དཀྱིལ་འཁོར་གྱི་ཕྱིར་རོལ་ཏུ་རྒྱལ་བའི་བུམ་པའི་སྟེང་དུ་སྔར་བརྗོད་པའི་རིམ་པས་མེ་ཏོག་དོར་བ་དང་། ཞེས་གསུངས། འདིའི་དགོས་པ་ཞིག་ཁྲུ་སྟོང་ལྟ་བུ་ལ་མེ་ཏོག་ལྷ་ལ་མི་འཕོག་པས་ལྷ་ལ་འཕོག་པར་བྱ་བའི་ཕྱིར་དང་། གཉིས་པར་རྡུལ་ཚོན་བསུབ་པར་འགྱུར་པ་དོགས་པ་སྟེ། དེ་བསུབས་ན་དེ་ཉིད་དུ། རབ་ཏུ་གནས་པར་བྱས་པའི་དཀྱིལ་འཁོར་གྱི་རྡུལ་ཚོན་བསུབས་པ་ལས་མཆོད་རྟེན་འཇིག་པའོ། །ཞེས་ཉེས་པ་དེ་ཡོད་པས་སོ། །དཀྱིལ་འཁོར་གྱི་ལྷ་བསྟན་པ་ཡང་རིམ་པ་གཉིས་ཏེ། རྡུལ་ཚོན་གྱི་རྟེན་བརྟེན་པར་བཅས་པ་སྟོན་པ་མཚོན་བྱེད་དཔེ་ཡིན་ལ། མངོན་སུམ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཐོང་ན་སྔ་མ་ལ་བལྟོས་པའི་མཚོན་བྱ་དོན་དུ་འགྱུར་བ། མར་པས་མི་ལ་ལ་བསྟན་པ་བཞིན་ནོ། །དང་པོ་དེ་ཙམ་གྱིས་ཀྱང་། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །ཞེས་འབྱུང་བས་རྣལ་འབྱོར་གྱི་རྒྱུད་དུ་གདུལ་བྱ་ཆོས་མི་ལྡན་ལ་དབང་མི་བསྐུར་ཀྱང་འཇུག་པས་བསྡུ་བར་བཤད་པ་ནི་དགོས་པ་དེ་གཟིགས་པས་སོ། །དེ་བས་ན་དབང་ཐོབ་པ་ལ་དཀྱིལ་འཁོར་མཐོང་བ་ངེས་པར་དགོས་བྱུང་ལ། དབང་མ་ཐོབ་པ་ལ་དཀྱིལ་འཁོར་སྟོན་མི་རུང་བ་ཡིན་ནོ། །ཞུགས་པ་ཙམ་གྱིས་གདུལ་བྱ་ལ་དགོངས་ནས་སྔར་ལྷའི་གཟུགས་དཀྱིལ་འཁོར་དུ་མི་དགོད་པར་གསུངས་པ་སྟེ། དེ་དག་ཁ་སྦྱོར་གྱི་སྐུ་ལ་མ་མོས་པར་གྱུར་དོགས་པའོ། །དབང་བསྐུར་མ་ཐོབ་པ་ལ་གསང་རྒྱུ་བསྟན་ན་གསང་སྒྲོག་འབྱུང་། ཐོབ་ནས་མི་འབྱུང་རྒྱུ་བ་ཞིག་ཕལ་ཆེར་འདོད་མོད། དེ་ཡང་རིགས་པ་མ་ཡིན་ཏེ། དམ་ལ་བཞག་པའི་ཚེ་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་གསང་བར་གདམས་ཀྱིས་ཞུགས་པ་ལ་མ་ཡིན་པ་དང་། འོག་མར་ཞུགས་ཀྱང་གོང་མར་མ་དད་པས་འཇུག་མི་འོས་པ་ཡོད་པས། མ་དད་པ་ལའང་ཞེས་འབྱུང་བ་དང་། དབང་བདུན་ཙམ་ཐོབ་ཀྱང་བསྐྱེད་པའི་རིམ་པ་རྫོགས་པར་སྟོན་མི་ཐུབ་པ་དང་། དེའི་ཁར་དབང་གསུམ་བྱིན་ན་ཐུབ་པ་དང་། དེ་ལའང་རྫོགས་པའི་རིམ་པ་བསྟན་པ་གསང་བ་བསྒྲགས་པར་འགྱུར་བ་དང་། རྒྱུད་འབྱོངས་ན་མཆོག་དབང་བསྐུར་ཏེ། དེ་ནས་རྫོགས་རིམ་སྟོན་དགོས་པས་སོ། །རྒྱུད་སྡེ་གཞན་ལ་སྣོད་དང་། ཆོ་ག་དང་ཆོ་ག་རྫོགས་པས་དང་། ཟབ་མོས་འཇིགས་པ་དང་། ཉམས་པས་མ་སྨིན་པ་ཞེས་ལྔར་བཤད་པ་བཞིན་ལ། ཉམས་པ་ནི་ཕྱིར་མ་གསོས་རིང་སྔགས་པའི་ཐ་སྙད་མེད། རྣམ་གཞག་འདི་མཐོང་ན་རྡོ་རྗེ་སློབ་དཔོན་དང་མཆེད་པོར་བསྒྲལ་བར་ཁས་ལེན་པའི་སྔགས་པ་ནག་པོ་རྣམས་ལ་ཨ་རྫི་རྫིའོ། །གཉིས་པ་དབང་བསྐུར་བ་ལ། དབང་བདུན་བསྐུར་བ་དང་། གོང་ཆུང་གསུམ་བསྐུར་བའི་ཚུལ་ལོ། །དང་པོ་ནི། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོ་དར་དཔྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ་དག་དང་བརཏལ་ཞུགས་དག་ཀྱང་ཡུལ་དེ་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ་རྗེས་སུ་རིག་པ་སྟེ། །ཞེས་པ་ནི་དབང་བདུན་པོ་ཡིན་ལ། དེ་ཡང་། དཔེ་བྱིས་པ་སྐྱེས་མ་ཐག་མ་ཡིས་འཁྲུད་པ་དང་ཆོས་མཐུན། སྦྱང་གཞི་ཁམས་ལྔའི་དྲི་མ་འཁྲུད། དགོས་པ་ཡུམ་ལྔ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་། ཡུམ་ལྔའི་ས་བོན་བཞག སྦྱངས་པའི་འབྲས་བུ་ས་དང་པོ་ཐོབ་པར་བྱེད་པས་ཆུའི་དབང་ངོ་། །དེ་བཞིན་བྱིས་པ་གཙུག་ཕུད་བཞག་པ་དང་ཆོས་མཐུན་ཕུང་པོ་ལྔའི་དྲི་མ་འཁྲུད། སངས་རྒྱས་ལྔའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་། སངས་རྒྱས་ལྔའི་ས་བོན་བཞག འབྲས་བུ་ས་གཉིས་པ་ཐོབ་པར་བྱེད་པ་ཅོན་པན་གྱི་དབང་། དེ་ལྟར་བྱང་ཕྱོགས་སྐུའི་ཞལ་དུ་དབང་གཉིས་ཀྱི་མངལ་དུ་ཐོག་མར་ཁམས་དང་ཕུང་པོ་གྲུབ་པ་བཞིན་ལུས་ཀྱི་ཆོས་ཁམས་དང་ཕུང་པོ་སྦྱོང་བས་ལུས་དང་དྲི་མ་འཁྲུད། སྐུ་རྡོ་རྗེའི་དངོས་གྲུབ་བསྒྲུབ་པ་ལ་དབང་། སྐུ་རྡོ་རྗེའི་ས་བོན་བཞག ལུས་དག་པའི་འབྲས་བུ་ཐོབ་བོ། །བྱིས་པ་རྣ་བ་འབུགས་ཤིང་རྒྱན་འདོགས་པ་དང་ཆོས་མཐུན་པ། རླུང་བཅུའི་དྲི་མ་འཁྲུད། ནུས་མ་བཅུའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་། ཕར་ཕྱིན་བཅུའི་ས་བོན་འཇོག འབྲས་བུ་ས་གསུམ་པ་ཐོབ་པར་བྱེད་པས་དར་དཔྱངས་ཀྱི་དབང་། བྱིས་པ་རྒོད་པ་དང་སྨྲ་བར་བྱེད་པ་དང་ཆོས་མཐུན། རྩ་རོ་བརྐྱང་གི་དྲི་མ་འཁྲུད། གཙོ་བོ་ཡབ་ཡུམ་གྱི་དངོས་གྲུབ་ལ་དབང་། མི་འགྱུར་པའི་བདེ་བ་ཆེན་པོ་དང་སངས་རྒྱས་ཀྱི་གསུང་རྒྱུན་མི་འཆད་པའི་ནུས་པ་འཇོག ཉི་ཟླ་གཅིག་ཏུ་དག་ཅིང་བཞི་པ་ཐོབ་པར་བྱེད་པ་རྡོ་རྗེ་དྲིལ་བུའི་དབང་། དེ་ལྟར་ལྷོ་ཕྱོགས་གསུང་གི་དཀྱིལ་འཁོར་དུ་དབང་གཉིས་ཀྱི་མངལ་དུ་རླུང་དང་རྩ་གྲུབ་པ་བཞིན་ངག་གི་ཆོས་རླུང་རྩའི་དྲི་མ་སྦྱོང་བ་ངག་གི་དྲི་མ་འཁྲུད། གསུང་རྡོ་རྗེའི་བྱ་བ་ལ་དབང་། དེའི་ནུས་པ་འཇོག་ཅིང་ངག་དག་པའི་འབྲས་བུ་ཐོབ་བོ། །བྱིས་པ་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་དང་ཆོས་མཐུན། དབང་པོ་དང་ཡུལ་གྱི་དྲི་མ་འཁྲུད། སེམས་དཔའ་སེམས་མའི་དངོས་གྲུབ་བསྒྲུབ་ཅིང་རང་བཞིན་ཤེས་པའི་སྒོ་ནས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་ལ་དབང་། རྡོ་རྗེ་སྐྱེ་མཆེད་ཀྱི་ས་བོན་བཞག འབྲས་བུ་ས་ལྔ་པ་ཐོབ་པར་བྱེད་པ་བརཏལ་ཞུགས་ཀྱི་དབང་ངོ་། །བྱིས་པ་མིང་བཏགས་པ་དང་ཆོས་མཐུན། ལས་དབང་བྱ་བ་དང་བཅས་པའི་དྲི་མ་འཁྲུད། ཁྲོ་བོ་ཁྲོ་མོའི་དངོས་གྲུབ་བསྒྲུབ་པ་ལ་དབང་། བྱམས་སོགས་ཚད་མེད་བཞིས་བདུད་འཇོམས་པའི་ནུས་པ་བཞག འབྲས་བུ་དྲུག་པ་ཐོབ་པར་བྱེད་པས་མིང་དབང་། དེ་ལྟར་ཤར་ཕྱོགས་ཐུགས་ཀྱི་ཞལ་དུ་དབང་གཉིས་ཐོབ་པས་མངལ་དུ་དབང་པོ་ལས་དབང་གྲུབ་པ་བཞིན། དབང་པོ་ཡུལ་ལ་འཇུག་པ་དང་ལས་དབང་བྱ་བ་ལ་འཇུག་པར་བྱེད་པའི་སེམས་ཀྱི་དྲི་མ་འཁྲུད། ཐུགས་རྡོ་རྗེའི་དངོས་གྲུབ་བསྒྲུབ་པ་ལ་དབང་། དེའི་ནུས་པ་འཇོག་ཅིང་ཡིད་དག་པའི་འབྲས་བུ་ཐོབ་བོ། །བྱིས་པ་ལ་ཕ་ཡིས་ཀློག་ལ་སོགས་པ་བྱེད་པ་དང་ཆོས་མཐུན། བྱིས་པ་སྐྱེས་མ་ཐག་ཡེ་ཤེས་ཀྱི་རླུང་རྒྱུ་བ་བཞིན་ཡེ་ཤེས་ཀྱི་དྲི་མ་འཁྲུད། ཡེ་ཤེས་རྡོ་རྗེའི་བྱ་བ་ལ་དབང་། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་གཞན་ལ་ཕན་པར་བྱེད་པ་མི་འཕོ་བའི་བདེ་བ་རྗེས་སུ་རིག་པ་ཏེ་སྟོང་པ་ཉིད་སྟོན་པའི་ནུས་པ་བཞག འབྲས་བུ་ས་བདུན་པ་ཐོབ་པ་བྱེད་རྗེས་གནང་འདོགས་བཅས་ཀྱི་དབང་། དེ་ལྟར་དཀྱིལ་འཁོར་བཞི་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བདུན་ཐོབ། བསྐྱེད་རིམ་བསྒོམ་པ་དང་འོག་མིན་གྱི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ལ་དབང་། བསོད་ནམས་ཀྱི་ཚོགས་ཀྱི་ནུས་པ་འཇོག བསྐྱེད་རིམ་དང་འབྲེལ་བའི་སྤྱོད་པ་དང་གྲོལ་བ་སྟེར། གསང་སྔགས་ཀྱི་དགེ་བསྙེན་དུ་འགྱུར་རོ། །དེ་ཡང་འགྲེལ་ཆེན་ལས། འདིར་དབང་བདུན་དག་གིས་དཀྱིལ་འཁོར་ཆེན་པོ་མངོན་པར་དབང་བསྐུར་བར་གྱུར་པ་ན། དགེ་བའི་དབང་གིས་ས་བདུན་གྱི་དབང་ཕྱུག་ཉིད་དུ་འགྱུར། གལ་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་བྱེད་ན་དེའི་ཚེ་ལུས་འདི་ཉིད་ཀྱིས་ས་བདུན་གྱི་དབང་ཕྱུག་ཉིད་དུ་འགྱུར་རོ། །ཅི་སྟེ་མི་དགེ་བ་བཅུ་དང་བྲལ་ཏེ་ཤི་བར་གྱུར་ན་དེའི་ཚེ་དེ་ནས་དགེ་བའི་དབང་གིས་ས་བདུན་གྱི་དབང་ཕྱུག་ཉིད་དུ་འགྱུར་རོ། །ཞེས་པ་ངེས་པ་སྟེ། བསོད་ནམས་ཀྱི་ཚོགས་ཀྱིས་སོ། །ཞེས་འབྱུང་བས། ས་དྲུག་པ་ལ་མཚན་མ་དང་བཅས་པ་དང་། བདུན་པ་ལ་མཚན་མ་མེད་པ་དང་། བརྒྱད་པ་ལ་མཚན་མ་མེད་པ་ལྷུན་གྱིས་གྲུབ་པའི་ས་ཞེས་འབྱུང་བས། ས་བདུན་པ་དེ་སྲིད་མཚན་མའི་འཇུག་པ་ཅུང་ཟད་ཡོད་པས། དེ་ཚུན་སྣང་ཕྱོགས་ལྷར་འཆར་བ་འདི་འགྲོ་བ་དང་། བརྒྱད་པ་ནས་མེད་པས། དེ་ནས་སྟོང་པ་ཉིད་ལྷར་འཆར་བ་ཁོ་ནས་ས་བདུན་བསྐྱེད་རིམ་པའི་འབྲས་བུའོ། །འདུས་པ་ལས། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་དང་། འཕྲེང་བར། དབང་བསྐུར་རེ་རེ་ས་རེའོ། །ཞེས་དབང་བསྐུར་བཅུ་བཞི་ས་བཅུ་བཞིར་བཤད་པ་དང་མི་འགལ་ལམ་ཞེ་ན། འདུས་པར། རྡོར་བཟླས་བསྐྱེད་རིམ་དུ་བསྡུས་ནས་བརྒྱད་པ་དེའི་འབྲས་བུ་ཡིན་པས་དེར་བསྡུས་ལ། དབང་བཅུ་བཞི་སར་བཤད་པ་སོགས་ནི་འདིར་དེ་ཉིད་བཅུ་དྲུག་གི་ས་བཤད་པ་ལྟ་བུ་ཡིན། འདིར་ནི་མཚན་མར་སྣང་བ་ཇི་སྲིད་དེས་སྦྱོང་བར་བྱེད་པས་སྦྱང་གཞི་དེ་སྲིད་སྦྱོང་བྱེད་དུ་འཇུག་ལ། དེ་ནས་མ་ཡིན་པར་མེ་དང་བུད་ཤིང་ལྟ་བུའོ། །དེ་ཕྱིར་ས་བདུན་དེས་ཐོབ་པར་བྱེད་པ་ཡང་འདི་དང་། བསྐྱེད་རིམ་རྟོག་སྒོམ་ཁོ་ན་མ་ཡིན་པ་དང་། འཇིག་རྟེན་པའི་དངོས་གྲུབ་དོན་དུ་གཉེར་བའང་མཆོག་གི་དངོས་གྲུབ་ཐོབ་པའི་རྒྱུར་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་སླ་བས་དང་པོར་འདོད་པ་ཙམ་ཡིན་པར་སྔར་བཤད་པ་ལུང་འདི་དག་གིས་གསལ་བར་བསྟན་ཏེ་ས་ལམ་འདི་བྱང་འཕགས་ཀྱི་སའི་དབང་དུ་མཛད་པས་སོ། །དེ་ཡང་། ཆུ་མི་བསྐྱོད་པ་སོགས་སུ་མ་སྟོན་པར་ལྷ་མོའི་དབང་དུ་མཛད་པའི་རྒྱུ་མཚན་ཡང་། འགྲེལ་ཆེན་ལས། འདིར་རྒྱུད་གཞན་དང་གཞན་ལས་བྱིས་པའི་སྐྱེ་བོ་གཞུག་པའི་སླད་དུ་དེ་བཞིན་གཤེགས་པ་ལྔ་དག་པས་དབང་ལྔ་སྟེ་རྣམ་པར་སྣང་མཛད་ཀྱི་ཆུའི་དབང་དང་། རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ནོ། ཞེས་གང་གསུངས་ལ་དེ་སྔ་མ་དང་ཕྱི་མ་འགལ་ཏེ། རྒྱུད་ཐམས་ཅད་ལས་དཀྱིལ་འཁོར་དུ་མེ་ཏོག་དོར་བས་སློབ་མའི་རིགས་ཀྱི་ལྷ་གང་ཡིན་པ་དེ་ཡི་ཅོད་པན་དང་དེའི་རིགས་ཀྱི་ཕྱག་རྒྱ་ཡིས་དེའི་དངོས་གྲུབ་བོ། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེས་ན་མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་ལྔ་བདག་ཅོད་པན། །ཞེས་གསུངས་པའི་ཕྱིར། གང་དུ་མེ་ཏོག་ལྷུང་བའི་དེ་བཞིན་གཤེགས་པ་དེ་ཅོད་པན་དུ་འགྱུར་གྱི། ཐམས་ཅད་དུ་རིན་ཆེན་འབྱུང་ལྡན་ནི་མ་ཡིན་ནོ། །དེ་བཞིན་དུ་བསྡུས་པའི་རྒྱུད་ལས། ཆུ་ལ་སོགས་པའི་དག་པ་མེད་དེ་ཆོ་ག་གཞན་སྟོབས་དང་ལྡན་པའི་ཕྱིར་རོ། །ཞེས་འབྱུང་བས་རྒྱུད་ཐམས་ཅད་དུ་དབང་གི་འགྲོས་གཅིག་ཁོ་ན་མ་བསྟན་པའི་ཤེས་བྱེད་ཡིན་ལ། དེ་ལྟར་སྟོན་དགོས་མི་དགོས་གདུལ་བྱའི་དབང་ཁོ་ན་ལ་རག་པའི་ཕྱིར་ཆོ་ག་གཞན་སྟོབས་དང་ལྡན་པ་ཞེས་གསུངས་སོ། །དེ་ལྟ་བུའི་དབང་གི་ཆིངས་ཡང་། གསོལ་བཏབ་སློབ་མ་ལ་ནང་དབང་བསྐུར་ཏེ་སྐུ་རྡོ་རྗེར་བསྐྱེད། རྒྱལ་བའི་བུམ་པའི་ཆུ་དབང་དང་སླར་བུམ་པ་ཐམས་ཅད་ཀྱི་ཆུ་བསྡུས་ཏེ་རྣམ་རྒྱལ་ཆེན་པོར་ཁྱེར་ནས་དབང་བསྐུར། གནས་ལྔར་ཅོད་པན་གྱི་དབང་། སྔར་བཞིན་གསུང་རྡོ་རྗེ་བསྐྱེད་ལ། དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང་རིམ་པ་བཞིན་བསྐུར། ཐུགས་རྡོ་རྗེར་བསྐྱེད་པ་ལ་རྡོ་རྗེའི་སོར་གདུབ་འགྲེལ་པར་རྡོ་རྗེའི་མཐེ་བོ་སྦྱིན་ནས། ཞེས་དང་། འགྲེལ་པར་རྣ་བ་ལ་སོགས་པ་ལ་མེ་ཏོག་བཀོད་ནས་ཞེས་གསུངས་པས། གདུབ་བུ་རྐང་གདུབ་མེད་ན་མེ་ཏོག་གི་འཕྲེང་བ་གཟུང་ནས་དབང་དང་ལུང་བསྟན་འདི་ཀ་མིང་དབང་། དེ་ནས་ཡེ་ཤེས་རྡོ་རྗེར་བསྐྱེད། རིགས་ལྔའི་ཕྱག་མཚན་དང་རྐང་འོག་ཏུ་འཁོར་ལོ་གཏིང་པ་སོགས་སེམས་ཅན་གྱི་དོན་བྱེད་པར་རྗེས་སུ་གནང་བས་རྗེས་གནང་དང་། སྔགས་དང་། ཐུར་མ་དང་། མེ་ལོང་དང་། མདའ་གཞུ་དང་། རྡོར་དྲིལ་གཏད་དེ་དམ་ཚིག་བསྒོ་བ་འདོགས། དེ་ནས་དབང་གི་རྒན་གཞོན་ཤེས་པར་བྱ་བའི་ཕྱིར་དུ་དུས་བསྒོ་བ་རྣམས་སོ། །གཉིས་པ་གོང་མ་ཆུང་བའི་དབང་བསྐུར་བ་ནི། ཇོ་ནང་ཕྱོགས་པ་ན་རེ། དབང་གོང་མ་ལན་གཉིས་བྱེད་པ་དོན་མེད་དེ། ཁྱེད་ལན་གཉིས་བྱེད་པར་འདོད་པ་རྣམས་སྔ་མ་དེ་དབང་བཞི་པ་ཡིན་ནམ་མ་ཡིན། ཡིན་ན་ཕྱི་མ་བསྐུར་མི་དགོས་པར་འགྱུར་རོ། །མིན་ན་སྔ་མ་བསྐུར་མི་དགོས་པར་འགྱུར་རོ། ཞེས་ཟེར། དེ་ནི་མི་རིགས་ཏེ། འགྲེལ་ཆེན་ལས། འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སེམས་ཅན་གཞུག་པའི་དོན་དང་། ལམ་ཡོངས་སུ་ཤེས་པའི་དོན་དང་། རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་། སྟོན་པ་པོ་བྱེད་པའི་སླད་དུའོ་ཞེས་གསུངས་པའོ། །དེ་ལ་གོང་ཆུང་གོང་ཆེན་གྱི་ཐ་སྙད་མ་བཤད་དོ་སྙམ་ན། དེ་ཡང་མ་ཡིན་ཏེ། དེ་ཉིད་དུ། དེ་ལྟར་སྔར་དབང་བསྐུར་བ་ནི་ཆུ་ལ་སོགས་པ་རྣམ་པ་བདུན་ནོ། །དེ་ནས་གོང་མའི་དབང་ནི་སྤྱིའི་ལས་ཀྱི་ཕྱག་རྒྱ་ཡིས་སོ། གོང་མའི་ཡང་གོང་མའི་དབང་ནི་དམངས་རིགས་ལས་སྐྱེས་པ་ལ་སོགས་ཕྱག་རྒྱ་འབུལ་བའི་དོན་དུ་སྔར་གསུངས་པ་བཅུ་པོ་རྣམས་ཀྱིས་སོ། །ཞེས་དང་། རྒྱུད་ལས། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་དང་། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང་། །དེ་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡི་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །ཞེས་པས་སོ། །དབང་བཞི་པ་ལ་གཉིས་བཤད་པ་ཡིན་གྱི། གཞན་གསུམ་ལ་དབྱེ་བ་མེད་དོ་སྙམ་ན་དེ་ཡང་མ་ཡིན་ཏེ། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །གསང་བ་དག་ལས་རི་བོང་འཛིན་པ་མྱང་བ་དང་ནི་ལྟ་བ་དག་གིས་གསང་བའི་དབང་དུ་འགྱུར། །ཤེས་རབ་ཡེ་ཤེས་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱི་སྦྱང་བ་བྱས་ནས་ནི། །རྒྱལ་བ་དག་ཀྱང་འདིར་ནི་བླ་མ་དཔང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་སྦྱིན་པར་བྱ། །ཞེས་དང་། རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ནི། ཁྲག་དང་ལྡན་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གིས་རང་གི་རྡོ་རྗེ་ནོར་བུས་འདོད་སྤྱད་ནས། །ས་བོན་དང་བཅས་རྡོ་རྗེ་དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕངས་བར་བྱས་ནས་ནི། །ཕྱིན་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་དེ་ནས་སླར་ཡང་གཞན་ནི་དུ་བའི་ལམ་སོགས་ལྡན་པའོ། །ཞེས་པས་སོ། །དེ་བས་ན་འདིར་དང་པོ་དེ་བསྐུར་བ་ཡིན་ལ། དེ་ལ་ལུས་དང་། བྷ་ག་དང་། བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་གསུམ། བུམ་དབང་ནི། ལུས་ཀྱི་དཀྱིལ་འཁོར་དུ་ཐོབ། སད་པའི་གནས་སྐབས་ཀྱི་དྲི་མ་དག བསྙེན་པའི་ཡན་ལག་ཉན་ཤེས་སྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ས་བོན་བཞག འབྲས་བུ་ས་བརྒྱད་པ་ཐོབ་པར་བྱེད། གསང་སྔགས་ཀྱི་དགེ་ཚུལ་དུ་གྱུར་པའོ། །དེ་ཡང་འོ་མ་འཛིན་པའི་བུམ་པ་ལ་རེག་པའི་ཕྱིར་བུམ་དབང་ངོ་། །དེ་རྒོད་པས་དགའ་བ་ཐོབ་པ་ནམ་མཁའི་ཡོན་ཏན་སྒྲ་དང་ཆོས་གཉིས་ཀྱི་བདག་ཉིད་ཅན་གྱི་ཁུ་བ་འཕོ་བའི་བདེ་བ་མྱོང་བའོ། །རྒོད་པས་དགའ་བ་ཐོབ་པ་ནི། རྒོད་པ་དག་ལ་སློབ་དཔོན་ཉིད། །ཅེས་སོ། །འདིར་ཆོ་ག་ཡང་མཎྜྻལ་ལོ་བཅུ་གཉིས་མ་སོགས་ཀྱིས་ཕྱག་རྒྱ་དབང་གིས་སྨིན་པ་ཕུལ། །གསོལ་བ་བཏབ། མིག་དར། སློབ་མ་གཙོ་བོ་ཡབ་ཡུམ། སྐུ་རྡོ་རྗེ། རིག་མ་ལྷ་མོར་བརྟགས་ཏེ་ནུ་མ་ལ་རེག་ཏུ་གཞུག་པའོ། །གཉིས་པ་གསང་དབང་ནི། བྷ་གའི་དཀྱིལ་འཁོར་དུ་ཐོབ། རྨི་ལམ་གྱི་གནས་སྐབས་ཀྱི་དྲི་མ་དག ལམ་ཉེ་བར་བསྒྲུབ་པའི་ཡན་ལག་བསྒོམ་པ་ལ་དབང་། གསུང་རྡོ་རྗེའི་ས་བོན་བཞག འབྲས་བུ་ས་དགུ་པ་ཐོབ་པར་བྱེད། གསང་སྔགས་ཀྱི་དགེ་སློང་དུ་གྱུར་པའོ། །རིག་མའི་གསང་བ་དང་རྫས་གསང་བ་གཉིས་པོ་དག་གིས་བསྐུར་བའི་ཕྱིར་གསང་དབང་སྟེ། དབང་མདོར་བསྟན་ལས། ནུབ་དང་ཤར་དུ་འཛིན་མ་རླུང་། །ཕན་ཚུན་ཤེས་རབ་ཐབས་ཡིན་ཏེ། །མཐེ་བོང་མིང་མེད་དག་གིས་ནི། །གང་ཕྱིར་ཁ་ལ་དབང་བསྐུར་བ། །ཞེས་གསུངས། དེའི་འགྲེལ་པར་ནཱ་རོ་པས། གང་ཕྱིར་ལག་པ་གཡོན་པའི་མཐེའུ་ཆུང་ལ་སོགས་པའི་སོར་མོ་ལྔ་ནས་མཁའ་ལ་སོགས་པའི་རང་བཞིན་རྣམས་ཀྱི་དབུས་སུ་མཐེ་བོང་དང་མིང་མེད་ས་དང་རླུང་གི་རང་བཞིན་དག་འཁྱུད་པ་ལྷ་མཉེས་པའི་ཕྱག་རྒྱ་གསང་བའི་དབང་བསྐུར་བའི་དོན་དུ་སློབ་མའི་ཁ་དང་ལྷ་མཉེས་པ་ལ་ཡང་སྟོན་པའི་ཕྱིར་རོ། །ས་དང་རླུང་དག་ཕན་ཚུན་དུ་གཟུང་བ་དང་འཛིན་པའི་དངོས་པོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུ་གྲུབ་བོ། །ཞེས་པས་ན་མཿམཆོད་པའི་དུས་སུའང་ཕྱག་རྒྱ་དེས་འབུལ་བ་རྒྱུ་མཚན་དེའོ། །དེའི་ངོ་བོ་བལྟས་པས་དགའ་བ་ཐོབ་པ་མེའི་ཡོན་ཏན་གཟུགས་སྒྲ་རེག་གསུམ་གྱི་བདག་ཉིད་ཅན་ནོ། །འདི་ཆིངས་ཀྱང་། མཎྜྻལ་གསོལ་གདབ་མིག་དར། བླ་མ་ཡབ་ཡུམ་གཙོ་བོ་ཡབ་ཡུམ་དུ་དམིགས་ནས་སྙོམས་པར་ཞུགས་པའི་ཁུ་བས་དབང་བསྐུར། །ཡུམ་གྱི་བྷ་ག་བསྟན་པ་སྟེ། བལྟས་པས་དགའ་བ་ཐོབ་པ་ནི། ལྟ་བ་གསང་བ་དེ་བཞིན་ནོ། །ཞེས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཐོབ། གཉིད་འཐུག་གི་དྲི་མ་དག ལམ་བསྒྲུབ་པའི་ཡན་ལག་ལ་དབང་། ཐུགས་རྡོ་རྗེ་ཆོས་སྐུའི་ས་བོན་བཞག ས་བཅུ་པ་ཐོབ། གསང་སྔགས་ཀྱི་གནས་བརྟན་དུ་གྱུར་པའོ། །འདི་ཤེས་རབ་མ་ལས་སྐྱེས་པའི་ཡེ་ཤེས་ཡིན་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་། ལག་བཅངས་ལས་དགའ་བ་ཐོབ་པ་ཆུའི་ཡོན་ཏན་རོ་གཟུགས་རེག་སྒྲ་བཞིའི་བདག་ཉིད་དོ། །འདིའི་ཆིངས། མཎྜྻལ་གསོལ་གདབ་མིག་དར། རྒྱལ་བ་རྣམས་དཔང་པོར་བྱས་ཏེ་ཕྱག་རྒྱ་གཏད་ལ། དེས་ཆུ་སྐྱེས་བསྟན་ནས་བསྟེན་བྱར་བསྟན་པ། སློབ་མས་ཐུགས་རྡོ་རྗེ་ཡབ་ཡུམ་གྱི་ངེས་པས་གོ་བསྐོན་མཁའ་གསང་བརླབ་སྟེ་སྙོམས་འཇུག་བྱང་སེམས་ལྷུང་ནས་སྐྱེ་གནས་ནས་ལྕེས་བཏུང་བའི་བར་རོ། །ལག་བཅངས་དགའ་བ་ཐོབ་པ་ནི། ལག་བཅངས་ལ་ནི་ཤེས་རབ་ཉིད། འཇིག་རྟེན་པའི་དབང་བཞི་པ་ནི། རྣམ་གྲངས་པའི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཐོབ་བཞི་པའི་དྲི་མ་འཁྲུད། ལམ་སྒྲུབ་པ་ཆེན་པོ་ལ་དབང་། ཡེ་ཤེས་རྡོ་རྗེ་ལྷན་ཅིག་སྐྱེས་པའི་སྐུའི་ས་བོན་བཞག འབྲས་བུ་ས་བཅུ་གཅིག་པ་ཐོབ། སའི་ཡོན་ཏན་དྲི་རོ་གཟུགས་སྒྲ་རེག་བྱའི་བདག་ཉིད། འདི་ཡིད་འོངས་ཀྱི་ལྷན་སྐྱེས་རིག་པ་ཡིན་པས་དབང་བཞི་པར་བཞག་སྟེ། གཉིས་གཉིས་འཁྱུད་པའི་དགའ་ཐོབ་པ། །གཉིས་གཉིས་འཁྱུད་པས་དེ་བཞིན་ཉིད། །དེ་ལྟར་དབང་ནི་རྣམ་པ་བཞི། །ཞེས་སོ། །དབང་གི་ཕྱག་རྒྱ་མ་ཡང་། ལོ་བཅུ་གཅིག་ནས་ཉི་ཤུའི་བར་གསུངས་ལ། སྒོམ་པའི་དོན་བཞི་བཅུ་རྩ་དྲུག་གི་བར་དུའོ། །དེ་ལྟ་བུའི་དབང་དེ་ཡང་དགའ་བ་བཅུ་དྲུག་གི་དབྱེ་བས་རྣམ་པ་བཅུ་དྲུག་ཏུ་འགྱུར་ལ། །དེ་ལའང་རྒྱུ་འབྲས་གཉིས་སུ་བཞག་པའི་འདི་དང་པོའོ། །དེ་ཡང་། ཕར་ཕྱིན་བཅུ་ལ་མཚན་ཉིད་རྒྱུ་འབྲས་སུ་བྱེད་པ་ལྟ་བུ་དང་མི་འདྲ་སྟེ། དེའི་རྒྱུ་ནི་བྱང་འཕགས། འབྲས་བུ་ནི་སངས་རྒྱས་ཀྱི་དབང་དུ་བྱས་ལ། །འདིའི་རྒྱུ་ནི་སོ་སོ་སྐྱེ་བོའི་ས་འབའ་ཞིག །འབྲས་བུ་ནི་བྱང་འཕགས་ཤས་ཆེ་བའི་ཕྱིར་རོ། །དེ་ལྟ་བུའི་ཕྱག་རྒྱ་དང་བཅས་པའི་དབང་ཡང་ཆགས་ཅན་ཁོ་ནའི་དབང་དུ་མཛད་ཀྱི། གཞན་འགྲེལ་པར། ས་བོན་ཉམས་པའི་རྒན་པོ་ལ་ཤེས་རབ་དབང་བསྐུར་རྒྱལ་བའི་བདག་པོའི་གསུང་གིས་སྦྱིན་པར་བྱ་སྟེ། །དགེ་སློང་ལ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་ཤེས་རབ་མ་ལ་ཡང་དགེ་སློང་མ་ལ་ཇི་ལྟ་བ་བཞིན་ནོ། །ཞེས་པའི་གནས་སྐབས་འདི་གཟིགས་ནས་ཨ་ཏི་ཤས། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་གསུངས་ཏེ། བཤད་ཚོད་བཞིན་ལག་ལེན་ལ་མ་བརྡར་བར་ཚིག་ཙམ་གྱི་མ་བསྐུར་བར་བཤད་པ་དང་གནད་གཅིག ཕྱག་རྡོར་སྟོད་འགྲེལ་དུ་ཡང་། གང་གི་ཚེ་དབང་བསྐུར་བ་ལ་སོགས་པའི་ཉིན་ཞག་ལ་བྱ་བའི་དམ་ཚིག་ནི་ཤིན་ཏུ་སྦ་བར་བྱ་ཞིང་ཕྱིས་ནི་བླ་མ་དམ་པ་རྣམས་ཀྱིས་རིགས་ཀྱི་བུ་རྣམས་ལ་དགག་པར་བྱའོ། །དགེ་སློང་རྣམས་ལ་ནི་དབང་བསྐུར་བའི་དུས་སུ་ཡང་སྦྱིན་པར་མི་བྱ་སྟེ། ཆོས་གོས་འཛིན་པ་རྣམས་ལ་བླ་མས་རང་གི་ཚིག་གིས་ཐམས་ཅད་རབ་ཏུ་བསྟན་པར་བྱའོ། །རྣམ་པ་གཞན་དུ་ན་བླ་མ་དམ་ཚིག་ཉམས་པར་འགྱུར་རོ། །ཞེས་གསུངས། དེ་དག་ཀྱང་རིམ་གྱིས་པའི་གདུལ་བྱ་ལ་དགོངས་ཏེ་གཞན་ནི་འཆད་པ་ལས་རྟོགས་པར་འགྱུར་རོ། །བོད་འདིར་སྐྱེ་བོ་བློ་ཆུང་སྤྲོས་པ་ལ་དགའ་བས་བླ་མ་རྣམས་ཀྱིས་ཚངས་པར་སྤྱོད་པའམ་རྒན་པོ་ལ་བསྐུར་བའི་ཚུལ་ཁོ་ནས་དབང་བསྐུར་བར་མཛད་པས། དེས་དེ་དག་ཐོབ་པར་ནུས་ལ། བུམ་པའི་དབང་ལ་དེ་ལྟ་བུ་མ་ཡིན་པའི་རྒྱུ་མཚན་ཅི་ཞེས་འདྲི་སྟེ། དྲི་བའི་ཡུལ་དེ་དག་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་གཞན་པར་སྨིན་བྱེད་ཀྱི་དབང་བསྐུར་མི་འདོད་པར་སྣང་བས་སོ། །རང་ལུགས་ནི་འདིར་ཀུན་སྤངས་ཀྱི་སློབ་མ་རྗེས་སུ་འཛིན་པར་གསུངས་དེས་ཐོབ་པ་དང་། འཕྲེང་བ་མཁན་པོས་ཡིད་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་གསལ་བར་གསུངས་པས་སོ། །འདིར་ཚིག་གི་དབང་ཞེས་པའང་། སློབ་དཔོན་གྱི་དབང་རྫས་དཀྱིལ་འཁོར་སོགས་དངོས་སུ་མེད་ལ་ཐམས་ཅད་ཚིག་ཏུ་བརྗོད་པ་གཅིག་པུས་མཛད་པས་སོ། །སློབ་མས་བསྒོམ་པར་བྱ་བ་ནི་དགག་པ་མ་ཡིན་ཏེ། དེའི་ཕྱིར་དབང་འདི་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་མ་ནི་ཡོད་པར་ཡང་འགྲུབ་སྟེ། དེར་ཡིད་ཀྱི་བརྟགས་པས་སོ། །དེ་ཡང་། སློབ་དཔོན་ཡེ་ཤེས་དཔལ་བཟང་པོས། །སྤྲོས་པ་མེད་པའི་རབ་བྱུང་ལ། །དགེ་སློང་རྣམས་ཀྱིས་དེ་སྦྱིན་ཏེ། །འདུལ་ལ་སོགས་པའི་སྡོམ་པ་ནི། །ཐམས་ཅད་ལྡན་པའི་སློབ་མ་ལ། །རྟག་ཏུ་རང་ནང་ཤེས་རབ་ཀྱི། །སྒོམ་པ་གསལ་བར་བྱ་ཕྱིར་རོ། །ཞེས་གསུངས། འདི་ཉིད་དུའང་། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང་། །ཞེས་འབྱུང་བས་སོ། །ཇི་ལྟར་དབང་བདུན་གྱིས་ཀྱང་ལུས་སོགས་ཀྱི་དྲི་མ་འཁྲུད་པ་ལ་སོགས་པ་ནུས་པས་འདི་དང་ཁྱད་པར་མེད་པར་འགྱུར་རོ་སྙམ་ན། གང་དུ་དང་པོ་དབང་བདུན་ནི། །བྱིས་པ་རྣམས་ནི་བཟུང་བ་སྟེ། །ཞེས་པས་འཇིག་རྟེན་པ་རྣམས་ལུས་སོགས་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་འཁྲུད་པས། བྱིས་པ་འཇུག་པའི་དབང་ཞེས་གསུངས། ཕྱི་མས་ནི་ལུས་སོགས་དེ་ཉིད་དུ་རང་དུ་འཛིན་པ་འཁྲུད་དེ། སྔ་མ་གང་ཟག་ཏུ་ལྟ་བ་དང་ཕྱི་མ་ཆོས་སུ་ལྟ་བའི་ཁྱད་ཡོད་དོ། །གཉིས་པ་ཞར་ལ་རབ་ཏུ་གནས་པ་བྱ་བའི་ཚུལ་ནི། གནས་བྱེད་སློབ་དཔོན་གནས་བྱ་རྟེན། གནས་པའི་དུས། གནས་པའི་གནས། གནས་དགོས་པའི་རྒྱུ་མཚན། རབ་གནས་ཀྱི་ཆོ་ག་དྲུག དང་པོ་ནི་རབ་ཏུ་གནས་པ་འདི་ཀུན་རྫོབ་ཀྱི་དབང་དུ་ཡིན་པས་སློབ་དཔོན་ཀྱང་སྔགས་ལ་གཞོལ་བ་གཙོ་ཆེར་གསུངས། གནས་པའི་རྟེན་ནི་གཙོ་བོར་སྐུ་གསུང་ཐུགས་རྟེན་ཚད་དང་ལྡན་པ། དེའི་ཕྱིར་འདིར་སྐུ་དང་མཆོད་རྟེན་གྱི་ཚད་བཤད་པའི་རྒྱུ་མཚན་དེ་ཡིན་དུས་ནི་རབ་གནས་ཀྱི་རྒྱུད་ལས། དགུན་ཟླ་ཐ་ཆུང་ནས་དབྱར་འབྲིང་གི་བར་གྱི་ཟླ་བ་དྲུག་གསུངས་ལ། ལུགས་འདིར་དགུན་འབྲིང་འཁོར་ལོས་སྒྱུར་བ་དང་དཔྱིད་འབྲིང་སངས་རྒྱས་དབང་བསྐུར་བ་དང་ཆོས་བཤད་པའི་དུས་ཡིན་པས་དེ་ལ་བཟང་བར་བཤད། ཚེས་རབ་གནས་ཀྱི་རྒྱུད་ལས། ཡར་ངོའི། གཉིས། གསུམ། བརྒྱད། བཅུ་བཞི། བཅོ་ལྔ་དང་། གནམ་སྟོང་བདུན། དུས་སྦྱོར་ཞི་བ་ལ་བཟང་བ་གཟའ་བཞི་སྟེ། ཕུར་བུ། ལྷ་པ། པ་ཝ་སངས། ཟླ་བའོ། །སྐར་མ་ཆུ་སྟོད། སྨིན་དྲུག མགོ སྣར་མ། གྲོ་བཞིན། ལག སྣུབས། སྣོན། རྒྱལ། ཆུ་སྨད། ཁྲུམས་སྨད། ལྷ་མཚམས་བཅུ་གཉིས། གང་ཚེ་གཟའ་དང་རྗེས་མཐུན་ན། །ནག་པོའི་ཕྱོགས་ལའང་བརྩམ་པར་བྱ། །རྒྱལ་དང་ཕུར་བུ་འཛོམ་པ་ལྟ་བུ་ལ་སོགས་པའི་འགྲུབ་སྦྱོར་འཛོམ་ན་ཚེས་ངེས་མེད་དུའང་བཤད་དེ། འདིར་འཆི་སྦྱོར་སྲེག་ཚེས་བིཥྚི་སྤངས་པ་གཟའ་སྐར་སྦྱོར་ཚེས་དུས་སྦྱོར་རྩིས་འབྲས་ལས་བཤད་པ་བཞིན་ནོ། །གནས་ནི་མཆོད་རྟེན་ཆེན་པོ་ལ་སོགས་པ་གནས་དགོས་ན་གང་ཡོད་སར་བྱ། གཞན་ཞི་བ་ལ་བཟང་བར་རོ། །ཆོ་ག་དགོས་པའི་རྒྱུ་མཚན་ནི། གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་ཤིས་མི་འབྱུང་ཞིང་། །དེ་སྲིད་མཆོད་པ་མི་འོས་པས། །སོགས་ཀྱིས་ཉེས་དམིགས་ཡོད་ལ། ཆོ་ག་ཡང་། ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་གསུངས་ཚུལ་ལེགས་པས། །ཞེས་པ་ལྟར་ཏེ། རབ་ཏུ་གནས་བྱའི་ལྷ་དེ་ཉིད་ཀྱི་དཀྱིལ་འཁོར་རམ། སློབ་དཔོན་རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་གྱིས་སམ། སྐུ་ལ་རྣམ་སྣང་། གསུང་ལ་སྣང་མཐའ། ཐུགས་ལ་མི་བསྐྱོད་པས་བྱ་བར་གསུངས་པ་ལྟར་རོ། །སློབ་དཔོན་གྱི་ལྷག་པའི་ལྷ་ཞེས་པའང་འཕྲེང་བར་མེ་ཏོག་ཕོག་པའི་རིགས་དེ་ཡིན་པར་བཤད་མོད། དོན་དཀྱིལ་འཁོར་གང་གི་སྒོ་ནས་ཐམས་ཅད་རབ་ཏུ་གནས་པར་ནུས་པ་ལ། འདིར་དཔལ་དུས་འཁོར། དེ་ལའང་བདག་བྱིན་རླབས་དང་དཔའ་བོའི་རིམ་པ་དང་གཉིས་གསུངས་པའི་དང་པོ། བདག་བྱིན་གྱིས་བརླབ་པའི་རིམ་པ་ཞེས་པ་དེར་བྱའོ། །རབ་གནས་ཀྱི་ཆོ་ག་ལ། སྐུ་གསུང་ཐུགས་རྟེན་དང་། བགྲང་འཕྲེང་དང་། རྡོར་དྲིལ་དང་། མཆོད་ཕྱིར་ཐོགས་ལ་སོགས་པ་དང་། རྒྱན་དྲུག་དང་། ཁྲོན་པ་དང་། རྫིང་དང་། མཚེའུ་དང་། སྐྱེད་མོས་ཚལ་རབ་ཏུ་གནས་པ་དགུ དང་པོ་ལ་རྒྱས་འབྲིང་བསྡུས་པའི་ཆོ་ག་གསུམ། དང་པོ་ལ་སྟ་གོན། དངོས་གཞི། མཇུག་གསུམ། དང་པོ་ལ། གནས་ཁང་བརྒྱན་ཅིང་ཁྲུས་སྟེགས་བཤམ་པ་དང་། བུམ་པ་བཤམས་ཏེ་བཟླས་ཤིང་དྲི་ཆུ་བསྒྲུབ་པ་དང་། སྦྱང་པ་བྱ་བ་དང་ཁྲུས་གསོལ་ཏེ་དབྱི་ཞིང་ན་བཟའ་རྒྱན་དབུལ་བ་དང་། རྟེན་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲངས་ཏེ་བགེགས་བསྐྲད་ཅིང་མཆོད་དེ་དགུག་གཞུག་བྱ་བ་དང་། རྒྱས་གདབ་ཅིང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་དབང་བསྐུར་བ་དང་། བཟླས་པ་དང་མཆོད་བསྟོད་སྔོན་དུ་འགྲོ་བས་གཏོར་མ་བཏང་ཞིང་སྦྱིན་སྲེག་གིས་མཆོད་པ་དང་། ལྷག་པར་གནས་པའི་སྙན་གསན་དབབ་ཅིང་བདག་ཉིད་གཟེངས་བསྟོད་པ་དང་། ཕྱག་མཆོད་བྱས་ནས་གསོལ་བ་གདབ་ཅིང་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་དང་། རྟེན་བསྲུང་ཞིང་དགབ་པ་དང་། སློབ་མ་དང་བདག་བསྲུང་བའོ། །དངོས་གཞི་ལ། བདག་བསྐྱེད་མདུན་བསྐྱེད་གསལ་བཏབ་སྟེ། མཆོད་པ་དང་། སྦྱང་བ་དང་བཀྲུ་ཞིང་ཕྱིས་ན་བཟའ་རྒྱན་འབུལ་བ་དང་། གསོལ་བ་གདབ་ཅིང་སེམས་བསྐྱེད་པ་དང་། རྟེན་དམ་ཚིག་པ་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་དྲངས་བགེགས་བསྐྲད་ལ་མཆོད་དེ་གསོལ་བ་གདབ་ནས་དགུག་གཞུག་བྱ་བ་དང་། རྒྱས་བཏབ་ཅིང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། དབང་རྒྱས་པར་བསྐུར་བ་དང་། མཆོད་ཅིང་བསྟོད་པ་དང་། སྤྱན་དབྱེ་བ་དང་། མངའ་དབུལ་རྒྱས་པ་བྱ་བ་དང་། བརྟན་པར་བཞུགས་སུ་གསོལ་བ། མཇུག་ལ་གཏོར་མ་སྦྱིན་པ་དང་། ཆོས་སྐྱོང་བསྐོ་བ་དང་། དཀྱིལ་འཁོར་གྱི་ལྷ་མཆོད་ཅིང་གསོལ་བ་གདབ་པ་དང་། དེ་ལ་བཟོད་པར་གསོལ་ཞིང་གཤེགས་གསོལ་དང་། ཡོན་བདག་བསྐོ་བ་དང་དེ་ལ་ཤིས་པ་བརྗོད་པ་དང་། རྟེན་ཅུང་ཟད་མཆོད་ནས་བདེན་ཚིག་གིས་སྨོན་ལམ་གདབ་ཅིང་བསྐོར་བ་བྱ་བ་དང་། དགའ་སྟོན་དང་སློབ་དཔོན་ལ་ཡོན་འབུལ། བསོད་ནམས་བསྔོ། ཤིས་བརྗོད་ལྷག་ཆད་བསྐང་ཞིང་ལས་ཀྱི་རྗེས་བསྡུ་བ་རྣམས་སོ། །འབྲིང་དུ་བྱ་བ་ནི། བདག་བསྐྱེད་བཟླས་པའི་བར་འདྲ། མདུན་དུ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་མཆོད་པ་བྱ། དེ་ནས་བུམ་པ་སྟ་གོན་སྦྱང་། ཁྲུས་ལ་སོགས་པའི་ཆོ་ག་བསྐྱར་དགོས་རྣམས་གཅིག་ལས་མི་བྱ་བ་ཨ་བྷ་ཡའི་ལུགས། ཡང་། སྟ་གོན་དོར་ནས་དངོས་རྗེས་ཉི་མ་གཅིག་ལ་བྱེད་པ་ལེགས་པའི་ལུགས་སོ། །བསྡུས་པ་ནི། རྟེན་དམ་ཚིག་པ་བསྐྱེད། སློབ་དཔོན་རང་ལུས་ཀྱི་ལྷ་ཡེ་ཤེས་པའི་རྣམ་པ་ལས་ལྷ་དེའི་ཡེ་ཤེས་པར་འོས་པ་ཕྱུང་སྟེ་རྟེན་དེའི་སྙིང་གར་ས་བོན་གྱི་རྣམ་པར་བཀོད། དེ་ནས་སྙིང་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ཆ་གཅིག་བཞག་པ་དེས་དབང་བསྐུར་མཆོད་བསྟོད་བྱས་དེའི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བཤད་ལ། དབང་སྐུར་ཐུགས་ཀར་ཡེ་ཤེས་པ་ས་བོན་གྱི་ཚུལ་དུ་བཅུག་པ་ཁོ་ནས་རབ་ཏུ་གནས་པར་འགྱུར་བར་རྒྱུད་འགྲེལ་ལས་བཤད་དོ། །འཕྲེང་བ་ནི་སྟོང་པའི་ངང་ནས་གསུང་རྡོ་རྗེ་བསྐྱེད། རང་གི་སྙིང་གའི་འོད་ཟེར་གྱིས་མཚན་དཔེའི་རང་བཞིན་དབྱངས་གསལ་རྣམས་སྤྱན་དྲངས་པའི་གཞི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་མདོ་འཛིན་ལ་ལྷག་མ་འཕྲེང་རྡོག་རེ་རེ་ལ་རེ་རེ་གཞུག རྒྱས་བཏབ། དབང་བསྐུར་ནས་ཞུ་བ་ལས་བྱུང་བའི་འཕྲེང་བར་བལྟ། གསུང་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་སོ། །རྡོར་དྲིལ་བསང་། ཧཱུྃ་ཧོཿལས་རྡོར་སེམས་དང་སྣ་ཚོགས་ཡུམ་དུ་བསྐྱེད། རང་འདྲའི་ཡེ་ཤེས་པ་དང་། གསལ་བྱེད་རྡོ་རྗེ། དབྱངས་སྤྱན་དྲངས་པ་དྲིལ་བུ་ལ་གཞུག རྒྱས་བཏབ་དབང་བསྐུར་མཆོད་བསྟོད་བྱས་ཞུ་བ་རྡོར་དྲིལ་དུ་རྡོ་རྗེ་དྲིལ་བུའི་ལྷ་གནས་ཀྱི་སྔགས་བརྗོད་མཆོད་དོ། །མཆོད་ཕྱིར་ཐོགས། སྟོད་གཡོགས། པུས་འཁྱུད་རྣམས་རང་མིང་གི་དང་པོ་ལས་བྱུང་བའི་རྫས་དེ་དག དབྱངས་སུམ་ཅུ་གསལ་བྱེད་བརྒྱད་ཅུ་སྤྱན་དྲངས་པ། དང་པོ་ལ་གཉིས་ཀ གསལ་བྱེད་སྟོད་གཡོགས། སྡེ་པ་དྲུག་དབྱངས་བཅུ་གཉིས་དང་བཅས་པ་སུམ་བརྒྱ་དྲུག་ཅུ་པུས་འཁྱུད་ལའོ། །རྒྱན་དྲུག སྟོང་པའི་ངང་ལས་ཧཾ་ཧཿལས་བྱུང་བའི་རྣ་ཆ་དེ་དག་གཞུག་ས་བོན་དང་མཐུན་པར་ནུས་མར་བསྐྱེད། དེ་བཞིན་ཨཾ་ཨཿམགུལ་རྒྱན་དང་སྐ་རགས། ཨ་ཨཿགཡོན་གཡས་ཀྱི་ལག་པའི་གདུ་བུ། ཧཾ་ཧཿརྐང་གདུབ་གཉིས་ནུས་མ་བསྐྱེད་སོགས་འདྲ། ཐལ་ཆེན་སྟོང་ཆེན་ཡི་གེ་ལྔ་ལས་བྱུང་བའི་ཐལ་ཆེན་བཅུག་ཤེར་ཕྱིན་མར་བསྐྱེད། ཡེ་ཤེས་པ་གཞུག རྒྱས་བཏབ། དབང་བསྐུར། མཆོད་བསྟོད་ཞུ་བ་ལ་རྫས་དེ་དག་ཏུ་བལྟའོ། །ཁྲོན་པ་ལ་སོགས་པའི་རབ་གནས་རྒྱས་པ་ལས་རྟོགས་པར་བྱའོ། །ཞེས་དཔལ་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས། དབང་བསྐུར་བ་འཕྲོས་པ་དང་བཅས་པའི་སྐབས་ཏེ་བཅུ་གཉིས་པའོ།། །། གཉིས་པ་གྲོལ་བྱེད་ཀྱི་རིམ་པ་ལ། བསྒྲུབ་པའི་ཐབས། དམ་ཚིག་གི་རྣམ་གཞག རྣལ་འབྱོར་གྱི་སྤྱོད་པ་བཤད་པ་དང་གསུམ། དང་པོ་ལ་ཆོ་གའི་ཆིངས། མཐའ་བཅད་གཉིས། དང་པོ་ནི་དབང་ལེའི་འགྲེལ་ཆེན་དུ། འཆད་པར་འགྱུར་བའི་སྒྲུབ་ཐབས་ཀྱི་ཆོ་གས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་བྱས་ཏེ། ཞེས་ཡན་ལག་བཞི་ཕྱེ་སྟེ་གསུངས། དེ་ཀ་བསྙེན་པ་ཉེར་བསྒྲུབ་བསྒྲུབ་པ་བསྒྲུབ་ཆེན་ནམ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་ཡང་ཡིན་ལ། ཡེ་ཤེས་ཀྱི་ལེའུའི་འགྲེལ་ཆེན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ཁོ་ན་ཉིད་རིག་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་དང་པོར་བསྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ལྷའི་ས་བོན་གྱི་ཡི་གེ་བསམ་ཞིང་རྣམ་པར་ཐར་བའི་སྒོ་ལ་སོགས་པས་དག་པར་བྱས་ནས་ནམ་མཁའི་མཐིལ་དུ་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་རྟོགས་པར་བྱས་ཏེ། དེ་རྣམས་ལ་སྔགས་པས་མཆོད་པ་བྱས་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བདག་ཉིད་ཀྱི་དངོས་པོ་འབུལ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ལམ་ལ་བརྟེན་པ་དང་། སྟོང་པ་ཉིད་ལ་དམིགས་པར་བྱའོ། །དེ་ནས་ཆོས་འབྱུང་ནམ་མཁའི་ཁམས་ཀྱི་རང་བཞིན་བསྒོམ་པར་བྱ་སྟེ། དེའི་དབུས་སུ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་སའོ། །ཡང་ན་ཤེས་རབ་ཀྱི་རྒྱུད་ཀྱི་དགོངས་པས་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་དང་ལྷུན་པོའི་སྟེང་དུ་ཁང་པའམ་རྡོ་རྗེའི་གུར། དེ་ནས་སྐུ་རྡོ་རྗེ་ཡོངས་སུ་གྱུར་བ་ལས་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ཡང་དག་པར་རྫོགས་པ་ཟླ་བ་དང་ཉི་མའི་གདན་དང་ལྡན་པའོ། །ཡང་ན་བཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དང་མ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རམ་ར་ཡིག་ཡོངས་སུ་གྱུར་བ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཟླ་བ་དང་། ཉི་མ་དང་། ཨཱ་ལི་དང་། ཀཱ་ལི་དང་། ཡེ་ཤེས་ཀྱི་ས་བོན་གྱི་ཡི་གེ་རྣམས་ཀྱི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཏེ། ཡེ་ཤེས་ལྔའི་བདག་ཉིད་ཀྱི་ལྷའི་གཟུགས་བསྒོམ་པར་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཤེས་རབ་ཀྱི་ཆགས་པས་ཞུ་བ་ལ་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་རྣམས་ཀྱིས་རབ་ཏུ་བསྐུལ་ཏེ། །སླར་ཡང་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པ་རང་གི་མཚན་མ་རྫོགས་པའོ། །དེ་ནས་དཀྱིལ་འཁོར་ལ་ལྷའི་ཚོགས་སྤྲོ་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་། གཞུག་པ་དང་། མཉེས་པ་དང་། དམ་ཚིག་གི་དཀྱིལ་འཁོར་ལ་རོ་མཉམ་པར་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷ་མོ་རྣམས་ཀྱིས་དབང་བསྐུར་བ་དང་། རྡོ་རྗེའི་ཅོན་པན་དང་། རྒྱན་དང་ལྡན་པ་དང་། རྡོ་རྗེ་སེམས་དཔའི་ང་རྒྱལ་དང་གཟུགས་སུ་སྔགས་པས་བདག་ཉིད་བསྒོམ་པར་བྱའོ། །ཞེས་འབྱུང་བ་བཞིན་བསྒྲུབ་ལེར་རྒྱས་པར་གསུངས་པ། སློབ་དཔོན་དུས་འཁོར་ཞབས་ཆེན་པོས། དངོས་གྲུབ་ཡན་ལག་བཅུ་གཅིག་བསྒོམ། །བསྲུང་དང་ཁ་སོགས་དག་པ་དང་། །བདག་ཉིད་དག་བྱ་བདག་བསྲུང་དང་། །ཚོགས་གཉིས་བསགས་དང་དཀྱིལ་འཁོར་བསྐྱེད། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །ཕྲ་མོ་ཐིག་ལེའི་རྣལ་འབྱོར་དང་། །མཆོད་བསྟོད་རྗེས་ཀྱི་བྱ་བའོ། །ཆོ་ག་དེ་དག་རེ་རེ་ཡང་། །ཆོ་ག་དང་ནི་ཏིང་འཛིན་དང་། །ང་རྒྱལ་བཟུང་བ་གསུམ་གསུམ་མོ། །ཞེས་པས་གསུངས་ཤིང་། ཆོ་ག་ནི་ངག་འདོན། ཏིང་ངེ་འཛིན་ནི་དམིགས་པ། ང་རྒྱལ་ནི་རེ་རེའི་མཐར་བརྟན་པའི་ཡན་ལག་ཏུ་མཛད་པ་རྗེས་འབྲངས་སོ། །བུ་སྟོན་སྲུང་འཁོར་དང་སྒྲུབ་པའི་ཐབས་གཉིས་ཕྱི་མ་ལ། སྔོན་འགྲོ་ཚོགས་བསག དངོས་གཞི་རྣལ་འབྱོར་བཞི། རྗེས་གཤེགས་སུ་གསོལ་བའི་བྱ་བ་གསུམ། དང་པོ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་གཉིས། དངོས་གཞིའི་རྣལ་འབྱོར་དང་པོ་དཀྱིལ་འཁོར་རྒྱལ་མཆོག་ལ། རྟེན་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་བསྐྱེད་པ་དང་། བརྟེན་པ་ལྷ་བསྐྱེད་གཉིས་ཕྱི་མ་ལ་གཙོ་བོ་ཡབ་ཡུམ་མངོན་བྱང་ལྔས་བསྐྱེད་པ་དང་། དེའི་མངལ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྲོ་བ། སྤྲོས་པའི་དལ་དུ་སེམས་ཅན་ལ་དབང་བསྐུར་སྦྱིན་པ་དང་། ཤིན་ཏུ་རྣམ་པར་དག་པའི་ང་རྒྱལ་འཛིན་པ་བཞི། རྣལ་འབྱོར་གཉིས་པ་ལས་རྒྱལ་མཆོག་ལ། ཞུ་བ་གླུས་བསྐུལ་ཏེ་བཞེངས་པ། དེའི་མངལ་ནས་དཀྱིལ་འཁོར་སྤྲོ་བ། ཡེ་ཤེས་པ་དགུག་གཞུག རྒྱས་གདབ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང་དབང་བསྐུར། རྣམ་དག་སྒོམ་པ་ཞེས་འབྱེད། རྣལ་འབྱོར་གསུམ་པ་ཐིག་ལེ་དང་བཞི་པ་ཕྲ་མོའི་རྣལ་འབྱོར་ཞེས་དབྱེ་བ་དོན་གཅིག་ཏུ་འདུའོ། །བསྲུང་འཁོར་ལ་རྡོ་རྗེ་གསུམ་གྱི་ཞིང་སྐྱོང་ལ་གཏོར་མ་སྦྱིན། རྡོ་རྗེ་བཞིས་བདུད་སྲེག སྣ་ཚོགས་རྡོ་རྗེའི་ས་རྭ་བ་ཁང་བརྩེགས་གདན་བསྐྱེད། ཆོ་ག་གསུམ་ལས་རྡོ་རྗེ་ཤུགས་དེའི་ཐུགས་ཀའི་ཉི་མ་ལ་སྔགས་ཀྱི་ཁྲོ་བོ་སོགས་སྲུང་མ་དྲུག་ཅུ་སྤྲོ། དེ་ནས་གཏོར་མ་སྦྱིན་ནས་བསྲུང་འཁོར་བསྡུ་བའོ། །གཉིས་པ་མཐའ་བཅད་པ་ནི། ཇོ་ནང་ཕྱོགས་པས་རྡོ་རྗེ་འཇིགས་བྱེད་ནི་དུས་ཀྱི་འཁོར་ལོ་ཉིད་ཡིན་ཏེ། རྡོ་རྗེ་འཇིགས་བྱེད་ཀྱི་སྔགས་ཀྱི་སྐབས་སུ། དེ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྐང་པ་བཅུ་དྲུག་པ་ཞེས་འབྱུང་བས་རྡོ་རྗེ་འཇིགས་བྱེད་ནི་དུས་འཁོར་ཁྲོས་པ་ཡིན་ལ། རྡོ་རྗེ་ཤུགས་ནི་བསྒྲུབ་ལེའི་ཚིགས་བཅད་གྱ་བདུན་པར། རིགས་དང་རིགས་ཅན་སྦྱོར་བའི་སྐབས་སུ་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་དང་རྒྱལ་བའི་བདག་པོར་འགྱུར་ཏེ་ཀུན་ཏུ་བཟང་པོ་དེ་ཉིད་དོ། །ཞེས་རྡོར་སེམས་དང་ཀུན་ཏུ་བཟང་གཉིས་ཀའི་སྲས་པོ་བཤད་ལ། ཚིགས་བཅད་གྱ་དགུ་པར་ཡུམ་ཡང་ཁྲོ་བོའི་དབང་པོའི་ཕྱག་རྒྱར་འགྱུར་ཏེ་ཞེས་རྡོ་རྗེ་ཤུགས་ཀྱི་ཡུམ་ཡང་སྣ་ཚོགས་ཡུམ་གྱི་སྲས་མོར་གསུངས་པ་རྡོ་རྗེ་ཤུགས་ནི་ཁྲོ་བོའི་སྡེ་ཚན་དུ་གཏོགས་ཀྱི། དུས་འཁོར་ཉིད་མ་ཡིན་ཏེ། ཁྲོ་བོའི་དབང་པོ་འདི་སྒྲིབ་པ་ཆ་ཙམ་ཡོད་པར་སྟོན་པའི་ཕྱིར་ཏེ་སོགས་སྨྲའོ། །དེ་ལ་ལུང་གིས་གནོད་པ། ཡེ་ཤེས་ལེའུར། ཉི་མའི་སྟེང་དུ་དུས་ཀྱི་འཁོར་ལོ་ཞེས་ནས་གཉིས་ལྷག་རྒྱལ་བའི་ཕྱག་སྟེ། སྔར་གསུངས་པའི་རྡོ་རྗེ་ཤུགས་སོ། །ཞེས་དང་། སཱ་དྷུ་པུ་ཏྲའི་སྒྲུབ་ཐབས་ལས། འདི་ཉིད་དུས་འཁོར་དང་། འདིའི་ཡུམ་སྣ་ཚོགས་ཡུམ་དུ་བཤད་པ་དང་། དེའི་སྔགས་རྐང་པ་བཅུ་དྲུག་པ་དང་བདུན་ཅུ་པར་གསུངས་པས་སོ། །དེས་ན་རང་ལུགས་དུས་འཁོར་ཞི་སོགས་དགེ་བའི་ལས་དང་། བསད་སོགས་ཀྱི་ལས་ལ་རྡོ་རྗེ་འཇིགས་བྱེད་དང་། སྲུང་མ་དྲུག་ཅུའི་གཙོ་བོར་རྡོ་རྗེ་ཤུགས་ཞེས་དང་། མཁའ་འགྲོ་མའི་དྲ་བ་སྡོམ་པ་ནི་སྡོམ་པ་ཆེན་པོ་བཅོམ་ལྡན་འདས་ཉིད་ཀྱི་རྣམ་པར་འཕྲུལ་པ་ཡིན་པས་དོན་གཅིག་ཀའོ། །རྡོ་རྗེ་འཇིགས་བྱེད་དམ་རྡོ་རྗེ་ཤུགས་དེའི་ཕྱག་ལྷག་པོ་ནི་ལོ་གང་ཟླ་བཤོལ་ཡོད་པ་དེའི་ཕྱོགས་དག་པར་གསུངས་ལ། ཕུང་པོའི་བདུད་དེ་གླང་ཆེན་ཞེས་པ། ཕུང་པོ་བདུད་ལྟ་བུ་གླང་པོ་ཆེ་སྟེ། དེ་ཟད་པ་ལས་ཆ་ཙམ་ཉིད་ནི་པགས་པའོ། །དེ་ཉིད་བར་དུ་འཛིན་པའི་ཚུལ་ནི་གཡས་ཀྱི་ཆར་མགོ་ཡོད་པ་དང་། གཡོན་གྱི་ཆར་མཇུག་མ་ཡོད་པས་སོ། །ལྷ་མིན་དབང་པོ་ཞེས་པ་ནི། ལྷའི་བུའི་བདུད་དེ་དེའི་མ་རིག་པ་འཇུག་པ་ནི་ཁྲག་གོ །དེ་ཟད་པ་ལས་ཆ་ཙམ་ཐོད་པའི་ཁྲག་གོ །འཆི་བདག་གདོང་གི་ཕྱག་ཅེས་པ། འཆི་བདག་གི་བདུད་ཟད་པ་ཆ་ཙམ་ཀྱི་སྒྲིབ་པ་མགོ་བོ་ལག་པར་ཡོད་པ་དེའོ། །ཉོན་མོངས་པའི་བདུད་ནི་ཞབས་ཀྱི་བསྒྱེལ་ཞེས་པ་ཉོན་མོངས་པའི་བདུད་ཟད་པ་ལས་ཆ་ཙམ་གྱི་ཉོན་མོངས་བསྲེགས་པ་གང་ཡིན་པ་དེ་ནི་ཞབས་ཀྱི་འོག་ཏུ་བསྒྱེལ་བ་དེའོ། །འདིར་ཆ་ཙམ་གྱི་སྒྲིབ་པ་དེ་དག་ཡོད་པར་བཤད་པའི་དགོངས་པ་ནི་གདུལ་བྱའི་ངོར་བསྟན་པ་སྟེ། དག་པའི་སྐུ་འབའ་ཞིག་ན་ཐམས་ཅད་ཀྱི་མཐོང་མི་ནུས། འབྱུང་བའི་རང་བཞིན་ཁམས་དང་བཅས་ན་མཐོང་ནུས་པས་དེ་ཙམ་ཞིག་བཟུང་བ་ལ་བརྟགས་པ་སྟེ། ཉན་ཐོས་པ་དག་གི་ལྷག་བཅས་བཞིན་ནོ། །ཁ་དོག་དབྱིབས་ལ་སོགས་པ་མི་འདྲ་བས། རྒྱུད་ཐ་དད་པར་འཇོག་མི་ཐུབ་པ་ནི། འགྲེལ་ཆེན་ལས་སྣ་ཚོགས་གཟུགས་བསྒོམ་པ་གསུངས་པ། གཅིག་ཅེས་པ་ལ་སོགས་པ་སྟེ། འདིར་ཞལ་གཅིག་པའམ། སོགས་པའི་སྒྲས་ཞལ་གཉིས་པའམ། ཞལ་བཞི་པ་དང་ལྔ་པ་མཐའ་ཡས་པའམ། ཕྱག་དང་ཞབས་མང་ཞེས་པ་ཕྱག་དང་ཞབས་དུ་མ་ཅན་མཚོན་ཆ་དུ་མ་འཛིན་པ། དུ་མའི་ཁ་དོག་དང་དུ་མའི་དབྱིབས་ཏེ། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་འཛིན་པ་སྟེ་སྟོང་པ་ཉིད་དང་མི་འགྱུར་བ་འཛིན་པའི་བཅོམ་ལྡན་འདས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །ཞེས་པས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ལ། འགྲེལ་པར་རྩ་བ་གསུམ་དྲན་པར་བྱ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསམ་པ་རྣམ་པར་དག་པ་དང་། བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ཡོངས་སུ་སྤོང་བའོ། །ཞེས་པས་བསྐྱེད་རིམ་མཆོག་གི་རྒྱུར་འགྱུར་བའི་གནད་འདིས་ཀྱང་ཤེས་ཤིང་། དེར་བསྒོམ་བྱའི་བདག་མེད་ཀྱང་རྣམ་པར་ཐར་པའི་སྒོ་བཞི་སྟེ། སྟོང་པ་དངོས་པོའི་ངོ་བོ་རང་བཞིན་འགྲོ་བ་མཐའ་དག་འདི་ནི་དངོས་པོ་དག་གིས་རྣམ་པར་དམན། །དེ་ལས་སངས་རྒྱས་བྱང་ཆུབ་མེད་ཅིང་གཞན་ཕན་སྙིང་རྗེ་དག་དང་མཚན་མའི་དམ་བཅའ་མེད་པ་སྟེ། །ཞེས་པའི་དོན་གང་དུ་ཡང་མ་གྲུབ་པ་ཆོས་ཐམས་ཅད་ཀྱི་གཤིས་ལུགས་ཡིན་པས་ཅིར་ཡང་མི་འཛིན་ལ། གང་དུ་ཡང་མི་གཡོ་བ་ཞིག་དེའི་ལམ་དུ་དགོས་པས་སོ། །དེ་ནི་བུ་ཆུང་ལྷུག་པར་གནས་པའི་དཔེས་བསྙད་པའི་མ་ཡེངས་པར་འཇོག་པ་ལས་གཞན་མེད་པས། འདིར་ཡང་དེ་ལ་འཇུག་པ་ཡིན་ནོ། །གང་ལས་མ་ཡེངས་པ་དེའི་དབྱེ་བས། སྒོམ་དེ་གནས་ལུགས་ལ་འབྱོར་མི་འབྱོར་དུ་མ་འབྱུང་བ་ནི་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་སྙམ་ལ་བསླབ་ཁྱེར་མ་མཐུན་པས་འཕགས་པ་བཞིར་གྱེས་པ་བཞིན་ནོ། །དེ་བས་ན་འདིར་གང་སྣང་གི་སྟེང་དུ་དེར་ཞེན་ཞིག་པ་དེ་ཙམ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་བྱས་ནས། ལྷག་མ་ནི་དེ་ལ་གནས་ནུས་ན་དངོས་པོ་མི་སྣང་། དེས་མཚན་མ་མེད་པའི་རྣམ་པར་ཐར་པ་དང་། དངོས་པོ་མི་དམིགས་པར་ཐོབ་བྱ་མི་འགྲུབ། དེས་ན་དེ་ལ་འདུན་པ་མི་འབྱུང་བས་སྨོན་པ་མེད་པའི་རྣམ་པར་ཐར་པ་དང་། ཆོས་གང་ཐོག་མ་མེད་པ་ནས་མཐའ་མ་མེད་པའི་བར་དུ་དེ་ལྟར་དུ་ཟད་ཀྱིས། བདག་གིར་བློའི་རྐྱེན་གྱིས་དེ་ལྟ་བུ་བྱས་པ་མ་ཡིན་པས་འདུས་མ་བྱས་པའི་རྣམ་པར་ཐར་པ་ཞེས་བྱའོ། །དེ་བས་ན་འདི་དམིགས་པ་ཉེ་བར་ཞི་བས་ཞི་གནས། དེ་ལས་སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་ལྷར་ལྡང་གི དེའི་ཚེ་དམིགས་པ་མེད་པ་དེ་མ་བྱུང་ཀྱང་དམིགས་པ་ལ་གཞན་དུ་མི་གཡོ་བ་དེ་བྱུང་བས་ཏིང་ངེ་འཛིན་འདི་མཚན་མ་དང་བཅས་པའི་ཞི་གནས་སུ་བླ་མ་བཞེད་དོ། །གཞན་བློས་གཞིགས་ནས་ཅང་མེད་དུ་གཏང་ན་ནི་ཆད་པར་སོང་། འཁྲུལ་པ་བསལ་བའི་འཁྲུལ་མེད་ཀྱི་སྟོང་པ་ཞིག་འོང་རྒྱུར་དམིགས་ན་དངོས་འཛིན་དུ་སོང་བས་སྐུར་འདེབས་དང་སྒྲོ་བཏགས་སུ་ཟད་ལ། དེ་གཉིས་ནི་སྟོང་པའམ་དངོས་འཛིན་བཟློག་པའི་མི་མཐུན་ཕྱོགས་ངོ་མའོ། །དེ་བས་ན་ཞི་གནས་ལ་སྟོང་ཉིད་ཀྱི་བག་ཆགས་ཞེས་གསུངས་ནས། དེ་ལ་སོ་སྐྱེ་ལ་དངོས་འཛིན་བཟློག་པའི་ཐབས་ཀྱི་གཙོ་བོར་བཞག་པ་ནི། སྟོང་ཉིད་བག་ཆགས་གོམས་པ་ནི། །དངོས་པོར་འཛིན་པ་སྤོང་འགྱུར་ཅིང་། །ཞེས་སྤྱོད་འཇུག་དང་། འདོད་པའི་འདོད་ཆགས་སྤོང་བ་ལ་བསམ་གཏན་དང་གཟུགས་མེད་དང་། གཞན་རྣམ་པར་ཐར་པའི་སྒོ་བཞི་བྱང་འཕགས་མན་གྱི་དེ་རྗེས་སུ་མཐུན་པར་བཤད་པས་ཤེས་སོ། །དེ་བས་ན་འདིའི་སྦྱང་གཞི་འགྲེལ་ཆེན་ལས། མི་ཡི་འཇིག་རྟེན་འདིར་མངལ་ནས་སྐྱེས་པ་རྣམས་འཆི་བས་དུས་སུ་ཆུ་ཡིས་མི་ཉམས་པར་བྱེད་དོ། །དང་། ཕྱིས་ནས་མེ་མེད་པའི་ཕྱིར་འཛིན་མ་དག་ནི་སྲེ་བ་ཉིད་སྤངས་ཏེ་ལན་ཚྭ་བཞིན་དུ་ཞུ་བར་གྱུར་ནས་ཆུར་འགྱུར་ཏེ་ཆུ་ཡི་དབུས་སུ་རབ་ཏུ་ཞུགས་སོ། །དེ་ནས་རླུང་གིས་ཆུ་དེ་རྣམས་མཐའ་དག་བསྐམས་ནས་ནམ་མཁའ་ལ་མི་སྣང་བར་འགྱུར་རོ། །དེ་ལྟར་ཁམས་ཀྱི་ཚོགས་མྱུར་དུ་རྣམ་པར་ཉམས་ཏེ། དེ་ནས་སེམས་ནི་མེ་དང་མུན་པའི་ཐ་མ་ནམ་མཁའི་ཁམས་རྣམ་པ་ཐམས་ཅད་པའི་གཟུགས་ཡུལ་དང་རྣམ་པར་བྲལ་བའི་དབུས་ཀྱི་ས་ལ་བཞག་པར་བྱ་སྟེ་ཀུན་གཞི་རྣམ་པར་ཤེས་པའོ། །ཞེས་གསུངས་པའི། མེ་ནི་ཚེ་འདིའི་སྣང་བ་དང་། མུན་པ་ནི་འོད་གསལ་སྒྲིབ་པའི་རྩ་བའི་མ་རིག་པ་སྟེ། དེ་གཉིས་ཀྱི་མཚམས་སུ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་པར་འགྱུར་རུང་ཞིག་གནས་པའོ། །ཡིད་བཟང་རོལ་པས། རྣལ་འབྱོར་ལུས་ལ་ཆུ་ཡིས་ནི། །མེ་ཉམས་དེ་བྲལ་ས་ཆར་སོན། །ཆུ་ནི་རླུང་གིས་བསྐམས་བྱས་ཏེ། །རླུང་ནི་ནམ་མཁར་སོང་བ་ཡིས། །སེམས་ནི་རྣམ་པ་ཐམས་ཅད་པ། །མེ་དང་མུན་པའི་མཚམས་སུ་སྟེ། །དུས་གསུམ་ཡོངས་སུ་ཤེས་པ་ཡི། །སྟོང་ཉིད་སྒོམ་པར་གང་གསུངས་པའི། །ཞེས་པའོ། །རྟེན་བསྐྱེད་པ་ལ། འབྱུང་བརྩེགས་ཞུ་བའི་རྡོ་རྗེའི་ས་སྒོམ་པ་དང་། འབྱུང་བརྩེགས་རང་གི་ཁར་སྒོམ་པ་གཉིས་སྔར་ཡེ་ཤེས་ལེའུ་ལས་བསྐྱེད་རིམ་གྱི་སྒོ་ནས་རྒྱུད་སྡེ་ཕ་མའི་ཤན་འབྱེད་གསུངས་པའི་ནང་ནས་འདིར་ཤེས་རབ་གྱི་ཕྱོགས་སུ་སྟོན་པ་སྟེ། དང་པོ་ལ་རྣལ་འབྱོར་རྒྱུད་དང་ཕྱི་མ་ལ་རྣལ་འབྱོར་བླ་མེད་ཅེས་གསུངས་པའི་ཕྱིར་རོ། །ཕལ་ཆེར་གཉིས་ཀ་བྱེད་མོད་བསམ་པ་ནི་གཉིས་མེད་རྒྱུད་དུ་ཤེས་པར་བྱེད་པའོ་སྙམ་མོ། །དེ་ལྟ་ན་ཕ་མར་ཕྱེ་བ་དེ་ཡང་གཉིས་མེད་རྒྱུད་ཡིན་པར་གསལ་བར་གསུངས་པ་རྣམ་གཞག་སྔ་མ་དོན་མེད་པར་འགྱུར་བས། གང་ཡང་རུང་བས་ཆོག་པ་ནི་ལུང་ཉིད་ཀྱིས་བསྟན་ནོ། །དེའི་སྦྱང་གཞི་ཡང་། འགྲེལ་པར། མའི་ལུས་ལ་དཔྲལ་བར་རླུང་གི་དཀྱིལ་འཁོར་རོ། །མགྲིན་པར་མེའི་དཀྱིལ་འཁོར་རོ། །སྙིང་ཆུའི་དཀྱིལ་འཁོར་རོ། །ལྟེ་བར་སའི་དཀྱིལ་འཁོར་རོ། །ལྟེ་བ་ནས་གསང་བའི་པདྨ་མཐར་ཐུག་པ་ལྷུན་པོ་ཆེན་པོའོ། །གསང་བའི་པདྨ་ནི་བཅོམ་ལྡན་འདས་ཀྱི་པདྨ་བཞིན་ནོ། །བཤང་བ་གཅི་བ་ཁུ་བ་འབབ་པའི་རྩ་གསུམ་ནི་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དཀྱིལ་འཁོར་ཏེ་གསང་བའི་པདྨའི་ལྟེ་བར་དེ་རྣམས་འདུས་པའོ། །ཞེས་དང་། ཕའི་རྡོ་རྗེ་རྡོ་རྗེའི་རང་བཞིན་གུར་དང་། དཀྱིལ་འཁོར་གསུམ། གསང་བའི་པདྨ་ནས་སྤྱི་བོ་ཇི་སྲིད་བར་རོ། །ཡང་ན་སྙིང་ག་ནས་དཔུང་པ་དང་ཉེ་བའི་དཔུང་པ་དང་སེན་མོའི་མཐའ་ནི་ཇི་སྲིད་བར་ཏེ་མའི་ལུས་ལ་རྣམ་པར་བརྟགས་པ་སྒོམ་པའི་ཕྱིར་རོ། །ཞེས་པས་དེ་སྦྱང་བའོ། །བརྟེན་པ་བསྐྱེད་པའི་མངོན་བྱང་ལྔའི་སྦྱང་གཞི། ཕའི་ཁུ་བ། མའི་རྡུལ། དྲི་ཟའི་སེམས་ཅན། དེ་རྣམས་གཅིག་ཏུ་འདྲེས་པ་མེར་མེར་པོ་སོགས། དེ་ལས་ལུས་རྫོགས་པ་དག་གོ །འདི་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ནི་ས་བོན་ཏེ་དབྱངས་རྣམས་ཐིག་ལེ་དང་། གསལ་བྱེད་རྣམས་ཀྱི་རྣམ་པར་བཅད་པ་དང་། རྣམ་པར་ཤེས་པ་གཞོམ་དུ་མེད་པ་དང་། སྲོག་གི་ཨ་ཡིག་ཅེས་གསུངས་པ་ས་བོན་ཟླ་ཚེས་ཐིག་ལེ་ནཱ་ད་ཅན་གྱིས་བསྐྱེད་པ། ཐམས་ཅད་ཀྱང་མངོན་བྱང་ལྔ་བསྐྱེད་ཡིན་པར་བསྒྲུབས་སོ། །ཇི་ལྟར་ལྷ་རྒྱན་དང་ལྷན་ཅིག་ཏུ་སྐྱེ་བ་ནི། འདིར་ལྷ་རྣམས་སྐྱེ་བའི་དུས་སུ་རྒྱན་ཐམས་ཅད་དང་བཅས་པ་སྐྱེ་སྟེ། ཞེས་པ་བཞིན་ནོ། །དེ་ལྟར་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་རབ་ཏུ་ཞུགས་པའི་ངེས་པ་སྟེ། མངལ་གྱི་ཟླ་བ་གསུམ་དང་གནས་སྐབས་དང་པོའོ། །ཞེས་པ་གཙོ་བོ་ཤེས་རབ་མ་དང་བཅས་པ་རྫོགས་པ་ཡིན་ནོ། །ཡིད་བཟང་རོལ་པས། བར་མ་དོ་ན་གནས་པ་དག །ཉིང་མཚམས་རབ་ཏུ་སྦྱོར་བ་ན། །ཕ་དང་མ་དག་སྣང་འགྱུར་ཞིང་། །གནས་ལ་སོགས་པའི་འདུ་ཤེས་འགྱུར། །དེ་ཚེ་མ་ཡིན་འཁོར་ལོ་དྲུག །ནམ་མཁའ་ལ་སོགས་རང་བཞིན་ཅན། །རྩ་གསུམ་ཕྲད་པའི་གོ་སྐབས་སུ། །ཉིང་མཚམས་རབ་ཏུ་སྦྱོར་བར་འགྱུར། །དེ་ནི་ཕ་ཡི་ཁུ་བ་དང་། །མ་ཡི་རྡུལ་དག་རོ་མཉམ་དུ། །གྱུར་པའི་དབུས་སུ་རྣམ་པར་ཤེས། །རླུང་དང་བཅས་པ་ཐོགས་མེད་འཇུག །སོགས་ཀྱིས་སོ། །འདོད་ཆགས་ཆེན་པོས་གདུལ་བར་བྱ་བའི་སེམས་ཅན་ཞེས་ནས། ཟླ་བ་ཞུ་བར་གྱུར་པ་རྣམས་རང་གི་རིག་མའི་པདྨའི་ནང་དུ་རང་གི་རྡོ་རྗེ་ནས་སྤྲོས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་ཀྱིས་དཀྱིལ་འཁོར་རྟེན་དང་བརྟེན་པ་བཅས་པ་མཚན་ཉིད་མི་སྐྱོད་པ་བདག་པོར་བསྒོམས་ནས། དང་པོར་བཅོམ་ལྡན་འདས་ཀྱིས་སྐུ་ལ་གཞུག་པར་བྱའོ། །དེ་ཕྱོགས་ཀྱི་པདྨར་སོགས་ཀྱི་ལྷ་སྤྲོ་བར་གསུངས་ཏེ། འདི་ནི་མངལ་ཟླ་བཞི་ནས་དྲུག་པའི་བར་མིང་གཟུགས་སྐྱེ་མཆེད་དྲུག་རེག་པ་སྦྱོང་བྱེད། འདིར་ཐིག་ལེ་རང་ལས་ལྷར་བསྐྱེད་པ་བཤད་ཅིང་། དེ་ཡང་མངལ་རང་དུ་འཁོར་ལོ་རྫོགས་པར་སྒོམ་པ་བཤད་ལ། ཤིན་ཏུ་རྒྱས་པར་འདོད་པའི་ཚེ། རྒྱུད་དང་སཱ་དྷུ་པུ་ཏྲའི་སྒྲུབ་ཐབས་བཞིན་འདིར་ལྷ་རྣམས་ཀྱི་མངོན་རྟོགས་ཚར་གཅིག་བརྗོད་པར་བྱ་ལ། །འབྲིང་དུ་སྒྲུབ་ཐབས་བཞིན་དང་། བསྡུས་པ་བཅོམ་ལྡན་འདས་ཤེས་རབ་དང་བཅས་རྫོགས་པ་སེམས་ཅན་ལ་སྙིང་རྗེས་དབང་བསྐུར་གླུས་བསྐུལ་སོགས་འཆད་འགྱུར་བཞིན་བྱེད་པ། འདིར་ལྷ་སྤྲོ་བ་མི་དགོས་ཏེ། ཡེ་ལེའི་ལུང་སྔར་དྲངས་པར་དེ་ལས་མ་གསུངས་ཤིང་དུས་ཞབས་པའི་སྒྲུབ་ཐབས་ལས་ཀྱང་མི་འབྱུང་བའི་ཕྱིར་རོ། །ཟླ་བ་བདུན་པ་ལ་ཚོར་བ་སྐྱེ་བའི་དུས་སུ་གནས་སྐབས་གསུམ་པ་ནི། གསུང་གི་དཀྱིལ་འཁོར་ལྷ་མོ་རྣམས་སྤྲོ་བ་སྟེ། ཞེས་པ་དེ་ནི་དེ་སྦྱོང་བྱེད། དེ་ཡང་སྙིང་ག་ཐུགས་དང་། སྤྲུལ་འཁོར་གསུང་སྟེ། དེ་དང་དེར་སྲོག་སྐྱེ་བའི་སྐབས་ལ་དགོངས་སོ། །སྲེད་པའི་ཡན་ལག་ཟླ་བ་བརྒྱད་པ་ལ་སྐུ་དཀྱིལ་བ་སྟེ། དཔྲལ་བ་ནས་གསང་བའི་བར་དང་། ལག་པ་དང་རྐང་པ་དང་བྱ་བའི་འཁོར་ལོར་སྤྲོ་བ་སྦྱོང་ངོ་། །རྐང་ལག་གི་མཐིལ་དང་གཙུག་ཏོར་དང་བཤང་ལམ་གྱི་རྩ་སྤྲོ་བའི་སྦྱོང་བྱེད་སྒོར་ལྷ་མོ་ཤིང་རྟ་ལ་གནས་པ། ཟླ་བ་དགུ་པ་ལེན་པ་ལ་བྱ་བའི་འཁོར་ལོ་བ་སྤུའི་མཐར་ཐུག་པར་སྤྲོ་བའི་སྦྱོང་བྱེད་ཀླུ་ལ་སོགས་པ་ལྷག་མ་རྣམས་སྤྲོ་བའོ། །དེ་ལྟར་ཟླ་བ་དགུས་མངལ་དུ་བྱིས་པའི་ལུས་རྫོགས་སོ། །དེ་བཞིན་དཀྱིལ་འཁོར་ལ་ལྷ་རྫོགས་པས་ལུས་རྫོགས་པ་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱའོ། །བསྡུས་པ་ལ། གཙོ་བོ་ཤེས་རབ་དང་བཅས་པ་རྫོགས་པ་ཉིད་ཡིན་ནོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་གཙོ་བོ་ཐུགས་རྡོ་རྗེ། ལྷ་གཞན་རྣམས་ཨཱ་ལི་ཀཱ་ལིའི་རིགས་སྐྱེས་ཡིན་པས་གསུང་རྡོ་རྗེ། རྟེན་དཀྱིལ་འཁོར་ནི་སྐུ་རྡོ་རྗེ། དེའི་ཕྱིར་འགྲེལ་ཆེན་ལས། དེ་ལྟར་སྐུའི་རྣམ་པས་ཐུགས་རྣམ་པ་གསུམ་དང་། དཀྱིལ་འཁོར་གྱི་རྣམ་པས་སྐུ་རྣམ་པ་གསུམ་དང་། སོ་སོར་སྡུད་པས་གསུང་ཡང་རྣམ་པ་གསུམ་མོ་ཞེས་པས་སྐུའི་རྣམ་པས་ཐུགས་བསྐྱེད་ཅེས་པ་མི་བསྐྱོད་རྡོ་རྗེ་སེམས་དཔའ་དུས་འཁོར་རོ། །ཟླ་བ་བཅུ་པ་སྲིད་པའི་ཡན་ལག་ལ་སྲོག་སྤྲོ་བ་དེ་སྦྱོང་བྱེད། ལས་རྒྱལ་མཆོག་ལ། དེ་ཡང་། ནང་དུ་དཀྱིལ་འཁོར་ལྔ་འབབ་པའི་དོན་དང་། ཕྱི་རོལ་ཏུ་ཡུལ་ཐམས་ཅད་ཉེ་བར་ལོངས་སྤྱོད་པའི་སྦྱོང་བྱེད། ཚད་མེད་བཞིའི་རང་བཞིན་གྱི་ལྷ་མོའི་གླུས་བསྐུལ་བ་ཡིན་ནོ། །འགྲེལ་ཆེན་ལས། འདིར་བསྐུལ་བ་རྣམ་པ་གཉིས་ཏེ། གཅིག་ནི་སྲོག་རྫོགས་པའི་སླད་དུ་ཡིན་ལ། གཉིས་པ་ནི་ལོ་བཅུ་དྲུག་པའི་མཐར་བདེ་བ་རྫོགས་པའི་སླད་དུའོ་ཞེས་པའི་དང་པོ་སྐབས་འདིར་ཡིན་ལ། ཕྱི་མ་རྫོགས་རིམ་གྱི་ཡིན་པ་ལ། བོ་དོང་པས། ཞུ་བ་གླུས་བསྐུལ་ལན་གཉིས་བྱེད་པའི་རྒྱུ་མཚན། གླུས་བསྐུལ་དང་པོ་ནང་དུ་བྱིས་པ་སྲོག་གི་རླུང་རྫོགས་པའི་ཚད་དང་། ཕྱི་རོལ་ཏུ་འགྲོ་བའི་དོན་དུ་མངལ་ནས་བསྐུལ་བའི་དོན་ཡིན་ལ། གཉིས་པ་ནང་དུ་གཙོ་བོ་ཡབ་ཡུམ་ཐིག་ལེར་ཞུ་ནས་བརྒྱལ་བ་སད་པར་བྱེད་པ་དང་། ཕྱི་རོལ་ཏུ་ལོ་བཅུ་དྲུག་གི་མཐར་བདེ་བ་རྫོགས་པའི་སླད་དུ་ཡིན་ཏེ། བསྐུལ་བ་གཅིག་ལས་མི་བྱེད་པ་ནི་བབ་ཅོལ་ལོ་ཞེས་སྨྲ། སྐབས་འདིར་ལོ་བཅུ་དྲུག་པའི་མཐའི་དེ་མི་འོང་སྟེ། དེ་ནི་ཕྲ་ཐིག་གི་སྦྱང་བྱར་བཤད་པ་དང་པོ་ཁོ་ན་འདིར་འོས་པ་ཤན་མ་ཕྱེད་པ་དང་། རྒྱུད་དང་ཡེ་ཤེས་ལེའུར་གཅིག་ལས་མ་བཤད་པ་ལ་བབ་ཅོལ་ལོ་ཞེས་སྐུར་པ་བཏབ་པས་ཉེས་པ་ལྕིའོ། །འདིའི་མངལ་འབྱིན་ལ། ཤེར་རབ་ཀྱི་པདྨར་སྔགས་ཀྱི་རང་བཞིན་ཡི་གེ་སོ་སོ་ཞེས་བཤད་ལ། ཀྱང་ཡིག་ནི་སྔོན་བཞིན་ཞེས་པས་སྔ་མ་བཞིན་དུ་མངལ་རང་དུ་རྫོགས་པར་བསྒོམས་ནས་དེ་ནས་ཕྱུང་སྟེ་དཀྱིལ་འཁོར་ལ་དགོད་པ། ནགས་ཀྱི་རིན་པོ་ཆེའི་བཞེད་པ་འདིར་བཀོད། གཞན་བུ་སོགས། ས་བོན་ཕྱག་མཚན་ལྷ་རེ་མངལ་དུ་བསྐྱེད་ནས་ཕྱིར་འདོན། དུས་ཞབས་པའི་རྒྱ་གཞུང་དུ་མདོར་བསྟན་དུ་སྔ་མ་གསུངས་ནས། ལྷའི་བསྐྱེད་ཆོག་ཏུ་ཕྱི་མ་ལྟར་གསུངས་པ་ནི། ས་བོན་གང་ལས་ཕྱག་མཚན་གང་། དེ་ལས་ལྷ་ཅིར་བསྒྱུར་བ་གོ་བདེར་མཛད་པའི་ཕྱིར་རོ། །ཕྱི་མའང་སེམས་ཅན་ལ་དབང་བསྐུར་བའི་སྐབས་སུ། ཡང་ན་རྒྱས་པར་ཏེ། ལྷ་མོའི་གསང་བར་ས་བོན་རེ་རེས་ལྷ་དེ་རྣམས་སོ་སོ་རྫོགས་པར་བྱས་ནས་སྤྲོ་བར་བྱའོ་ཞེས་གསུངས་པའི་རྗེས་སུ་འབྲངས་པར་སྣང་ངོ་། །འདིར་འགྲེལ་པར་བྱིས་པ་མངལ་ནས་འབྱུང་བའི་དུས་སུ་སྲོག་ལ་སོགས་པའི་རླུང་བཅུ་སྐྱེའོ། །སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་མེ་ཏོག་འཐོར་རོ། །གཅེར་བུ་མངལ་གྱི་ཕྲུ་མའི་གོས་འཛིན་པ་བྱིས་པ་ཞེས་པའི་རྣམ་པར་དག་པས་ལྷའི་དམ་ཚིག་གི་དཀྱིལ་འཁོར་རྫོགས་པའོ། །ཞེས་གསུངས་པ་རྣམས་དུས་ཞབས་པས་དཀྱིལ་འཁོར་བསྐྱེད་དང་ཞེས་ཡན་ལག་གཅིག་ཏུ་བསྡུས་སོ། །དེ་ནས་དབང་པོ་རབ་ཏུ་སད་པ་ནི་ཡེ་ཤེས་སེམས་དཔའ་གཞུག་པ་སྟེ་བྱིས་པ་ལ་ཇི་ལྟ་བ་བཞིན་དུ་ལྷ་ལ་རྣམ་པ་ཉི་ཤུ་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་བྱའོ། །དེ་ལྟར་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ། སྐུ་རྫོགས་པ་ནི་བསྙེན་པའི་ཡན་ལག་སྟེ། རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པས་གསུང་རྫོགས་པ་ཉེ་བའི་བསྒྲུབ་པའོ། །དབང་པོ་རབ་ཏུ་སད་པ་ཞེས་པ་ཡང་། ཀུན་གཞིའི་རྣམ་ཤེས་འཇུག་ཤེས་སུ་ལྡང་བ་ཡིན་ལ། རྣམ་པར་ཉི་ཤུར་འགྱུར་བ་ནི་དཔལ་ཡིད་བཟང་རོལ་པས། དག་རྫོགས་རྣམ་པ་བཅུར་བརྗོད་པ། །སྐུལ་བྱེད་གླུ་ནི་རྣམ་པ་ལྔ། །དེས་བཞེངས་དམ་ཚིག་དཀྱིལ་འཁོར་ཡང་། །ཁམས་ལྔ་ཡི་ནི་བདག་ཉིད་དོ། །དེ་བཞིན་སེམས་རྫོགས་རྣམ་པ་བཅུ། །ཁྲོ་བོ་རྣམ་པ་ལྔ་དང་ཡང་། །དེ་དག་བྱ་བ་རྣམ་པ་ལྔ། །དགུག་གཞུག་བཅིང་ལ་སོགས་པའོ། །འདི་ལྟར་མངལ་གྱི་བྱིས་པ་ནི། །བཙའ་བར་མངོན་དུ་ཕྱོགས་པ་དེའི། །སེམས་ནི་རྨི་ལམ་དང་འདྲ་བར། །བེམ་པོ་མ་ཡིན་ཡུལ་འཛིན་ཏོ། །དེ་རྟེན་སྲོག་རླུང་འཁོར་ལོ་ཡི། །ལྟེ་བར་དེ་ཚེ་བརྒྱལ་བ་བཞིན། །དེ་སད་ཕྱིར་ནི་བཅོལ་བའི་ཚེ། །ལྟེ་བ་ལ་སོགས་འཁོར་ལོ་བཞིའི། །རང་ཁམས་ས་ལ་སོགས་པ་བཞི། །སྲོག་ནི་ཕྱི་རོལ་སྐུལ་བར་བྱེད། །དེ་ནས་དེ་ནི་གཡས་གཡོན་དུ། །རྣམ་པ་ལྔ་ཡི་རྒྱུ་བའོ། །དེ་བཞིན་བསྐྱེད་པའི་རིམ་པ་ལ། །སྤྱན་མ་ལ་སོགས་ཡུམ་བཞི་ཡི། །ཐིག་ལེར་གནས་པའི་ཐུགས་རྡོ་རྗེ། །གླུ་ལྔ་ཡིས་ནི་གསོལ་བཏབ་པས། །རབ་ཏུ་སད་ནས་བཞེངས་མཛད་དེ། །ཁམས་ལྔའི་རང་བཞིན་དཀྱིལ་འཁོར་རྣམས། །རང་གི་ལུས་ལ་བཅུག་ནས་ནི། །པདྨ་ལས་ནི་སྤྲོ་བར་མཛད། །ཅེས་རྒྱས་པར་བཤད་དོ། །དཀྱིལ་འཁོར་རྒྱལ་མཆོག་གི་ཚེ་དུས་ཀྱི་འཁོར་ལོ་མི་བསྐྱོད་པ་ཡིན་པས་དེ་ལ་རྡོར་སེམས་ཀྱིས་རྒྱས་བཏབ། ལས་རྒྱལ་མཆོག་གི་ཚེ་དུས་འཁོར་རྡོར་སེམས་ཡིན་པས་མི་བསྐྱོད་པས་རྒྱས་བཏབ། དེ་ཡང་ཡེ་ཤེས་དང་རྣམ་ཤེས་ཕན་ཚུན་ཡང་དག་པར་སྦྱོར་བའི་ཕྱིར་རོ། །གཟུགས་རྣམས་ལ་ཐུགས་མི་བསྐྱོད་པ་དེ། སྐུའི་རྣམ་པ་ཐུགས་ཀྱི་གསལ་བར་བྱེད་པའི་ཕྱིར་རོ། །གསུང་པདྨ་འཛིན་པ་ལ་སྐུ་རྣམ་སྣང་གིས་རྒྱས་བཏབ་སྟེ། །གསུང་སོ་སོར་བརྗོད་པ་ལུས་ཀྱི་ཆོས་ལས་འབྱུང་བའི་ཕྱིར་རོ། །རྡུལ་གྱི་ཆོས་ཅན་རིན་འབྱུང་ལ་ཆུའི་ཆོས་ཅན་འོད་དཔག་མེད་ཀྱིས་རྒྱས་བཏབ་སྟེ། རྡུལ་ཡང་གཤེར་བ་ལས་འབྱུང་བའི་ཕྱིར་རོ། །ཤའི་ཆོས་ཅན་དོན་གྲུབ་ལ་ཁྲག་གི་ཆོས་ཅན་རིན་འབྱུང་གིས་རྒྱས་བཏབ་སྟེ། ཁྲག་ལས་ཤ་འབྱུང་བའི་ཕྱིར་རོ། །རིགས་བདག་རྣམས་སྤྲུལ་སྐུ། རིགས་དྲུག་ལ་དབང་ཕྱུག་གི་ཞལ། རིགས་ལྔ་ལ་ཚངས་པའི་ཞལ་ཞེས་གསུངས་ཏེ། དེ་ལྟར་ལྷ་ཐམས་ཅད་རྒྱས་གདབ་འདི་དང་ལྡན་པས་སྔར་ལྷའི་རབ་དབྱེ་བཤད་པར་དེ་ཐབས་ཤེས་ཀྱིས་ཕྱེ་བའི་ཞེས་ཁ་སྦྱར་མེད་པ་རྣམས་ལ་གསུངས་པ་རིགས་བདག་ལ་དགོངས་པ། སྔོན་ས་སྐྱར་འཕགས་པ་རིན་པོ་ཆེའི་བཞུགས་གྲལ་དུ་དུས་ཀྱི་འཁོར་ལོ་ཡོངས་རྫོགས་ཀྱི་བྲིས་སྐུ་ཞིག་ལ་ཐམས་ཅད་དག་པར་ཁ་འཆམ་པ་ལ་གྲུབ་ཆེན་ཨུ་རྒྱན་པ་དེར་བཞུགས་པས་མ་དག་ལྷ་ཕྱེད་ཆད་འདུག་གསུངས། དེ་ལ་འཕགས་པས་རྒྱུ་མཚན་ཅི་ཞེས་གསུངས་པ་ལ། འདི་ཐམས་ཅད་ལ་རིགས་བདག་མི་སྣང་བ་ཞེས་པས་ཐམས་ཅད་ཀྱི་བདེན་ལན་བཏབ་པས། བྱུང་ན་བྲིས་འབུར་གང་བྱེད་ཀྱང་དེའི་རིགས་བདག་བཟོ་དགོས་པར་སྣང་ངོ་ཞེས་གྲགས་སྟེ་འཕགས་ཡུལ་གྱི་འབུར་ཕལ་ལ་མེད་པ་ཤས་ཆེའོ། །འགྲེལ་པར། རང་གི་རིག་ལ་འཁྱུད་པས་ནི་བྱ་བ་གྲུབ་པ་མེད་དེ་རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་རོ། །ཞེས་རང་རིག་དང་འོད་ཀྱི་རིག་མ་ཞེས་དངོས་སུ་ཡུམ་མི་སྣང་ལ། འཁྱུད་སྟངས་ཀྱི་འཕྲུལ་ལས་ཡོད་པར་བཤད་པ་ལྟ་བུ་འདིར་མི་འཐད་པ་དང་། ལུང་འདིས་རིགས་སོ་སོའི་ཡུམ་རང་རིག་ལས་གཞན་དགོས་པར་བསྟན་ནོ། །ཇི་ལྟར་བྱིས་པ་སྐྱེ་ཀའི་ལུས་དང་། ངག་དང་། སེམས་བྱིན་གྱིས་བརླབས་པ་སད་པ་དང་། རྨི་ལམ་དང་། ཤིན་ཏུ་གཉིད་ལོག་པའི་མཚན་ཉིད་དུ་འགྱུར་བ་ཇི་ལྟ་བ་བཞིན་བྱིན་རླབས་དང་། བྱིས་པ་འཁྲུད་པ་སོགས་བཞིན་དབང་དང་། རྒྱས་བཏབ་བཤད་དོ། །ཡང་། ཡེ་ཤེས་ཀྱི་མཆོད་པ་རྗེས་སུ་ཆགས་པ་ལ་སྟེ། འདིར་བྱིས་པའི་རྣ་བ་འབུགས་པ་ལ་སོགས་པ་དང་། བག་མ་ལེན་པ་ན་ལག་པ་འཛིན་པ་དང་། ལོ་བཅུ་དྲུག་གི་མཚམས་སུ་ཡེ་ཤེས་ཀྱི་མཆོད་པའི་རྗེས་སུ་ཆགས་པ་ཇི་ལྟ་བ་བཞིན་ནོ་ཞེས་པ་བཞིན་མཆོད་བསྟོད་དང་། ལོ་བཅུ་དྲུག་པ་ལ་རྗེས་སུ་ཆགས་པ་དེའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ནོར་བུར་བསྐྱེད་རིམ་དུ་རྒྱུ་བ་བཞིན་ཐིག་ལེའི་རྣལ་འབྱོར། དེ་ནས་བྷ་གར་ལྷུང་བས་བུ་བུ་མོ་བསྐྱེད་པ་བཞིན་ཕྲ་མོའི་རྣལ་འབྱོར་རོ། །འདིར་བཅུ་དྲུག་པ་ལ་ཐིག་ལེ་རྫོགས་པ་ཞེས་པའང་ཐིག་ལེས་བུ་བུ་མོ་བསྐྱེད་པའི་ནུས་པ་ལ་བྱ་བ་ཡིན་ནོ། །འདིར་ཞུ་བ་ལ་དམིགས་པ་ཐིག་ལེའི་རྣལ་འབྱོར་དང་། དེ་བརྩོན་པས་མི་འཛག་པའི་བདེ་བ་ཕྲ་མོའི་རྣལ་འབྱོར་དུ་བཤད་ལ། རྒྱས་པར་རྩ་རྒྱུད་ལས། ལྟེ་བའི་སྟེང་དུ་གདོལ་མོ་གང་། །འོད་ཟེར་ལྔ་ཡི་རང་བཞིན་སྲེག །དཀྱིལ་འཁོར་ལྔ་ནི་འབབ་བྱེད་པ། །སྣ་རྩེ་ཡུངས་ཀར་དུ་གྲགས་པ། །དེ་ཡང་སྲོག་གི་རྩོལ་བར་བཤད། །ཁམས་གསུམ་པ་ནི་མ་ལུས་ནས། །སྲིད་པ་གསུམ་ནི་ཡོངས་ཤེས་པ། །ཡུངས་ཀར་སྲོག་ལ་རྒྱུ་བཅས་དང་། །རྒྱུ་མེད་འགོག་པ་དེ་ཡང་ངོ་། །ཞེས་འདུས་པར་གསུངས་པ་ཇི་བཞིན་བྱུང་དེ། ཐིག་ལེ་པདྨའི་སྣ་རྩེར་བུ་དང་ཚ་བོའི་ཚུལ་གྱིས་སྤྲོ་བ་ལ་སོགས་པའོ། །དེས་ན་ཐིག་ལེའི་རྣལ་འབྱོར་སྐད་ཅིག་གཅིག་གིས་བྱང་ཆུབ་པ་དང་། ཕྲ་མོའི་རྣལ་འབྱོར་སྒྱུ་འཕྲུལ་དྲ་བས་བྱང་ཆུབ་པར་བཞག་གོ །འགྲེལ་ཆེན་ལས། དེ་ལྟར་ལོ་བཅུ་དྲུག་གི་མཚམས་སུ་མངལ་ནས་སྐྱེས་པ་རྣམས་ཀྱི་ལུས་དང་། ངག་དང་། སེམས་དང་། ཡེ་ཤེས་རྫོགས་པ་སྟེ། ལྷ་རྣམས་ཀྱིས་ནི་བསྒོམ་པའི་སྟོབས་ཀྱིས་སོ། །སངས་རྒྱས་རྣམས་ཀྱི་ནི་རྣམ་པར་ཐར་པ་བཞིའི་སྟོབས་ཀྱིས་སོ་ཞེས་གསུངས་པས། སྦྱང་གཞི་དེ་སྲིད་ཀྱི་སྦྱོང་བྱེད་རྫོགས་པའོ། །སྐུ་བཞིའི་དག་པའི་དབང་དུ་བྱས་ན། ཐུགས་དཀྱིལ་བའི་སངས་རྒྱས་རིག་མ་བུམ་སོགས་དག་པའི་སྐུ། གཞན་རྣམས་ཆོས་སྐུ། གསུང་དཀྱིལ་བ་ལོངས་སྐུ། སྐུ་དཀྱིལ་ཐམས་ཅད་སྤྲུལ་སྐུ། དེ་བཞིན་སླར་ཡང་རྒྱལ་བའི་སྐུ་ནི་དབྱེ་བ་གཉིས་སུ་འགྱུར་ཏེ་ཕྱི་རོལ་དག་དང་ནང་ལ་ཡང་། མངལ་ནས་སྐྱེས་པ་ཇི་ལྟ་བ་ཉིད་དེ་བཞིན་ཁོ་ན་དཀྱིལ་འཁོར་ལ་ནི་ངེས་པར་རབ་ཏུ་འགྱུར། །ཞེས་པས། མངལ་དུ་བྱིས་པའི་རྣམ་ཤེས་ཁུ་རྡུལ་དག་པའི་སྐུ་ཡིན་པ་བཞིན། བཅོམ་ལྡན་འདས་ཤེས་རབ་དང་དུང་བུམ་སོགས་ལྷན་ཅིག་སྐྱེས་པའི་སྐུ། དེ་ནས་བྱིས་པའི་ཕུང་ཁམས་ཆོས་སྐུ་ཡིན་པ་བཞིན་སངས་རྒྱས་ཡབ་ཡུམ་ཆོས་སྐུ། བྱིས་པའི་སྐྱེ་མཆེད་ལོངས་སྐུ་ཡིན་པ་བཞིན་སེམས་དཔའ་སེམས་མ་ལོངས་སྐུ། བྱིས་པའི་ལས་དབང་སོགས་སྤྲུལ་སྐུ་ཡིན་པ་བཞིན་ཁྲོ་བོ་སྤྲུལ་སྐུ་སྟེ་ཐུགས་དཀྱིལ་བའོ། །ཕྱི་རོལ་ཏུ། བྱིས་པ་སྐྱེས་པའི་ལྟེ་བ་ནས་སྲོག་འབྱུང་བ་ལྷན་སྐྱེས་ཡིན་པ་བཞིན་གསུང་དཀྱིལ་བ་ལྷན་སྐྱེས་ཀྱི་སྐུ། བྱིས་པའི་ལག་པ་དང་རྐང་པ་ལ་སོགས་པ་བསྐུམ་པ་དང་ཚིག་མི་གསལ་བ་ཆོས་ཀྱི་སྐུ་ཡིན་པ་བཞིན་ཚེས་ལྷ་དང་ཤིང་རྟ་གནས་པའི་ལྷ་མོ་ཐུགས། བྱིས་པའི་སོ་སྐྱེས་པ་དང་ཚིག་གསལ་བར་གྱུར་པ་ན་ལོངས་སྐུ་ཡིན་པ་བཞིན་ཀླུ། བྱིས་པ་སོ་ལྟུང་སླར་སྐྱེས་པ་ནས་འཆི་བའི་བར་དུ་སྤྲུལ་པ་ཡིན་པ་བཞིན་གཏུམ་མོ་སོགས་ལྷག་མ་རྣམས་སྤྲུལ་པའི་སྐུའོ། །བྱིས་པའི་གཟུགས་རྫོགས་པའི་སླད་དུ་ལྷན་ཅིག་སྐྱེས་པའི་སྐུ་དང་འབྱུང་བཞི་ཟུང་དུ་འགྱུར་བ་བཞིན་དཀྱིལ་འཁོར་ལ་ཡང་བྱིས་པའི་བརྗོད་པའི་དོན་དུ་གསུང་རྡོ་རྗེ་དང་ལོངས་སྐུ་དང་ཟུང་དུ་འགྱུར་བ་བཞིན། ཆོས་སྟོན་པའི་དོན་དུ་དཀྱིལ་འཁོར་ལ་ཡང་དེ་བཞིན། བྱིས་པའི་ཡེ་ཤེས་དང་སྤྲུལ་སྐུ་སེམས་ཅན་དོན་གྱི་བྱེད་པ་པོ་ཟུང་ཡིན་པ་བཞིན་དཀྱིལ་འཁོར་ལའོ། །དེ་ལྟ་བུའི་བསྐྱེད་རིམ་ནི་ཟབ་པ་རྫོགས་པའི་རིམ་པའི་དངོས་རྒྱུར་འགྱུར་བ་ཡིན་ནོ། །མི་ཟབ་པ་ནི། རྡོ་རྗེ་བཞིའི་བསྐྱེད་ཆོག་སྟེ། སྟོང་པ་ཉིད་ཀྱི་བྱང་ཆུབ་དང་། ས་བོན་བསྡུ་བ་དང་། གཟུགས་རྫོགས་པ་དང་། ཡི་གེ་འགོད་པ་སྟེ་ཡེ་ཤེས་ཀྱི་ཚོགས་བསག་དང་པོ་དང་། མངོན་བྱང་བཞི་གཉིས་པ་དང་། ལྔ་པ་གསུམ་པ་དང་། ཡབ་ཡུམ་གྱི་འཁོར་ལོ་དྲུག་དང་བྱིན་གྱིས་བརླབ་པ་ནི་བཞི་པ་སྟེ། དང་པོར་སྟོང་ཉིད་བྱང་ཆུབ་ངེས་པར་སླར་ཡང་དེ་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན། །དེ་ནས་གཟུགས་དག་བསྐྱེད་ཅིང་རབ་མཆོག་རོ་ཡི་རིགས་རྣམས་དག་གི་ཡི་གེ་འགོད་པ་ཉིད་ཡིན་ཏེ། །འདི་ནི་སྤྱི་ཡི་བསྙེན་པ་ཞེས་གསུངས་ཏེ། རྣམ་པར་གཞག་པ་འདི་དང་སྔར་བཤད་པ་གཉིས་ཀ་ལ་དགོས་པའི་ཕྱིར་སྤྱིའི་བསྙེན་པ་ཞེས་གསུངས་སོ། །དེ་ནས་ཀུན་རྫོབ་ཀྱི་དབང་རྫོགས་པར་བསྐུར་ན་དང་པོ་དང་། དབང་བདུན་ལས་མི་བསྐུར་ན་ཕྱི་མ་འདི་སྟོན། དེ་ཡང་ཕྱི་མ་གཟུགས་ཀྱི་མཐར་ཐུག་པ་མི་འགྲུབ་ལ། སྔ་མས་འགྲུབ་པ་ནི་བྱིན་གྱིས་བརླབ་པ་ལ་སོགས་པའང་ཡིན་ལ། གཙོ་བོར་ཐིག་ཕྲ་གཉིས་ཀྱི་སྟེ། དེས་ཁམས་བཞུ་བཏུལ་བྱས་པ་སྙིགས་མ་ཟད་པར་བྱས་པས་སོ། །བསྒོམ་བྱའི་ལྷ་གྲངས་ཀྱང་། འགྲེལ་ཆེན་ལས་འདིར། ཇི་ལྟར་མངལ་འཛིན་པ་ན་བྱང་ཆུབ་ཀྱི་སེམས་ཀྱི་རྟེན་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུ་ཡུལ་ཆོས་ཀྱི་དབྱིངས་དང་གཅིག་ཏུ་འདྲེས་པར་གྱུར་པ་ནི་སྐྱེས་པའི་དཔའ་བོ་གཅིག་པར་གསུངས་ཏེ་རང་འོད་ཀྱི་ཤེས་རབ་ནི་ནང་དུ་འདུས་སོ། །དེ་བཞིན་དུ་ཀཱ་ཡིག་གཅིག་པུས་དཔའ་བོ་གཅིག་པར་གྲུབ་བོ། ཕྱིས་ནས་ས་བོན་དེ་རྡུལ་ལ་རོ་མཉམ་པ་ནི་ཤེས་རབ་དག་གིས་འཁྱུད་པར་འགྱུར་ཞེས་པ་ནི། དེའི་བག་ཆགས་ལས་རྣམ་པར་ཤེས་པའི་ཕུང་པོ་ཤེས་རབ་ཀྱིས་འཁྱུད་པ་ཀ་ཞེས་པར་འགྱུར་ཏེ། བཞི་པའི་སྦྱོར་པ་ལས་སོ་ཞེས་སོ། །མངལ་དུ་ཕུང་པོ་ལྔ་རྫོགས་པ་ལྷ་ལྔ། དེ་བཞིན་རྒྱུས་པ་དང་། ཁུ་བ་དང་། དྲོ་བ་དང་། གཡོ་བའི་ཆོས་སྐྱེས་པ་ཕུང་པོ་དང་ཁམས་ཀྱིས་བྱིན་གྱིས་བརླབས་པས་མངལ་དུ་དགུའི་བདག་ཉིད་ལྷ་དགུ དེ་བཞིན་ངག་ལག་པ་རྐང་པ་བཤང་ལམ་རྫོགས་པ་ན་སྔར་གྱི་ཕུང་པོ་དང་ཁམས་དང་བཅས་པ་བཅུ་གསུམ་གྱི་བདག་ཉིད། ནང་དུ་ཡུལ་སྐྱེས་པ་ནས་སྔར་གྱི་ཕུང་པོ་ལ་སོགས་པ་དང་ལྷན་ཅིག་མངལ་དུ་བཅུ་དགུའི་བདག་ཉིད། མིག་ལ་སོགས་བསྐྱེད་པ་ན་བྱིས་པ་སྐྱེས་པ་ཉི་ཤུ་རྩ་ལྔའི་བདག་ཉིད། དེ་ནས་ལས་ཀྱི་དབང་པོ་ལྔའི་སྦྱོར་བས་བརྗོད་ལེན་འགྲོ་བ་བཤང་གཅི་བའི་བྱ་བ་སྐྱེས་པ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ལོ་བཅུ་གཉིས་ཀྱི་མཚམས་རྫོགས་པ། དེ་ནས་ལོ་བཅུ་དྲུག་གི་མཚམས་སུ་ཇི་ལྟར་བྱིས་པའི་ཁུ་བ་འཕོ་བ་ན་བཞི་པའི་གནས་སྐབས་སུ་འགྱུར་ཞིང་། བཞི་པ་དེ་ཉིད་སྐུ་བཞི་པ་དང་། ཕུང་པོ་དང་། ཁམས་དྲུག་དང་། དབང་པོ་དྲུག་དང་། ཡུལ་དྲུག་དང་། ལས་ཀྱི་དབང་པོ་དྲུག་དང་། ལས་ཀྱི་དབང་པོའི་བྱ་བ་དྲུག་སྟེ། དེ་ལྟར་ཁམས་སུམ་ཅུ་རྩ་དྲུག ཡེ་ཤེས་དང་སེམས་ཀྱི་བརྟེན་པར་གྱུར་པས་ལྷ་སུམ་ཅུ་རྩ་དྲུག་པ། ཞེས་ཀ་རྡོ་རྗེ་ལ་དཀྱིལ་འཁོར་རྣམ་གྲངས་དེ་བཞིན་ཁ་རྡོ་རྗེ་ལ་སྟེ་དེ་བཞིན་གསལ་བྱེད་ཐམས་ཅད་ལས་སོ། །དེ་ཡང་ཐབས་རྒྱུད་དང་ཤེས་རབ་རྒྱུད་ཀྱི་དབྱེ་བས་གཉིས་ཏེ་བསམ་གྱིས་མི་ཁྱབ་པའི་བར་དུའོ། །རྗེས་ཀྱི་ཡན་ལག་ལ་བཟླས་པ། གཏོར་མ། ལྷ་ཉེར་བསྡུ། དང་པོ་ལ་སྔགས་ཀྱི་ངེས་པ། བགྲང་འཕྲེང་། ཏིང་ངེ་འཛིན། གྲངས་ཀྱི་ཚད་ཤེས་དགོས་པའི་དང་པོ་ནི། འགྲེལ་པར། ཐུགས་ཀྱི་དབྱེ་བས་བསྒོམ་པར་བྱའོ། །གསུང་གི་དབྱེ་བས་མཆོད་པར་བྱའོ། །སྐུའི་དབྱེ་བས་བཟླས་པར་བྱའོ། །ཞེས་གསུངས་པའི་ཐུགས་ནི་ས་བོན་ཏེ། དེ་ཡང་། དེ་ཉིད་དུ་མིང་གི་དང་པོ་ཞེས་པ་ལ་སོགས་པ་སྟེ། ཞེས་སྒྲོལ་མ་ལ་ཏཱཾ་ཡིག་ལྟ་བུ། མིང་གི་དང་པོ་ཁོ་ནར་མཐའ་གཅིག་ཏུ་ངེས་པ་ཡང་མེད་པས་སོགས་སྒྲ་སྨོས་ཏེ་ཧཱུྃ་སོགས་ས་བོན་དུ་བཞག་པས་སོ། །དེ་ནས་ཐུགས་ཏེ་ལྷ་བསྐྱེད་པའི་རྒྱུར་གྱུར་པས་སྒོམ་པའི་སྔགས་ཞེས་གསུངས་སོ། །གསུང་གི་རྡོ་རྗེས་མིང་ཐམས་ཅད་དེ། འདིར་དཔེར་ན་ཏཱ་རཱ་ཞེས་གསུངས་པ་ལྟ་བུ་མིང་རང་སྨོས་པ་གསུང་རྡོ་རྗེ་དེ་མཆོད་འབུལ་དུ་བྱེད་པས་ན་མ་མཆོད་པ་སྟེ། ནཱ་མ་མིང་ཡིན་པས་སོ། །དེ་ལས་ལྷག་པ་དག་ཀྱང་སྐུ་ཡི་རྡོ་རྗེ་སྟེ་ཞེས་པ་ནི་འདིར་དཔེར་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་དང་། མིང་གི་ཡི་གེ་ལས་ལྷག་པའི་ཡི་གེ་ཐུགས་དང་གསུང་གི་ཡི་གེ་དང་བཅས་པ་རྣམས་ནི་སྐུ་རྡོ་རྗེའོ། །སྐུ་རྡོ་རྗེ་དེ་ལས་གཞན་པ་འཕྲེང་བའི་སྔགས་གང་ཡིན་པ་དེ་ནི་ཡན་ལག་སོ་སོའི་སྔགས་ཞེས་གསུངས་ཏེ། ཇི་ལྟར་ལག་པ་དང་རྐང་པ་ལ་སོགས་པ་ལུས་ཀྱི་ཆ་ཤས་ཡིན་པ་དེ་བཞིན་མིང་གི་ཆ་ཤས་ནི་སྔགས་ཀྱི་མིང་གིའོ་ཞེས་གསུངས་པ་དང་། མིང་གི་དང་པོ་ནི། ཨོཾ་སྤངས་ནས་ལྷག་མའི་ཐོག་མ་འཛིན་དགོས་ཏེ། འདིར་ཨོཾ་ཡིག་མ་གཏོགས་པའི་མིང་གི་ཡི་གེ་དང་པོ་ཞེས་པས་སོ། །ན་མཿམཆོད་པ་ལ་ཨོཾ་ཡིག་དང་པོར་བྱ་བ་དང་། བཟླས་སྔགས་ལ། དེ་དང་ཐུགས་རྡོ་རྗེ་ཧཱུྃ་ཕཊ྄་མཐར་སྦྱར་བ། སྙིང་པོ་དང་། ཉེ་སྙིང་དང་། རྩ་སྔགས་དང་སྐུ་རྡོ་རྗེར་བསྡུ། འཕྲེང་བའི་སྔགས་དང་། ལྷ་སྔགས་དང་། ལས་སོ་སོའི་སྔགས་ལ། ཡན་ལག་སོ་སོའི་སྔགས་ཞེས་བྱ་སྟེ་རྩ་བའི་དབྱེ་བ་བཞིས་རྩ་སྔགས་རྐང་པ་བཅུ་དྲུག་པ་དང་། འཕྲེང་བའི་སྔགས་བདུན་ཅུ་པའོ། །ཇི་སྐད་བཤད་པའི་སྔགས་དེ་དག་བསྒྲུབ་གཞི་དབྱངས་གསལ་ཏེ། རྩ་བའི་རྒྱུད་ལས་རྒྱས་པར་གསུངས་པའི་དོན། ཨ་ཀུཧ་ཱ་མགྲིན་འབྱུང་གང་། ཀུ་ནི་ཀ་སྡེ་ནམ་མཁའ། ཨི་ཙུ་ཡ་ཤ་རྐན་ལས་བྱུང་། ཙུ་ཙ་སྡེ་རླུང་། རྀ་ཊུ་ར་ཥ་སྤྱི་བོ་སྐྱེས། ཊ་ཊ་སྡེ་མེའི་ཁམས། ཨུ་པུ་ཝཔ་མཆུ་སྐྱེས་གང་། པུ་པ་སྡེ་ཆུ། ལི་ཏུ་ལ་ས་སོ་སྐྱེས་གང་། ཏུ་ཏ་སྡེ་ས། སྐྱེ་གནས་དང་ཁམས་བསྟན། ཨོཾ་གྱི་ཡི་གེ་སྤངས་ནས་ཀྱང་། སོགས་ཀྱིས་སྔགས་ཀྱི་ཐོག་མ་ཐུགས་སུ་བསྟན་པ་དང་བསྒྲུབ་བྱའི་མིང་ཐོག་འཛིན་ཚུལ་ཡི་གེ་གསལ་བྱེད་གཞན་བརྩེགས་ན་གཉིས་གཉིས་ཀྱི་དང་པོའི་ཡི་གེ དེ་ཚེ་ཐོག་མར་བརྗོད་པའི་སླད། །དེ་དག་ལས་ནི་དང་པོ་གཟུང་། །ཞེས་བརྩེགས་ན་ཐོག་མ། འགྲེལ་ཆེན་ལས། དེ་བསྒྲུབ་བྱའི་མིང་གི་ཡི་གེ་གལ་ཏེ་སྒྲུབ་པ་པོའི་མིང་གི་ཡི་གེ་དང་པོའི་དགྲར་གྱུར་ན་དེའི་སྒྲུབ་པ་པོ་འཆི་བར་འགྱུར་རོ། །ཅི་སྟེ་ཐ་མལ་པར་གྱུར་ན་དེའི་ཚེ་ཉོན་མོངས་པར་འགྱུར་རོ། །ཅི་སྟེ་གྲོགས་པོར་གྱུར་ན་དེའི་ཚེ་ལྷ་འགྲུབ་པར་འགྱུར་རོ། །དབྱངས་ཀྱི་དགྲ་ཡིས་འཆི་བའོ། །གསལ་བྱེད་ཀྱི་དགྲ་ཡིས་ན་བའོ། །གཞན་ས་རླུང་གི་ཡི་གེ་ཐམས་ཅད་ཆུའི་ཡི་གེ་རྣམས་ཀྱི་དགྲ་སྟེ། དབྱངས་རྣམས་དང་། གསལ་བྱེད་རྣམས་ཀྱི་གསལ་བྱེད་རྣམས་སོ། །དེ་བཞིན་དུ་ཆུའི་ཡི་གེ་རྣམས་མེའི་ཡི་གེ་རྣམས་ཀྱིའོ། །སའི་ཡི་གེ་རྣམས་རླུང་གི་ཡི་གེ་རྣམས་ཀྱིའོ། །ནམ་མཁའི་ཡི་གེ་ཐམས་ཅད་ཀྱི་གྲོགས་པོའོ། །ཐམས་ཅད་ཀྱི་ཡི་གེ་རྣམས་ནམ་མཁའི་གྲོགས་པོའོ། །དེ་བཞིན་དུ་སའི་གྲོགས་པོ་ཆུའོ། །མེའི་གྲོགས་པོ་རླུང་ངོ་། །རླུང་གི་མེའོ། ཆུའི་ས་སྟེ། དེ་ལྟར་ན་གྲོགས་པོའི་སྡེ་ཚན་ནོ། །རླུང་གི་ཐ་མལ་པ་ནི་ཆུའོ། །མེའི་ཐ་མལ་པ་ནི་སའོ། །ཆུའི་ཐ་མལ་པ་ནི་མེའོ། །སའི་ཐ་མལ་པ་ནི་རླུང་ངོ་། །ཞེས་གསུངས་ལ། སྡེ་པ་གཅིག་ལའང་ཀ་ལ་སོགས། །གསལ་བྱེད་ཆོས་ཅན་ལྔ་རྣམས་གང་། །དེ་རྣམས་ས་ལ་སོགས་པའི་རིགས། །ཞེས་པ་འབྱུང་ཆུང་ངུ་འབྱེད་པའི་ཚུལ་ལོ། དབྱངས་ཀྱི་དང་པོ་གསལ་བྱེད་དམ། དབྱངས་རྣམས་བསྒྲུབ་པར་བྱ་བའི་སླད། །བསྙེན་དང་བཟླས་པ་བྱེད་རྣམས་ལ། །འདི་ཡི་ལས་ནི་རྣམ་དྲུག་གསུངས། །དང་པོར་བསྣུན་པར་བྱ་བ་སྟེ། །དེ་ནས་དབབ་དང་སྲེག་པ་དང་། །དེ་ནས་སྔགས་པ་བསླང་བ་དང་། །དེ་ནས་རྒྱས་དང་མཉེས་པའོ། །རྣམ་པར་བཅད་བྱས་སྟོང་པ་ཡི། །སྔགས་ཀྱི་སྔོན་འགྲོ་མནན་པ་ནི། །མཚོན་གྱི་རྒྱལ་པོ་བསྣུན་པ་སྟེ། །བརྒྱལ་བའི་གནས་སྐབས་ཐོབ་པར་འགྱུར། །ཐུགས་ཀྱི་བཟླས་པ་འབུམ་གྱིས་ནི། །བརྒྱས་པར་འགྱུར་བ་སྔགས་ཀྱི་ལྷ། །ང་རྒྱལ་ཡོངས་སུ་བཏང་བ་ནི། །སྒྲུབ་པ་པོ་ཡི་དབང་དུ་འགྱུར། །དེ་བཞིན་རླུང་གིས་མནན་ན་དེ། །རྣལ་འབྱོར་པ་ལ་ཕེབས་པར་འགྱུར། །མེ་ཡིས་མནན་ན་བསྲེགས་པར་འགྱུར། །དེ་བཞིན་ཆུ་ཡིས་བསླང་བར་འགྱུར། །ས་ནི་སྤྱི་བོར་གནས་པ་དག །བཟླས་ན་ལྷ་ནི་རྒྱས་པར་འགྱུར། །སྤྱི་བོར་ཐིག་ལེའི་ཆས་མནན་ན། །མཉེས་པ་མཆོག་ནི་སྟེར་བར་འགྱུར། །ཞེས་གསུངས་པ་ནི་སྡེ་པས་ཏེ། ཕཊ྄་ཡིག་དེ་བཞིན་ཧཱུྃ་བོ་ཥ་ཊ། །ན་མཿསྭཱ་ཧཱ་ཝ་ཥ་ཊ་རྣམས། །ལས་དྲུག་ལ་ནི་གྲངས་བཞིན་དུ། །སྔགས་མཐར་བརཏལ་ཞུགས་ཅན་གྱིས་བྱ། །ཞེས་སོ་གདགས་པ་དཔེར་བརྗོད་ན། ཨོཾ་ུཿཕཊ྄་ཅེས་པ་སྔགས་ཀྱིས་བསྣན་པ་སྟེ་འབུམ་བཟླས་སོ། །ཨོཾ་ལྟཱཿཧཱུྃ་ཞེས་པ་ནི་དབབ་པའོ། །ཨོཾ་རཏཱཿབཽ་ཥ་ཊ་ཅེས་པ་ནི་སྲེག་པའོ། །ཨོཾ་ཝཏཱཿན་མ་ཞེས་པ་ནི་བསླངས་པའོ། ཨོཾ་ལྟཱཿསྭཱ་ཧཱ་ཞེས་པ་ནི་རྒྱས་པའོ། །ཨོཾ་ཏཱྃཿཝ་ཥ་ཊ་ཅེས་པ་ནི་མཉེས་པའོ། །དེ་ཡང་མཚོན་པ་ཙམ་སྟེ། དེ་ཉིད་དུ་གླེགས་བམ་དག་ལས་བཀླག་པའི་སྔགས། །མན་ངག་རྣམ་པར་སྤངས་རྣམས་ཀྱིས། །སྒྲུབ་པ་རབ་ཏུ་བྱེད་པའི་མི། །གང་དེ་ས་ལ་ཉོན་མོངས་འགྱུར། །གལ་ཏེ་གླེགས་བམ་ལས་རྙེད་ན། །མན་ངག་ཅེས་བྱ་དེ་ནི་ཅི། ཞེས་གསུངས་པས་རྒྱས་པ་མན་ངག་སྟེ། དེ་ཡང་། པདྨ་སམྦྷ་ཝས་ལེགས་པར་བཤད་པ་ལྟ་བུའོ། །བགྲང་འཕྲེང་ནི་ཞི་བ་ལ་ཤེལ། རྒྱས་པ་ལ་མུ་ཏིག བསད་པ་ལ་མིའི་སོ། བསྐྲད་པ་ལ་བོང་བུའི་སོའམ་རུས་པ། དབང་ལ་བོ་དྷི་ཙི། དགུག་པ་ལ་པདྨའི་འཕྲེང་བའམ། ཙན་དན་དམར་པོའི་ས་བོན། རྨོངས་པ་ལ་ལུང་ཐང་། རེངས་པ་ལ་དྲག་པོའི་མིག་སྟེ་རག་ཤའི་འཕྲེང་བ་བཤད་དོ། །ཏིང་ངེ་འཛིན་འགྲེལ་པར། གང་གི་ཚེ་ཞི་བ་བྱེད་པ་དེའི་ཚེ་རྣལ་འབྱོར་པས་སྐུའི་ཞལ་གཙོ་བོར་བྱས་ནས་ཟླ་བའི་དཀྱིལ་འཁོར་ཁ་དོག་དཀར་པོ་དཔྲལ་བར་གནས་པ་བསྒོམ་པར་བྱ་སོགས་ལས་དང་དངོས་གྲུབ་ཀྱིས་ཕྱེ་སྟེ་བཤད་པ་རྣམས་སོ། །གྲངས་སྙིང་པོ་ཉེ་སྙིང་ལ་སོགས་ཐུགས་ཀྱི་གྲངས་འབུམ་ཕྲག་དྲུག གསུང་བཅུ། སྐུ་བྱེ་བ་སྟེ། འགྲེལ་པར། བསྒོམ་པར་བྱ་བ་དང་། མཆོད་པར་བྱ་བ་དང་། བཟླས་པར་བྱ་བའི་སྔགས་སོ་སོར་འབུམ་ཕྲག་དྲུག་དང་། འབུམ་ཕྲག་བཅུ་དང་། འབུམ་ཕྲག་བརྒྱའོ་ཞེས་འགྲེལ་པར། འདིར་སོ་སོའི་སྐུ་རྡོ་རྗེའི་སྔགས་ཀྱི་རིགས་ནི་བྱེ་བ་བཟླས་པར་འགྱུར་ཏེ་རབ་ཏུ་གྲགས་པའོ། །སྦྱིན་སྲེག་ནི་བྱེ་བ་བཟླས་པ་དེ་ལས་བཅུ་ཡི་ཆ་ཤས་ཞེས་པ་གསུང་རྡོ་རྗེའི་སྦྱིན་སྲེག་འབུམ་ཕྲག་བཅུར་འགྱུར་རོ། །རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ནི་ཞི་བ་ལ་སོགས་པའི་ཡོན་ཏན་གྱི་དབང་གིས་དབང་གི་ལེའུ་ལས་གསུངས་པའི་རྫས་རྣམས་དང་ཐབ་དང་གདན་ལ་སོགས་པའི་ཆོ་གས་འགྲུབ་པར་འགྱུར་བར་ཇི་སྲིད་ཉིད་དུའོ། །ཞེས་དང་། ཡང་། འདིར་ལྷ་གང་དག་གི་དམ་ཚིག་གང་དང་གང་ཡིན་པའི་ལྷ་དེ་ནི་དམ་ཚིག་དེ་དང་། བརཏལ་ཞུགས་དང་། ངེས་པ་དེས་བསྒྲུབ་པར་བྱ་བར་འགྱུར་ཏེ། རྣམ་པ་གཞན་དུ་ན་འགྲུབ་པར་མི་འགྱུར་རོ་ཞེས་གསུངས་པས། ལས་སོ་སོར་ཅི་བསྔགས་པ་དེ་ནི་མ་ཚང་པར་བསྒྲུབས་ཀྱང་དོན་མི་འགྲུབ་པ་དེང་སང་གི་བསྙེན་སྒྲུབ་པ་ཕལ་མོ་ཆེ་ལྟ་བུའོ། །དེས་ན་རྒྱུད་ལས་ཇི་ལྟར་གསུངས་པ་མ་ཉམས་པར་བསྒྲུབས་ན་ད་ལྟ་སྔགས་སྤྱོད་པའི་དུས་ཡིན་པས་ཇི་སྐད་བཤད་པ་བཞིན་གྱི་གྲངས་དུས་ལས་འབྲས་བུ་འབྱུང་ངོ་། །རྐང་པ་བཅུ་དྲུག་བདུན་ཅུ་གཉིས་ཀྱང་བྱེ་བ་དང་སྦྱིན་སྲེག་འབུམ་ཕྲག་བཅུ་བྱ་བར་གསུངས་ལ། དུས་ནི་འགྲེལ་ཆེན་ལས། དེའི་ཕྱིར་ལོ་བཅུ་གཉིས་རྣམས་ཀྱི་ལྷ་མོ་བསྒོམས་པས་མཆོག་སྟེར་བར་འགྱུར་ཞིང་། ལྷ་ནི་ལོ་བཅུ་དྲུག་རྣམས་ཀྱིས་མཆོག་སྟེར་བར་འགྱུར་ཏེ། དེ་ནས་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་དང་བདེ་བ་ཐམས་ཅད་རྣལ་འབྱོར་ལས་འགྲུབ་པར་འགྱུར་རོ། །རྣམ་པ་གཞན་དུ་ན་ཉོན་མོངས་པ་འབའ་ཞིག་སྟེ། རྒྱུད་གཞན་ཐམས་ཅད་ལས་དུས་ངེས་པ་ནི་བརྩོན་འགྲུས་དང་ལྡན་པ་ཉིན་དང་མཚན་མོར་བསྒོམ་པའི་བདག་ཉིད་ཅན་རྣམས་ཡིན་གྱི། གཞན་རྣམས་ཀྱིས་ནི་ལོ་བརྒྱའི་མཐར་ཡང་མ་ཡིན་ནོ་ཞེས་པ་དང་དངོས་གྲུབ་ཀྱི་ངེས་པའོ། །ཞེས་གསུངས་པས་བརྩོན་འགྲུས་དང་ལྡན་ན་མྱུར་བ་དང་། འདིར་མཆོག་སྟེར་ཞེས་པ་ནི་འདོད་པའི་དོན་གང་ཡིན་པ་དེ་སྦྱིན་པ་ཙམ་ལ་མཆོག་འདི་ལྟ་བུ་སྦྱིན་ཞེས་སྒྲགས་པ་དེ་ཡིན་ནོ། །དེ་ནི་གཙོ་ཆེ་བ་ལ་དགོངས་ཏེ་མཐའ་ཅིག་ཏུ་དགོས་ན་ཡེ་ལེར། འདིར་སྔགས་ཀྱི་ཐེག་པ་ལ་འགའ་ཞིག་གིས་དཔའ་བོའི་རིམ་པའམ་བྱིན་རླབས་དང་བཅས་པའི་རིམ་པས་མཚན་མོ་ཆེ་གེ་མོ་དུར་ཁྲོད་ཀྱི་ས་ལ་རབ་ཏུ་ཞུགས་ཏེ་ལོ་གཅིག་གམ། ལོ་གཉིས་སམ། ལོ་བཅུ་གཉིས་ཀྱི་མཐར་ཐུག་པར་སྔགས་བཟླས་པ་དང་། སྦྱིན་སྲེག་དང་། བསམ་གཏན་གྱི་སྟོབས་ཀྱིས་ཞེས་གསུང་བར་མི་འགྱུར་རོ། །གཉིས་པ་དམ་ཚིག་གི་རྣམ་གཞག་ནི། དགྱེས་པའི་རྡོ་རྗེར། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་པའི་སངས་རྒྱས་ཀུན་གྱི་སྡོམ་པ་ཞེས་པ། རིག་འཛིན་སྔགས་ཀྱི་སྡོམ་པ་སྟེ། སོ་ཐར་ལ་ཉན་ཐོས། བྱང་སྡོམ་ལ་བྱང་སེམས། སྔགས་སྡོམ་ལ་སངས་རྒྱས་ཀྱི་སྡོམ་པར་བཞག་པའི་རིགས་པས་སོ། ཨེ་ཝཾ་རྣམ་པ་ཞེས་པ་ནི་དེ་ཉིད་སྒོ་གསུམ་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་ཡིན་པས་ཨེ་ཝཾ་གི་རྣམ་པར་གནས་པ་དང་། དབང་ལས་ཡང་དག་ཤེས་པར་འགྱུར་ནི། རིག་པ་འཛིན་པའི་སྡོམ་པ་ནི་དབང་བསྐུར་བའི་བཅས་པ་ཡིན་པའི་ཕྱིར། དེའི་མཆོག་དམན་ཀྱང་དབང་བསྐུར་གྱི་འགྲོས་ལས་ཤེས་དགོས་པ། དབང་བདུན་སྔགས་ཀྱི་དགེ་བསྙེན་དང་། བུམ་དབང་དགེ་ཚུལ། གསང་དབང་དགེ་སློང་། གསུམ་པ་གནས་བརྟན་ཞེས་པའི་ཚུལ་འདིའོ། །འདིར་དབང་གོང་ཆུང་ཙམ་ཡིན་པས། སྡོམ་པའང་སྒོ་གསུམ་བསྐྱེད་པའི་རིམ་པའི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམས་པའི་ཚུལ་ཁྲིམས་ཁོ་ན་ཡིན་ལ། དེ་ཡང་ཟབ་པའི་བསྐྱེད་རིམ་དང་འབྲེལ་བས་དགེ་བསྙེན་ཏེ་རགས་པ་ལ་སློབ་པ་དང་། དགེ་ཚུལ་མན་ནི་ཟབ་མོ་བསྐྱེད་རིམ་དང་འབྲེལ་བས་ཕྲ་བ་དང་ཤིན་ཏུ་ཕྲ་བའི་གནས་ལ་སློབ་ཅིང་དེ་དག་བརྟན་པའི་ཁྱད་པར་ནི་སོ་ཐར་གྱི་དགེ་ཚུལ་སོགས་གསུམ་བཞིན་ནོ། །གང་ཟག་རིམ་འཇུག་པ་ལ་སོ་ཐར་སོགས་གསུམ་གནས་བསྒྱུར་བརྩི། ཅིག་ཅར་དུ་ཞུགས་པ་ཡིན་ན་དེ་གསུམ་ཀ་ཡོད་ཀྱང་གནས་བསྒྱུར་མི་བརྩི་སྟེ། རྡོ་རྗེ་ཐེག་པ་ཉིད་ཀྱི་སྡོམ་པའི་ནང་ཚན་ཡིན་པས་སོ། །དེ་བས་ན་འདིར། འཚེ་དང་མི་བདེན་སོགས་བརཏལ་ཞུགས་ཉེར་ལྔ་དང་། རིགས་དྲུག་གི་དམ་ཚིག་ལ་གྲངས་ངེས་མ་ཕྱེ་བ་དང་ཕྱེ་བའི་དྲང་དོན། འགྲེལ་པར། འདིར་སྲོག་གཅོད་སོགས་ནས། རྫུན་སྨྲ་བ་དང་། མ་བྱིན་ལེན་པ་དང་། གཞན་གྱི་བུད་མེད་འཕྲོག་པ་དང་། དམ་ཚིག་བསྟེན་པ་དང་། རིགས་དང་རིགས་མ་ཡིན་པ་ལ་མངོན་པར་བགྲོད་པ་དང་། རང་གི་ལུས་ཀྱི་མཐར་ཐུག་པ་སྦྱིན་པ་ཡང་གཞན་ལ་ཕན་པའི་ཕྱིར་ཏེ། རང་གི་དོན་དུ་ནི་མ་ཡིན་ནོ་ཞེས་གསུངས་པའོ། །དེ་དག་ཀྱང་མདོ་སྡེ་ནས་གསུངས་པ་དང་གསང་སྔགས་ཀྱི་ཆོ་གས་ཟིན་མ་ཟིན་གྱི་ཁྱད་ཡོད་ལ། དགག་རྒྱུ་ནི་དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལ་སོགས་རྩ་ལྟུང་བཅུ་བཞི་སྦོམ་པོ་དང་བཅས་པ་སྟེ། འགྲེལ་པར། གང་དག་རྡོ་རྗེ་ཐེག་པར་གནས་པ་རྣམས་ལ་སྟེ་དབང་བསྐུར་བ་རྣམས་ལའོ་ཞེས་པས་དབང་བསྐུར་བ་རྣམས་ཞེས་པ་ནི་དབང་བདུན་དང་། གོང་ཆུང་དང་གོང་མ་ཆེན་པོ་ཐོབ་པ་ཐམས་ཅད་ཀྱི་བསྲུང་བར་བྱ་བ་ཡིན་ནོ་ཞེས་བསྟན་པ་སྟེ་རྣལ་འབྱོར་གྱི་རྒྱུད་མན་ལ་དགོངས་པ་ནི་མ་ཡིན་ནོ། །རྩ་བའི་ལྟུང་བ་བྱུང་ནས་ཕྱིར་བཅོས་པའི་ཚུལ་ནི་དབང་བདུན་པ་གནས་པ་ལ་བྱུང་ན་བཟླས་བརྗོད་སྟོང་ཕྲག་སུམ་ཅུ་རྩ་དྲུག དབང་གོང་ཆུང་གི དང་པོ་གཉིས་ལ་ཆད་པ་དང་། དབང་སླར་ལེན་པ། གོང་མ་ལ་གཞན་སྟོབས་ཀྱིས་མི་འདག་རང་རིག་གིས་དག་པར་གསུངས་སོ། །གསུམ་པ་རྣལ་འབྱོར་གྱི་སྤྱོད་པ་བཤད་པ་ནི། འགྲེལ་ཆེན་ལས། ད་ནི་རྣལ་འབྱོར་གྱི་སྤྱོད་པ་གསུངས་པ་རྣལ་འབྱོར་པ་ཞེས་པ་ལ་སོགས་པ་སྟེ། འདིར་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་རྣམ་པ་གཉིས་ཏེ། གཅིག་ནི་ཕྱིའོ། གཉིས་པ་ནི་ནང་གིའོ། །དེ་ལ་ཕྱིའི་གང་ཡིན་པ་དེ་འཇིག་རྟེན་པའི་འབྲས་བུའི་རྒྱུ་དང་། ནང་གི་གང་ཡིན་པ་དེ་འཇིག་རྟེན་ལས་འདས་པའི་འབྲས་བུའི་རྒྱུར་རྣལ་འབྱོར་པས་བྱའོ་ཞེས་པའོ་ཞེས་པས། དྲང་དོན་གྱི་སྤྱོད་པ་དང་ངེས་དོན་གྱི་སྤྱོད་པ་གཉིས་གསུངས། ལས་དང་པོ་པ་དང་། རྣལ་འབྱོར་པ་དང་། གྲུབ་པ་དང་། ཐམས་ཅད་མཁྱེན་པའི་སྤྱོད་པ་བཞིར་ཕྱེ་བ་ནི་ངེས་དོན་གཙོ་བོའི་དབང་དུ་མཛད་དེ་དཔལ་ནཱ་རོ་པ་ཆེན་པོའི་འབྱུང་བ་རོ་སྙོམས་སུ་བཤད་པའི། ཀུན་བཟང་། གསང་སྤྱོད། ཚོགས་སྤྱོད། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བཞི་ཡིན་ལ། འདིར་དེ་ལས་དང་པོ་གཉིས་དང་འབྲེལ་བ་སྟེ། ཚོགས་ཀྱི་དཀྱིལ་འཁོར་སྟོན་པས་ཀུན་བཟང་དང་། རྣལ་འབྱོར་ཐམས་ཅད་གསང་བས་འགྲུབ་པས་ཕྱི་མའི་ཆའང་ཡོད་པའི་ཕྱིར་རོ། །འདི་ཀའི་ལས་དང་པོ་པ་གསང་བ་དང་། ཕྱིས་རྣལ་འབྱོར་པར་གྱུར་ནས་ཀུན་བཟང་སྟོན་དགོས་ཏེ། མངོན་པར་ཤེས་པ་ཐོབ་ནས་མངོན་སྤྱོད་ལ་སོགས་པའི་ལས་ཐམས་ཅད་བསྒྲུབ་པར་གནང་བའི་ཕྱིར་རོ། །དེ་ཡང་ཚོགས་དཀྱིལ་ཇི་ལྟ་བུ་ཞེ་ན། འགྲེལ་ཆེན་ལས། དེ་ལ་རིགས་སུམ་ཅུ་རྩ་དྲུག་གི་ལྷ་མོ་རྣམས་སྤྱན་དྲངས་པར་བྱ་སྟེ། དེ་ནས་ཉིན་མོའི་དུས་སུ་གཞོན་ནུ་དང་གཞོན་ནུ་མ་བཅུ་ལ་འོ་ཐུག་ལ་སོགས་པ་མངར་བའི་ཟས་ཀྱིས་སྟོན་མོ་བྱས་ཏེ། ཡོན་ཕུལ་ནས་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཆུ་ཚོད་བདུན་པ་ལ་དགེ་སློང་དང་དགེ་སློང་མའི་དགེ་འདུན་མངར་བའི་ཁ་ཟས་ཤ་དང་བྲལ་བ་རྣམས་ཀྱིས་ཡང་དག་པར་མཆོད་དེ། སངས་རྒྱས་གཙོ་བོར་བྱས་ནས་དགེ་འདུན་ལ་ཡོན་ཕུལ་ཏེ་འཕགས་པའི་དགེ་འདུན་ཆེན་པོ་གཙུག་ལག་ཁང་གཞུག་པར་བྱའོ། །དེ་ནས་སྐྱེ་བོ་དང་བྲལ་པའི་ཁྱིམ་བུག་པ་མེད་པར་ཚོགས་ཀྱི་འཁོར་ལོའི་ཚོགས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་གནས་བསམ་པར་བྱའོ། །འདིར་འབྱོར་པ་དང་རྗེས་སུ་མཐུན་པས་གཙོ་བོ་བླ་མ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ནི་དབུས་དང་ཕྱོགས་བཞིའི་ཆར་རྣལ་འབྱོར་མ་བཞི་རྣམས་ཏེ་ཞེས་སོགས་ཀྱིས་ཚོགས་ཁང་དབེན་པར་བྱུང་ན་དཀྱིལ་འཁོར་གྱི་དབྱིབས་སམ། མེད་ཀྱང་ཞལ་བ་སོགས་དང་སྤྲོ་བར། དབུས་སུ་ཟླུམ་སྐོར་དང་པོར་སློབ་དཔོན་ནམ་རང་ཉིད་ཕྱག་རྒྱ་གདོལ་པ་མོ། ཤར་དུ་དམངས་རིགས། ལྷོར་རྒྱལ་རིགས། བྱང་དུ་བྲམ་ཟེ། ནུབ་ཏུ་རྗེ་རིགས་མོ་ཚོགས་ཀྱི་གཙོ་མོར་ལྔ། གདན་མི་ཁྱི་རྟ་བ་ལང་གླང་པོ་ཆེའི་པགས་པ་དེའི་ཕྱོགས་བྲལ་དབང་ལྡན་དུ་དྲི་ཆུ། རླུང་དུ་དྲི་ཆེན། བདེན་བྲལ་དུ་ཁྲག མེར་རྐང་མར་གྱི་སྣོད། དེ་ནས་ཟླུམ་སྐོར་གཉིས་པར་ཕྱོགས་འགྲོས་དེས་འཁར་བ་མཁན་མོ། འོད་མའི་གར་མཁན་མ། ནོར་བུ་མཁན་མ། དྲག་སྤྱན་མ། མེར་ཐགས་མཁན་མ། བདེན་བྲལ་དུ་ཆང་འཚོང་མ། དབང་ལྡན་དུ་གསེར་མཁན་མ། རླུང་དུ་འཕྲེང་མཁན་མ་སྟེ་ཐུགས་ཀྱི་རྣལ་འབྱོར་མ་བརྒྱད། ལུག བྱ་རོག ཁྱི། རྔ་མོང་། འདམ་སེང་། ར། རི་དྭགས། བོང་བུ། ཕག་གི་པགས་པའི་གདན། ཟླུམ་སྐོར་གསུམ་པ་ལ། ཤར་དུ་ཤ་འཚོང་མ། མེར་རྫ་མཁན་མ། ལྷོར་འཁུར་བ་མཁན་མ། བདེན་བྲལ་དུ་སྨད་འཚོང་མ། ནུབ་ཏུ་ཚེམ་བུ་མ། ནུབ་བྱང་དུ་ཉ་པ་མོ། བྱང་དུ་གར་མཁན་མ། དབང་ལྡན་དུ་ཚོས་མཁན་མ་སྟེ་གསུང་གི་རྣལ་འབྱོར་མ་བརྒྱད། ཀུམྦྷི་རའི་པགས་པ། མགྲོན་བུའི་ཕུང་པོ། ཀརྐ་ཊའི་རུས་པ། ཉ་སྐམ་པོ། མརྐ་རའི་པགས་པ། སྦལ་པའི་པགས་པ། རུས་སྦལ་གྱི་ཁོག་པ། དུང་རྣམས་གདན། ཟླུམ་སྐོར་བཞི་པར། ཤར་དུ་ལྕགས་མཁན་མ། ལྷོར་རྒྱ་སྐྱེགས་མཁན་མ། ནུབ་ཏུ་སྲིན་བལ་མཁན་མ། བྱང་དུ་ཏིལ་མར་མཁན་མ། མེར་སྨྱིག་མ་མཁན་མ། བདེན་བྲལ་དུ་ཤིང་མཁན་མ། རླུང་དུ་ཀོ་ལྤགས་མཁན་མ། དབང་ལྡན་དུ་འདྲེག་མཁན་མ་སྟེ་སྐུའི་ལྷ་མོ་བརྒྱད། བསེ། སྟག དོམ། ནེའུ་ལེ། འབྲི། ཅེ་སྤྱང་། སྲམ། བྱི་ལའི་པགས་པ་གདན། དེ་ནས་ཟླུམ་སྐོར་ལྔ་པ་དུར་ཁྲོད་ཀྱི་གནས་ལ། ཤར་དུ་ཀླ་ཀློ་མ། ལྷོར་ཆགས་པ་མོ། ནུབ་ཏུ་གཏུམ་མོ། བྱང་དུ་སྟག་གཟིག་མ། མེར་བསྙོན་ཐབས་མ། བདེན་བྲལ་དུ་རོ་སྲེག་མ། རླུང་དུ་མི་རྒོད་མ། དབང་ལྡན་དུ་རི་ཁྲོད་མ་སྟེ་དུར་ཁྲོད་ཀྱི་ལྷ་མོ་བརྒྱད། བྱིད། བྱི་བ། རྨིག་པ་ཆེན་པོ། སྤྲེའུ། རི་བོང་། གཟུགས་མོ་བྱི་ཐུར། རྨིག་པ་ཆུང་ངུ་། རྩངས་པའི་པགས་པ་རྣམས་སོ། །པགས་པ་འདི་རྣམས་མེད་ན། ཤར་དང་མེར་ཁྱི། ལྷོ་དང་བདེན་བྲལ་རྟ། ནུབ་དང་རླུང་གླང་པོ། བྱང་དང་དབང་ལྡན་དུ་བ་ལང་། དབུས་སུ་མིའི་པགས་པའོ། །དེ་ལྟར་གདན་བཀོད་ནས་རྣལ་འབྱོར་མ། རྣལ་འབྱོར་པ་སུམ་ཅུ་རྩ་དྲུག་དང་བཅས་པ་ཡང་། འགྲེལ་པར། དེ་ལྟར་རིགས་རྣམ་པར་དག་པས་རྣལ་འབྱོར་པ་རྣམས་ཀྱི་རང་གི་མ་ལ་སོགས་པ་དང་རིགས་ལས་སྐྱེས་པ་རང་གི་སར་འོངས་པ་རྣམས་དོར་བར་མི་བྱ་ཞིང་དེ་ལ་ངོ་ཚ་བར་མི་བྱའོ་ཞེས་སོགས་ཀྱིས་བཤད་པས་སོ། །གང་ལྟར་ཡང་ཐམས་ཅད་གོས་དང་བྲལ་བར་རྣལ་འབྱོར་མ་རྣམས་སྐྲ་གྲོལ་བ། གྲི་གུག་དང་ཐོད་པ་ཅན། རྣལ་འབྱོར་པ་རྡོར་དྲིལ་འཛིན་པ། ལྷའི་རྣལ་འབྱོར་དང་ལྡན་པས། དེར་གར་དང་། གླུ་དང་། རི་བཟང་པོ་དང་། ཤར་དང་མེར་ཉ་ལྕིབས་ལྷོ་དང་བདེན་བྲལ་དུ་ན་རི་ཀེ་ལ། ནུབ་དང་རླུང་དུ་ཁམ་ཕོར། བྱང་དང་དབང་ལྡན་དུ་མིའི་ཐོད་པ། དབུས་སུ་ཤིང་སྣོད། དེར་ཆང་དང་། གཟའ་བ་དང་། བཅའ་བ་ལ་སོགས་པ་སྒྲོན་མ་དང་བཅས་པ་རྣམ་པ་བཅུ་པོ་ཆུ་དང་མཆོད་ཡོན་ལ་སོགས་པ་ཕུལ་ཏེ་མཎྜྻལ་བྱས་ནས་ལས་ཀྱི་རྡོ་རྗེས་འབུལ། འགྲེལ་པར། དེ་ནས་ལེའུ་ལྔ་པ་ལས་གསུངས་པའི་ཆོ་གས་འཁྲིག་པའི་ཀུན་ཏུ་སྤྱོད་པ་ཡང་བྱའོ། །ཞེས་པ་རྣལ་འབྱོར་པ་གཅིག་རྣལ་འབྱོར་མ་དུ་མ་ན་རྣལ་འབྱོར་པ་དེས་རྣལ་འབྱོར་མ་ཀུན་ཏུ་རྒྱུ་བའི་ངེས་པས་ལོངས་སྤྱོད་ཀྱི་གཞན་གྲངས་མཉམ་ན་རང་ཉིད་གྱི་ཡུམ་དང་ངོ་། །དེ་ལྟ་བུའི་དམ་ཚིག་གི་འདུས་པ་ལ། ཤེས་རབ་བུད་མེད་གང་ཡིན་པ་དེ་དག་ནི་གསང་བའི་ཕྱག་རྒྱ། རྣལ་འབྱོར་པ་རྣམས་མཆོག་གི་ཕྱག་རྒྱ། ཕན་ཚུན་རྩེད་མོ་ལ་ཙུམྦ་ན་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱ། དབང་པོ་གཉིས་སྦྱར་བའི་བདེ་མཉམ་ཆོས་ཀྱི་ཕྱག་རྒྱའོ། །གཞན་ཐབས་འབའ་ཞིག་ཚོགས་ཀྱང་གཙོ་བོའི་ཕྱག་རྒྱར་བཏགས་པའི་བུད་མེད་གཅིག་མེད་ན་ཤེས་རབ་དང་བྲལ་བའི་ཕྱིར་གཙོ་བོ་ཆང་བཏུང་དུ་མི་རུང་། དེ་བཞིན་གཞན་རྣལ་འབྱོར་མ་འབའ་ཞིག གཙོ་བོའི་ཕྱག་རྒྱར་བཏགས་པའི་སྐྱེས་པ་གཅིག་མེད་ན་ཐབས་དང་བྲལ་བའི་ཕྱིར་གཙོ་མོ་ཤ་ཟ་བར་མི་རུང་། དེ་དག་འཁྲིག་པའི་ལས་མེད་པས་ཕྱག་རྒྱར་བཏགས་པ་ཞེས་བྱའོ། །དེས་ན་རྣལ་འབྱོར་པ་དང་རྣལ་འབྱོར་མ་གྲངས་མཉམ་ངེས་པར་མི་དགོས། ཚོགས་ཀྱི་འཁོར་ལོར་འགྱུར་བ་ནི་སྔར་གྱི་ཕྱག་རྒྱ་བཞི་པོ་དང་ལྡན་མི་ལྡན་གྱིས་སོ། །དེའི་ཆེད་དུ་ཕྱག་རྒྱ་གཉིས་ཀྱི་རིགས་དང་། བརྟག་ཐབས་དང་། མཚན་མ་དང་། ཕྱག་རྒྱ་དང་ཕྱག་རྒྱའི་ལན་ལེགས་པར་གསུངས་ཤིང་། ཕྱི་མ་ལ་ཁྲོས་པའི་ཕྱག་རྒྱ་དང་དེའི་ལན་ནི་མངོན་པར་ཤེས་པ་མ་ཐོབ་ཀྱི་བར་བྱ་བར་མ་གསུངས། དེ་བཞིན་ལྟ་སྟངས་ཀྱི་ལན་ཀྱང་ངོ་། །ངག་གི་བརྡ་ནི། འགྲེལ་ཆེན་ལས། དེ་བཞིན་དུ་བརྡ་ནི་དངོས་པོ་གང་གི་མིང་གང་ཡིན་པ་དེའི་ཡི་གེ་དང་པོ་དེ་བཟུང་བར་རིག་པར་བྱ་སྟེ་གནས་སྐབས་ཀྱི་དབང་གིས་སོ། དཔེར་ན་སཻན་དྷ་ཝ་ཁྱེར་ལ་ཤོག་ཅེས་བརྗོད་པ་ན་ཁྲུས་ལ་གོས་དང་། ཟས་ལ་ལན་ཚྭ་དང་། འགྲོ་བ་ལ་རྟ་དང་། གཡུལ་ལ་རལ་གྲིའི་ཞེས་པའི་རིག་པས་དང་པོའི་ཡི་གེའི་བརྡས་དངོས་པོའི་ཆོས་ཐམས་ཅད་རིག་པ་བྱ་སྟེ། ཚོགས་ཀྱི་འཁོར་ལ་སོགས་པ་ལ་དམ་ཚིག་དང་མི་ལྡན་པའི་སེམས་ཅན་གྱི་ནང་དུ་རྣལ་འབྱོར་པ་འམ། རྣལ་འབྱོར་མས་དགོངས་པའི་སྐད་གཞན་ནམ་བརྡ་ཡིས་བརྗོད་པར་བྱའོ་ཞེས་པ་ནི་ཐམས་ཅད་དུ་ངེས་པའོ་ཞེས་གསུངས་པས་མིང་གི་ཐོག་མ་ཉིད་ཀྱི་ཡི་གེ་ཁོ་ན་བརྗོད་པས་མིང་ཅན་དེ་གོ་བར་བྱེད་པ་ནི་འདིར་ངག་གི་བརྡའོ། །དེ་ནི་ཆགས་ཆེན་གྱི་སྤྱོད་པ་རྒྱས་པ་ཡིན་པས་སྤྲོས་བཅས་ཀྱི་སྤྱོད་པ་ཞེས་བྱའོ། །ཕྱག་རྒྱ་མ་ལྔ་དང་ལྷན་ཅིག་ཕྱག་རྒྱ་བཞིས་ཀུན་ཏུ་སྤྱོད་པ་ནི་སྤྲོས་མེད་དང་། ཕྱག་རྒྱ་མ་གཅིག་དང་ལྷན་ཅིག་ཀུན་ཏུ་སྤྱོད་པ་ནི་ཤིན་ཏུ་སྤྲོས་མེད་དུ་འགྱུར་ཏེ། གཞན་དུ་ན་ཡིད་གྱིས་བརྟགས་པའི་རིག་མས་ཀྱང་འདིར་འགྱུར་རོ། །འདིར་མངོན་པར་ཤེས་པ་ཐོབ་ནས་འཕྲིན་ལས་བཞི་ལ་སྦྱོར་ཚུལ་འབྱུང་བ་རོ་སྙོམས་སུ་བཤད་པ་བཞིན་ནོ། །དེ་གསུམ་གང་གིས་སྤྱོད་ཀྱང་ཁྱད་པར་མེད་དེ། སྤྱོད་བསྡུས་སུ་ཤིང་གང་བསྲེགས་ཀྱང་ཐལ་བ་ལ་ཐ་མི་དད་པ་བཞིན་དུ་སྤྱོད་པ་གསུམ་གང་སྤྱད་ཀྱང་འབྲས་བུ་གཅིག་ཏུ་འདུ་བར་བཤད་པ་བཞིན་ནོ། །དཔལ་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས། གྲོལ་བའི་ལམ་དང་པོ་བསྟན་པའི་སྐབས་ཏེ་བཅུ་གསུམ་པའོ།། །། གསུམ་པ་སྦྱང་འབྲས་འཇིག་རྟེན་པའི་དངོས་གྲུབ་བཤད་པ་ནི། འདོད་པས་བསྡུས་པའི་དངོས་གྲུབ་དང་། གཟུགས་ཁམས་ཀྱིས་བསྡུས་པའི་དངོས་གྲུབ་གཉིས། དང་པོ་ལ། ལས་རབ་འབྱམས་དང་། གྲུབ་པ་བཤད་པ་གཉིས། དེ་གཉིས་ཀར་ཇི་སྐད་བཤད་པའི་རྡོ་རྗེ་བཞིའི་བསྐྱེད་ཆོག་གམ་བསྐྱེད་རིམ་རྫོགས་པར་བསྒོམ་པ་གང་གིས་ཀྱང་རུང་མཚན་མ་ཐོབ་པར་བྱས་ནས་བསྒྲུབ་ལ། མཚན་མ་ཡང་རེག་མཐོང་གི་མཚན་མ་ཞེས་བཞག་པ་དེ་ཡིན་ཏེ། ལྷ་ལ་སེམས་ཟིན་པ་བརྟན་པར་གྱུར་པའི་ཚད་ཡིན་པས་སོ། །དེ་ལ་བོགས་འབྱིན་པ་ན། ལྷའི་སྐུ་རགས་པ་དང་ཆེས་ཕྲ་བ་ལ་སྦྱངས་པས་མཐར་སོན་པ་ནི། གཞན་གྱིས་བདག་དེ་ལྟ་བུའི་ལྷར་མཐོང་ལ། རང་གི་འང་ལྷའི་ཚུལ་དེ་ལྟ་བུ་ནམ་འདོད་པ་ན་གཞན་ལ་སྟོན་ནུས་ཏེ། པཎྜྻི་ཏ་དཱ་ན་ཤཱི་ལ་ལ་བྱིས་པ་རྣམས་ཀྱིས་པཎྜྻི་ཏ་ལྷ་དཀར་པོ་སྟོན་དང་ཞེས་བརྗོད་ན། སྐུ་དཔྲལ་བ་ནས་རིམ་པས་དུང་ལྟ་བུར་འགྱུར་རོ། །ཞེས་གྲགས་པ་ལྟ་བུ། ལས་ཀྱང་འགྲེལ་པར་ལས་ཐམས་ཅད་པའི་སྒྲ་ནི་ཞི་བ་ལ་སོགས་པ་དང་། དབང་ལ་སོགས་པའི་ལས་དྲུག་སྟེ་བསད་པ་ལ་སོགས་པ་ཕུར་བུ་གདབ་པ་ལ་སོགས་པ་དྲུག་ནི་མ་ཡིན་ནོ། །ཞེས་གསུངས་པས་ལས་ཆེན་བཅུ་གཉིས་བཤད་པའི་དང་པོ་དྲུག་ནི། ཞི་རྒྱས་དབང་དགུག་དུག་སོགས་ཞི་བ་དང་། སླར་གསོ་བའོ། །དེ་དག་ལ་དགེ་བའི་ལས་ཞེས་བྱའོ། །གཉིས་པ་ནི། བསད་བསྐྲད་རྨོངས་རེངས་ཕུར་བུ་གདབ་པ། དབྱེ་བ་སྟེ་མི་དགེ་བའི་ལས་སོགས་སྒྲས་རིམས་ཀྱིས་གདུང་བ་སོགས་དང་ཐ་ན་ཕན་གནོད་དྲུག་ཅུའི་བར་རྣམ་པར་དབྱེ་བ་ཤིན་ཏུ་མང་བས་ལས་རབ་འབྱམས་ཞེས་བཞག་ལ། བསྡུ་བའི་ཚེ་ལས་བརྒྱད་དུ་གསུངས་ཏེ། ཞི་རྒྱས་བསད་བསྐྲད་དབང་དགུག་རྨོངས་རེངས་སོ། །དེ་དག་ལ་ལྷའི་སྟོབས། སྔགས་ཀྱི་སྟོབས། བསམ་གཏན་གྱི་སྟོབས། འཕྲུལ་འཁོར་གྱི་སྟོབས། སྦྱིན་སྲེག་གི་སྟོབས་ཀྱིས་བསྒྲུབ་པ་གསུངས་པ་ལས། ལྷའི་སྟོབས་ནི་འགྲེལ་པར། འདིར་དཀྱིལ་འཁོར་དུ་གསུངས་པ་ལ་སོགས་པ་དང་། མིའི་བདག་པོ་གཞན་ལྷ་དང་ལྷ་མོ་རྣམས་ཀྱིས་སྒྲུབ་ཐབས་སོ། །སོ་སོ་རུ་དཀྱིལ་འཁོར་འདིར་ནི་དཔའ་བོ་གཅིག་པ་རྣམས་ཀྱི་འགྱུར་ཏེ། རང་གི་རིགས་ཀྱི་དབང་གིས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཀྱི་དབང་གིས་ལས་ཀྱི་དབྱེ་བ་ཐ་དད་རྣམས་ཀྱི་སྒྲུབ་ཐབས་སུ་འགྱུར་ཞེས་དང་། ཡང་། ཞི་བ་ལ་སོགས་དང་དབང་ལ་སོགས་པའི་ལས་ལ་ཕྱག་ཉི་ཤུ་རྩ་བཞི་པ་དང་། བསད་པ་ལ་སོགས་པ་དང་རེངས་པ་ལ་སོགས་པའི་ལས་ལ་ཕྱག་ཉི་ཤུ་རྩ་དྲུག་པའོ་ཞེས། ཞི་དྲག་དེ་གཉིས་ལས་བདག་བྱིན་བརླབ་དང་དཔའ་བོའི་རིམ་པའི་སྒྲུབ་ཐབས་དབྱེ་བ་བཞིན། དང་པོ་དགེ་བ་དང་། གཉིས་པ་མི་དགེ་བའི་ལས་ལ་བསྔགས་ཀྱི། གཞན་གཙོ་བོ་རང་ལ་ཞལ་བཞིའི་དབང་ལས་ལས་བཞི་འགྲུབ་པ་ཡང་གསུངས་སོ། །ཡང་། སྲས་མཆོག་རྒྱལ་བའི་རིགས་ཞེས་པ་ལ་སོགས་པས། རྒྱལ་བ་ཡབ་ཡུམ་བརྒྱད་སེམས་དཔའ་སེམས་མ་རྣམས་ཞི་སོགས། ཁྲོ་བོ་ཕོ་མོ་དབྱེ་བསྐྲད་དགུག་གཞུག་བསད་པ་བཞི། ཙར་ཙི་ཀ་སོགས་བརྒྱད་དབང་དགུག ཁྱི་གདོང་མ་སོགས་བརྒྱད་རེངས་པ་དང་ཕུར་བུ་གདབ་པ་རྨོངས་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལས་ཐམས་ཅད་པ་ལ་བསྔགས་པར་ཡང་བཤད་ཅིང་། དོན་ཁ་དོག་གམ་འབྱུང་བའི་དབྱེ་བས་དཀར་པོ་ཞི་རྒྱས། དམར་པོ་དབང་དགུག ནག་པོ་བསད་སོགས། སེར་པོ་རེངས་པ། ལྗང་སྔོ་ལས་ཐམས་ཅད་པར་ཤེས་པར་བྱ་བ་ཡིན་ནོ། །ལྷ་དང་ལྷ་མོ་ཞེས་སོགས་ཀྱིས་དཀྱིལ་འཁོར་དུ་བཀོད་པ་མ་ཡིན་པ་ལྷ་མིན་གྱི་དབང་པོ་དང་། ཀླུ་དང་མཁའ་ལྡིང་གི་བསྒྲུབ་པ་སོགས་ཀྱི་ལས་བྱ་བ་གསུངས་སོ། །སྔགས་ནི། འབྱུང་བའི་དབྱེ་བས་སོ་སོ་དང་། ཞི་བ་ལ་སྭཱ་ཧཱ་སོགས་མཐར་སྦྱར་བ་དག་གོ །མཆོག་མི་འགྱུར་ལས། འདིར་སྔགས་གཅིག་ཀྱང་བསྒྲུབས་པར་གྱུར་ན་ལས་ཐམས་ཅད་བྱེད་པ་འདི་ནི་དེ་ལྟར་ཚད་མ་མ་ཡིན་ཏེ་གང་གི་ཕྱིར་བྱ་བའི་དབྱེ་བ་ལས་སོ། །འདིར་སྔགས་གཅིག་ལ་ཡང་བྱ་བའི་དབྱེ་བས་དབྱེ་བ་ཡོད་དོ། །དེ་ཡང་དེ་བཞིན་གཤེགས་པས་གསུངས་སོ་སོགས་ཀྱིས་བསྟན་པ་བཞིན་ནོ། །བསམ་གཏན་ནི་གྲུབ་ཆེན་ཨུ་རྒྱན་པས། ཆུ་རླུང་བཞི་སྦྱོར་ཞི་བའི་ལས། །ཞེས་སོགས་བཞིན་ཏེ་དེའི་ལྷ། །དེའི་སྔགས། དེའི་ས་བོན། དེའི་འོད་ཟེར་ཏེ། འགྲེལ་པར། ཟླ་བ་ཞེས་པ་ལ་སོགས་པ་སྟེ། འདིར་སྔར་བརྗོད་པའི་ཡུམ་གྱི་གསང་བ་པདྨར་ཟླ་བའི་ཉི་མའི་དབུས་སུ་ཨཱ་སོགས་ཀཱ་སོགས་དང་། བཅས་པའི་ཆུ་ཡི་ས་བོན་བདག་ཉིད་ཆུ་སྐྱེས་ཏེ་སོགས་དང་། འདིར། ཞི་བ་ལ་བསམ་གཏན་ཞི་བ་དང་། རི་བོང་འཛིན་པ་ལྟར་དཀར་བའི་ལྷ་ཞི་བའི་གཟུགས་བསྒོམ་པར་བྱའོ། །དྲག་པོ་བསད་པ་སོགས་ལ་བསམ་གཏན་དྲག་པོ་དང་ལྷ་ཁ་དོག་ནག་པོའོ། །དབང་ལ་ཆགས་པ་དང་བཅས་པ་དང་ལྷ་ཁ་དོག་དམར་མོ་ཆགས་པའི་གཟུགས་སོ། །རེངས་པ་ལ་བསམ་གཏན་རྨོངས་པ་དང་། ལྷ་ཁ་དོག་སེར་པོ་རེངས་པའི་གཟུགས་སོ། །ཞི་བ་ལ་ཇི་ལྟ་བ་དེ་བཞིན་དུ་རྒྱས་པ་དང་། རིམ་ཉེ་བར་ཞི་བ་དང་། དུག་གཞིལ་བ་ལ་འགྱུར་རོ། །བསད་པ་ལ་ཇི་ལྟ་བ་དེ་བཞིན་དུ་བསྐྲད་པ་དང་། དབྱེ་བ་དང་། རིམ་གཞུག་པ་ཡང་ངོ་། །དབང་ལ་ཇི་ལྟ་བ་དེ་བཞིན་དུ་དགུག་པ་དང་རིམ་སྐྱེད་པ་ཡང་ངོ་། །རེངས་པ་ལ་ཇི་ལྟ་བ་དེ་བཞིན་དུ་རྨོངས་པ་དང་ཕུར་བུས་གདབ་པ་ལ་ཡང་ངོ་། །ཞེས་སོགས་ཀྱིས་གསུངས་པ་རྣམས་སོ། །འཕྲུལ་འཁོར་ནི། དབང་ལེར། འདིར་འཆད་པར་འགྱུར་བའི་འཕྲུལ་འཁོར་ནི་ཞི་བ་དང་རྒྱས་པ་དག་ལ་ནྱ་གྲོ་དྷའི་འདབ་མ་གསར་པ་ལ་ཤྲཱི་ཁཎྜྻ་དང་སཱ་ལིའི་བཏགས་པའི་ཆུ་ཡིས་དུར་བའི་སྨྱུ་གུ་ཡིས་བྲི་བར་བྱ་སྟེ་རྒྱས་པ་ལ་ནི་བིལ་བའི་སྨྱུ་གུས་སོ། །ཞེས་སོགས་ཀྱི་རྒྱུ་དང་བྲི་བྱེད་བཞག་པ་དང་གང་གིས་དཀྲི་བ་གཞན་ནས། ཞི་བ་ལ་འཁོར་ལོའི་ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་གྱིས་བསྐོར་བར་བྱ་སྟེ་ཟླུམ་པོའི་རི་མོ་ཡིས་སོགས་ཀྱིས། རྒྱས་པ་གླང་པོ་ཆེ། བསད་པ་ཡི་དྭགས། བསྐྲད་པ་རྔ་མོ། དབང་རྟ། དགུག་པ་རི་དྭགས། རྨོངས་པ་ར་འམ་ལུག རེངས་པ་རུས་སྦལ་གྱི་ལུས་ལ། ཞི་རྒྱས་དངུལ་གྱི་སྦུ་གུ་ཅན་དུ་གཞུག་པ་སོགས་དང་། དབྱེ་བ་བསྐྲད་པ་བཞིན། ཕུར་བུ་གདབ་པ་རེངས་པ་བཞིན། རིམ་སྐྱེད་པ་དགུག་པ་བཞིན། དུག་གཞོམ་པ་ཞི་བ་བཞིན་དུ་བཤད་དོ། །ཤྲཱི་ཁཎྜྻ་འདིར་ཙན་དན་དཀར་པོར་བུ་སྟོན་གྱིས་སོ། །འཕྲུལ་འཁོར་རང་གི་ངོ་བོ་ནི། བསྒྲུབ་ལེར། དེ་ལ་རིམ་པ་འདི་ཡིན་ཏེ། དང་པོའི་ཟླུམ་སྐོར་ལ་འདབ་མ་བཞིའོ་ཞེས་སོགས་སྔགས་དགོས་པ་དང་བཅས་པས་ལས་དྲུག་དང་། གཤིན་རྗེ་མཐར་བྱེད་ཀྱི་འཕྲུལ་འཁོར་བཅོ་བརྒྱད་གསུངས་པ་འདི་འཇིགས་བྱེད་ཀྱི་རྒྱུད་ནས་གསུངས་བ་དང་གཅིག་པར་འགའ་ཞིག་བཞེད་ཅིང་། འཇམ་དཔལ་གྱི་འཕྲུལ་འཁོར་དང་བཅས་པའོ། །དེ་རྣམས་ཀྱང་བཅས་པ་ཙམ་གྱིས་མི་ཆོག ལྷ་སྔགས་བསམ་གཏན་གྱིས་ལེགས་པར་བསྒྲུབ་དགོས་ཏེ། དང་པོར་བསྙེན་པ་སྔོན་དུ་སོང་བས་ཕྱིས་བསྒྲུབ་པ་དེའི་བསྒྲུབ་པ། བསྒྲུབ་པའི་མཚན་མ་ཐོབ་ནས་ལས་ལ་སྦྱར་དགོས་པས་ན་ལས་ཐམས་ཅད་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་དབྱེ་བ་གསུམ་ཤེས་པར་བྱའོ། །སྦྱིན་སྲེག་གི་སྟོབས་ཀྱིས་བསྒྲུབ་པ་ལ། གང་དུ་བྱ་བའི་གཞི་ལ། ཕྱོགས། ས། དུས། ཐབ། གང་གིས་བྱེད་པ་རྫས་དང་ཚུལ། གང་ལ་འབུལ་བའི་ལྷ། གང་བྱ་བའི་ཆོ་ག་བཤད་པ་བཞི་ལས། དང་པོ་ནི། བསྒྲུབ་ལེར། སྐྱེད་མོས་ཚལ་ལམ་རི་བོ་དག་གི་སྐྱེ་བོ་རི་དྭགས་བྲལ་བར་ཞི་བའི་སྔགས་རྣམས་བསྒྲུབ་པར་བྱ། །དྲག་པོ་རྣམས་ནི་དྲག་པོའི་དུར་ཁྲོད་དུ་སྟེ་ལྷ་མཆོག་གནས་སུ་རེངས་པ་དང་ནི་རྨོངས་པ་ཡང་། །དབང་དང་དགུག་ལ་སྔགས་པས་མཆོག་གི་ས་ལ་བདེ་བ་ཕྱག་རྒྱ་ཀུན་དང་རབ་ཏུ་སྦྱོར་བ་ལ། །གནས་གཞན་དང་ན་སྐྱེ་གནས་གཞན་དུ་མི་རྣམས་ཀྱིས་ནི་སྐྱེ་བ་འབུམ་ཕྲག་གིས་ཀྱང་འགྲུབ་མི་འགྱུར། །ཞེས་པ་རྒྱལ་པོའི་ཁབ་ཀྱི་དབང་ལྡན་ནམ་བྱང་དུ་ཞི་རྒྱས་བྱའོ། །མེར་བསད་པ། ཤར་དུ་དབྱེ་བ། བསྐྲད་པ། བདེན་བྲལ། དབང་། ལྷོར། དགུག་པ། རླུང་དུ། རྨོངས་པ། ནུབ་ཏུ། རེངས་པ་དང་ཕུར་གདབ། གྲོང་གི་དབུས་སུ་ལས་ཐམས་ཅད་པའོ། །རྡུལ་ཚོན་དང་འབྲེལ་བའི་ཚེ་དཀྱིལ་འཁོར་དེའི་བདེན་བྲལ་དུ་དགུག་པ། ནུབ་ཏུ་རྨོངས་པ། རླུང་དུ་རེངས་པ། བྱང་དུ་ཞི་བ། དབང་ལྡན་དུ་རྒྱས་པ། ཤར་དུ་བསད་པ། མེར་དབྱེ་བསྐྲད། དཀྱིལ་འཁོར་བཅའ་སའི་ས་ཡང་ཞི་རྒྱས་ལས་བྲམ་ཟེའི་རིགས་དཀར་པོ་མཆོག་གི་དྲི་དང་ཁ་བསྐའི་རོ་ལྡན། དབང་དགུག་ལ་རྒྱལ་རིགས་དམར་པོ་པདྨའི་དྲི་དང་ཚ་བའི་རོ། རྨོངས་རེངས་ལ་རྗེ་རིགས་སེར་པོ་ལན་ཚའི་དྲི་དང་མངར་བ་དང་། བསད་བསྐྲད་ལ་དམངས་རིགས་ནག་པོ་རུལ་དྲི་ལན་ཚྭ་དང་སྐྱུར་བའི་རོ། ལས་ཐམས་ཅད་པ་མཐར་སྐྱེས་ཀྱི་རིགས་ལྗང་ཁུ་དྲི་རོ་ཐམས་ཅད་དང་ལྡན་པ། གལ་ཏེ་ལས་མཐུན་པ་རྙེད་ན་ལས་མཐུན་གྱི་གཞན་ནས་བརྐོས་ཏེ་བཀང་། ས་དཀར་པོ་ལ་ཙན་དན་དཀར་པོའི་ཆུས་བྲན་ཁ་བསྐའི་རོ། །ཞི་བ་ལ་ཤེལ། རྒྱས་པ་ལ་དུང་། རིམས་འཕྲོག་པ་སྲེག་པ་ལ་མུ་ཏིག་གི་གཏེར་གཞུག དེ་བཞིན་རིམ་པ་བཞིན་དུ་པདྨའི་ཆུ། ཙན་དན་དམར་པོའི་ཆུ། ཚ་བ་གསུམ་སྟེ་དབང་ལ་གོ་རོ་ཙ་ན། དགུག་པ་ལ་མཚལ། བོང་བུ་དང་རྟ་མིའི་གཅིན་ལུག་གི་རྭ། རེངས་པ་ལ་བ་བླ། རྨོངས་པ་ལ་སྦྲུལ། རུལ་པའི་ཆུ། ལན་སྐྱུར་གྱི་རོ་བསྲེ། བསད་པ་ལ་མི་རུས། བསྐྲད་པ་ལ་བྱ་རོག་གི་མཇུག་སྒྲོ། སྡང་བ་ལ་བོང་བུའི་རུས་པ། བསྐྱོད་པ་ལ་ལྡོང་རོས་ཀྱི་གཏེར་གཞུག ལས་ཐམས་ཅད་པ་ལ་རུང་བའི་དྲི་རོ་ཐམས་ཅད་དང་སྙིང་པོར་རིན་པོ་ཆེ་ལྔའི་གཏེར་བཞག་གོ །དུས་རྩིས་འབྲས་ལས་གསལ་མོད་ཀྱང་སྤྱིར་དགེ་བའི་ལས་ལ་ཡར་ངོ་། །མི་དགེ་བའི་ལས་ལ་མར་ངོ་བཟང་། ཀརྐ་ཊའི་ཁྱིམ་ན་ཟླ་བ་ཡོད་པ་དང་། སེང་གེའི་ཁྱིམ་ན་ཉི་མ་ཡོད་པའི་དུས་སྦྱོར་ལ་ཞི་བ། འཁྲིག་པ་བུ་མོ་གཟའ་ལག་ཡོད་པ་ལ་རྒྱས་པ། གླང་སྲང་པ་སངས་ཡོད་པར་དབང་། ལུག་སྡིག་མིག་དམར་ཡོད་པར་དགུག གཞུ་ཉ་ཕུར་བུ་ཡོད་པར་བསྐྲད་པ། ཆུ་སྲིན་བུམ་པར་སྤེན་པ་ཡོད་པར་བསད་པ་མི་བྱ། ཁྱད་པར་འཆར་བ་དང་བདུན་པའི་དུས་སྦྱོར་ལ་མིག་དམར་སྤེན་པ་དུས་མེ་ཡོད་པ་ཞི་རྒྱས་ལ་སྤངས་སྟེ། འཆི་བའི་འཇིགས་པ་བྱེད་པའི་ཕྱིར་རོ། །དེ་བསད་བསྐྲད་ལ་ཤིས། ཞི་རྒྱས་ཉིན་གུང་ནམ་གུང་སྤང་། དགུག་པ་བཟང་། ཡང་གཙོ་བོའི་ཞལ་དཀར་པོ་ཉི་མ་འཆར་བའི་ཐུན་མཚམས་ལ་རྒྱུ་བའི་ཕྱིར་ཐུན་དང་པོ་ལ་ཞི་བ། གཉིས་པ་ལ་ཞལ་དཀར་སེར་རྒྱས་པ། གསུམ་པ་སེར་པོ་རེངས་པ། བཞི་པ་སེར་དམར་རྨོངས་པ། ལྔ་པ་དམར་པོ་དགུག་པ། དྲུག་པ་དམར་ནག་དབང་། བདུན་པ་ནག་པོ་བསད་པ། བརྒྱད་པ་ནག་དཀར་བསྐྲད་པ། དེ་ལྟར་ཐུན་ཚོད་འཁོར་བའི་དབང་གིས། ཉིན་མོའི་མཐུན་ཕྱེད་མཚན་མོ་ཐུན་ཕྱེད་བརྒྱད། ཐུན་མཚམས་བཞིའི་དབྱེ་བས་སྔ་དྲོ་ཞི་བ། གུང་ལ་རེངས་པ། ཉི་ནུབ་དགུག་པ། མཚན་ཕྱེད་བསད་པ། ཐབས་ནི་ཞི་བ་ལ་ཟླུམ་པོ་ཁྲུ་གང་བ། རྒྱས་པ་ལ་ཁྲུ་བཞི་ཁྲུ་གཉིས་པ། བསད་པ་ལ་གཞུའི་རྣམ་པ་སྟེ་ཞི་བའི་དབུས་ནས་བཅད་པ་ལྟ་བུ་ཁྲུ་ཕྱེད་པ། དབྱེ་བ་ལ་ཟུར་ལྔ་པ་ཁྲུ་གང་བ། དབང་ལ་ཟུར་གསུམ་པ་ཁྲུ་གང་བ། དགུག་པ་ལ་ཟུར་བདུན་པ་སོར་བཞི་བཅུ་པ། རྨོངས་པ་ལ་ཟུར་དྲུག་པ་སོར་སུམ་ཅུ་པ། རེངས་པ་ལ་ཟུར་བརྒྱད་པ་སོར་དྲུག་ཅུ་པ་སྟེ། ཐབ་རྣམས་ཀྱི་རྣ་བ་ནས་རྣ་བའི་ཐད་ཀའི་ངེས་པའོ་ཞེས་གསུངས་ལ། ཟུར་གསུམ་པ་ནི་རྣ་བ་ནས་རྣ་བ་ལ་ཁྲུ་གང་དང་། རྣ་བ་ནས་དབུ་མའི་ཆར་སོར་མོ་ཉི་ཤུ་ན་སྙིང་པོའི་པདྨའོ། །ཞེས་དང་། །གཞུའི་རྣམ་པ་ནི་ཞི་བའི་ཐབ་དབུས་ནས་བཅད་པ་སྟེ། དབུས་སུ་པདྨ་སོར་བཅུ་གཉིས་པའོ། །ཞེས་པ་གཉིས་ལ་དམིགས་བསལ་གསུངས་པའི་ཕྱིར་དེ་གཉིས་ལ་རྣ་བ་ནས་རྣ་བའི་བར་ཚད་མི་མཉམ། གཞན་ཐམས་ཅད་ལ་པདྨའི་རྒྱ་ཚད་དང་རྣ་བ་ནས་རྣ་བ་མཚུངས་པར་བཤད་དོ། །ཟུར་ལྔ་པ་དང་བདུན་པ་ལ་ཡང་ཟུར་གསུམ་པ་བཞིན་དུ་ཅུང་ཟད་དགུར་པོར་བྱའོ། །དེ་ལ་ཐབ་ཐམས་ཅད་ལ་རང་རང་གི་པདྨའི་ཕྱེད་ཀྱི་ཟབས་དང་། པདྨའི་བཅུ་གཉིས་ཆ་ནི་ཆུ་སྟེ། དེའང་ཕྱེད་ཐད་ཀར་བསྐྱེད་པ་དང་ཕྱེད་སྟེང་དུ་ཡང་ངོ་། །དེའི་ཕྱེད་ཀྱི་ཚད་ཀྱི་རེ་ཁའི་དཀྱིལ་འཁོར་ཏེ། དེའི་ཕྱེད་ཕྱིར་བསྐྱེད་པ་དང་ཕྱེད་སྟེང་དུ་ཡང་ངོ་། །པདྨའི་དྲུག་ཆ་ནི་ཁ་ཁྱེར་ཏེ། ཆ་ལྔར་བགོས་པའི་མདུན་རྒྱབ་ཀྱི་ཆ་གཉིས་དོར་བའི་བར་གྱི་ཆ་གསུམ་ལ་རང་རང་གི་མཚན་མའི་འཕྲེང་བའོ། །ཐབ་ཆེ་ཆུང་ཐམས་ཅད་ལ་ཐབ་ཁུང་ནས་ཁྲུ་དོ་སྤངས་པར་རབ་གསུམ་གྱི་སའི་ཐིག་གོ །དེ་ལ་ཞི་བ་ལ་བྱང་ཕྱོགས་སུ་ར་བའི་ཚད་ཀྱི་བརྒྱད་ཆའི་སྒོ། དཀྱིལ་འཁོར་གྱི་སྒོ་བཞིན་དུ་རྟ་བབས་དང་བཅས་པའོ། །དེ་ཐམས་ཅད་ནང་པདྨ་འདབ་བརྒྱད་དུ་མཐུན། ཞི་ཐབ་ཟླ་བའི་རང་བཞིན་ཉི་མས་མཚན་པ་དང་། རྒྱས་པ་ཉི་མ་ཟླ་བས། བསད་པ་སྒྲ་གཅན་དུས་མེས། །བསྐྲད་པ་རླུང་མེའི་རང་བཞིན་རལ་གྲི། ཟུར་གསུམ་པ་དུས་མེའི་རང་བཞིན་མདའ། རྨོངས་པ་སྒྲ་གཅན། དགུག་པ་མེའི་རང་བཞིན་ལྕགས་ཀྱུ། ཟུར་དྲུག་པ་སྒྲ་གཅན་དང་ས་སྦྲུལ་གྱིས་རྨོངས་རེངས་ལྟ་བུ་བཤད་པས་གཉིས་ཁ་སྦྱར་པས་གཉིས་ཀའི་མཚན་མས་མཚན་པ། འདི་ནི་ཟླ་བ་དང་རི་བོང་བཞིན། དེས་མཚོན་འབྱུང་བའི་མཚན་མའང་དེ་ལྟར་བསྒོམ་པར་བྱའོ། །བྲི་བྱ་པད་འདབ་ཀྱི་ཤར་དུ་རལ་གྲི། ལྷོར་རིན་པོ་ཆེ། བྱང་དུ་པདྨ། ནུབ་ཏུ་འཁོར་ལོ། མེར་གྲི་གུག བདེན་བྲལ་དུ་རྡོ་རྗེ་ལྕགས་ཀྱུ། རླུང་དུ་རྡོ་རྗེ་ཞགས་པ། དབང་ལྡན་དུ་རྩེ་གསུམ། ལྟེ་བ་དང་། ཁ་ཁྱེར་གྱི་རང་གི་ས་བོན། ཞི་བ་པད་དཀར། རྒྱས་པ་འཁོར་ལོ། བསད་པ་ལ་གྲི་གུག བསྐྲད་པ་ལ་རལ་གྲི། དབང་ལ་མདའ། དགུག་པ་ལ་རྡོ་རྗེ་ལྕགས་ཀྱུ། རྨོངས་པ་ལ་སྦྲུལ། རེངས་པ་ལ་རྡོ་རྗེ་ལྕགས་སྒྲོག ཡང་ན་དབུས་བསྒྲུབ་ལེར། ལས་ཐམས་ཅད་ལ་རྡོ་རྗེ་ཞེས་གསུངས་པ་རྡོ་རྗེ་ལས་མཐུན་གྱི་མདོག་ཅན་གྱིས་ཀྱང་ངོ་། །ཁ་ཁྱེར་གྱི་འོག་གི་ཐད་དུ་ཞི་རྒྱས་ལ་པདྨའི་འདབ་མ་དཀར་པོ་ཕྱི་རོལ་ཏུ་དུར་བ། བསད་པ་ལ་ལག་མཐིལ་སོར་མོ་དང་བཅས་པ་ཕྱི་རོལ་ཏུ་མི་སྐྲ། བསྐྲད་དབྱེ་བྱ་རོག་གི་མཇུག་སྒྲོ། ཕྱིར་འབྱུང་པོའི་ཤིང་གི་འདབ་མ། དབང་དགུག་པདྨ་དམར་པོ་ཕྱིར་མེ་ཏོག་དམར་པོ། རྨོངས་རེངས་ལ་ཨརྐ་སེར་པོ་འདབ་མ་ཕྱི་རོལ་ཏུ་མེ་ཏོག་སེར་པོ་ལས་ཐམས་ཅད་པ་ལས་མཐུན། ཞི་བ་ལས་ཐམས་ཅད་པ་ནི་ཐུགས་དཀྱིལ་ཁྲུ་དོ་མ་དང་རྣམ་དག་མཚུངས། རྒྱར་ཡེ་ཤེས་འཁོར་ལོ་དང་ཚད་མཉམ་པ་ཁྲུ་གང་བ་ལ་དེའི་ཕྱེད་རྩ་བའི་པདྨ་སོར་བཅུ་གཉིས། དེའི་ཕྱི་རོལ་ཏུ་སོར་གཅིག་རྡོར་འཕྲེང་ནང་མ། དེའི་ཕྱི་རུ་བདེ་གཤེགས་འཕར་མ་སོར་བཞི། བུམ་གནས་ལ་སོར་གསུམ། ཀ་བ་རྣམས་ལ་སོར་རེ། རྡོར་འཕྲེང་ཕྱི་མ་སོར་གཅིག་ཟླུམ་པོ། དེའི་ནང་ལོགས་ལ་རྩ་བ་ནས་སོར་བདུན། དཔངས་བར་སྣམ་བུ་སོར་བཞིའོ། །དེ་ནས་སོར་གཅིག་གི་སྟེང་དུ་ར་བའི་ཚད་ཀྱི་སོར་ཕྱེད་དང་གཉིས་ཆུའི་ཐད་ཀའི་ཆ་ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་སོར་ཕྱེད་དང་གཉིས་སྟེང་དུ་དཔངས་སོ། །དེའི་ཕྱི་རོལ་གྱི་སྟེང་དུ་ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་ཀྱིས་རེ་ཁཱའི་དཀྱིལ་འཁོར་ཏེ། དེའི་ཕྱེད་ཕྱིར་འབྱུང་བ་དང་ཕྱེད་ཁ་ཁྱེར་གྱི་དཔངས་སོ། །དེའི་ཕྱི་རོལ་གྱི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དང་། དོ་ཤལ་དང་དོ་ཤལ་ཕྱེད་པའི་ས་དང་། བ་ཀུ་ལཱི་ཀྲ་མ་ཤྲཱིརྵའི་ས་རྣམ་པར་དག་པའི་ཁ་ཁྱེར་ལ་སོར་ཕྱེད་དང་བརྒྱད་དོ། །ཁ་ཁྱེར་ཆ་ལྔར་བགོས་པའི་ནང་དང་ཕྱིར་ཆ་རེ་བོར་བའི་བར་གྱི་གསུམ་ལ་མཚན་མའི་འཕྲེང་བའི་སའོ། །རྒྱས་པ་ལས་ཐམས་ཅད་པ་ནི་ཐུགས་དཀྱིལ་གྲུ་བཞི་པ་དང་རྣམ་དག་མཚུངས་པ་སྟེ། ཞི་བ་ལས་ཐམས་ཅད་པའི་ཐབ་དེ་ཉིས་འགྱུར་དུ་བསྒྲེས་པའི་གྲུ་བཞིས་ཤེས་པར་བྱ། གཉིས་ཀ་ལའང་ཐབ་ཁུང་ལས་ཁྲུ་དོ་སྤངས་པར་ར་བ་གསུམ་གྱིས་དང་ནུབ་ཀྱི་ཕྱོགས་སུ་ར་བའི་བརྒྱད་ཆའི་ཚད་ཀྱི་སྒོ་དཀྱིལ་འཁོར་བཞིན་དུ་རྟ་བབས་དང་བཅས་པའོ། །གཉིས་པ་གང་གིས་བྱེད་པ་རྫས་དང་ཚུལ་ནི་གཉིས་ཏེ། རྫས་ལ། མཆོད་རྫས་སྲེག་རྫས་སོ། །དང་པོ་ནི་ཞི་རྒྱས་ལ་དྲི་ཞིམ་པོའི་མེ་ཏོག་དཀར་པོ། བསད་བསྐྲད་དབྱེ་ལ་ཚ་བ་དང་བཅས་པའི་ནག་པོ་ཚེར་མ་ཅན། དབང་དགུག་ལ་དམར་པོ། རྨོངས་རེངས་ལ་སེར་པོ། རིམ་པ་དེ་བཞིན་སྤོས་ཞི་རྒྱས་ལ་བསིལ་བའི་སྤོས་ཏེ་ཨ་ཀ་རུ་དང་སི་ག་པུར་སྦྲང་རྩི་དང་ཤ་ཀ་ལ་སོགས་དང་བཅས་པ། བཤང་བ་དང་ཤ་ཁྲག གུ་གུལ་དང་རྒྱ་སྐྱེགས་ས་རྫ་ར་ས་དང་ཀུན་དུ་རུ་དང་ཤི་པཱ་ས་བུ་རམ་སྦྱར་བ་དྲག་པོའི་སྤོས། ཨ་རུ་རའི་ཕྱེ་མ་བུ་རམ་དང་བཅས་པ་བསྐ་བའི་སྤོས། དེ་བཞིན་ཞི་བར་འོ་མ། ཟན། རྒྱས་པར་ཞོ་དང་ཟན། བསད་པ་ལ་མཆིན་པ། བསྐྲད་པ་ལ་ཤ དབང་ལ་མར་དང་ཟན། དགུག་པ་ལ་ཏིལ་གྱི་འབྲུ་མར་དང་ཟན། རྨོངས་པ་ལ་སྲན་ཆུང་མཱུུ་དང་བསྲེས་པའི་ཟན། རེངས་པ་ལ་ཙ་ན་ཀ་དང་ཉ་དང་ཟན་ནོ། །བྱུག་པ་ཙན་དན་ཁྲག་དང་སེལ་བ། གུར་གུམ་གོ་རོ་ཙ་ན་འམ་ཙན་དན་དམར་པོ། ཡུང་བ་དང་བ་བླ། མར་མེ་མར་གྱི་མར་མེ། མིའི་ཞག ཏིལ་གྱི་འབྲུ་མར། ཟར་མ་དང་བསེ་ཤིང་གི་འབྲུ་མར། འབྲས་སཱ་ལི་མ་ཆག་པ། སྐེ་ཚེ། ཡུངས་ཀར། སྲན་ཆུང་ངམ་འབྲུ་གཞན། གོས་དཀར་ནག་དམར་སེར། ལས་ཐམས་ཅད་པ་ལ་ལྗང་ཁུའོ། །སྣོད་ཞི་བ་ལ་ཤེལ། རྒྱས་པ་ལ་དངུལ། བསད་པ་ལ་ཐོད་པ། བསྐྲད་པ་ལ་ལྕགས། དབང་ལ་གསེར། དགུག་པ་ལ་ཟངས། རྨོངས་པ་ལ་ས། ཐམས་ཅད་སོར་བཅུ་གཉིས་པ་པདྨ་འདབ་བརྒྱད་པའི་བདག་ཉིད་ལྟེ་བ་ལ་སོར་བཞིའོ། །ཁྱད་པར་མཆོད་ཡོན་ཞི་བ་འོ་མ། རྒྱས་པ་ཞོ། དྲག་པོ་ཁྲག་དང་ཀོ་ཏ་པ་དང་བ་ལང་གི་ལྕི་བ་དང་བཅས་པའི་ཆུ། དྲི་ང་བ་དང་ལྡན་པའི་མེ་ཏོག་ནག་པོ་དང་བཅས་པ་ཞལ་བསིལ་ཞབས་བསིལ་བཟེད་ཞལ་གསུམ་མན་འཇིའི་སྟེང་དུ་བཞག མཆོད་ཡོན་གྱི་ནང་དུ་ཀུ་ཤའི་ཆུན་པོ། རྡོར་དྲིལ་སོགས་རོལ་མོ། སྲེག་རྫས་ལ། ཞི་རྒྱས་ལ་འོ་མ་ཅན་གྱི་ཤིང་། བསད་པ་ལ་མི་རུས་མཐེའུ་ཆུང་གི་སོར་མོའི་དབྱིབས་སུ་བྱས། དབྱེ་བསྐྲད་ལ་བྱ་རོག་གི་མཇུག་སྒྲོ། དབང་ལ་སེང་ལྡིང་། དགུག་པར་པ་ལཱ་ཤ རྨོངས་པ་སྨྱོ་བྱེད་ཀྱི་ཤིང་། རེངས་པ་བིལ་བའི་ཤིང་། ཐམས་ཅད་ཁྲུ་ཕྱེད་པ། གྲངས་ལྔ་བརྒྱ་བཞི་བཅུ། འཇིག་རྟེན་པ་ལ་འབུལ་རྒྱུ་ལོགས་སུ་བགྲང་དགོས། རྫས་གཞན། སྒྲུབ་ལེར། ཞི་བ་ལ་བའི་འོ་མ་དང་དཱུར་བའི་སྦྱིན་སྲེག་གོ །རྒྱས་པ་ལ་འབྲུ་ལྔ་ཡིས་སོ། །བསད་པ་ལ་ཁྲག་གིས་ཏེ་ཤ་དང་དུག་དང་ལྷན་ཅིག་གོ །བསྐྲད་པ་དང་དབྱེ་བ་ལ་མིའི་ཞག་གིས་ཏེ་སྐེ་ཚེ་དང་ལན་ཚྭ་དག་དང་ལྷན་ཅིག་གོ །དབང་ལ་རྡུལ་གྱིས་ཏེ་ཀ་ར་ཝཱི་རའི་མེ་ཏོག་དམར་པོ་ལ་སོགས་པ་དང་ལྷན་ཅིག་གོ །དགུག་པ་ལ་གཅིན་གྱིས་ཏེ་བིལ་བའི་འདབ་མ་འམ་དེའི་འབྲས་བུ་དང་ལྷན་ཅིག་གོ །རེངས་པ་ལ་མཆིལ་མས་ཏེ་རྙིངས་པའི་འཕྲེང་བ་དང་ལྷན་ཅིག་གོ །རྨོངས་པ་ལ་ཆང་གིས་ཏེ་དྷ་དུ་རའི་མེ་ཏོག་དང་ལྷན་ཅིག་གོ །ཞེས་གསུང་ལ། ནང་ལེར། ཞི་བ་ལ་སོ་བ་ཏིལ་སོགས་སྒྲས་ཡུངས་ཀར་ནས་གྲོའི་བར་དུ་བཤད་པར་དུས་ཞབས་པ་བཞེད། མར་ཁུ་ནི་བླུགས་པའི་དོན་དུ་མེད་མི་རུང་། དེ་ཡང་དགེ་ལས་ལ་མར་དང་། མི་དགེ་བ་ལ་མར་ནག འབྲུ་ལྔ་ནི་འཕྲེང་བར། ཏིལ་ནས་མོན་སྲན་འབྲས་སོ་བ་གྲོ་ལྔའོ། །རྫས་འགྲེལ་པས་གང་གསུངས་ཙམ་ཚད་མ་སྟེ། གཞན་གྱི་རྒྱས་འགེབས་མི་དགོས་སོ་ཞེས་ནགས་ཀྱི་རིན་པོ་ཆེ་གསུང་། བུ་སྟོན་རྡོ་རྗེ་མཁའ་འགྲོ་སོགས་ཀྱིས་ཁ་འགེངས་པར་མཛད། སྣོད་ནི་དགང་གཟར་བླུགས་གཟར་ཡིན་པས། འགྲེལ་བར། འདིར་ཡུར་བའི་རྩེ་མོར་ཏེ་སོགས་ཀྱིས། གསུངས་པ་བཞིན་ནོ། །གཞན་སློབ་དཔོན་གྱི་ན་བཟའང་ལས་མཐུན་དགོས་པར་བཤད་དོ། །བྱ་བའི་ཚུལ་ནི། ཞི་བ་ལ་གཤིན་རྗེར། རྒྱས་པ་བདེན་བྲལ། བསད་པ་ལ་ཆུ་རུ། བསྐྲད་དབྱེ་རླུང་དུ། དབང་ལ་གདོན་སྦྱིན། དགུག་པ་ལ་དབང་ལྡན། རྨོངས་པ་ལ་ཤར། རེངས་པ་ལ་མེའི་ཟུར་དུ་སློབ་དཔོན་གྱི་གདན་བྱ་བར་གསུངས་ཏེ་ར་བའི་ཕྱིར་སྒོའི་ནང་དུའོ། །དབྱིབས་རྒྱ་ཁྱོན་ཐབ་དང་མཐུན་ལ། མཚན་མའང་འདྲའོ། །དེ་ཡང་། ཞི་བ་ལ་ལྷ་ཞལ་བྱང་བསྟན་དང་སློབ་དཔོན་ཁ་ལྷོར་བསྟན་ལུས་བསམ་ཡིན་པ་བཞིན། གཞན་ལ་འང་འདྲ་བར་བུ་གསུང་། ཞི་བ་ལ་སྒོ་བྱང་བསྟན་སློབ་དཔོན་ལྷོར་བཤད་པས་ལྷག་མ་ལ་རིགས་འགྲེ་བར་བསྟན་ནོ། །གཞན་དང་མི་མཐུན་པ་འདིར་མཆོད་རྫས་གཡོན་དང་། སྲེག་རྫས་གཡས་སུ་བྱ་བ་ནི་ཐམས་ཅད་ལ་ཁྱད་པར་མེད། ས་བསླང་བ་དང་། དཀྱིལ་འཁོར་ལས་ཁྲུ་དོའི་རྒྱར་ཐིག་གདབ་པ་དང་། ཚོན་བྱིན་བརླབ་རྣམས་དཀྱིལ་ཆོག་བཞིན། བརྩིགས་ཐབ་ཏུ་བྱེད་ན། ཞི་རྒྱས་འོ་མ་ཅན་ནམ། སེང་ལྡེང་ངམ། དམར་པོའི་ཤིང་། བསད་པ་ཚེར་མ་ཅན་རེངས་པ་བསྐ་བའི་ཤིང་། ལས་ཐམས་ཅད་པ་ལ་ཙན་དན་དང་། ཨ་ཀ་རུ་དང་། ཐང་ཤིང་ལ་སོགས་པ་དྲི་བཟང་པོའི་ཤིང་རྣམས་འོ་མ་ཅན་གྱི་ཚད་དང་དབྱིབས་ལས་མཐུན་དམ་པོར་རྩིག་པའོ། །དེ་ནས་རྡུལ་ཚོན་ལ་འགོད་པའི་ཉེས་པ་སྤང་བའི་ཕྱིར་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་རྐང་པ་ལ་རེག་ནས་རྡོ་རྗེ་ཤུགས་ཀྱི་སྔགས་རྒྱས་རི་མོ་བཏེག་པར་མོས་ཏེ་སྒོ་ངོས་ནས་ཞུགས་ཐབ་ལ་གཡས་སྐོར་གྱིས་གདན་ལ། ཞི་བ་ལ་སྐྱིལ་ཀྲུང་། རྒྱས་པ་ལ་རྡོ་རྗེའི་གདན། བསད་པ་ལ་ལྷ་མིན་གྱི་གདན། བསྐྲད་དབྱེ་བ་ལ་ཙོག་པུ་གཉིས་རིམ་པ་བཞིན། དབང་དགུག་ལ་སྐྱིལ་ཀྲུང་ཕྱེད་པ་གཉིས་རིམ་པ་བཞིན། རྨོངས་རེངས་བཤང་ལམ་ལ་གནས་པ་གཉིས་རིམ་པ་བཞིན་འདུག་སྨྲ་བ་བཅད། མེ་ཞི་རྒྱས་བྲམ་ཟེའི་ཁྱིམ། བསད་པ་དམངས་རིགས་སམ་གདོལ་པ། དབང་རྒྱལ་རིགས། རེངས་པ་སོགས་རྗེ་རིགས་ཀྱི་ཁྱིམ་ནས་བླང་ངོ་། །ཀུ་ཤ་ཐབ་ཀྱི་ཕྱི་ངོས་སུ་རྩེ་རང་གི་གཡས་ངོས་སུ་བསྟན་ཏེ་དགྲམ། དགང་བླུགས་འཛིན་ཚུལ། དགེ་བའི་ལས་ལ་ལག་པ་གཉིས་པུས་མོའི་ནང་དུ་བྱས་ནས་ཕྱིར་མི་འདའ་བ་དང་། མི་དགེ་བ་ལ་པུས་མོའི་ཕྱིར་བྱས་ནས་ནང་དུ་མི་འདའ་བའི་ཚུལ་གྱིས་དང་པོ་ལ་གཡོན་དགང་གཟར། གཡས་བླུགས་གཟར། གཉིས་པ་ལ་དེ་གོ་བཟློག་པའོ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་གཤིབས་ཏེ་སྟེང་ནས་བཀབ་པའི་ཚུལ་དུ་བཞག་པ་ནི་དེ་བཞིན་གཤེགས་པའི་དམ་ཚིག་གི་ཁུ་ཚུར་ཡིན་ལ། དེ་གཉིས་སུ་བྱས་པ་ནི་དེ་བཞིན་གཤེགས་པའི་ཁུ་ཚུར། དེ་ལས་གཡོན་པའི་མཛུབ་མོ་བསྒྲེང་པ་གཡས་པའི་ནང་དུ་བཟུང་བ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཡིན་པ་ལ། འདིར་དགང་བླུགས་འཛིན་པ་ན་གཡོན་པའི་མཛུབ་མོ་གཡས་པའི་ནང་དུ་གཟུང་ས་མེད་ཀྱིས། གཡོན་པའི་མཛུབ་མོ་བསྒྲེང་བས་དགང་གཟར་བཟུང་བའི་མཛུབ་མོ་ཐད་ཀར་གཡས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་བླུགས་གཟར་བཟུང་བའི་ཁུ་ཚུར་བཞག་པའོ། །འདི་ལ་མཐེའུ་ཆུང་ནང་དུ་མི་ཡོང་བ་གཅེས་ཏེ། སོང་ན་ཁྲོ་བོའི་ཁུ་ཚུར་དང་རྡོ་རྗེ་ཁུ་ཚུར་དུ་འགྱུར་བའི་ཕྱིར་རོ། །རིན་ཆེན་ཁུ་ཚུར་ནི་དཔལ་མཆོག་ལས། རྡོ་རྗེ་བསྡམས་པའི་མཛུབ་མོ་བཀུག་པའི་སོར་མོ་བསྡམས་པའི་ནོར་བུ་མཐེ་བོང་རྡོ་རྗེ་བཀག་པ་རྡོ་རྗེ་ནོར་བུའོ། །དེ་གཉིས་སུ་བྱས་ན་རིན་པོ་ཆེའི་ཁུ་ཚུར་ཞེས་པ་ལྟར་རོ། །པདྨའི་ཁུ་ཚུར་ནི་དེར། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་ལ་མཐེ་བོང་མཉམ་པར་བརྐྱང་ལ། དབུས་མ་གཉིས་ཕྱི་རོལ་ཏུ་གཤིབས་པ་དང་བཅས་པ་བཞག་པ་སྟེ་གཉིས་སུ་བྱས་པ་པདྨའི་ཁུ་ཚུར་རོ། །ཁྲོ་བོའི་ཁུར་ཚུར་ནི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གདེངས་པའི་སྡིགས་མཛུབ་བོ། །དེ་ཡང་བླུགས་གཟར་གྱིས་སྦྱིན་སྲེག་གི་རྫས་ཐམས་ཅད། དགང་གཟར་གྱིས་སྲེག་བླུགས་དབུལ་བར་བྱེད་པ། དེ་མེད་ན་རང་གི་ལག་པ་མཆོག་སྦྱིན་གྱི་མཐེ་བོང་གིས་མེའི་ཞལ་དུ་ཐམས་ཅད་སྦྱིན་སྲེག་བྱའོ་ཞེས་པས། ལག་པ་གཡོན་གན་རྐྱལ་བའི་ཁར་སྲེག་རྫས་བཞག གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་ནི་མཐེ་བོས་སྲེག་རྫས་བསྐྱོད་ནས་འབུལ་ལོ། །གསུམ་པ་གང་ལ་དབུལ་བའི་ལྷ་ནི། འདིར་མེ་རྣམ་པ་གསུམ་སྟེ། ལྷོའི་མེ་དང་། ཁྱིམ་བདག་གི་མེ་དང་། མཆོད་སྦྱིན་གྱི་མེའོ། །ལྷོའི་མེ་ནི་འདིར་གློག་གོ །ཁྱིམ་བདག་གི་མེ་ནི་ཉི་མའོ། །མཆོད་སྦྱིན་གྱི་མེ་ནི་ཤ་ཟ་སྟེ་བདེན་པ་བཞི་པ་ཡེ་ཤེས་ཀྱི་མེ་ཀུན་ཏུ་དགའ་བའི་ཆོས་སོ། །དེའི་ཕྱིར་དེའི་དོན་དུ་ཐམས་ཅད་ཉིད་སྦྱིན་སྲེག་བྱེད་དོ་ཞེས་པས་འདས་མ་འདས་ཀྱི་ལྷ་གཉིས་ཀ་མཆོད་སྦྱིན་གྱི་མེར་བཞག་པའི་འཇིག་རྟེན་པ། དེ་ཉིད་དུ། ཉི་མ་དེ་ཉིད་གཟའ་བདུན་གྱི་བདག་པོ་རྟ་བདུན་པའི་ཤིང་རྟ་ཅན་གཟའི་དབྱེ་བས་ལྕེ་བདུན་པ་སྟེ། ཞི་བ་ལ་ཟླ་བའི་ལྕེའོ། །རྒྱས་པ་ལ་ཉི་མའི་ལྕེའོ། །བསད་པ་དང་། བསྐྲད་པ་དང་། དབྱེ་བ་ལ་སྤེན་པའི་ལྕེའོ། །དབང་ལ་པ་སངས་ཀྱི་ལྕེའོ། །དགུག་པ་ལ་ཕུར་བུའི་ལྕེའོ། །རྨོངས་པ་ལ་གཟའ་ལག་གི་ལྕེའོ། །རེངས་པ་ལ་བཀྲ་ཤིས་ཀྱི་ལྕེའོ། །དེ་བཞིན་དུ་གཟའ་སོ་སོ་རྣམ་པར་དག་པས་སོ་སོར་རེ་རེ་ལ་ཞལ་གཅིག་པའོ། །ཉིན་མོ་དང་མཚན་མོ་རྣམ་པར་དག་པས་ཞབས་གཉིས་པའོ། །ཐུན་མཚམས་བཞི་དག་པས་ཕྱག་བཞི་པའོ་ཞེས་སྤྱིར་བཏང་ནས། དམིགས་བསལ་བསད་དབྱེ་ལ་ཕྱག་གཉིས་པ་དང་། སྤེན་པ་ལ་སྔ་མ་ཕྱེད་དང་ཕྱི་མ་ཕྱེད་དེ་དུ་བར་འདོད་པ་དང་། ཡང་། ལས་ཐམས་ཅད་པ་ལ་སྒྲ་གཅན་དང་དུས་མེ་རྣམ་པར་དག་པ་གསུངས་ལ། ཡང་། འཇིག་རྟེན་འདས་པ་དེ་ཉིད་དུ་འདོད་པའི་མེ། མཆོད་སྦྱིན་གྱི་མེ་ནི་རང་གི་ལྷ་སྟེ་གཟའ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་མེ་ཞེས་བྱ་བ་ཞེས་སོ། །འཇིག་རྟེན་པའི་མེ་ལྷ་དང་། ལས་དུས་དཔའ་བོ་གཅིག་པ་ལས་ཀྱི་མདོག་ཅན་བསྙེན་པའི་ཁ་སྐོང་ལ་གཙོ་འཁོར་རྒྱས་པ་དངོས་གྲུབ་སྒྲུབ་པའི་སྦྱིན་སྲེག་ཡོད་དོ། །བཞི་པ་ཆོ་ག་གང་གིས་སྦྱིན་སྲེག་བྱ་བ་ནི། མདུན་བསྐྱེད་དང་འབྲེལ་ན་ཕྱི་རོལ་གཏོར་མ་བཏང་ཟིན་མ་ཐག་སྦྱིན་སྲེག་ལ་འཇུག མ་འབྲེལ་ན་ཆས་སུ་ཞུགས་ཏེ་སྲུང་འཁོར་ནས་བརྩམས་ཞལ་གྱི་དབྱེ་བའི་དཔའ་བོ་གཅིག་གམ། དཀྱིལ་འཁོར་རྒྱས་པ་གང་རུང་སྒོམས་ལ་བཟླས་པ་བྱས་ནས་སྦྱིན་སྲེག་ལ་འཇུག དེ་ལ་ཁྲོ་བོ་སྤྲོས་ཏེ་ཕུར་བུ་གདབ། བསྲེགས་ཏེ་གདན་ལ་འདུག་སྟངས་ཇི་ལྟ་བས་འདུག ཞི་སོགས་ལ་རྡོ་རྗེ་ཤུགས་གཙོ་བོར་བསྒྱུར་བའི་གནས་དྲུག་བསྲུང་། ཀུ་ཤས་ཐབ་སྲེག་རྫས་མཆོད་རྫས་བསངས། མཆོད་རྫས་སྲེག་རྫས་བྱིན་གྱིས་བརླབ། འདིར་བུ་སྟོན་གྱིས་ཁྲོ་བོ་ཚར་གཉིས་གསུངས་ཏེ། འགྲེལ་པར་དང་པོ་ལས་མེད་ཅིང་དེའི་དབང་གི་ཐབ་ཏུ་ཁྲོ་བཅུའི་མཚན་མ་མི་འགོད་པ་ནགས་རིན་གྱི་ཕྱག་བཞེས་སོ། །ཐབ་བསྐྱེད། དཱུར་བ་དགྲམ། མེ་སྦར། མར་ཁུ་ཕུལ། དེ་ནས་མེ་བསངས་ཏེ་སྙིང་ག་དང་ཐབ་གཉིས་གར་ལས་མཐུན་ཀྱི་མེ་ལྷ་བསྐྱེད། སྙིང་གའི་མེ་ལྷ་ལ་དགུག་སྟིམ། དེ་ནས་ཐབ་ལ་མེ་ལྷ་སྤྱན་དྲངས། ཐབ་ཀྱི་ཁྱེར་ལ་བཞུགས། བསང་གཏོར་དང་མཆོད་ཡོན་གཉིས་ཕུལ། ཕྱི་འབྲང་གི་བགེགས་སྲེག་སྔགས་ཀྱིས་བཅོམ། དགུག་གཞུག་བཅིང་མཉེས་པར་བྱ། རིགས་བདག་གིས་རྒྱས་གདབ། དབང་བསྐུར། རྡོ་རྗེ་དྲིལ་བུ་དཀྲོལ་ཏེ་དབང་དུ་བྱ། དེ་ནས་མཆོད་ཡོན་ནས་བརྩམས་པའི་མཆོད་པ་འབུལ། བསྟོད། དམ་ཚིག་གི་ཕྱག་རྒྱ་བསྟན་པས་དམ་ཚིག་ལ་གནས་པར་བསམ། དེ་ནས་མར་ཁུ་ཕུལ་བས་བསྲེག་བྱ་འཛིན་པར་བསམ་སྟེ་མེ་པྲ་བརྟག ངན་ན་བཟློག ཞི་བ་སོགས་ལ་དགེ་བ། མི་དགེ་བ་ལ་ངན། དང་པོ་ལ་ངན་པ་དེ་ལ་དགེའོ། །དེ་ནས་སྲེག་རྫས་ཡམ་ཤིང་། འབྲུ་མར་ཁུ་དབུལ་བར་འགྲེལ་པས་བཤད། མཆོད་མེ་ལྷ་ཚིམ་འབར་བའི་རྣམ་པར་བསྒྱུར། སླར་ཐབ་ལ་བསངས་རྟེན་གཞལ་ཡས་ཁང་བསྐྱེད། རྡུལ་ཚོན་གྱི་དཀྱིལ་འཁོར་རང་འབྲེལ་ན་ལྷ་ཐམས་ཅད་ཀྱི་སྔགས་བཟླ་ཞིང་མེ་ཏོག་གིས་མཆོད་ནས་སྤྱན་དྲངས། མེ་ཏོག་དབུས་སུ་དོར་བས་ལྷ་རྣམས་དཀྱིལ་འཁོར་ནས་བཞེངས་ཏེ་མེ་ནང་གི་གཞལ་ཡས་ཁང་དུ་བྱོན། མ་འབྲེལ་ན་མེ་ཐབ་དང་རང་གི་སྙིང་གར་ཆོ་ག་གསུམ་མམ། སྤྲོས་པ་ལ་དགའ་ན་གཙོ་བོ་མངོན་བྱང་ལྔ། འཁོར་མངལ་འབྱིན་སྒྲུབ་ཐབས་བཞིན་བསྐྱེད། དགུག་གཞུག་བཅིང་མཉེས་པར་བྱ། རྒྱས་གདབ་བྱིན་བརླབ་དབང་བསྐུར། བསང་གཏོར་དང་མཆོད་ཡོན་ཞབས་བསིལ། འདུད་ཉི་ཤུས་བསྟོད། དེ་ནས་བླུགས་གཟར་གྱིས་མར་ཕུལ་བས་མེ་ལྷའི་བྱ་བ་བྱེད་པར་ཞལ་གྱིས་བཞེས་པར་བསམ། བསྙེན་པ་གཙོ་བོར་བཏོན་པ་ཡིན། གཞན་གང་ལ་བརྟེན་ནས་ལས་བསྒྲུབ་པ་དེ་སྤྱན་དྲངས་པས་ཆོག ལས་སྒྲུབ་ལ། ཏིང་འཛིན་སོ་སོས། ཐོག་མར་རྡོ་རྗེ་དྲུག་གིས་ཡམ་ཤིང་བརྒྱ་རྩ་བརྒྱད། བླུགས་གཟར་གྱིས་མར་ཁུ་འབྲུ་རྣམས་དང་དཱུར་བ་སོགས་རང་རང་གི་སྲེག་རྫས་སོ་སོའི་སྔགས་ཀྱིས་དེ་མཐུན་ཕུལ། དེ་ནས་ཡན་ལག་དྲུག་གིས་བརྒྱ་རྩ་བརྒྱད། ཕུང་ཁམས་ཀྱི་བརྒྱ་རྩ་བརྒྱད། སྐྱེ་མཆེད་ཀྱི་བརྒྱ་རྩ་བརྒྱད། ལས་དབང་ཡུལ་བཅས་ཀྱི་བརྒྱ་རྩ་བརྒྱད་སྔ་མ་བཞིན་དུའོ། །སྤེལ་ཚིག་ལས་ཀྱིས་རྗེས་སུ་འགྲོ་བ་དང་། དེ་ནས་དཀྱིལ་འཁོར་ཕྱིར་ཆུ་བྲན་མེ་ཏོག་ཕྱོགས་བཅུར་གཏོར་བས་ས་གསུམ་དབུགས་འབྱིན། བཀྲ་ཤིས་བརྗོད། འཐོར་འཐུང་བྱས་ལ་ནང་དུ་འོངས། མེ་ལ་འཐོར་འཐུང་གོས་དང་སོ་རྩི་ཕུལ་བསྟོད། གསོལ་བ་འདེབས་པའི་མཆོད་ཡོན་ཕུལ། བཟོད་གསོལ་འདོད་གསོལ་རྡུལ་ཚོན་ནས་སྤྱན་དྲངས་པ་ཡིན་ན་ལྷ་སྔགས་ཀྱི་མེ་ཏོག་གི་སྤྱན་དྲངས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་གར་བཞུགས་སུ་གསོལ། དེ་ལྟ་མིན་ན་བསྡུ། དེ་ནས་མེ་ལྷ་སླར་སྐད་ཅིག་གིས་བསྐྱེད། བསང་གཏོར་ཞབས་བསིལ་སོ་རྩི་གོས་སྲེག་རྫས་ལྷག་མ་ཕུལ། ཞི་བ་ལ་ཡོན་བདག་གམ་སློབ་མའི་མཐེ་བོང་གཡས་པར་རང་གི་གཡོན་པས་གཟུང་སྟེ་ཐབ་ལ་ལན་གསུམ་བསྐོར། བླུགས་གཟར་གྱི་མགོ་ལ་གཡས་སྐོར་དུ་བསྐོར་བས་མར་ལན་བདུན་ཕུལ། ཡིག་དྲུག་བཟླས་པའི་སྲུང་སྐུད་བཏགས་མེ་ལྷའི་དྲུང་ནས་བླངས་པའི་ཐལ་བ་ཅུང་ཟད་ཀྱིས་དཔྲལ་བར་ཐིག་ལེ་བྱས་ཏེ་བསྲུང་ངོ་། །དེ་ནས་མེ་ལྷ་ལ་ཞལ་བསིལ་ཕུལ། བསང་གཏོར་བྱས། སྔར་བཞིན་མཆོད་བསྟོད་མཆོད་ཡོན་ཕུལ། བཟོད་གསོལ་འདོད་དོན་ཞུས། ལྷག་ཆད་བསྐང་། ཡེ་ཤེས་པ་སྙིང་ག་དང་འཇིག་རྟེན་པ་རང་གནས་སུ་གཤེགས་སོ། །བསྔོ་བ་སྨོན་ལམ་བཀྲ་ཤིས་བརྗོད། ལོང་ཡོད་ན་མེ་མ་འཆི་བར་མི་རེག མེད་ན་འོ་མ་སོགས་ཀྱིས་གཞིལ། ཐལ་བ་བུམ་པར་བླུགས་ཏེ་རྒྱ་མཚོར་འབབ་པའི་ཆུར་དོར། རྗེས་མི་མངོན་པར་བྱའོ། །དེ་ལྟར་རྩ་རྒྱུད་དུ། རིགས་གཞན་དང་ནི་བྱ་བ་གཞན། །དུས་དང་དེ་བཞིན་སྔགས་ཀྱི་རིགས། །གནས་དང་ཕྱོགས་དང་རྟེན་གཞན་གྱི། །ལས་རྣམས་ཀུན་ལ་འབྲས་བུ་མེད། །ཅེས་གསུངས་པས། ལས་སྒྲུབ་པའི་བྱ་བ་ཞིབ་མོར་བཤད་པ་ནི་སྐྱོན་དེ་དགག་པའི་ཕྱིར་རོ། །གཉིས་པ་ནི་སྒྲུབ་ལེར། རལ་གྲི་རིག་པ་བཅུད་ཀྱི་དབང་པོ་བདུད་རྩིའི་འབྲས་བུ་རིལ་བུ་རོ་ཙ་ན་དང་མིག་སྨན་དང་། རྐང་པ་བྱུག་དང་ཤིང་ལཧྭམ་དག་དང་འཇིག་རྟེན་པ་ཡི་དངོས་གྲུབ་བརྒྱད་པོ་ཞེས་གསུངས་པའི། རལ་གྲི་ནི། རལ་གྲི་ལ་བརྟེན་ནས་སྒྲུབ་པ་འམ་རོ་ལངས་སྒྲུབ་པའི་ལྕེ་ལས་བྱུང་བ་སྟེ། འདི་འཁྱེར་བས་མཁའ་སྤྱོད་དུ་འགྲོ་ནུས་པ་ཡིན་ལ། འགྲུབ་ནས་སྒྲུབ་པ་པོར་མ་ཟད་གྲུབ་པའི་རྫས་དེ་སུས་བཅངས་ཀྱང་དེ་ལྟར་འགྱུར་བ་ཨོ་ཏནྟྲ་པུ་རིའི་དགེ་ཚུལ་དང་མུ་སྟེགས་ཀྱི་རྣལ་འབྱོར་པའི་ལོ་རྒྱུས་ཀྱིས་ཤེས་ཤིང་། དེར་མ་ཟད་རིན་པོ་ཆེ་དང་མཚོན་ཆ་གང་དང་གང་ལ་བརྟེན་ནས་བསྒྲུབས་ན། དེ་དང་དེའི་རིག་འཛིན་དུ་འགྱུར་བའི་ཕྱིར་རལ་གྲི་མཚོན་པ་ཙམ་སྟེ། དེའི་དབྱེ་བ་མང་པོ་ཤེས་པར་བྱའོ། །རེག་པ་ནི་ལྕགས་ཀྱི་ཁམས་ཐམས་ཅད་གསེར་དུ་བསྒྱུར་བའི་གྲུབ་པའི་དངུལ་ཆུ་སྟེ། གསེར་འགྱུར་གྱི་རྩིར་གྲགས་པ་དེའོ། །བཅུད་ཀྱི་དབང་པོ་ནི། དངུལ་ཆུ་དེ་ཟོས་ན་བསྐལ་པའི་བར་གྱི་ཚེ་འགྲུབ་པ། བདུད་རྩིའི་འབྲས་བུ་ནི། སྨན་གང་ཟོས་པས་འཆི་མེད་འགྲུབ་པ་སྟེ་དོན་བཅུད་ཀྱིས་ལེན་ནོ། །རིལ་བུ་ནི། ཤ་ལྔ་འམ་སྐྱེ་བ་བདུན་པ་སོགས་པ་སྟེ་ཟོས་པས་མཁའ་སྤྱོད་འཐོབ་པ། རོ་ཙ་ན་ཞེས་པ་ལུས་ལ་བྱུག་པས་མི་སྣང་བར་བྱེད་པ་དང་། མིག་སྨན་ནི། སྲོགས་ཆགས་ཀྱི་མིག་ལ་བརྟེན་ཏེ་བསྒྲུབ་པའི་རྫས་མིག་ལ་བསྐུས་པས་ས་འོག་གི་གཏེར་ལ་སོགས་པ་མཐོང་བ། རྐང་པ་ལ་བྱུགས་པ་འམ་གྱོན་པས་ཉི་ཟེར་ལ་ཞོན་ནས་དཔག་ཚད་བྱེ་བའི་ཕ་རོལ་ཏུ་སྐད་ཅིག་གིས་འགྲོ་བའི་ཤིང་ལཧྭམ་གཉིས་གཅིག་ཏུ་བྱས་པ། དེ་དག་གི་ཆོ་ག་རོ་ལངས་ལ་བརྟེན་ནས་ལྷ་མིན་གྱི་དབང་པོ་བསྒྲུབས་ན་ཐམས་ཅད་འགྲུབ་སྟེ། འབྱུང་པོའི་དབང་པོ་བསྒྲུབས་ནས་མི་ཡི་བདག་པོ་སྒྲུབ་པ་པོ་ནི་ས་འོག་དག་དང་བར་སྣང་དང་། །ལྷ་ཡི་མཆོག་གི་ཁང་པ་དང་ནི་ལྷུན་པོའི་རྩེ་དང་རྒྱ་མཚོ་ཕ་རོལ་གང་ཡིན་དེར་འགྲོ་སྟེ། །དེ་ལ་ཞོན་པ་ཕྱག་ན་རལ་གྲི་ཐོགས་པས་ས་ཡི་སྟེང་གི་གནས་སུ་འཇིག་རྟེན་བྱ་བ་བྱེད། །ཅེས་གསུངས་པས། འདིས་སྒྲུབ་པ་བརྒྱད་ཀར་སྦྱིན་ནུས་ན་ལས་རབ་འབྱམས་ལོང་མེད། བཅུད་དང་བཅུད་ལེན་གྱི་ཆོ་ག་ནི་ནང་དང་ཡེ་ལེ་སོགས་པར་རྒྱས་པར་བཤད་དོ། །དེ་དག་འདོད་པ་ན་སྤྱོད་པ་ཡིན་པ་ནི་ས་འོག་གམ། ས་འམ། མཐོ་རིས་ཀྱང་སུམ་ཅུ་རྩ་གསུམ་པ་དང་སྐལ་པ་མཉམ་ལས་གཞན་མ་ཡིན་ཏེ། རིག་འཛིན་གྱི་ལྷ་ཞེས་པ་མིའི་རྟེན་ནས་ལྷར་གྲུབ་པ་དང་། གྲུབ་པའི་ལྷ་ཞེས་པ་མི་མ་ཡིན་པ་གང་རུང་བ་ལྷར་བསྒྲུབ་པ་སྟེ་དབང་ཕྱུག་ལ་མཆོག་ལོན་པའི་ལྷ་མིན་འགའི་ལོ་རྒྱུས་ལས་ཐོས་པས། གཉིས་ཀ་འདོད་ལྷ་དང་པོ་གཉིས་ཀྱི་ནང་ཚན་དུ་བསྡུས་པས་སོ། །རིག་འཛིན་དེའི་ནང་དུ་སྔགས་དང་ཕྱག་རྒྱ་ལྟ་བ་ལ་མི་དབང་བ་ནི་མུ་སྟེགས་བྱེད་ལས་གྱུར་པ་དག་གོ་ཞེས་ཤེས་པར་བྱའོ། །དེ་དག་རྫས་སྟོབས་ཀྱིས་དེར་བཞག་ལ། བསྐྱེད་པའི་རིམ་པ་ཉིད་ལ་གསལ་སྣང་འཐོན་པས་ནི་འདོད་པའི་ལྷ་གོང་མ་དག་དང་སྐལ་མཉམ་དུའང་འགྱུར་ཞིང་། རྡོ་རྗེ་བཞི་པའི་བསྐྱེད་ཆོག་ཙམ་གྱིས་དེ་ལས་མི་བགྲོད། དེའི་ཁར་ཟད་པ་ལ་བསླབ་ན་ཁམས་གོང་དུ་འགྲོ་བ་ཞིག་བཤད་དེ། འགྲེལ་པར་གང་གི་ཚེ་རྣལ་འབྱོར་པ་རྣམས་གྱིས་ལྷ་གྲུབ་པར་གྱུར་པ་དེའི་ཚེ་ལྟེ་བར་སའི་དཀྱིལ་འཁོར་ལས། ས་མི་ཟད་པར་རྒྱ་མཚོའི་སྟེང་དུ་ཟམ་སྟེགས་བརྩིགས་པ་བཞིན་དུ་སྤྲོས་ནས་བསྒོམ་པར་བྱ་སྟེ། ཆུ་ཡི་སྟེང་དུ་འགྲོ་བ་ལ་ཞེས་པ་ཟད་པར་སའི་བསམ་གཏན་གྱིས་ཐང་ལ་ཇི་ལྟ་བ་དེ་བཞིན་དུ་ཆུ་ལ་རྒྱ་མཚོའི་སྟེང་དུ་རྣལ་འབྱོར་པ་འགྲོའོ་ཞེས་སོགས་གསུངས་པས་སོ། །ཟབ་མོ་བསྐྱེད་པའི་རིམ་པའི་དངོས་ཀྱི་འབྲས་བུ་ནི་གཟུགས་ཀྱི་འོག་མིན་པ་དང་སྐལ་མཉམ་སྟེ། ཚེ་འདི་ལ་ཐོབ་པའི་དབང་དུ་བྱས་པ་ཡིན་ལ། བརྒྱུད་པས་ས་བདུན་པ་ཚུན་དང་། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡང་འདིའི་འབྲས་བུ་སྐལ་མཉམ་ཞེས་པ་དེ་དག་དང་གནས་ལུས་ལོངས་སྤྱོད་མཚུངས་པ་དེ། དབང་ཕྱུག་ལ་མུ་སྟེགས་དག གཟུགས་ཕྲ་རེག་ན་ཡང་བ་སོགས་ཀྱིས་དབང་ཕྱུག་བརྒྱད་འདོད་པ་དང་། མིང་དུ་མཐུན་ཀྱང་དེ་དག་གིས་གཏན་ལ་འབེབས་མ་ཤེས་པ་སྟེ། འདི་ལྟ་བུ་མུ་སྟེགས་ཀྱི་གཞུང་ལ་མང་བས། དཔལ་ལྡན་རྒྱུད་ལས། རིག་བྱེད་མཐའ་ལས་གསང་བ་འདི་དག་ཚངས་པ་ཡི་ནི་རྣལ་འབྱོར་པ་རྣམས་དག་ལ་མངོན་བརྗོད་དེ། །དུས་ཀྱི་ཤེས་པ་རབ་ཉམས་ཐུབ་པ་རྣམས་ཀྱིས་འདིར་ནི་སྲོག་ཆགས་རྣམས་ལ་གསོད་པ་དག་ཀྱང་བསྟན་སོགས་ཀྱིས་སོ། །བསྐྱེད་རིམ་གྱི་གནས་སྐབས་ཀྱི་འབྲས་བུ་གཞན་པ། དགྲ་ཡིས་འཇིགས་པ། སེང་གེ གླང་པོ་ཆེ། མེ། ལྟོ་འཕྱེ། ཆོམ་རྐུན། ཞགས་པས་འཆིང་བ། རྒྱ་མཚོའི་འཁྲུགས་པ། ཤ་ཟ། ནད། དབང་པོའི་ཉེར་འཚེ། དབུལ་འཕོངས། བུད་མེད་དང་བྲལ་བ། མི་བདག་འཁྲུགས་པ། རྡོ་རྗེ་ལྷུང་བ། དོན་ཉམས་པས་འཇིགས་པ་སྟེ་བཅུ་དྲུག་ཞི་བའོ། །ཞེས་དཔལ་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས་འབྲས་བུ་སྔགས་ཀྱི་དངོས་གྲུབ་བསྟན་པའི་སྐབས་ཏེ་བཅུ་བཞི་པའོ།། །། གཉིས་པ་ཡིན་ལུགས་ཡིན་བཞིན་པ་དོན་དམ་པའི་བདེན་པ་བསྟན་པ་ལ། བསྒྲུབ་བྱ་དོན་དམ་པའི་བདེན་པ། སྒྲུབ་བྱེད་དེ་ལ་སྦྱོར་བའི་སྒོ་དབྱེ། བསྒྲུབས་འབྲས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བཤད་པ་གསུམ་ལས། དང་པོ་ནི། འགྲེལ་ཆེན་ལས། འཇིག་རྟེན་ལས་འདས་པའི་བདེན་པ་ནི་དུ་བ་ལ་སོགས་པའི་མཚན་མ་དང་། རྣམ་པར་མི་རྟོག་པའི་སེམས་རྫོགས་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །རྫོགས་པའི་རིམ་པ་ནི་ལྷན་ཅིག་སྐྱེས་པ། རྣམ་པར་མི་རྟོག་པ་སྟེ། རྣམ་པ་ཐམས་ཅད་དུ་ཞལ་དང་། ཕྱག་དང་། ཁ་དོག་དང་། དབྱིབས་ཀྱི་རྟོགས་པ་དང་བྲལ་བའོ་ཞེས་གསུངས་པ་འདི་ལ། རྣམ་པ་ཐམས་ཅད་པ་ཞལ་དང་ཞེས་བསྒྱུར་བ་གཉིས་བྱུང་བའི་ཕྱི་མ་ལེགས་ཏེ། རྫོགས་རིམ་མཚན་ཉིད་གསུམ་ལྡན་གྱི་གསུམ་པ་དེ་ཡིན་པས་སོ། །སྤྱིར་བདེན་པ་གཉིས་འཇོག་ཁྱེར། དབུ་མ་པའི་གཞུང་ལས། བསོད་ནམས་མ་ཡིན་པ་བཟློག་པའི་སྐབས་དང་། བདག་བཟློག་པ་དང་ལྟ་བ་ཐམས་ཅད་བཟློག་པ་གསུམ་བཤད་པ་དེ་བཞིན་འདིར་ཚོགས་གསུམ་ལ་བཀྲི་བའི་སྒོ་ནས་གསུངས་ཏེ། བསོད་ནམས་ཀྱི་ཚོགས་དང་། ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཏེ། དབང་ལེའི་འགྲེལ་ཆེན་དུ། འདིར་དབང་བདུན་དག་གིས་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ན་ཞེས་པ་ནས་བསོད་ནམས་ཀྱི་ཚོགས་སོ། །བུམ་པ་གསང་བས་མངོན་པར་དབང་བསྐུར་སླར་ཡང་ཕྱིར་མི་ལྡོག་པ་སོགས་སུ་ངེས་པར་རབ་ཏུ་འཇུག ཅེས་པ་ནི་འདིར་བུམ་པ་དང་གསང་བ་དག་གིས་མངོན་པར་དབང་བསྐུར་བ་ནི་ཚུལ་ཁྲིམས་ཀྱི་དབང་གིས་ཕྱིར་མི་ལྡོག་པའམ་མི་གཡོ་བར་འགྱུར་ཏེ་སོགས་པའི་སྒྲས་ལེགས་པའི་བློ་གྲོས་སུ་འགྱུར་རོ། །མི་གཡོ་བ་ནི་སྐྱེ་གནས་སུ་སྲུབ་པ་ལ་བྱང་ཆུབ་ཀྱི་སེམས་མི་གཡོ་བ་སྟེ། ལེགས་པའི་བློ་གྲོས་ཞེས་པ་ནི་བདེ་བ་ཆེན་པོའི་སེམས་སོ། །འདིར་ཤེས་རབ་ཡེ་ཤེས་དག་ནི་མངོན་པར་དབང་བསྐུར་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་སྲིད་པའི་འཇིགས་པ་འཇོམས་པའི་འཇམ་པའི་དབྱངས་ཉིད་དུ་འགྱུར་ཞེས་པ་ནི་ཆོས་ཀྱི་སྤྲིན་དུ་འགྱུར་བ་སྟེ། ཆོས་ཀྱི་སྤྲིན་ནི་བདེ་བ་ཆེན་པོའི་ཆར་གྱིས་རང་དང་གཞན་གྱི་དོན་བྱེད་པའོ་ཞེས་པ་སྟེ་ངེས་པའོ། །དེ་ལྟར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་སྔོན་དུ་འགྲོ་བ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལས་ས་བཅུ་གཉིས་པ་ལ་རྣལ་འབྱོར་པ་རྣམས་སངས་རྒྱས་ཉིད་དོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་དང་། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དུའང་། ལམ་སྦྱིན་པ་དང་། དེ་ཉིད་ལས་ནི་ཚངས་སྤྱོད་ལྡན་ཞེས་དང་། བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་ཞེས་པས་གདུལ་བྱ་ཁྲིད་ཚུལ་གསུམ་པོ་འདི་ལེགས་པར་བསྟན་ནོ། །དེ་བས་བསོད་ནམས་ཀྱི་ཚོགས་ལ་བཀྲི་བའི་ཚེ། བདེན་པ་གཉིས་སུ་འབྱེད་ལ། དེ་གཉིས་ཟུང་འཇུག་གི་རྣམ་གཞག་ནི་རེ་ཞིག་མ་བསྟན་ཏེ། རྣལ་འབྱོར་བསྡུ་བར། འཇིག་རྟེན་པ་ཡི་ཀུན་རྫོབ་ཏུ་གཅིག་པ་ཉིད་མེད་དེ་ཕན་ཚུན་འགལ་བའི་ཕྱིར་རོ་ཞེས་གསུངས་པས། གཟུང་བྱ་ཡུལ་དང་འཛིན་བྱེད་བློ་ཐ་དད་པ་ཕན་ཚུན་འགལ་བ་ཡིན་ནོ། །དེ་ཡང་། རྗེས་སུ་དཔག་པ་དང་མངོན་སུམ་པའི་ལྷའི་རྣལ་འབྱོར་བཤད་པ་བཞིན། གཏན་ནས་ཟུང་འཇུག་ཏུ་མ་བསྟན་པ་ནི་མ་ཡིན་ཏེ། ཕྱིས་བསྐྱེད་རིམ་གྱི་དག་པ་ལས་ཚེ་འདི་ལ་ས་བདུན་པའི་དབང་ཕྱུག་ཏུ་བགྲོད་པར་ནུས་པའི་གང་ཟག་གི་བསྐྱེད་རྫོགས་ཟུང་འཇུག་གི་གནད་ལོན་པར་འགྱུར་བའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཚོགས་ལ་བཀྲི་བའི་ཚེ། མཆོག་མི་འགྱུར་ལས། འདིར་སྐད་ཅིག་གང་ལ་རྣལ་འབྱོར་པས་གཙོ་བོ་སྒོམ་པར་བྱེད་པའི་སྐད་ཅིག་དེ་ལ་ཤར་ལ་སོགས་པའི་ལྷ་རྣམས་མེད་ཅིང་སྐད་ཅིག་གང་ལ་ཤར་གྱི་ལྷ་སྒོམ་པར་བྱེད་པའི་སྐད་ཅིག་དེ་ལ་གཙོ་བོ་ལ་སོགས་པ་རྣམས་མེད། དེ་ལྟར་རིམ་པས་ལྷ་ཐམས་ཅད་མེད་དོ་སོགས་བསྐྱེད་པའི་རིམ་པ་དེ་ཉིད་ཀྱི་འཐད་པས་བསྐྱེད་རིམ་བདེན་པ་མ་ཡིན་པ་དང་། དོན་དམ་པ་རྫོགས་པའི་རིམ་པ་གཅིག་པུ་བདེན་པར་བསྒྲུབས་པ། འདི་ཡང་། བསྐྱེད་རིམ་སྔར་འཁྲིད་པའི་གང་ཟག་དེ་ལ་བློ་ཞེན་པ་བཟློག་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་དགག་རྒྱུ་ཡིན་ན་སྟོན་པ་ཉིད་ཀྱི་གསུང་ནང་འགལ་བར་འགྱུར་བས་ན་སྦྱིན་པ་ལ་དཔའ་བ་ལ་དེ་སྨད་དེ་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུའོ། །ཡེ་ཤེས་ཀྱི་ཚོགས་ལ་བཀྲི་བའི་གནས་སྐབས་སུ་ནི་བདེན་པ་གཅིག་ཏུ་ཡང་བཞག་ཏུ་མེད་དེ། རྣལ་འབྱོར་བསྡུ་བའི་འགྲེལ་པར། དོན་དམ་པའི་བདེན་པས་གཉིས་ཀའི་སེམས་དག་ཆོས་མི་མཐུན་པའི་ཕྱིར་ཡོད་པ་དང་མེད་པ་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་ཟད་པ་རྡོ་རྗེའི་རྣལ་འབྱོར་གཉིས་སུ་མེད་པ་སྟེ། དེ་བཞིན་གཤེགས་པའི་གསུངས་རིས་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམས་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིས་མེད་པ། །དེ་བཞིན་དུ། རྒྱུད་གཞན་དུ་ཡང་དེ་བཞིན་གཤེགས་པ་རྡོ་རྗེའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་པོ་གསུངས་སོ། །ཞེས་སྒྲས་བརྗོད་ནུས་པ་ནི་བློས་བཞག་པ་ཞིག་ཀའོ། །བློས་འཇོག་མི་ནུས་ན་སྒྲས་བརྗོད་རྒྱུ་མི་འབྱུང་བས། བདག་ཅག་གི་ཅི་དང་ཅིར་ལྟ་བ་ཐམས་ཅད་བཟློག་པར་བྱ་བ་ཉིད་དུ་ཟད་པས་ན། དོན་དམ་པར་ཅང་མེད་སྨྲས་པ་བཟང་ངོ་བསམ་པ་དང་། དོན་དམ་པར་གྲུབ་པའི་དངོས་པོ་ཡོད་དེ་སྨྲ་བ་བཟང་ངོ་བསམ་པ་གཉིས་ཀ་ལ་གཏད་པ་མེད་དོ། །འདི་ཡང་དབུ་མ་རིགས་པའི་ཚོགས་ལས་གསུངས་པའི་ལྟ་བ་ཀུན་བཟློག་པའི་ཚུལ་ཇི་ལྟ་བ་དེ་ལྟ་བ་སྟེ། དེ་ཉིད་དུ། ཕྱོགས་ཤེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། ཡོད་པ་དང་མེད་པ་དང་། ཡིན་པ་དང་མ་ཡིན་པ་དང་། གཅིག་དང་གཅིག་མ་ཡིན་པ་དང་། རྟག་པ་དང་ཆད་པ་དང་། སྲེད་པ་དང་། མྱ་ངན་ལས་འདས་པ་དང་། གཟུགས་དང་གཟུགས་མ་ཡིན་པ་དང་། སྒྲ་དང་སྒྲ་མ་ཡིན་པ་དང་། སྐད་ཅིག་དང་སྐད་ཅིག་མ་ཡིན་པ་དང་། ཆགས་པ་དང་ཆགས་པ་མ་ཡིན་པ་དང་། ཞེ་སྡང་དང་ཞེ་སྡང་མ་ཡིན་པ་དང་། གཏི་མུག་དང་གཏི་མུག་མ་ཡིན་པ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ནི་ཕྱོགས་ཏེ་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་འདི་དང་བྲལ་བ་ན་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པ་སྟེ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་གསུངས་པ་དང་། དབུ་མར། གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ཁྱད་པར་ཅང་མེད་པས་སོ། །དེ་ལྟར་སྐབས་གསུམ་ལས་འདིར་བར་པའི་དབང་དུ་བྱ་དགོས་ཏེ། དང་པོ་ལས་གོང་དུ་ཕྱིན་པ་དང་། ཕྱི་མ་ནི་རྣམ་པར་གཞག་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ལ་དབང་མདོར་བསྟན་ལས། དོན་གཅིག་གཉིས་སུ་མེད་པའི་ཆོས། །དམ་པའི་དོན་ཏེ་འཇིག་པ་མེད། །རྫོགས་པའི་གནས་སྐབས་སོན་པའི་སེམས། །ཀུན་ནས་རབ་ཏུ་རྫོགས་པའོ། །ཆགས་བྲལ་དང་པོ་ཆགས་པ་ཆེ། །རྡོ་རྗེ་ལུས་མེད་མི་འགྱུར་ཆེ། །ཡོངས་སུ་རྫོགས་པ་ཕྱོགས་གཉིས་ཀྱི། །བག་ཆགས་རྣམས་ཀྱིས་མ་འཁྱུད་པའོ། །དེའི་ནཱ་རོ་འགྲེལ་ཆེན་ལས། གཉིས་སུ་མེད་པའི་ཆོས་གང་ཡིན་པ་དེ་དོན་གཅིག་སྟེ། ཕྱོགས་གཉིས་ཀ་མེད་པའི་ཕྱིར་རོ། །ཞེས་དང་། དབུ་མར། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོག་མི་བྱེད། །ཅེས་གསུངས་པ་གཅིག་ཏུ་བྱུང་། དོན་གྱི་དམ་པ་དེ་ཐོབ་པ་ལ་མི་བསླུ་བས་བདེན་པ་དེའི་ཕྱིར་དོན་དམ་བདེན་པའོ། །དེ་བས་དབུ་མར་ཡང་། རྟེན་འབྱུང་དབུ་མའི་ལམ་དང་ཐེག་པ་ཆེན་པོ་དོན་གཅིག་ཏུ་བཞག་པ་བཞིན། འདིར་རྒྱུ་དང་འབྲས་བུ་འམ་ལམ་དང་འབྲས་བུ་གཉིས་སུ་ཁོ་བོ་མི་འབྱེད་པ་ནི། ས་ར་ཧ་ཆེན་པོས། གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་དང་བྱེ་བྲག་དག་ཏུ་མ་འབྱེད་ཅིག །ཅེས་གདམས་པ་ལ་ཉན་པའོ། །གཉིས་པ་སྒྲུབ་བྱེད་དེ་ལ་སྦྱོར་བའི་སྒོ་དབྱེ་བ་ནི། གང་ཟག་དབང་པོ་རྣོན་པོ་སྦྱངས་པའི་སྟོབས་ཅན་ལ། ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་བསྟན་པས་ཆོག་སྟེ། བསྒོམ་བྱ་སྒོམ་མཁན་རོ་གཅིག་པ་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ཡིན་ལ། གང་ཟག་དེ་ནི་རང་བཞིན་ཡོངས་སུ་ཤེས་པ་ལ་རྣག་སྨིན་པ་བརྟོལ་རན་པ་དང་ཆོས་མཚུངས་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་། མདོར་བསྡུས་དང་པོར་འཕགས་པ་སྤྱན་རས་གཟིགས་ཀྱིས། དཔའ་བོའི་རིམ་པ་བདག་བྱིན་བརླབས་པ་ཡི། །རིམ་པ་དག་ཀྱང་ཐར་པའི་ལམ་མ་ཡིན། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་སླད་དུ་སངས་རྒྱས་རྣམས་ཀྱིས་བསྟན། །ཞེས་པའི་ཀྱང་སྒྲས་ནི་ཕྱག་རྒྱ་གསུམ་མོ། །ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་དེ་ཡང་། དེ་ཉིད་དུ། བསྐྱེད་པའི་རིམ་པར་གསུངས་པའི་ཧཱུྃ་དང་ནི། །ཕཊ྄་ཡིག་ལ་སོགས་རྟོག་པ་དང་བྲལ་བ། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དོ། །དེ་ཉིད་ཀྱི་ནི་སྒྲུབ་ཐབས་གཞན་ཡོད་མིན། །ཞེས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒྲུབ་པ་ཞེས་གང་གསུངས་པ་དེ་ཡིན། དེ་ལ་བསྒྲུབ་བྱ་སྒྲུབ་བྱེད་ཐ་དད་ཀྱི་རྣམ་གཞག་མེད་པས་དྭགས་པོ་བཀའ་བརྒྱུད་པ་རྣམས། སེམས་ཇི་བཞིན་བཞག་པ་ལ་མ་བཅོས་པ་ཞེས་གསུང་། སེམས་ཀྱང་རྣམ་པར་ཤེས་པའི་བསླད་པ་ཅན་མ་ཡིན་པས་ཐ་མལ་ཤེས་པ་ཞེས་དགར་ཏེ་གསུངས། ཐ་མལ་ཡང་ཐ་མལ་གྱི་སྐད་ཅེས་པའི་ཐ་མལ་ལྟ་བུ་བཅོས་བསླད་མེད་པའམ་རང་བཞིན་པའི་དོན་དེ་ལ་མཛད་དེ། ཏོག་ཙེ་ཞབས་ཀྱིས་ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་ཆེན་རྒྱུན་མི་འཆད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བསྒོམ་དུ་མེད་ཀྱིས་གཉུག་མའི་ངང་དུ་ཞོག །ཅེས་དང་། གསང་བ་འདུས་པར། དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་དང་། དགྱེས་རྡོར་ལས། གང་ཕྱིར་ཡིད་ཀྱིས་མི་བསྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་གསུངས། མཆོག་མི་འགྱུར་ཞེས་པའི་ལུང་ཡང་ཚིགས་སུ་བཅད་པ་གཅིག་ཁོ་ན་སྟེ་འགྲེལ་པས་རྒྱས་པར་བཤད་པའོ། །དེ་ཡང་། གང་ཕྱིར་ཨཱ་སོགས་ཀཱ་སོགས་རི་བོང་ཅན་དང་ཉིན་བྱེད་གཅིག་ཉིད་རྡོ་རྗེ་ཅན་གྱི་གདན་མིན་ཞིང་། །ཧཱུྃ་ཡིག་ཉིད་ཀྱི་མཚན་མ་དང་ནི་ཡོངས་སུ་གྱུར་པ་གཞན་པ་ཁ་དོག་གཟུགས་དག་མི་འདོད་དེ། །འགྱུར་མེད་དག་གིས་བསྐྱེད་ཅིང་འགྱུར་བ་ཉམས་པར་གྱུར་པ་མཆོག་གི་དབང་པོ་དག་དང་ལྡན་པ་ནི། །རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ། །ཞེས་པ་འདིའོ། །འདིར་རྡོ་རྗེ་ཅན་ནི་སེམས་ཀྱི་རྡོ་རྗེ་ཅན། དེ་མངོན་དུ་འགྱུར་བ་ལ་རྟོག་པའི་སྒོམ་པ་རྣམས་མི་འདོད་པར་བསྟན་ནས། འགྱུར་མེད་དག་གིས་བསྐྱེད་པ་དང་། དེ་གང་ཡིན་ན་འགྱུར་བ་ཉམས་པ་འམ་ཟད་པའི་བདེ་ཆེན་ཁོ་རང་ལ་རྣམ་པར་གཞག་འཇོག་གི་རྒྱུ་འབྲས་སུ་བསྙད་པར་འདུག སྐྱེད་བྱེད་ཀྱི་འགྱུར་མེད་ནི། སྟོང་ཆེན་ཡིག་ལྔ་ཐིག་ལེ་སྟོང་དྲུག་རྣམས་ཀྱི་སྒྲིབ་པ་མེད་པ་རྣམས་ཡིན་ལ། དེའི་སྒྲིབ་མེད་ཀྱང་རང་རང་བྱ་བ་བྲལ་བ་ལ་གསུངས་ཤིང་དེས་ན་དེ་དག་རོ་མཉམ་དུ་འགྱུར་བ་སྟེ། འགྲེལ་པར། ཐིག་ལེ་དེ་ཡང་མི་འཕོ་བར་གྱུར་ན་མཆོག་ཏུ་མི་འགྱུར་བར་བརྗོད་དེ། མཆོག་ཏུ་མི་འགྱུར་བ་ཡང་ཨ་ཡིག་སྟེ། ཨ་ཡིག་ལས་བྱུང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ་ཤེས་པ་དང་ཤེས་བྱའི་བདག་ཉིད་རྒྱུ་དང་འབྲས་བུ་དབྱེར་མེད་པའི་ཕྱིར་རོ། །དེ་ཡང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྟེ་མཆོག་ཏུ་མི་འགྱུར་བའི་གོ་འཕང་ངོ་། །ཞེས་གསུངས། དེ་བས་སྣང་གཞི་གང་ཡིན་གྱི་སྟེང་དུ་དེའི་རང་བཞིན་མེད་པ་རྗེན་ཅེ་རེ་མཐོང་ན། ཤེས་པ་དང་ཤེས་བྱེད་ཐ་དད་དུ་སྡོད་རྒྱུ་མི་འོང་སྟེ། ས་ར་ཧས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོ་ད་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །འདིས་ལྟ་བ་ལུང་རིགས་ལ་མ་ལྟོས་པར་རྟོགས་པ་ནང་ནས་འཆར་བའི་ཁྱད་པར་དང་། ཚིག་ལ་མ་བརྟེན་སྒྲོ་འདོགས་ནང་ནས་ཆོད་པ་དང་། ཤིན་ཏུ་རྣམ་པར་དག་པ་ལ་བྱིང་རྒོད་ཀྱི་སྐྱོན་ཅི་ལ་འབྱུང་སྟེ། དེ་ལ་མཚན་མ་ཐམས་ཅད་ཉེ་བར་ཞི་བ་ཡིན་པས་སོ། །དེས་སྒོམ་པ་སེམས་འཛིན་ལ་མ་ལྟོས་པ་བྱིང་རྒོད་རང་སར་ཞི་བའི་ཁྱད་པར་དང་གནད་ལ་མི་བརྟེན་བྱིང་རྒོད་རང་སར་གྲོལ་བ་ཡང་འཐད་པ་དང་། དེར་གཉིས་སུ་མེད་པ་ཁོ་ན་ལས་གཞན་མེད་པས་འདི་ཀ་ཨ་ཝ་དྷཱུ་ཏཱིའི་སྤྱོད་པ་ཞེས་བྱ། དེས་སྤྱོད་པ་གནང་བཀག་ལ་མ་ལྟོས་པར་སྤང་གཉེན་གཉིས་སུ་མེད་པའི་ཁྱད་པར་ཞེས་དང་། འགྱུར་བ་མེད་པའི་ཕྱིར་འབྲས་བུ་དུས་རྟགས་ལ་མ་ལྟོས་པར་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཁྱད་པར་དང་། ཐབས་ལ་མ་བརྟེན་པར་བདེ་བ་ཆེན་པོ་རྒྱུན་མི་ཆད་པའོ། །དེ་ཀ་འཕོ་མེད་ཀྱིས་སྡོམ་པ་ཡིན་པས། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གི །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་པས་དམ་ཚིག་མཆོག་དང་། དེ་ཀ་རྟོགས་པ་དོན་གྱི་དབང་ཡིན་པས་དབང་བཞི་པ་སྟེ། དབང་ལེར། འདིར་བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་རྣམས་ཀྱི་མཆོག་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་མ་རྣམས་ཀྱི་མཐའ་མངོན་པར་བྱང་ཆུབ་པའི་མཚན་ཉིད་མི་ཆོད་པ་སྟེ། བཅོམ་ལྡན་འདས་གང་གིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐོབ་པ་དེ་ནི་དབང་མཆོག་ཐོབ་པའོ་ཞེས་སོ། །དེ་བས་ན་རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། །ཞེས་གསུངས་ཤིང་། འདི་ཀ་མ་རིག་པ་ཐམས་ཅད་ལས་ཤིན་ཏུ་བཟློག་པས་ན་རིག་པ་ཞེས་བྱ་སྟེ། ནང་ལེར། འོ་ན་རིག་པ་གང་ཡིན་ཞེ་ན་སྨྲས་པ། རིག་པ་ཞེས་པ་རྣམ་པར་མི་རྟོག་པ་ནང་གི་རིག་པ་སྟེ། རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དོ། །གཞན་ཡང་འགྱུར་མེད་ཀྱང་རིག་པ་སྟེ། དམིགས་པ་མེད་པ་ཟག་པ་མེད་པའི་བདེ་བའི་བདག་ཉིད་ཅན་ནོ། །རིག་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཅན། རྒྱུ་དང་འབྲས་བུ་གཅིག་ཏུ་འདྲེས་པར་གྱུར་པ་སྟེ། མེའི་འོད་དང་སྲེག་པར་བྱེད་པ་གཅིག་ཏུ་འདྲེས་པར་གྱུར་པ་བཞིན་ནོ། །འཇིག་རྟེན་འདིར་ནི་འདས་པ་དང་། དེ་ལྟར་བྱུང་བའི་ཐུབ་པ་ཆོས་ཀྱི་འཁོར་ལོ་ལ་གནས་པ་རྣམས་ཀྱིས་གསུངས་པ་ཉིད་དོ། །ཞེས་དང་། དེ་ཁ་ཕྱག་རྒྱ་ཆེན་པོ་སྟེ། སྤྱན་རས་གཟིགས་ཀྱིས། མཆོག་ཏུ་མི་འགྱུར་བཞི་པ་དེ་ཉིད་ནི། །སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཏེ། །གང་ཞིག་དེ་ནི་སླར་ཡང་དེ་བཞིན་ཉིད། །རང་གི་ཕྱག་རྒྱ་ཆེན་པོ་རྒྱལ་བས་གསུངས། །ཞེས་གསུངས་པས་སོ། །བསྟན་པ་རིན་པོ་ཆེ་ཐམས་ཅད་ཀྱི་བརྗོད་བྱ་འདི་ཡིན་པའི་ཕྱིར། རིག་གནས་ལྔ་ལས་གསུངས་རབ་དགོངས་འགྲེལ་དང་བཅས་པ་ཁོ་ནས་ནང་རིག་ཅེས་པ་འཐོབ་བོ། །རིག་པ་དེས། སྐད་ཅིག་གཅིག་གི་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ། །ཞེས་པར་འགྱུར་ཏེ། རྣལ་འབྱོར་བསྡུ་བའི་འགྲེལ་ཆེན་དུ། འདིར་སྐད་ཅིག་ཐམས་ཅད་རྣམ་པར་སྒོམ་པ་པོ་སྐད་ཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་ཞེས་པ་གང་ཡིན་པ་དེ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྒོམ་པ་པོ། །དང་པོར་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་རྗེས་ལ་སངས་རྒྱས་རྣམས་ཀྱི་རྣལ་འབྱོར་སྐད་ཅིག་ཐམས་ཅད་མེད་པ་གཅིག་དང་དུ་མ་དང་བྲལ་བ་མཆོག་གི་གཉིས་སུ་མེད་པ་སྟེ། ཞེས་གསུངས་པའི་སྐད་ཅིག་དེ་ཐམས་ཅད་ལ་ཞུགས་པའི་མཐར་རམ། སྐད་ཅིག་ཐམས་ཅད་དེར་བསྒོམ་རུང་སྡོད་པ་གང་ཡང་མ་ཡིན། འོ་ན་གང་ཞེ་ན། གཅིག་ཤེས་ཀུན་གྲོལ། སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཅེས་པས། བཀའ་བརྒྱུད་རིན་པོ་ཆེ་རྣམས་གསུང་བའི་རྟོགས་པ་གཅིག་གིས་ས་ལམ་མ་ལུས་པ་བགྲོད་པ་དེའོ། །དེ་ཡང་ས་ལམ་ལ་རིམ་ཞུགས་མ་ཡིན། སྤང་བྱ་སྤང་དགོས། རྟོགས་བྱ་རྟོགས་དགོས་ཐམས་ཅད་གཅིག་པུ་དེས་འགྲུབ་པ་ལ་བསྙད་ཀྱི། གཞན་ཕྱག་རྒྱ་ཆེན་པོ་ཆིག་ཆོད་དུ་སོང་བས་ས་ལམ་འབྱེད་རྒྱུ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལས། མན་ངག་གཅིག་ནི་བསྒོམ་པ་ཡིས། །མན་ངག་ཐམས་ཅད་མཚོན་པར་བྱ། །ཇི་ལྟར་ས་གཅིག་ཐོབ་པ་ཡིས། །ས་རྣམས་ཐམས་ཅད་ཐོབ་པར་འགྱུར། །དེ་བཞིན་མན་ངག་ཐམས་ཅད་ཀྱང་། །མན་ངག་གཅིག་གིས་ཐོབ་པར་འགྱུར། །ཞེས་གསུངས། ཇི་ལྟར་ཆུ་ཀླུང་རྣམས་རྒྱ་མཚོ་དང་ཕྲད་ན་ལན་ཚྭའི་རོར་འགྱུར་བའམ། ལྷང་ཚར་ལ་སོགས་པ་ཁམས་རྣམས་གྲུབ་པའི་དངུལ་ཆུ་དང་ཕྲད་ན་གསེར་དུ་འགྱུར་བ་བཞིན་དུ་དངོས་པོའི་སྣང་གྲགས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་རིམ་པ་འདི་དང་ཕྲད་ན་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་འགྱུར་བ་ཡང་དབང་མདོར་བསྟན་གྱི་ལུང་སྔར་གྱི་འཕྲོ་ཉིད་དུ། ཇི་ལྟར་ཆུ་བོའི་ཆུ་ཞུགས་པ། །དེ་ནི་རྒྱ་མཚོའི་ཆུར་མཚུངས་པ། །དེ་བཞིན་དངོས་པོའི་ཚོགས་འདི་སྟེ། །འགྱུར་བ་མེད་པས་འགྱུར་མེད་མཚུངས། །ཇི་ལྟར་ཁམས་ཀྱི་ཚོགས་པ་འདི། །ཟོས་པ་ལས་ནི་རོ་ཉིད་འགྱུར། །ས་བོན་རང་བཞིན་ས་བོན་གྱི། །འབྲས་བུ་དུས་སུ་ང་རྒྱལ་སྤངས། །དེ་ལྟར་དངོས་པོའི་ཚོགས་པ་ཡང་། །མཆོག་ཏུ་མི་འགྱུར་ཟོས་པ་ཡིས། །མཆོག་ཏུ་མི་འགྱུར་བ་ཉིད་འགྱུར། །རྣམ་པ་ཐམས་ཅད་རང་བཞིན་འཛིན། །ཞེས་པས་བསྟན་པ་འདི་ཁ་རྒྱལ་དབང་རྗེས། རྣམ་རྟོག་གི་རང་བཞིན་ཤེས་ཙ་ན། །གང་ཤར་འདི་ཆོས་སྐུར་ཁྲོལ་ལོ་ལོ། །ཞེས་གསུངས་པ་དེར་གདའ་འོ། །དེ་ལྟ་བུའི་རིམ་པ་འདི་བླ་མས་ཚིག་གཅིག་མ་བསྟན་སློབ་མས་ཚིག་གཅིག་མ་ཉན་པར་དཔོན་སློབ་ཀྱི་རྟེན་འབྲེལ་གྱི་སྟོབས་ལས་འབྱུང་བའང་ཡོད་པ་ནི། །ཇོ་བོ་ནཱ་རོ་པས། ཨ་ཏི་ཤའི་བླ་མ་ཆེན་པོ་ཌོམྦི་པ་བྱིན་གྱིས་བརླབས་པ་དང་། དེ་གས་ཇོ་བོ་བྱིན་གྱིས་བརླབས་པའི་གཏམ་བཀའ་གདམས་ཀྱི་ལོ་རྒྱུས་ཚད་མ་ལས་འབྱུང་བ་བཞིན་དུ། རྩ་རྒྱུད་ལས། ཆགས་སོགས་དྲི་མ་ལྡན་པའི་སེམས། །འགྱུར་བ་འཁོར་བའི་རྒྱུ་ཡིན་ཏེ། །དེ་དང་བྲལ་བས་རྣམ་པར་དག །རང་བཞིན་དྲི་མེད་དག་པའོ། །དེ་ཕྱིར་ཀ་ཡིས་བསལ་བྱ་ནི། །ཅི་ཡང་བཞག་བྱ་ཅི་ཡང་མེད། །དག་པའི་དེ་ཉིད་འགྱུར་མེད་ཆེ། །སྦྱིན་བྱ་མ་ཡིན་འཕྲོག་བྱ་མིན། །ཀུན་ནས་དག་པའི་དེ་ཉིད་ལ། །སྦྱིན་བྱེད་འཕྲོག་བྱེད་བླ་མ་མེད། །ཅེས་གསུངས། །ཡང་ཆོ་གའི་བྱེད་པ་ཅུང་ཟད་ལ་ལྟོས་པའང་ཡོད་དེ། དེའི་ཚེ་བྱིན་རླབས་ཀྱིས་ཡེ་ཤེས་རྡོ་རྗེ་འབེབས་པར་བཤད་པ་དེ་ཉིད་དོ། །ད་ནི་གང་ཟག་ཐོད་བརྒལ་བ་ལ་འདིར་རྣམ་པ་གསུམ་དུ་ཕྱེ་སྟེ། མཚན་བརྗོད་ལས། རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ཅེས་བྱིན་རླབས་སུ་བཤད་པའི་ནང་ནས་ཐུགས་རྡོ་རྗེ་ཕེབས་པ་དེ་ལ་སྤྱན་རས་གཟིགས་ཀྱིས། མཆོག་ཏུ་མི་འགྱུར་བཞི་པ་དེ་ཉིད་ནི། །ནས། ཤེས་རབ་དག་དང་ཡང་དག་ཕྲད་པས་སོ། །ཞེས་པའི་བར་གྱིས་གསུངས་པ། དེ་བཞིན་མཆོག་མི་འགྱུར་ལས། ཆགས་པ་གང་གིས་སེམས་ཅན་རྣམས་ནི་ཉམས་པར་འགྱུར་བ་དེ་ཡིས་སྐྱོབ་པ་རྣམས་ནི་གྲོལ་བ་སྟེ། །ཞེས་གསུངས། སེམས་ཅན་འཆིང་སངས་རྒྱས་དེས་གྲོལ་ཁྱེར་ཇི་ལྟ་བུ་སྙམ་ན་འགྲེལ་པར། འདིར་འཕོ་བའི་ཆགས་པ་གང་གིས་སེམས་ཅན་རྣམས་ནི་ཉེས་པ་སྟེ། འཆིང་བར་འགྱུར་བ་དེ་ཉིད་འཕོ་བ་མེད་པར་མཆོག་ཏུ་མི་འགྱུར་བར་གྱུར་པས་སྐྱོབ་པ་སངས་རྒྱས་རྣམས་ནི་གྲོལ་བར་འགྱུར་རོ། །ཞེས་གསུངས་ལ། ཇི་ལྟར་མཆོག་ཏུ་མི་འགྱུར་བར་བསྒྲུབ་པ་ཞེ་ན། དེར། རིམ་པ་ཇི་ལྟ་བས་མཆོག་ཏུ་མི་འགྱུར་བ་སྒྲུབ་པའི་དོན་དུ་བྱང་ཆུབ་ཀྱི་སེམས་འདི་ཉིད་འཕོ་བ་མེད་པར་བྱའོ། །དེས་ན་དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པས་བདེ་བ་བསྒོམ་པར་གསུངས་ཀྱི། བྱང་ཆུབ་ཀྱི་སེམས་འཕོ་བའི་གནས་སྐབས་ནི་མ་ཡིན་ནོ། །འཕོ་བའི་བག་ཆགས་འདི་ནི་སེམས་ཅན་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་གློ་བུར་གྱི་དྲི་མའི་རང་བཞིན་ཏེ། དེ་ཡིས་འཁོར་བའོ། །ཕྱག་རྒྱའི་སྦྱོར་བ་གང་གིས་འཕོ་བའི་བག་ཆགས་དེར་འགྱུར་བའི་སྦྱོར་བ་དེ་ཉིད་ཀྱིས་མི་འཕོ་བའི་བག་ཆགས་སུ་འགྱུར་ཏེ་དངུལ་ཆུ་དང་མེ་བཞིན་ནོ། །ཞེས་དང་། འདིར་ཇི་ལྟར་མེ་ལ་རེག་པས་དངུལ་ཆུ་འབྲོས་པར་འགྱུར་ཏེ། ཐབས་དང་བཅས་པའི་མེ་དེ་ཉིད་ཀྱིས་འཆིང་བར་བྱེད་དོ། །དེ་བཞིན་ཆོས་འབྱུང་ལ་རེག་པས་བྱང་ཆུབ་ཀྱི་སེམས་འབྲོས་པར་བྱེད་དེ་ཐབས་དང་བཅས་པ་དེ་ཉིད་ཀྱིས་འཆིང་བར་བྱེད་དོ། །ཇི་ལྟར་མེ་ཡིས་དངུལ་ཆུ་བཅིངས་པས་ལྕགས་ཐམས་ཅད་གསེར་དུ་བྱེད་དོ། །དེ་བཞིན་དུ་ཆོས་འབྱུང་གི་སྦྱོར་བས་བྱང་ཆུབ་ཀྱི་སེམས་བཅིངས་པས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་སྒྲིབ་པ་མེད་པར་བྱེད་དོ། །དེའི་ཕྱིར་དངུལ་ཆུ་དང་བྱང་ཆུབ་ཀྱི་སེམས་དག་གི་མཐུ་ནི་བརྟག་པར་བྱ་བ་མ་ཡིན་ཏེ། རྨོངས་པ་རྣམས་ཀྱིས་རྣམ་པར་དཔྱད་པར་བྱ་བ་མི་ནུས་སོ། །དེའི་ཕྱིར་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་དོན་དུ་ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ལ་ཡང་ལྷའི་དམིགས་པ་རབ་ཏུ་གསུངས་པ་ནི། དངུལ་ཆུའི་བདུག་པ་དང་བསྐོལ་བ་ལ་སོགས་པ་ལྟ་བུ་ཕྱུགས་ཀྱི་ལས་པདྨར་རབ་ཏུ་ཞུགས་པའི་བྱང་ཆུབ་ཀྱི་སེམས་བཟའ་བ་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་སོགས་ཀྱིས་བསྟན། དེར་འཛག་མེད་དུ་འཆིང་ཚུལ་ཡང་རྩ་རྒྱུད་ཀྱི་ཕྲ་ཐིག་བཤད་པའི་སྐབས་ལས། བཅུ་དྲུག་ལོ་ལོན་རིགས་ལྡན་མ། །གཟུགས་དང་ལང་ཚོས་བརྒྱན་པ་ལ། །དང་པོར་ལེགས་པར་བསླབས་བྱས་ནས། །དབང་བསྐུར་ནས་ནི་བསྒྲུབ་པ་བརྩམ། །སྐུ་གསུང་ཐུགས་དང་ཆགས་པ་ཡིས། །དཔྲལ་བ་ལ་སོགས་རྣམས་ལ་དགོད། །སྭཱ་ཧཱ་གསང་བ་གཙུག་ཏོར་ཆེར། །དེ་ནས་པདྨ་རྣམ་པར་སྦྱང་། །ཨཱཿཡིག་པདྨ་འདབ་བརྒྱད་པ། །ཧཱུྃ་ཡིག་གིས་ནི་རྡོ་རྗེ་ལྡན། །དེ་ལྟར་རྡོ་རྗེ་དང་བཅས་པའི། །ཤེས་རབ་པདྨ་བསྐྱོད་རྒྱུ་ལས། །ཧཱུྃ་གི་རང་གི་རྡོ་རྗེ་ནི། །རྩེ་མོ་ལྔ་པ་རྣམ་པར་བསྒོམ། །དེ་དབུས་པདྨ་འདབ་བརྒྱད་པ། །ཨཱཿཡིག་གིས་ནི་རབ་ཏུ་བརྟག དེ་ལྟར་རྡོ་རྗེ་པདྨ་དང་བཅས་པ་བྱས་ནས་པདྨར་གཞུག དེ་ལྟར་རྡོ་རྗེ་འཛིན་པའི་སྙེམས། །འཛིན་ཅིང་རྣལ་འབྱོར་ཧཱུྃ་ཕཊ྄་བྱ། །བྷ་གར་ལིདྒ་རབ་བཀོད་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ཞེས་འབྱུང་ཞིང་། དཀར་ཆ་ཁོ་ན་གཞུ་བཏུལ་བྱ་བ་ཡིན་ནམ་ཞེ་ན། ནུས་དང་ལྡན་ན། ཡེ་ལེར། ངེས་པའི་དོན་གྱིས་ནི་ཨ་ཝ་དྷཱུ་ཏཱིར་གང་ཞིག་འཕོ་བའི་དུས་སུ་རྡུལ་གྱི་ཁམས་འཐུང་བའོ། །ཞེས་པ་དང་། གྲུབ་ཐོབ་ཆེན་པོ་ཨོ་ཌི་ཡ་ཎ་པས། ཞུ་བའི་ཟླ་བ་ལ་མིན་པ། །ཉི་མ་ལོན་ན་འབྱོངས་པའི་ཚད། །ཅེས་གསུངས་སོ། །དཀར་དམར་གཉིས་ཀ་ལ་དེས། དགུག་གཞུག་བཅིང་མཉེས་རོ་མཉམ་བརྟན་པར་བྱ། །རིམ་པ་འདི་ཡིས་ངེས་པར་འགྲུབ་པར་འགྱུར། །ཞེས་པའི་དགུག་སོགས་གྱི་དོན། ཡེ་ལེར། དེའི་དགུག་པ་ནི་སྲོག་ལ་སོགས་པའི་རླུང་གི་ཚོགས་ཀྱིས་བྱེད་དེ་སྟེང་དུ་སྤྱི་བོར་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པར་བྱེད་ཅེས་པའི་དོན་ཏོ། །དེ་ནི་གཞུག་པ་རྨུགས་བྱེད་ཀྱི་ཤེས་པས་མེ་ཡིས་དེ་ཞུ་བར་བྱས་ནས་ཁུ་བ་ཐིག་ལེའི་གཟུགས་མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བའི་པདྨ་ལ་རབ་ཏུ་གཞུག་པར་བྱེད་དོ། །རེངས་བྱེད་ཅེས་པ་སའི་ཁམས་ཀྱི་ཐིག་ལེའི་གཟུགས་དེས་བཅིང་བ་བྱེད་དེ་མཆོག་གི་བདེ་བའི་དབང་གིས་ཤིན་ཏུ་མགྱོགས་པས་འོངས་པ་ནི་འགྲོར་མི་སྟེར་རོ། །ཁེངས་བྱེད་ནི་ཆུའི་ཁམས་ཏེ་ཐིག་ལེའི་ཁུ་བ་དང་། གསང་བའི་པདྨ་དང་། རྡོ་རྗེ་ནོར་བུ་ལ་གནས་པ་ནི་གཡོ་བ་ཞེས་བརྗོད་ཅིང་། དེའི་ཆུའི་ཁམས་ཀྱིས་ནི་མི་འཕོ་བའི་བདེ་བའི་དབང་གིས་མཉེས་པ་སྟེ། ལུས་ལ་བསིལ་བ་ཉིད་དུ་བྱེད་དོ་ཞེས་པའི་དོན་ཏོ། །སླར་ཡང་། གནས་དེ་ནས་སྟེང་དུ་འགྲོ་བའི་དོན་དུ་རྒྱུ་མཐུན་པའི་བདེ་བ་དེ་ཉིད་སྤྱན་མ་ལ་སོགས་པ་རྣམས་ཀྱིས་སྔར་བརྗོད་པའི་རྡོ་རྗེའི་གླུ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱེད་དོ། །དེ་ནས་ལྟེ་བར་རྒྱུ་མཐུན་པ་ཉིད་ཀྱི་དོན་དུ་སྤྱན་མས་སྐུལ་བར་བྱེད་དོ། །སྙིང་གར་རྣམ་པར་སྨིན་པའི་དོན་དུ་མཱ་མ་ཀི་ཡིས་སོ། །མགྲིན་པར་སྐྱེས་བུ་བྱེད་པའི་དོན་དུ་གོས་དཀར་མོ་ཡིས་སོ། །སྤྱི་བོར་དྲི་མ་དང་བྲལ་བའི་དོན་དུ་སྒྲོལ་མ་ཡིས་སོ། །དེ་ལྟ་བུ་ལ་སོགས་པ་རྣམས་ཀྱིས་བསླད་པ་བདེ་བ་ཆེན་པོ་དྲི་མ་དང་བྲལ་བར་གྱུར་པས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་ཐམས་ཅད་སྒྲིབ་པ་མེད་པར་བྱེད་དོ། །དེ་ལས་རྣལ་འབྱོར་པ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་གནས་སུ་གྱུར་ཏེ་ཞེས་གསུངས་སོ། །གསུང་རྡོ་རྗེས་བྱིན་གྱིས་རློབས་པའི་གང་ཟག་དེ་ལ། སྤྱན་རས་གཟིགས་ཀྱིས། དཔའ་བོའི་རིམ་པ་ཕྱི་རོལ་ལ་མིན་ཏེ། །ལུས་ལ་སྲོག་ཟད་ཉིད་ལ་འདི་གསུངས་སོ། །དེ་ཡང་གང་ཞེ་ན། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང་། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབ་ཤིང་གཙུབ་སྟན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་དག་ཀྱང་མཐོང་གྱུར་པ། །དེ་བཞིན་སེམས་ཀྱི་འོད་གསལ་རྟོགས་པ་ཡིས། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་འདི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་པ་དེ་ཡིན་ཏེ། དེ་ཀ་དཔལ་ལྡན་རྒྱུད་ལས། དཔའ་བོ་གང་ཞིག་མཉམ་དང་མི་མཉམ་ལམ་ལ་སྲོག་དང་ཐུར་སེལ་རླུང་ནི་ཟད་པར་བྱེད་པའོ། །ཞེས་པས་བསྟན་པ། དོན་རོ་རྐྱང་གི་རླུང་དབུ་མར་འགོག་པའི་སྦྱོར་བ་སྟེ། འདིས་འཁོར་བའི་རྩ་བ་གཟུང་འཛིན་དབང་མེད་དུ་བཅོམ་པས་ཤིན་ཏུ་རྣམ་དག་གི་རིམ་པར་འགྱུར་བ་དེ་ཡང་རྗེ་བཙུན་གྱིས། ལམ་རྩ་དང་རླུང་ལས་མྱུར་བ་མེད། །ཅེས་གསུངས་པ་བཞིན་ནོ། །སྐུ་རྡོ་རྗེས་བྱིན་གྱིས་སློབས་པའི་གང་ཟག་དེ་ལ། བདག་བྱིན་བརླབ་སྟོན་པ་ཡིན་ཏེ། མདོར་བསྡུས་དེ་དང་པོར། བདག་བྱིན་བརླབ་པ་དག་ནི་སྟོང་པ་ལ། །ཁམས་གསུམ་པོ་ནི་མཐོང་བར་འགྱུར་བའི་མཚན། །འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་པའི་སངས་རྒྱས་ཉིད་འབྲས་ཏེ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་དག །ཆུ་བཞིན་ཉམས་ལས་ཡང་དག་འབྱུང་བ་བཞིན། །ཞེས་གསུངས། དེ་ཡང་དཔལ་ལྡན་རྒྱུད་ལས། །ས་ནི་ཆུ་ལ་རབ་ཏུ་འཇིག་ཅིང་སོགས་ཀྱིས་ཏེ། ཡེ་ལེར། གཡས་ཀྱི་རྩ་ལ་སའི་དཀྱིལ་འཁོར་ལས་སྲོག་ཆུའི་དཀྱིལ་འཁོར་ལ་འཇུག་སྟེ། དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་དུའོ། །གཡོན་གྱི་རྩ་ལ་ནམ་མཁའ་ལ་སོགས་པས་འཇུག་གོ །དེ་བཞིན་དུ་སྟོང་པ་ངེས་པར་དུ་བ་ལ་སོགས་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་། མཚན་མ་ནི་རྣམ་པ་ཐམས་ཅད་པའི་གཟུགས་སུ་འགྱུར་རོ། །གཟུགས་ལས་འགྱུར་བ་མེད་པའི་བདེ་བར་འགྱུར་རོ། །དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་སོ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་དང་དངོས་གྲུབ་ཁམས་གསུམ་གྱི་དབང་ཕྱུག་ཉིད་དུ་འགྱུར་ཏེ་མི་བདག་སྐྱེ་དགུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལ་འོ་ཞེས་པ་ལམ་དུ་ཞུགས་པའི་ངེས་པའོ་ཞེས་འབྱུང་བ་སྟེ། འདིར། སྟོང་གཟུགས་ཀྱི་འཁོར་བ་ཟད་པར་བྱས་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་འགྲུབ་པ་སྟེ། དེས་ཆུ་ཤིང་གི་དཔེ་གསུངས་ལ། འདི་དང་དཔའ་བོའི་རིམ་པ་གཉིས་ཀ་ལ། །སྡིག་པ་དང་ནི་ཤིང་སྲིན་སེམས་ཅན་རྣམས། །གང་ལས་བྱུང་བ་དེ་དག་དེ་ཉམས་བྱེད། །དེ་བཞིན་རྣལ་འབྱོར་དག་གི་སེམས་དེ་ནི། །སྒྱུ་མ་རྣམ་པར་ཉམས་པར་བྱེད་པ་ཡིན། །ཞེས་གསུངས་ཏེ། རླུང་གི་སྦྱོར་བས་རླུང་འགགས་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྱུ་མ་བཟློག་པས། ཤིང་གི་སྲིན་བུ་དང་སྡིག་པའི་དཔེ་བསྟན་ནོ། །ཕྱི་མ་འདི་ནི། དུས་འཁོར་ཞབས་པས། རབ་ཀྱི་དང་པོ་ཁོ་ནས་སོ་ཞེས་པ་རང་ཡིན་ལ། དེས་འབྲིང་གི་སྲོག་རྩོལ་ལ་སོགས་བསྒོམ་པ་དང་། སྔ་མ་ལ་ཁྱད་ཡོད་དེ། སྔ་མ་དེ་རླུང་ཉིད་ཀྱི་སྦྱོར་བས་འགྲུབ་པ་ཡིན་ལ། ཕྱི་མ་སྔར་སོར་བསམ་བཏང་ནས་ཕྱིས་སྲོག་རྩོལ་སྒོམ་པ་དེའི་དབང་དུ་མཛད་པས་སོ། །དེ་དག་གསུམ་ཤིན་ཏུ་རྣམ་དག་གི་འབྲས་བུ་ཐོབ་པ་ལ་ལམ་རྐྱང་པ་རེས་ཆོག་པའི་དབང་དུ་བྱས་ལ། ད་ནི་ཉིས་སྦྲག་ཏུ་བཤད་ན། དཔའ་བོའི་རིམ་པ་ལ། ནང་ལེར་རྩའི་སྦྱོར་བ་ཞེས་གསུངས་ནས། འདི་བསྒོམས་ནས་ལུས་འགྲུབ་སྟེ། ལུས་གྲུབ་པར་གྱུར་ན་གཞན་པའི་དངོས་གྲུབ་འཇིག་རྟེན་པའི་མངག་གཞུག་ཉིད་དུ་རབ་ཏུ་འགྱུར་རོ། །ཞེས་གནས་སྐབས་ཀྱི་ལུས་འཆི་མེད་བསྒྲུབ་པ་སོགས་བསྟན་པ་དང་། ཕྱི་མ་བདག་བྱིན་བརླབ་ལ་བསྒྲུབ་ལེར། དེ་ནི་བཙན་ཐབས་ཀྱི་རྣལ་འབྱོར་གསུངས་ཏེ། འདིར་གང་གི་ཚེ་སོ་སོར་སྡུད་ལ་སོགས་པས་གཟུགས་མཐོང་བར་གྱུར་བ་ལ་སྲོག་མ་བཅིངས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན། དེའི་ཚེ་ནའང་གོམས་པ་འཆད་པར་འགྱུར་བས་བཙན་ཐབས་སུ་དབུ་མར་འབབ་པར་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པ་རྡོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཀག་ནས་མི་གཡོ་བར་འགྱུར་བ་མེད་པའི་སྐད་ཅིག་བསྒྲུབ་པར་བྱའོ་ཞེས་པའོ། །ཡང་བསྒྲུབ་ལེར། འདིར་ད་ནི་ཞི་བ་ལ་སོགས་པ་སྒྲུབ་པའི་སླད་དུ་དང་པོའི་བསྒོམ་པ་གསུངས་པ། གཙོ་བོའི་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་རྣལ་འབྱོར་པས་ཨ་ཝ་དྷཱུ་ཏཱི་ལ་སྲོག་གནས་པ་གཟུགས་རྣམ་པར་གསལ་བ་མཐོང་བ་དེའི་ཚེ། གཟུགས་དེ་ཇི་ལྟར་རྣམ་པར་བརྟགས་པ་དེ་ལྟར་གཟུགས་དེ་མཐོང་བར་འགྱུར་རོ། །གཙོ་བོའི་ཞེས་པས་ནི་སྔར་གསུངས་པའི་དུས་ཀྱི་འཁོར་ལོར་རྫོགས་པར་བྱས་ཏེ། དེ་ནས་དེའི་ཐུགས་ཀར་པདྨའི་དབུས་ཀྱི་ལྟེ་བ་སོགས་ཀྱིས་སྟོང་གཟུགས་གྲུབ་ནས་བསྐྱེད་རིམ་བཞིན་གྱི་ལྷ་ཞལ་ཕྱག་གི་རྣམ་པ་ཅན་ལ་སློབ་པ་བསྟན། འདི་ལ་དགོངས་ནས་བསྙེན་སྒྲུབ་ཏུ་སྲོག་རྩོལ་བསྒོམ་པ་ལ། ཁ་སྦྱོར་གྱི་ལྷར་བསླང་སྟེ། དོན་ལས་རབ་འབྱམས་ཞར་ལ་འགྲུབ་པའི་དབང་དུ་བྱས་སོ། །གཞན་ཡང་དེར། ད་ནི་ལས་ཐམས་ཅད་ཀྱི་སྒྲུབ་ཐབས་ཀྱི་དོན་བསྡུ་གསུངས་པ། དང་པོར་ཞེས་པ་ལ་སོགས་པ་སྟེ། འདིར་དང་པོར་རྣལ་འབྱོར་པས་འབད་པ་ཡིས་ནི་བླ་མའི་མན་ངག་ལས་འགྲུབ་པར་བྱ་སྟེ། དུས་ཀྱི་འཁོར་ལོ་ཞེས་པ་ནི་སྲོག་གི་རླུང་སྟེ། རྟག་ཏུ་དབུ་མར་རབ་ཏུ་གཞུག་པར་བྱའོ། །སྲིད་གསུམ་བསྐྱེད་མ་ཞེས་པ་ནི་སྟོང་པ་ཉིད་ཀྱི་གཟུགས་ཏེ། གཟུགས་དང་སྲོག་གཉིས་པོ་དེ་དག་འབད་པ་ཡིས་ནི་བསྒྲུབ་པར་བྱ། ཕྱིས་ནས་ས་གཞིའི་གནས་དག་ཏུ་ནི་གང་ཞིག་གསུངས་པ་ཞི་བ་ལ་སོགས་པའི་ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ་བར་འགྱུར་རོ། །འདིར་དཔེ་ནི་ཕ་དང་མ་ཡིན་རྣམ་པར་དབེན་པའི་བུ་ནི་ཡོད་པ་མིན་པར་དུས་ཀུན་ཏུ་ནི་འཇིག་རྟེན་གྲགས། དེ་ཕྱིར་བདེ་མཉམ་འབྲས་སྟེར་གཟུགས་དང་སྲོག་གཉིས་པོ་བསྒྲུབ་པར་བྱ་སྟེ་རྣམ་པ་གཞན་དུ་གཟུགས་དང་སྲོག་མ་བསྒྲུབས་པར་ལས་ནི་བསྒྲུབ་པ་ཡོད་མ་ཡིན་ནོ། །ཞེས་པས་ངེས་པའོ། །ཞེས་པས་དེ་གཉིས་ཀའི་མཐར་ལས་དང་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཆོ་ག་སྦྱར་བ་སྟེ་དུ་མར་འགྱུར་རོ། །བྱིན་གྱིས་བརླབས་པ་ཙམ་གྱིས་ནུས་པ་མ་ཐོན་ཡང་། བསྐྱེད་རིམ་སྔོན་དུ་འགྲོ་མི་དགོས་པར་དོན་དམ་པའི་བདེན་པ་ཉིད་ལ་ཁྲིད་ཆོག་པ་འམ། སྔར་བསྐྱེད་རིམ་གྱིས་རྒྱུད་སྦྱངས་པ་དེ་གཉིས་ལ་སྨིན་པར་བྱེད་པའི་དབང་། གྲོལ་བར་བྱེད་པའི་ལམ། གྲོགས་དམ་ཚིག ཆོ་ག་གང་གིས་བསྐུར་བ་ལས། དང་པོ་ནི། གང་ཟག་ཕྱི་མ་དེ་དབང་གིས་སྨིན་པར་བྱེད་དགོས་ན་སྔར་དབང་བདུན་དང་གོང་ཆུང་སྨིན་བྱེད་དུ་བཤད་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། དེས་ནི་སྨིན་པ་ཙམ་དུ་བཞག་ཏུ་རུང་ཡང་། དེ་ཙམ་ལས་མ་ཐོབ་པའི་གང་ཟག་དེ་ཟབ་མོ་ལ་འཇིགས་པ་ཡིན་པས། ཟབ་མོས་འཇིགས་ནས་མ་སྨིན་པ་ཞེས་པའི་མིང་ཅན་དེར་སོང་། དབང་བསྐུར་བ་འདིས། ཟབ་མོའི་དོན་སྟོན་པ་ལ་སྐལ་པ་དང་ལྡན་པར་འགྱུར་བའི་ཕྱིར། སླར་སྨིན་པའི་ཐ་སྙད་བཞག་སྟེ། སྨིན་པ་མཚན་ཉིད་པ་ནི་འདི་ལས་བརྩི་བ་ཡིན་པས་ན་དབང་སྔ་མ་དེས་རྒྱུད་ཉན་པ་ཙམ་དུ་བྱེད་ནུས། རྒྱུད་འཆད་པ་པོར་བྱེད་མི་ནུས་པར་གསུངས་པ་ཡིན་ནོ། །དེ་ཡང་རྒྱུ་མཚན་གང་གིས་སྙམ་ན། ཡེ་ལེར། འདིར་གང་ཞིག་རྒོད་པ་དང་། ལྟ་བ་དང་། ལག་པ་བཅངས་པ་དང་། གཉིས་གཉིས་འཁྱུད་པ་ཞེས་ནི་དབང་རྣམ་པ་བཞི་སྟེ། སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། སླར་ཡང་དེ་བཞིན་གྱི་སྒྲས་གསུངས་པ་བཞི་པའོ། །དེ་བཞིན་དུ་འདུས་པ་ལ་སོགས་པ་ལས་བུམ་པ་ལ་སོགས་པའི་དབང་དེ་ནི་ཀུན་རྫོབ་ཏུ་སློབ་དཔོན་བྱེད་པའི་སླད་དུ་བརྡ་ཙམ་སྟེ་དེ་ཁོ་ན་ཉིད་ཡིན་ནོ། །དབང་བསྐུར་ནས་ནི་དེ་ཉིད་བཤད། །ཅེས་གསུངས་པའི་ཕྱིར། རྒོད་པ་དང་། ལྟ་བ་དང་། ལག་པ་བཅངས་པ་དང་། གཉིས་གཉིས་སྦྱོར་བ་ཞེས་པ་དབང་རྣམ་པ་བཞི་དེ་ཁོ་ན་ཉིད་དུ་མི་འགྱུར་རོ། །འདིར་དེ་ཁོ་ན་ཉིད་ནི་གཉིས་གཉིས་འཁྱུད་པ་མེད་པ་སྟེ། ལས་ཀྱི་ཕྱག་རྒྱའི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་དཔྱད་ན་གཉིས་སུ་མེད་པའི་ཡེ་ཤེས་སུ་མི་འགྱུར་རོ། །འདིར་གལ་ཏེ་ཤེས་རབ་ཀྱི་རྒྱུ་ལས་སྐྱེས་པའི་བདེ་བ་ཐབས་ཀྱི་ཤེས་རབ་ཡེ་ཤེས་ཡིན་ན་དེའི་ཚེ་ཐབས་ཀྱི་རྒྱུ་ལས་སྐྱེས་པ་ནི་ཤེས་རབ་ཀྱི་ཐབས་ཡེ་ཤེས་སུ་འགྱུར་ཏེ་དངོས་གྲུབ་ཀྱི་སླད་དུའོ། །གལ་ཏེ་གཉིས་ཀའི་ཡེ་ཤེས་དབྱེ་བ་ལས་དེ་ལྟར་ཡེ་ཤེས་གཉིས་སུ་འགྱུར་རོ་ཞེ་ན། དེའི་ཕྱིར་གཉིས་སུ་མེད་པར་མི་འགྱུར་ཏེ། གཉིས་སུ་མེད་པ་མེད་པའི་ཕྱིར་སངས་རྒྱས་ཉིད་མེད་དོ། །ཅི་སྟེ་ཤེས་རབ་ཀྱི་ཡེ་ཤེས་ཤེས་རབ་ཡེ་ཤེས་ཡིན་པ་དེ་ལྟ་ནའང་སྐྱོན་ཏེ། ཐབས་ཀྱི་ཡེ་ཤེས་ནི་ཐབས་ཡེ་ཤེས་སོ་ཞེས་གྲུབ་བོ། །དེའི་ཕྱིར་ཐབས་ཀྱིས་འགྱུར་བའི་བདེ་བ་བྱིས་པ་དང་དར་ལ་བབ་པ་རྣམ་པ་གཉིས་དང་། གཉིས་པོ་དེ་དག་གང་གི་ཚེ་མི་གཡོ་བར་གྱུར་པ་དེའི་ཚེ་གཉིས་དང་བྲལ་བ་གཉིས་སུ་མེད་པའོ། །དེའི་ཕྱིར་ཤེས་རབ་ཀྱི་ནུ་མ་ལ་རེག་པ་ལ་སོགས་པ་ནི་ལམ་ལ་གཞུག་པའི་དོན་དུ་འཇིག་རྟེན་པར་བསྟན་ཏོ། །འཇིག་རྟེན་ལས་འདས་པའི་དབང་གོང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ་ཞེས་གསུངས་པའོ། །འོ་ན་འདི་ཉིད་དུའང་། དཀར་འཛིན་ལ་རེག་པ་བུམ་པའི་དབང་དུ་བཤད་པ་སོགས་ཀྱང་། འཇིག་རྟེན་པར་སོང་ངམ་སྙམ་ན་མ་ཡིན་ཏེ། དེ་ཉིད་དུ། འདིར་ཤེས་རབ་དང་ཡེ་ཤེས་ནི་གྲངས་བཞིན་དུ་འཛིན་པར་བྱ་བའི་སེམས་དང་འཛིན་པར་བྱེད་པའི་སེམས་དེའི་གཟུང་བར་བྱ་བ་དུ་བ་ལ་སོགས་པ་རྣམ་པ་བཅུ་པོ་གང་ཡིན་པ་དེ་མེ་ལོང་གི་སྣང་བ་པྲ་ཕབ་པ་ལྟ་བུ་དེ་ཉིད་ནི་གཟུང་བར་བྱ་བའི་སེམས་སོ་ཞེས་པའི་དོན་ཏོ། །དེ་ལྟར་མེ་ལོང་ལ་རང་གི་མིག་དང་གཟུགས་བརྙན་ནི་ནང་གི་མིག་དང་བཟུང་བར་བྱ་བ་ཡིན་པ་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱང་ངོ་། །དབང་འདི་ལ་ཞུགས་པ་གང་ཡིན་པ་ཞེས་པ་ནི། འདིར་འཛིན་པར་བྱེད་པའི་སེམས་ཀྱིས་གཟུང་བྱ་བའི་སེམས་དེ་ལ་རབ་ཏུ་ཞུགས་པ་ནི། ཕྱི་རོལ་གྱི་ཡུལ་རྣམས་ལ་རབ་ཏུ་མི་འཇུག་པ་གང་ཡིན་པའོ། །ཡན་ལག་དྲུག་ལས་སོ་སོར་སྡུད་པ་དང་། བསམ་གཏན་དང་། སྲོག་རྩོལ་དང་། འཛིན་པ་ནི་ཞུགས་པ་ཞེས་བརྗོད་དོ། །ཞུགས་པ་དེ་ལས་མྱ་ངན་ལས་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། བདེ་བ་བྱིས་པ་དང་། དར་ལ་བབ་པ་དང་། གཡོ་བ་རྣམས་ཀྱི་མཆོག འཇིག་རྟེན་པའི་དཔེ་ལས་འདས་པ་འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་བ་ཞེས་པའི་དོན་ཏེ། རྒོད་པ་དང་། ལྟ་བ་དང་། རེག་པ་དང་། འཁྱུད་པ་དང་། ལག་བཅངས་དང་། འཁྲིག་པ་དང་བྲལ་བ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་རྒྱུ་དང་བྲལ་བ། སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་རབ་ཏུ་གསལ་བའི་མཚན་ཉིད་དོ། །སངས་རྒྱས་ཞལ་ཏེ། ཡེ་ཤེས་ཀྱི་ཞལ་འདི་སློབ་དཔོན་གང་གི་སྙིང་ལ་གནས་པ་ཞེས་པ་བསྒོམ་པ་སྟེ། རང་གི་ཉམས་སུ་མྱོང་བ་དང་སློབ་མ་རྣམས་ལ་བསྟན་པའི་སླད་དུ་དུས་ཐམས་ཅད་དུ་ཁ་ལ་གནས་པར་འགྱུར་བ་དེ་ནི་དཔལ་ལྡན་བླ་མ་སྟེ་རྡོ་རྗེ་འཛིན་པའོ་ཞེས་པའི་དོན་ཏོ། །གཞན་དབང་པོ་གཉིས་ཀྱི་བདེ་བ་རྟོགས་པར་བྱེད་པ་པོ་རྣམས་ནི་མ་ཡིན་ནོ། །ཞེས་ཞུགས་འབྲས་གཉིས་སུ་གསུང་པའི་ཞུགས་པའང་འཛག་བདེར་མི་བཞེད་པས་ཡས་བརྟན་གྱི་ལྷན་སྐྱེས་ཞེས་བྱའོ། །སྔ་མ་ནི་བཞི་པའི་བར་དུ་འཛག་བདེ་ཁོ་ནས་ཡས་འོངས་ཁོ་ན་དེས་དབང་དུས་བཞུ་བ་སྐྱེ་གནས་སུ་ལྟུང་ནས་ཟ་བའི་རྣམ་གཞག་མཛད་དགོས་བྱུང་བ་ཡིན་པས་ཁྱད་ཆེའོ། །དེ་དཀྱིལ་འཁོར་གང་དུ་བསྐུར་ན། དབང་ལེར། འདིར་ཡེ་ཤེས་བསྒྲུབ་པའི་སླད་དུ་མཆོག་གི་དཀྱིལ་འཁོར་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན། །ཞེས་པ་སྟེ། དེའི་ཕྱིར་བདེ་བ་ཆེན་པོ་བསྒྲུབ་པ་དང་། མཆོག་གི་དབང་བསྐུར་བ་སྦྱིན་པའི་དོན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མི་འགྱུར་རོ། །ཞེས་དང་། དོན་དམ་པའི་བདེན་པས་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བ་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀག་པའི་ཕྱིར་རོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། རྡོ་རྗེའི་ཐིག་རྣམས་གདབ་པ་དང་། །རྡུལ་ཚོན་དག་ཀྱང་གདབ་པ་ནི། །མི་བྱ་སྔགས་ཀྱི་དེ་ཉིད་ཀྱིས། །བྱེད་ན་བྱང་ཆུབ་ཐོབ་པར་དཀའ། །ཞེས་པ་སྟེ། འདིར་གལ་ཏེ་སྔགས་ཀྱི་དེ་ཉིད་ནི་སྔགས་ཤེས་པ། ཡེ་ཤེས་ཏེ་ཡིད་སྐྱོབ་པར་འགྱུར་བའི་ཕྱིར་རོ། །སྔགས་ཀྱི་དེ་ཉིད་དེ་ཡིས་གལ་ཏེ་རྡོ་རྗེ་སློབ་དཔོན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ཐིག་གདབ་པ་ལ་སོགས་པ་བྱེད་ན། དེའི་ཚེ་བྱེད་པ་དེའི་བྱང་ཆུབ་ཐོབ་པར་དཀའ་བར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་གསུངས། སྔར་གྱི་གསུམ་རྡུལ་ཚོན་དང་འབྲེལ་བ་ཡིན་ལ། འདི་ལ་ད་ལྟར་མི་དགོས་པས་ཚོགས་དཀྱིལ་བསྒྲུབས་ཏེ་བསྐུར་བས་ཆོག་གོ །དེ་ལ་རྒྱུད་སྡེ་གཞན་ནས་འདི་གསུམ་དང་འདིར་བསྟན་ཁྱད་པར་ཡོད་དེ། དེར་ལུས་དཀྱིལ་རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱི་སྐུ་ཡིན་ལ། འདིར་ཕྱག་རྒྱ་མའི་ལུས་ཏེ། བུམ་པའི་དབང་ལ་བླ་མ་ལས་སློབ་མ་ཆུང་མའོ་ཞེས་པའི་དོན་གྱིས་ཏེ། བླ་མ་ལས་ཐོབ་པའི་ཤེས་རབ་མ་ཞེས་པའི་ཐ་ཚིག་གོ །གཉིས་པ་ནི། སློབ་དཔོན་གྱི་ལིདྒ་དང་། ཡུམ་གྱི་ཉེར་གནས་བྷ་གའི་དཀྱིལ་འཁོར་ཏེ། གསང་བའི་དབང་ལ་སློབ་པ་ཆུང་མའི་ཁར་རྡོ་རྗེ་གཞུག་པར་བྱའོ། །སློབ་མའི་མིག་བཅིངས་ཏེ་ཤེས་རབ་ཀྱི་ན་ར་ནཱ་སི་ཀ་གཞིབ་པར་བྱའོ་ཞེས་པས་སོ། །འདིར་སློབ་མ་ཆུང་མའི་ཞེས་པ་བར་གྱི་ཚིག་མི་མངོན་པ་སྟེ། སློབ་མ་ལ་དབང་བསྐུར་བ་ལ་ཞེས་པ་ཡིན། འདི་ལྟ་བུ་རྒྱུད་འགྲེལ་བ་ཤིན་ཏུ་མང་ལ་སེམས་ཀྱི་དཀྱིལ་འཁོར་ནི་གསུམ་པར་ཀུན་རྫོབ་པ་དང་བཞི་པ་དོན་དམ་པ་ཡིན། དང་པོའང་། ཕྱི་འཇིག་རྟེན། ནང་ལུས། གཞན་དཀྱིལ་འཁོར་སྦྱོར་བའི་དོན་གྱིས་ལུས་སྙིང་པོ་ལེན་པས་དཀྱིལ་འཁོར། རྟགས་གཉིས་སྦྱར་བ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན་པས་དཀྱིལ་འཁོར་དུ་སོང་། ཆོ་ག་རྒྱན་རྣམས་ཐམས་ཅད་དང་ལྡན་ཞེས་སོགས་ཀྱིས་སོ། །དབང་འདིས། དྲི་མ་གང་སྦྱོང་ཞེ་ན། འདིར། སེམས་ཅན་ཐམས་ཅད་ཀྱི་སད་པ་དང་། རྨི་ལམ་དང་། ཤིན་ཏུ་གཉིད་ལོག་པ་དང་། བཞི་པའི་དབྱེ་བ་ཡིས། སྐུ་དང་། གསུང་དང་། ཐུགས་དང་། ཡེ་ཤེས་ཀྱི་སྦྱོར་བ་སྟེ། དེ་དག་ཀྱང་དགའ་བ་ལ་སོགས་པའི་དབྱེ་བས་བཅུ་དྲུག་གོ །ཞེས་སད་སོགས་བཞི་སྤྲོ་མཁན་ལུས་ངག་ཡིད་དང་ཡེ་ཤེས་ཀྱི་ཐིག་ལེའོ། །ཐིག་ལེ་དེ་དག་ཀྱང་ཞིབ་མོར་བརྟགས་ན། ལུས་སོགས་མི་ཤིགས་པའི་ཐིག་ལེར་བཞག་པ་དེ་ཀ་སྟེ། དེའི་ཕྱིར་ལུས་ཀྱི་ཐིག་ལེ་ལུས་གྱི་བག་ཆགས་ཡིན་པ་བཞིན། ལྷག་མ་ལའང་འདྲའོ། །བཞི་པ། ཁུ་བ་འཕོ་བ་ལ་བཞག་པའི་ཁུ་བ་འཕོ་བ་ཡང་། ནང་ལེར། ཤེས་པ་གཅིག་ལ་གནས་སྐབས་བཞིར་ཕྱེ་བའི་ཕྱི་མ་དང་དོན་གཅིག་ཏུ་འོང་སྟེ། མཆོག་མི་འགྱུར་ལས། འཆི་བའི་དུས་སུ་ལྔའི་བདག་ཉིད་ཀྱི་ས་བོན་དེ་ཉིད་ངེས་པར་འབྱུང་ངོ་། །སླར་ཡང་རྨི་ལམ་གྱི་ལུས་བཞིན་དུ་བག་ཆགས་ཀྱི་ལུས་སྟོང་པ་རྡུལ་ཕྲ་རབ་ཀྱི་ཚོགས་པ་སྤངས་པ་མ་འགགས་པ་སྟེ། ལས་ཀྱི་བག་ཆགས་ལས་བྱུང་བའི་བག་ཆགས་ཀྱི་ལུས་མ་འགགས་པ་དེ་ཉིད་ཀྱིས་སླར་ཡང་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱིས་ལུས་འཛིན་ནོ། །སླར་ཡང་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱིས་ལུས་གཟུང་བའི་ཕྱིར། སྔར་གྱི་ལུས་ཀྱི་བག་ཆགས་ཡོངས་སུ་བཏང་ནས། སེམས་ལ་ད་ལྟར་གྱི་ལུས་ཀྱི་བག་ཆགས་སྐྱེ་བར་འགྱུར་རོ། །རྒྱུ་དེས་ནང་སེམས་ཀྱི་བག་ཆགས་ཀྱི་ཕུང་པོ་སྟོང་པ་རྣམས་ལས་གློ་བུར་བའི་ཕུང་པོའི་ཆོས་རྣམས་སུ་འགྱུར་ཞིང་། གློ་བུར་བའི་ཕུང་པོའི་ཆོས་རྣམས་ལས་སེམས་ཀྱི་བག་ཆགས་ཀྱི་ཕུང་པོ་སྟོང་པ་རྣམས་སུ་འགྱུར་རོ། །འཇིག་རྟེན་ཕ་རོལ་ཏུ་ནི་རྡུལ་ཕྲ་རབ་ཙམ་ཡང་མི་འགྲོ་སྟེ། གང་གི་ཕྱིར་ཕུང་པོ་ཡོངས་སུ་བཏང་བ་ལ་ཡང་། ཕུང་པོ་གཞན་འཛིན་པའི་ཕྱིར་རོ་ཞེས་དང་གཟུགས་མེད་ཀྱི་ལུས་དེར་སྟོང་པའི་ཁམས་ཀྱི་བདག་ཉིད་ཅན་སེམས་ཀྱི་བག་ཆགས་ཙམ་སྟེ་ལྷའི་ཡོན་ཏན་གྱི་བདག་ཉིད་ཅན་ནོ། །ཁུ་བ་ཡང་ས་དང་། ཆུ་དང་། མེ་དང་། རླུང་དང་། དྲི་དང་། རོ་དང་། གཟུགས་དང་། རེག་བྱའི་ཡོན་ཏན་སྤངས་པའོ། །ས་ལ་སོགས་པ་བཞི་པོ་འདི་རྣམས་ཀྱི་གཙོ་བོའི་ཡོན་ཏན་འདི་ལ་ཕལ་པ་ཙམ་གྱི་ཡོན་ཏན་ཡོད་དེ། རྣམ་པ་གཞན་དུ་ནི་ཚོགས་པའི་ཡོན་ཏན་རྣམས་མེད་པར་ཡོན་ཏན་གཅིག་ལས་འཁོར་བའི་བག་ཆགས་སུ་མི་འགྱུར་རོ། །ཞེས་གསུངས། དེའང་འདུས་པར། འོད་ཀྱི་ཐིག་ལེ་ཞེས་བཞག་པའི་གནད་མ་གོ་བར་གཟུགས་མེད་ན་ཁུ་བ་འཛག་པ་བཤད་པ་མི་རིགས་སྙམ་དགག་པ་དང་། འདིར་རྒོད་ལྟ་སོགས་གཟུགས་ནས་འདོད་པའི་བར་ལ་བཤད་པས། མདོ་ལམ་གྱི་རྣམ་གཞག་དང་མི་མཐུན་པ་མང་ངོ་། །བག་ཆགས་འཇོག་པ་ལ་ཚོགས་པའི་ཡོན་ཏན་བཤད་པ་དང་། མི་ཤིགས་པའི་ཐིག་ལེ་ལ་རྟེན་བྱེད་པའི་ཆ་ནས་རྩ། གཡོ་བའི་ཆ་ནས་རླུང་། བརྟེན་པ་འམ་ཡོན་ཏན་གྱི་ངོས་ནས་ཐིག་ལེ། ལེན་པའི་ཆ་ནས་རྣམ་ཤེས་སུ་བཞག་པ་གནད་གཅིག ངོ་བོ་མི་ཕྱེད་ཀྱང་རྣམ་འགྱུར་ལ་ཤས་ཆེ་ཆུང་ཡོད་པ་ནི་དབུ་མའི་ནང་སྤྱི་གསང་གི་ཁམས་དང་སྙིང་གའི་ཁྱད་ལྟ་བུ། རྩ་ལ་ཕྲ་བ་དང་རགས་པའི་དབུ་མ། རླུང་ལ་སྒྲ་གཅན་དང་དུས་མེ་ལྟ་བུའི་རིགས་པས་ཤེས་པར་བྱའོ། །དེ་བས་འཇིག་རྟེན་པའི་དབང་དུ་ལུས་སོགས་ཀྱི་རགས་པ་སྦྱངས་ལ། འདིས་བག་ཆགས་སྦྱངས་པས། སྦྱང་འབྲས་ཡེ་ཤེས་བཏགས་པ་དང་མཚན་ཉིད་པ་ཡི་ཁྱད་བྱུང་། དེའི་ཕྱིར་སྒྲ་བསྒྱུར་མར་པས་ཡེ་ཤེས་དངོས་སུ་བསྐྱེད་པ་ལ་རྫོགས་རིམ་ཞེས་གསུངས་པས་ཤིན་ཏུ་ལེགས་ཤིང་། རགས་པ་སྤྱོད་པ་ནི་དུག་རྩད་ནས་གཅོད་འདོད་ནས་སྡོང་པོའི་ཡལ་ག་ལོ་མ་སྐྱེ་རིམ་གྱིས་བྲེག་པ་ལྟ་བུ་དང་། དུག་གི་རྩ་བ་དབྱུང་བའི་ཁྱད་ཙམ་མོ། །འདིའི་དབང་བཞི་པའི་མཐར་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་ཏེ་རྨོངས་པ་མེད་པས་ཐམས་ཅད་ཀྱི་དག་པ་ཉིད་དུ་འོས་པའི་ཕྱིར་རོ། །དེ་ནས་བརཏལ་ཞུགས་ཏེ་དངོས་གྲུབ་ཆེན་པོའི་སླད་དུའོ། །དེ་ཡང་དབང་ལེར། དེ་ལྟར་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ལ་དབང་བསྐུར་བར་འགྱུར་ཞིང་། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང་། སྔགས་ཐམས་ཅད་ཀྱི་རྗེས་སུ་གནང་བ་སྦྱིན་པ་པོ་དང་། དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོ་དེ། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་བལྟ་བར་བྱའོ། །ཞེས་གསུངས་ཏེ། གཉིས་སུ་མེད་པ་ལ་གནས་པས་སངས་རྒྱས་ལ་རིས་སུ་གཅོད་པ་དང་བྲལ་པའི་ཕྱིར་དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ་དབང་བསྐུར་བ་ཐོབ་པ་དང་། ཨེ་ཝཾ་གི་དོན་མངོན་སུམ་གཟིགས་པས་ཐམས་ཅད་སྟོན་པ་པོར་འགྱུར་རོ། །དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་ནི་ཚེ་འདི་ལ་སངས་རྒྱས་སྦྱིན་པ་པོ་ཡིན་པའི་ཕྱིར་བཀའ་དྲིན་འཁོར་དགོས་ཞེས་གསུང་པ་ནི་འདུག་གོ །གཉིས་པ་གྲོལ་ལམ། རྡོ་རྗེ་གསུམ་དུ་ཕྱེ་བ། བཞིར་ཕྱེ་བ། ཡན་ལག་དྲུག་ཏུ་བཞག་པ། རྣམ་གྲངས་མང་པོར་བཞག་པ་ལས། དང་པོ་ནི། ལུས་ཀྱི་རྟེན་རྩ་དེའི་ཡང་གནད་དབུ་མར་ཤེས་ནས་སྦྱོང་བ། ངག་གི་རྟེན་རླུང་། དེའི་གནད་ཡེ་ཤེས་ཀྱི་རླུང་ལ་འདུག་པར་ཤེས་ནས་དང་། ཡིད་ཀྱི་གནད་ཐིག་ལེ། དེའི་གནད་དྭངས་མར་ཤེས་ན་སྦྱོང་བ་ཡིན་ལ། སྦྱོང་བྱེད་ནང་ལེར། འདིར་སྟོང་པ་ལ་ནི་དུ་བ་སོགས་ལམ་བླ་མའི་ངེས་པའི་དབང་གིས་ཤེས་པ་འཆད་པར་འགྱུར་བའི་རིམ་པས་གཟུགས་བརྙན་མཚམས་སུ་བསྒོམ་པར་བྱ། གཟུགས་བརྙན་ནི་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་དེའི་མཐར་ཐུག་པར་བསམ་མོ། །མཚམས་དེ་ནས་རྩའི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་སེལ་རླུང་ནི་བརྟན་པ་དག་ཀྱང་བྱེད་པ་སྟེ། ལྟེ་བའི་འཁོར་ལོ་ལ་རྣལ་འབྱོར་པས་སོ། །ཕྱི་ནས་ཟླ་བ་ངེས་པར་འགོག་པ་གཟའ་བཞིན་ཞེས་པ་སྒྲ་གཅན་བཞིན་དུ་བྱེད་དེ་བྱང་ཆུབ་སེམས་ནི་རྣལ་འབྱོར་པ་ཡིས་སོ། །སྲོག་དང་ཐུར་སེལ་དག་ཕན་ཚུན་ཡང་དག་པར་སྦྱོར་བ་ནི་རྣལ་འབྱོར་པ་སྟེ། དེ་གང་ལ་ཡོད་པ་ནི་རྣལ་འབྱོར་པའོ། །བྱང་ཆུབ་སེམས་ནི་འཕོ་བའི་སྐད་ཅིག་གོ །དེ་འགོག་པ་ནི་ཉེ་བར་ཞི་བ་སྟེ། རྒྱུ་མཐུན་པ་ལ་སོགས་པ་ནི་འགྱུར་བ་མེད་པར་བྱེད་དོ། །དེ་ན་གང་ཞིག་ཅུང་ཟད་འདོད་པ་དག །ཅེས་པ་ནས་རྒྱུ་མཐུན་པ་དེ་ལས་རྣམ་པར་སྨིན་པ་དང་། སྐྱེས་བུ་བྱེད་པ་དང་། དྲི་མ་མེད་པ་གང་ཅུང་ཟད་བརྗོད་པར་བྱ་བ་མ་ཡིན་པ་འདོད་པ་དེ་ནི་ཉིན་ཞག་འགའ་ཡིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར། ཉིན་ཞག་འགའ་ནི་ལོ་གསུམ་དང་ཕྱོགས་གསུམ་གྱི་དུས་འཁོར་ལོའི་ཉིན་ཞག་རྣམས་ཏེ། དེ་དག་གིས་སོ། །སྟོང་པ་ལ་སོགས་པའི་རྣམ་པར་ཐར་པས་སྦྱངས་པའི་ཕུང་པོ་འདི་དག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་དང་། སྤྱན་རས་གཟིགས་ཀྱིས། དུ་བ་ལ་སོགས་མཚན་མ་དག་དང་ནི། །སྲོག་རྩོལ་དག་གིས་དབུ་མར་འབབ་པ་དང་། །རིག་མའི་བརཏལ་ཞུགས་དག་གི་རྡོ་རྗེ་ནི། །ལྷུང་མིན་དེ་བཞིན་སྟེང་དུ་ཁུ་བ་སྟེ། །ལམ་འདི་དག་གི་སངས་རྒྱས་རྣམས་ཀྱི་ནི། །བདེ་བ་མཆོག་ཏུ་གྱུར་པ་མེད་པ་ཞེས། །མངོན་པར་བརྗོད་པ་ཕོ་ཉ་མོ་ཀུན་གྱི། །ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་ཐོབ་འགྱུར། །ཞེས་གསུངས་པ། གྲུབ་ཐོབ་ཆེན་པོ་ཨུ་རྒྱན་པའི་མན་ངག་བསྙེན་སྒྲུབ་ཏུ་གྲགས་པས་བཤད་པ་འདིའོ། །བཞིར་ཕྱེ་བ་ནི། རྒྱུ་དུས་སུ་ཡིད་དང་རྣམ་ཤེས་སུ་ཕྱེ་ནས། དང་པོ་ཐིག་ལེ། གཉིས་པ་ཁུ་བའི་འཕོ་བ་དེ་བཞི་པའི་ཐིག་ལེར་བྱས་ནས་གནད་དུ་བསྣུན་པ་འཛག་པ་བཅིང་པ་སྟེ། འདིར་དང་པོར་རྣལ་འབྱོར་པས་དབུ་མར་སྲོག་ནི་རབ་ཏུ་གཞུག་པར་བྱ་སྟེ་གང་གི་མཚན་མ་མཐོང་བར་འགྱུར་བ་ཨ་ཝ་དྷཱུ་ཏཱིར་རོ། །འདི་ནི་དཔལ་ལྡན་བླ་མ་ཞེས་པ་སངས་རྒྱས་ཀྱི་སྐུ་རྡོ་རྗེ་སྟེ་ཞལ་གཅིག་ཏུ་བརྗོད་དོ། །དེ་ནས་ཉི་མ་དང་བཅས་ཏེ་གཡས་པའི་བགྲོད་པས་ལྷན་ཅིག་ཏུ་རི་བོང་ཅན་གྱི་བགྲོད་པ་ཞེས་པ་གཡོན་གྱི་རྩའི་བགྲོད་པ་ལ་སྲོག་ནི་བཅིང་པའོ། །ཞེས་པ་ངེས་པ་སྟེ། སྲོག་རྩོལ་ནི་གཉིས་པ་གསུང་རྡོ་རྗེའོ། །ཕྱག་རྒྱ་མ་རབ་ཏུ་འགྲོགས་པ་སེམས་ཤེས་པ་གཟུགས་ལ་རྗེས་སུ་ཆགས་པ་བྱང་ཆུབ་ཀྱི་སེམས་ཞུ་བ་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་པར་བསླང་བ་ཡང་གསུམ་པ་ཐུགས་ཀྱི་ཞལ་ལོ། །ཅི་སྟེ་གཟུགས་ཀྱི་སྒོ་ནས་དགའ་བར་མ་གྱུར་ན། དེའི་ཚེ་པདྨར་རྡོ་རྗེའམ་ཞེས་པ་དལ་བུ་དག་གིས་བྱའོ། །ཅི་སྟེ་བུད་མེད་མ་རྙེད་ན། དེའི་ཚེ་རང་གི་ལག་པའི་པདྨས་གསོར་བར་བྱའོ། །བདེ་བ་འཕེལ་བའི་སླད་དུ་སྟེ་ལྟུང་བའི་སླད་དུ་མ་ཡིན་ནོ། །དེ་ལྟར་ས་བོན་གཏོང་བ་མིན་པའི་བདེ་བ་དེས་ནི་འཆི་བའི་འཇིགས་འཕྲོག་ཏུ་འགྱུར་ཏེ། འདི་ནི་དཔལ་ལྡན་བླ་མའི་ཞལ་བཞི་པ་སྟེ། ཡེ་ཤེས་ཀྱི་རྡོ་རྗེ་ཞེས་སོ། །ཡན་ལག་དྲུག་ཏུ་ཕྱེ་བ་ནི། རྩ་རྒྱུད་ལས་སོ་སོར་སྡུད་དང་བཅས་གཏན་དང་། །དེ་བཞིན་སྲོག་རྩོལ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་པ་སྟེ། དེ་ཉིད་དུ། དུ་བ་ལ་སོགས་བསྒོམ་བྱ་ཞིང་། ༡ །སེམས་ནི་གཡོ་བ་མེད་བྱས་ཏེ། །དབུ་མ་སྦྱང་པ་བྱས་ནས་ནི། །མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། ༢ །པདྨར་རྡོ་རྗེ་རབ་བཀོད་ནས། ༣ །སྲོག་ནི་ཐིག་ལེར་གཞུག་པར་བྱ། ༤ །འཁོར་ལོ་ཐིག་ལེ་ཐིག་ལེ་ཡི། །གཡོ་བ་རྡོ་རྗེས་དགག་པར་བྱ། ༥ །རྟག་ཏུ་རྟག་རེངས་རྣལ་འབྱོར་པ། །རྟག་ཏུ་སྟེང་དུ་ཞུ་བར་འགྱུར། །ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས། །རྡོ་རྗེ་འབེབས་པས་བྱིན་གྱིས་བརླབས། །མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་རྫོགས་པས་རྒྱལ་པོ་ཀྱེ། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། ༦ །ཞེས་པས་སོ་སོའི་ལམ་གྱི་ངོ་ཏི་བཤད་པ་བཞིན་བསྡུས་རྒྱུད་ལས། སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཏེ་སོགས་ཀྱིས་རིགས་བདག་དང་དབྱེ་བ། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དག་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །སྲོག་གི་རྩོལ་བ་དག་ཀྱང་ལམ་ནི་གཉིས་པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་པའོ། །གཏུམ་མོའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གི་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ངོ་བོ། །ཞར་ལ་པྲ་ཏྱ་ཧཱ་ར་སོགས་སྒྲ་བཤད། བསྙེན་པ་ལ་ནི་དང་པོའི་སོགས་ཀྱིས་ལྟ་སྟངས་སོ། །སྦྱོར་བ་དྲུག་པོ་དེ་ཀ་སྔར་བཤད་པའི་རྡོ་རྗེ་བཞིའམ། སོ་སོར་སྡུད་པ་ལ་སོགས་དྲུག་གསེར་བཟང་པདྨ་ལ་ནི་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ཏེ། །དགའ་བ་ལ་སོགས་རྣམས་ཀྱི་རྡོ་རྗེ་ཆུ་སྐྱེས་དག་ལ་རོ་མཉམ་གྱུར་པས་སྒོམ་པ་རྡོ་རྗེ་གསུམ། །ཤེས་རབ་པདྨར་སེམས་ཀྱི་ཐིག་ལེ་དག་པ་ལ་བལྟོས་བདེ་བའི་དབང་གིས་གཞོམ་དུ་མེད་པར་འགྱུར། །རྡོ་རྗེ་གསུམ་དུ་བསྡུ་བ་ཡང་བསྟན་ལ། རྡོ་རྗེ་གསུམ་དུ་དབྱེ་བའི་ཚེ་སོར་སྡུད། སྲོག་རྩོལ་རྗེས་དྲན་རྒྱུ། རྒྱས་པར་བཤད་ནས། བསམ་གཏན། འཛིན་པ། ཏིང་ངེ་འཛིན་སོ་སོའི་འབྲས་བུ། རྣམ་པ་གང་གིས་སྟོན་ཀྱང་ས་བཅད་ཀྱི་ཆིངས་ཙམ་ལས་དོན་ལ་མང་ཉུང་མེད་དོ། །སོ་སོར་སྡུད་པས་རྣལ་འབྱོར་བ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབས། །སོགས་ཀྱི་འབྲས་བུ། སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན་སོགས་ཀྱི་བོགས་འབྱིན་ཚུལ་དང་། སྲོག་གི་རྩོལ་བ་ཀུན་ནས་བདེ་མཉམ་འབྲས་བུ་སྟེར་བ་ཇི་སྲིད་མགོ་ཡི་བར་དུ་འདོད་པ་སྟེ། །སོགས་གེགས་སུ་འགྱུར་བ་དང་སེལ་བ་ནང་ལེར་ཡང་ངོ་། །ཡེ་ལེར། ནམ་མཁའ་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡི། །སོགས་ཀྱིས་སྐྱོང་ཚུལ་རྒྱས་པར་བསྟན་ནོ། །རྣམ་གྲངས་མང་པོར་བསྟན་པ་ནི། །ཁམས་ལེར་རྫོགས་པའི་བྱང་ཆུབ་རྣམ་པ་བཞི་དང་། རྡོ་རྗེ་རྣམ་པ་བཞི་ཡོངས་སུ་དག་པ། སྐུ་བཞི་དང་། རིགས་དྲུག་དང་། བདེན་པ་བཅུ་གཉིས་དང་། དེ་ཁོ་ན་ཉིད་བཅུ་དྲུག་དང་། སྟོང་པ་ཉིད་བཅུ་དྲུག་དང་། སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཀྱི་བརྗོད་པར་བྱ་བ་ཞེས་གསུངས་པ་སྟེ། ལམ་དེ་དག་བཞི་འགྲོས་དང་དྲུག་འགྲོས་ཀྱི་མཐའ་ཡས་པར་རུང་བ་གཞི་དང་འབྲས་བུའི་ཆོས་དེ་ལྟ་བུར་དབྱེ་བའི་དབང་ལས་ཡིན་ནོ། །གྲོགས་དམ་ཚིག་ནི། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་དུ་གནས། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་གསུངས་པ་དེ་ཀ་ཡིན་པས། དབང་ལེར། རང་དང་གཞན་དོན་བསྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ཡིན། །གལ་ཏེ་ཁྱེད་བསྲུང་བདག་གི་བུ། །ཞེས་འབྱུང་བས་འཕོ་བ་མེད་པའི་བདེ་བ་ཡིན་པས། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དམ་ཚིག་སྟེ། ངེས་དོན་དུ་བཤད་པའི་དམ་ཚིག་ཐམས་ཅད་ཀྱང་བསྐྱང་བར་བྱའོ། །བོགས་འདོན་སྤྱོད་པ་ནི་བསྒྲུབ་ལེར། ད་ནི་རྣལ་འབྱོར་གྱི་སྤྱོད་པ་གསུངས་པ། ཞེས་སོགས་བདག་བྱིན་གྱིས་རླབས་ནས་ལྷའི་རྣལ་འབྱོར་གྱི་ལས་དང་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པས་ཀུན་བཟང་། གསང་སྤྱོད་ནི། ནང་ལེར། དཔལ་ལྡན་སྤྱོད་པས་དངོས་གྲུབ་འགྱུར་ཏེ་མཚན་མོ་དུར་ཁྲོད་འཁྱམ་པ་དག་ཀྱང་རྩེད་མོའི་ཕྱིར་མ་ཡིན། །ཞེས་པའི་རྐང་པ་མཐའ་མར་བྱས་པའི་ཚིགས་བཅད་ཀྱིས་བསྟན་ཅིང་། རིག་པ་བརཏལ་ཞུགས་ནི། བསྒྲུབ་ལེར། རྣལ་འབྱོར་པ་ཤེས་པ་ལ་སོགས་པ་སྟེ། འདིར་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་གྱི་སྤྱོད་པ་རྣམ་པ་གཉིས་ཏེ། གཅིག་ནི་ཕྱིའོ། །གཉིས་པ་ནི་ནང་གིའོ། །དེ་ལ་ཕྱིའི་གང་ཡིན་པ་དེ་འཇིག་རྟེན་པའི་འབྲས་བུའི་རྒྱུ་དང་། ནང་གི་གང་ཡིན་པ་དེ་འཇིག་རྟེན་ལས་འདས་པའི་འབྲས་བུའི་རྒྱུར་རྣལ་འབྱོར་པས་བྱའོ། །འདིར་རྣལ་འབྱོར་པ་ཡིས་ཉིན་དང་མཚན་མོར་སྲོག་གཅོད་པ་དག་བྱ་བ་དེ་ནི་ཐམས་ཅད་མཁྱེན་པའི་འབྲས་བུ་ཐོབ་པའི་སླད་དུ་རང་གི་ལུས་ལ་སྲོག་ཉམས་པར་གསུངས་པ་སྟེ། ཕྱི་རོལ་ཏུ་སྲོག་གཅོད་པ་ནི་མ་ཡིན་ནོ། །འདིར་ཕྱི་རོལ་ཏུ་གདུལ་དཀའ་བ་འདུལ་བའི་སླད་དུ་སྲོག་གཅོད་པར་གསུངས་པ་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་སྲོག་རྣལ་འབྱོར་གྱི་སྟོབས་ཀྱིས་བཀུག་སྟེ། སླར་ཡང་ལུས་དེ་ཉིད་ལ་རྣལ་འབྱོར་པས་གཞུག་པར་བྱའོ། །དེ་ལྟ་ན་གདུལ་དཀའ་བ་འདུལ་བ་པོར་འགྱུར་ཏེ། གདུལ་དཀའ་མཐར་བྱེད་པ་ནི་མ་ཡིན་ནོ། །ཞེས་བསད་གསོ་ནུས་པ་བསྟན་ལ། དེ་བཞིན་རྫུན་དུ་སྨྲ་བ་དང་། མ་བྱིན་ལེན་དང་། གཞན་གྱི་བུད་མེད་བསྟེན་པ་དང་། ཆང་འཐུང་བ་རྣམས་ལ་ཕྱི་ནང་དུ་ཕྱེ་བ་ཡང་ཤེས་པར་བྱའོ། །ཕྱོགས་ལས་རྣམ་རྒྱལ་ནི། དེ་ཉིད་དུ། རྣལ་འབྱོར་པ་རྣམས་སྤྱོད་པ་གང་དེ་ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་རབ་སྟེར་བ། །ཞེས་པ་ནི། འདིར་གཡོན་དང་གཡས་ཀྱི་རྩ་ལ་རབ་ཏུ་འབབ་པའི་དབང་གིས་གཡོན་དང་གཡས་སུ་བགྲོད་པའི་བྱང་ཆུབ་ཀྱི་སེམས་དུས་ཐམས་ཅད་དུ་དབུ་མར་རབ་ཏུ་འབབ་པས་གསང་བ་ལ་སོགས་པའི་ཡན་ལག་དྲུག་པོ་རྣམས་སུ་འོག་ཏུ་འགྲོ་བ་ལས་སྟེང་དུ་འགྲོ་བ་ཞེས་བྱ་བའི་སྤྱོད་པ་དེ་ནི་འདོད་པའི་དངོས་གྲུབ་བམ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། དེ་རབ་ཏུ་སྟེར་བའོ། །ཕྱི་རོལ་ཏུ་ཡང་དེ་བཞིན་གཤེགས་པ་ལྔའི་རིགས་ཅན་གྱི་བུད་མེད་རྣམས་འཛིན་པ་ནི་བུད་མེད་ཀྱི་སྤྱོད་པ་སྟེ། བུད་མེད་ཀྱི་སྤྱོད་པ་དེ་རྣམས་ལ་སྲུབ་པ་ནི་ཚངས་པའི་སྤྱོད་པའོ། །དེ་བཞིན་དུ་ཞལ་ལས་རྣལ་འབྱོར་པས་བྱའོ་ཞེས་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་འཐབ་མོ་ནི་རྩའི་ཀུན་ཏུ་སྤྱོད་པ་ཞེས་པ་ནི་སྟེང་དུ་ཁུ་བ་འགྲོ་བར་བྱའོ་ཞེས་པ་རྩ་བའི་རྒྱུད་ལས་ངེས་པ་སྟེ། བུད་མེད་ཀྱི་སྤྱོད་པའི་ངེས་པའོ་ཞེས་གསུངས་པ་འདི་དངོས་གྲུབ་ཆེན་པོའི་ཉེ་རྒྱུར་གུར་དང་སམྤུ་ཊ་ལས་གསུངས་པ་དེ་ཡིན་ནོ། །དེ་ལྟར་བཞིའི་ཀུན་བཟང་ནི་ལས་དང་པོ་པའི་མཐའ་དང་གསང་སྤྱོད་རྣལ་འབྱོར་པ་དང་། རིག་པ་བརཏལ་ཞུགས་གྲུབ་པའི་སྐབས། ཕྱོགས་ལས་རྣམ་རྒྱལ་སངས་རྒྱ་ཁར་བྱ་བ་ཡིན་ལ། མཆོག་མི་འགྱུར་དུ་རྣལ་འབྱོར་པས་གྲུབ་པའི་སྤྱོད་པ་མི་བྱའོ་ཞེས་པའི་རྣལ་འབྱོར་པ་དེ། ས་ཐོབ་ལ་བཤད་པ་ནི། དེ་ཡང་། རྣལ་འབྱོར་པ་ཡིན་པའི་དབང་དུ་མཛད་ཀྱི། གཞན་དེས་དུག་དུག་མེད་དུ་བྱ་བ་སོགས་ནུས་པ་ཙམ་ལ་གསུངས་པས་གྲུབ་པའི་སྐབས། དེས་ན་འདིར་མོས་སྤྱོད་ཁོ་ན་རྣལ་འབྱོར་པར་གཟུང་ངོ་། །དཔལ་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས་གྲོལ་ལམ་གཉིས་པ་བཤད་པའི་སྐབས་ཏེ་བཅོ་ལྔ་པའོ།། །། གསུམ་པ་བསྒྲུབས་འབྲས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བཤད་པ་ནི། སྔར་འབྲས་བུའི་གནས་སྐབས་སུ་བཞག་པའི་དུས་ཀྱི་འཁོར་ལོ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །རྣལ་འབྱོར་བསྡུ་བར། དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ཐམས་ཅད་མཁྱེན་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ཆོས་སྐུ་མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་ཐུགས་རྡོ་རྗེ་ཡེ་ཤེས་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་གསུང་རྡོ་རྗེ་ཉིན་མོར་བྱེད་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྔགས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་སྤྲུལ་པའི་སྐུ་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྐུ་རྡོ་རྗེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་ཞེས་བརྗོད་དེ་ཞེས་ལམ་འབྲས་མི་ཕྱེད་པའི་དོན་གྱིས་བཤད་པ་དང་། ཡང་། འདིར་སེམས་ཀྱི་རྡོ་རྗེ་རྣམ་པ་བཞི་རྣམ་པར་དག་པ་ནི་སྐུ་བཞིའི་མཚན་ཉིད་དུ་འགྱུར་ཏེ། བཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་ཀུན་ནས་བགོས་པ་བྷ་ག་དང་དབང་པོའི་བདག་ཉིད་བཞི་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་ཐམས་ཅད་མཁྱེན་པ་ཞེས་པའོ། །མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ཆོས་ཀྱི་སྐུ་སྟེ་ཡེ་ཤེས་ཀྱི་སྐུའོ་ཞེས་པའོ། །སྲོག་གིས་བསྐྱེད་པ་ཡོད་པ་དང་མེད་པའམ་རྨི་ལམ་གྱི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་ཉིན་མོར་བྱེད་པའི་སྐུ་ཞེས་བྱའོ། །རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་སད་པའི་སེམས་ཀྱི་དངོས་པོ་མེད་པའི་སེམས་ནི་སྤྲུལ་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་པའོ། །ཞེས་གཞི་འབྲས་མི་ཕྱེད་པའི་སྒོ་ནས་དང་། ཡང་། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་ཡེ་ཤེས་རྡོ་རྗེ་སྟེ་ཐམས་ཅད་གཟིགས་པའོ། །རྣམ་པ་ལྔས་མངོན་པར་རྫོགས་པ་སངས་རྒྱས་པ་ནི་ཐུགས་རྡོ་རྗེ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བའོ། །རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་གསུང་རྡོ་རྗེ་སྟེ་བདེན་དོན་རྣམ་པ་བཅུ་གཉིས་པ་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པའོ། །སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྐུ་རྡོ་རྗེ་སྟེ་དེ་ཉིད་རྣམ་པར་བཅུ་དྲུག་རིག་པ་མཐའ་ཡས་པའི་སྒྱུ་འཕྲུལ་དྲ་བ་དག་གིས་སྤྲོས་པའི་སྐུའོ། །ཞེས་འབྲས་བུ་ཉིད་ཀྱི་དབང་དུ་མཛད་དེ་གསུངས་པ་རྣམས་སོ། །ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་གྱུར་པ། །ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས། །འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པའོ། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། །རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀ་ནི་འབྱུང་བར་འགྱུར། །གདུག་པ་རྣམས་ནི་སྨིན་པའི་དུས་ཏེ་རྨོངས་པ་རྣམས་ནི་བདེ་བའི་དོན་སོགས་ཀྱིས་མ་ནིང་གི་གོ་འཕང་། རྒྱུད་བླ་བཞིན། རང་དོན་གཞན་དོན་གྱི་སྐུར་དབྱེ་བ། ཕུང་ཁམས་ཞལ་ཕྱག་གི་རྣམ་པ་ཅན་གྱི་ལྷར་དག་ཚུལ་སོགས་བཤད་པ་རྣམས་སོ། །དཔལ་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ལས་དོན་དམ་པའི་བདེན་པ་རྣམ་པར་བཤད་པས་དམ་པའི་ལམ་ངེས་པའི་མདོར་བསྡུས་བསྡུས་དོན་དུ་བཞག་པ་རྫོགས་པའི་སྐབས་དེ་བཅུ་དྲུག་པའོ།། །། གཉིས་པ་མདོར་བསྡུས་གཞན་སོ་གཉིས་ཚིག་དོན་དུ་བཤད་པ་ལ། འཕྲོས་གླེང་བ་དང་། མདོར་བསྡུས་དངོས་གཉིས་ལས། དང་པོ་ནི། རྩ་བའི་རྒྱུད་དུ། འཇིག་རྟེན་ཁམས་དང་པོར་ཆགས་པ་དང་། དེ་ནས་སེམས་ཅན་གྲུབ་པ་དང་། དེ་དབང་གིས་བསྡུ་བ་དང་། བསྡུས་ནས་སྒྲུབ་པའི་ཐབས་སྟོན་པ་དང་། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་མཐར་ཐུག་པའི་ལམ་དུ་སྟོན་པ་ལྔའི་འགྲེལ་པས་ལེའུ་ལྔར་བཞག་པ་བཞིན་བསྡུས་པའི་རྒྱུད་ཀྱང་ངོ་། །དང་པོ་ལ་གནས་པ་ཉེར་བཞི། གཉིས་པ་ལ་བཅོ་བརྒྱད། གསུམ་པ་ལ་གནས་པ་བཅུ་གཉིས། བཞི་པ་ལ་གནས་པ་བདུན། ལྔ་པ་ལ་གནས་པ་ཉི་ཤུ་སྟེ། གང་ལ་བརྒྱན་པར་བྱ་བའི་སྐུ་གཅིག་དང་། གང་གིས་རྒྱན་པར་བྱེད་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམ་པར་དག་པས་གནས་པ་བརྒྱད་ཅུ་རྩ་གཅིག་གོ །བསྡུས་པའི་རྒྱུད་ལས་མཚན་སོ་གཉིས་དང་དེ་བཞིན་བརྒྱན་པའི་སྐུ་གཅིག་སྟེ། མདོར་བསྡུས་སུམ་ཅུ་རྩ་གསུམ་ལས། དང་པོ་བཤད་ཟིན་ནོ། །གཉིས་པ་ལ། འཇིག་རྟེན་ཁམས་ཀྱི་ལེའུ་དང་། ནང་གི་ལེའུ་དང་། དབང་གི་ལེའུ་དང་། སྒྲུབ་པའི་ཐབས་ཀྱི་ལེའུ་དང་། ཡེ་ཤེས་ཀྱི་ལེའུ་ལྔ། དང་པོ་ལ། དགོས་སོགས་གཟིགས་ནས་རྒྱུད་བསྟན་པའི་མདོར་བསྡུས་དང་། ༡ སྟོན་པ་པོ་དང་། གསོལ་བ་འདེབས་པ་པོ་དང་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཀྱི་འགྲེལ་པའི་མདོར་བསྡུས་དང་། ༢ སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་བསྒྲུབ་པའི་མདོར་བསྡུས། ༣ སྟོན་པ་ལ་སོགས་པ་བསྡུས་པའི་མདོར་བསྡུས། ༤ དཀྱིལ་འཁོར་དང་དབང་ལ་སོགས་པ་བསྡུ་བའི་མདོར་བསྡུས། ༥ འཇིག་རྟེན་གྱི་ཁམས་བསྡུ་བའི་མདོར་བསྡུས། ༦ འཇིག་རྟེན་གྱི་ཁམས་ཀྱི་ཚད་བསྡུ་བའི་མདོར་བསྡུས། ༧ སྐར་རྩིས་ཤེས་པའི་ཆོ་གའི་མདོར་བསྡུས། ༨ དབྱངས་འཆར་བ་དང་འཕྲུལ་འཁོར་གྱི་ཆོ་ག་ངེས་པའི་མདོར་བསྡུས། ༩ གཉིས་པ་ནང་ལེ་ལ། ལུས་དང་། ངག་དང་། སེམས་འབྱུང་བ་དང་། སྡུག་བསྔལ་དང་། ལམ་དང་། ཀུན་འབྱུང་དང་། འགོག་པའི་བདེན་པ་ངེས་པའི་མདོར་བསྡུས་དང་། ༡ ཀུན་འབྱུང་གི་བདེན་པ་ལ་སོགས་པའི་མདོར་བསྡུས་དང་། ༢ རིགས་ཀྱི་རྒྱུ་དང་རྩའི་རིགས་འབྱུང་བའི་མདོར་བསྡུས། ༣ འཆི་ལྟས་ཀྱི་འཆི་བའི་མཚན་ཉིད་དང་རྩ་ཆད་པའི་མདོར་བསྡུས་དང་། ༤ འཇིག་རྟེན་ཀུན་རྫོབ་ཀྱི་སྐྱེ་བ་དང་འགག་པའི་རྒྱུར་གྱུར་པ་སྐད་ཅིག་གི་མཚན་ཉིད་དུས་ཀྱི་འཁོར་ལོའི་ངེས་པའི་མདོར་བསྡུས་དང་། ༥ བཅུད་ལེན་ལ་སོགས་པ་བྱིས་པའི་རྒྱུད་ཀྱི་མདོར་བསྡུས་དང་། ༦ རང་དང་གཞན་གྱི་ལྟ་བ་རིག་པས་རྣམ་པར་དཔྱད་པའི་མདོར་བསྡུས་སོ། ༧ །དབང་གི་ལེའུ་ལ། སློབ་དཔོན་ལ་སོགས་དང་ལས་རབ་འབྱམས་ཐམས་ཅད་ཀྱི་སྒྲུབ་ཐབས་ཀྱི་མཚན་ཉིད་ཀྱི་མདོར་བསྡུས་དང་། ༡ བསྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བ་ཅན་ས་ལ་སོགས་པ་བཟུང་བའི་མདོར་བསྡུས་དང་། ༢ དཀྱིལ་འཁོར་བྲི་བ་ཞེས་བྱ་བའི་མདོར་བསྡུས་དང་། ༣ དཀྱིལ་འཁོར་དུ་དབང་བསྐུར་བའི་མདོར་བསྡུས་དང་། ༤ རབ་ཏུ་གནས་པ་དང་། ཚོགས་དང་། རྣལ་འབྱོར་གྱི་སྤྱོད་པའི་མདོར་བསྡུས་དང་། ༥ ཕྱག་རྒྱ་དང་། ལྟ་སྟངས་དང་། དཀྱིལ་འཁོར་གཤེགས་སུ་གསོལ་བ་དང་། དཔའ་བོའི་སྟོན་མོའི་མདོར་བསྡུས་སོ། ༦ །བཞི་པ་སྒྲུབ་ཐབས་ལེའུ་ལ། གནས་དང་། བསྲུང་བ་དང་། སྡིག་པ་བཤགས་པ་ལ་སོགས་པའི་མདོར་བསྡུས་དང་། ༡ བསྐྱེད་པའི་རིམ་པས་སྐུ་རྫོགས་པའི་མདོར་བསྡུས་དང་། ༢ སྲོག་དང་ལྷ་བསྐྱེད་པའི་མདོར་བསྡུས་དང་། ༣ བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒྲུབ་ཐབས་ཀྱི་མདོར་བསྡུས་དང་། ༤ སྣ་ཚོགས་པའི་སྒྲུབ་ཐབས་ཀྱི་མདོར་བསྡུས་སོ། ༥ །ཡེ་ཤེས་ཀྱི་ལེའུ་ལ་རྣལ་འབྱོར་མའི་རྒྱུད་ལ་སོགས་པའི་མདོར་བསྡུས་ཆེན་པོ་དང་། ༡ སྐུ་བཞི་ལ་སོགས་པའི་རྣམ་པར་དག་པ་ངེས་པའི་མདོར་བསྡུས་ཆེན་པོ་དང་། ༢ མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒྲུབ་པ་ཞེས་བྱ་བའི་མདོར་བསྡུས་དང་། ༣ ཐབས་སྣ་ཚོགས་ཀྱིས་གདུལ་བའི་མདོར་བསྡུས་ཆེན་པོ་རྣམས་ལས། ༤ དང་པོ་ནི། འདིར། དང་པོར་རེ་ཞིག་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ། བརྗོད་བྱ་དང་རྗོད་བྱེད་དང་འབྲེལ་པ་ལ་སོགས་པ་དང་། བསྡུས་པའི་རྒྱུད་ལ་སོགས་པ་ལུང་བསྟན་པ་བརྗོད་པར་བྱ་སྟེ་སོགས་དཔལ་ལྡན་རྒྱུད་དང་རྒྱས་འགྲེལ་དྲི་མ་མེད་པའི་འོད་སྦྱར་ཏེ་བཤད་པར་བྱའོ། །རྣམ་དཔྱོད་འདབ་བརྒྱའི་གེ་སར་གཞོན་ན་ཡང་། །དྲི་མེད་འོད་ཟེར་མཛེས་མའི་ཀུན་དུ་རུས། །མཁས་པའི་ལང་ཚོའི་གང་བ་ལ་རེག་པས། །སྔོན་མེད་བཤད་པའི་བསུང་བཟང་རོལ་མོར་བཀྱེ། །རྒྱུད་རྣམས་ཀུན་གྱི་རི་དབང་རྩེ་མོར་འཕགས་པ་ཕྱི་ནང་གཞན་གྱིས་བཤད་པའི་རོ་ལྡན་ལྕོག་གི་ལོག་སྨྲའི་ལྷ་མིན་སྤ་བཀོང་ཞིང་། །ཟབ་དང་རྒྱ་ཆེའི་སྐྱེད་མོས་ཚལ་གྱི་ཤིན་ཏུ་དཀྱེལ་ཆེ་མོས་པའི་ངོར་འབྱེད་སྨིན་བྱེད་དབང་གི་བཀྲ་ཤིས་ཆབ་སྒོ་བརྒྱ་ཕྲག་ནང་། །ལྷ་ཡི་དཀྱིལ་འཁོར་ཤིན་ཏུ་ཕུལ་ཕྱིན་ལས་དང་གྲུབ་པ་འཁོར་བའི་བག་ཆགས་མ་ལུས་ཞི་བའི་ཟུང་འཇུག་དགའ་སྟོན་འབྱུང་བའི་ལུས། །རྒྱ་ཆེན་ཆོས་ཀྱི་མིག་སྟོང་ལྡན་པའི་ལོངས་སྤྱོད་འོས་པ་དཔལ་ལྡན་དུས་ཀྱི་འཁོར་ལོ་སུམ་རྩེན་གནས་ལ་དད་པས་ཕྱག་འཚལ་ལོ། །བླུན་ཚིག་ཀླ་ཀློའི་འཇུག་པས་ས་ཁྱབ་དུས། །རྣམ་བཤད་འཇམ་དབྱངས་ཁྲོས་ནས་གཡུལ་སྤྲད་པས། །མི་ཤེས་བྱེད་པའི་བློ་གྲོས་དམའ་ཕབ་ཕྱིར། །དུས་ཀྱི་འཁོར་ལོས་རྫོགས་ལྡན་སླར་འཛིན་སྙམ། །གང་ལ་འབད་པའི་སྟོབས་འདིས་བགེགས་དགྲའི་ཚོགས་ཀྱིས་རྒྱན་དུ་སྲུང་བར་མཛད་པས་བར་ཆད་ཞི་བ་དང་། །ལྷ་དང་ལྷ་མོ་རྣམས་ཀྱི་ཕུན་སུམ་ཚོགས་པའི་དཔལ་གྱིས་བསྐྱངས་པས་ས་གསུམ་གྲགས་པའི་གཞིར་གྱུར་དང་། །སངས་རྒྱས་ཡབ་ཡུམ་ཞབས་དྲན་པ་ལས་སྐྱེ་བ་འདི་དང་ད་ནས་གར་སྐྱེ་དེ་དག་ཐམས་ཅད་པར། །རིགས་ལྡན་དབང་པོ་དང་མཚུངས་དཔལ་ལྡན་རྒྱུད་རྒྱལ་འཆད་པས་མ་ལུས་འགྱུར་མེད་བདེ་ལ་དགོད་གྱུར་ཅིག དེ་ལྟར་དཔལ་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད་ཆེན་པོ་འདི། དཔལ་འབྲུག་པའི་འཕྲིན་ལས་པ་དམར་སྟོན་ཆེན་པོ་ལུང་བསྟན་རྡོ་རྗེ་ཞེས་པས་བསྐུལ་བའི་ངོར། བདུད་བཞི་འཇོམས་པའི་དམག་སྡེའི་དབུས། ཐུབ་བསྟན་ལང་ཚོ་བདོ་བའི་ཐང་། བྱམས་པ་ཆེན་པོའི་ཆོས་ཀྱི་གླིང་དུ་ཕལ་ཆེར་བསྒྲུབས་ཤིང་། ལེའུ་གཉིས་ལུས་པ་གཉལ་རོང་པཎ་ཆེན་གྱིས་བསྐུལ་བ་རྐྱེན་དུ་བྱས་ཏེ། གཉལ་ཡངས་པ་ཅན་དུ་གྲགས་པའི་གྲོང་ཁྱེར་གྱི་དབུས་ཀྱི་རྒྱལ་པོའི་ཁབ་ཆེན་པོར་ན་ཚོད་ལྡན་ནམ། ཤིང་མོ་ཕག་གི་ལོ་ནས་བརྩམས་མེ་བྱའི་ཆོ་འཕྲུལ་གྱི་ཟླ་བའི་ཨོ་ཡིག་རྣམ་པར་དག་པའི་ཚེས་ལ་དུས་ཀྱི་འཁོར་ལོ་པ་ཆེན་པོ་རྗེ་བཙུན་ཡོན་ཏན་ཡེ་ཤེས་ཀྱི་བྱིན་གྱི་རླབས་ཀྱིས་རྒྱུད་འཆད་པའི་རྡོ་རྗེའི་སློབ་དཔོན་དུ་གྲུབ་པ་པདྨ་དཀར་པོ་གཉིས་པས་བགྱིས་པ་འདི་ཐམས་ཅད་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་གདུལ་བྱའི་སྐལ་པ་འཛིན་པར་གྱུར་ཅིག་གུ། །སརྦ་ཛ་ཡནྟུ།། །།


no previousམཆོག་གི་དང་པོའི་སངས་རྒྱས་རྣམ་པར་ཕྱེ་བ་གསང་བ་ཐམས་ཅད་བཤད་པའི་མཛོད།next