Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
མཁའ་འགྲོ་སྙན་བརྒྱུད་ཀྱི་དཔེ་ཐོ།
   
   
   
   
   
   
   


 
no previousམཁའ་འགྲོ་སྙན་བརྒྱུད་ཀྱི་དཔེ་ཐོ།next

མཁའ་འགྲོ་སྙན་བརྒྱུད་ཀྱི་དཔེ་ཐོ།

མཁའ་འགྲོ་སྙན་བརྒྱུད་ཀྱི་དཔེ་ཐོ་བཞུགས་སོ། །རྗེ་བཙུན་སྤྲུལ་ལོངས་ཆོས་ཚུལ་ཀེ་ཏུའི་ཏོག །མདོ་རྒྱུད་རྟོགས་པ་ལྷ་མི་ཀླུའི་གཅེས་ཐག །ཡིད་བཞིན་ནོར་བུ་གསུམ་གདམས་ངག་བཞིན་དུ། །འདོད་དོན་གྲུབ་པའི་དགོངས་ལྡན་ངལ་གསོས་དགེ །དེར་ཕབ་རིན་ཆེན་བླུན་ཚིག་ན་ཀུ་ལེའི། ཁོང་པར་འབྱམས་པས་བཞེད་དོན་གེགས་གཟིགས་ནས། །བྱིན་བརླབས་ཕྱག་གིས་མགྲིན་བཙིར་མ་གོད་པར། །སྐྱུགས་འདི་ཐོ་ཡིག་གཞོང་པར་གཟེད་ཕྱིར་བཏུང་། །འདིར་མཁའ་འགྲོ་སྙན་རྒྱུད་ཡིད་བཞིན་ནོར་བུ་རྣམ་པ་གསུམ་པར་གྲགས་པ་ལ། བརྒྱུད་པ་ཡིད་གཞིན་གྱི་ནོར་བུར་འབྲེལ་བ་ཕྱག་རྒྱ་ཆེན་པོ་གངྒ་མ། གནད་ཀྱི་མན་ངག་ཟེར། བསམ་མི་ཁྱབ་ཀྱི་དོ་ཧ་བརྒྱད། དེའི་བསྒོམ་རིམ་ཟབ་མོ་བརྒྱད་ཏིལླིས། བརྒྱུད་པའི་རྣམ་ཐར་ནི་མང་བས་མ་བཀོད། སྙན་རྒྱུད་རྡོ་རྗེའི་རྣལ་འབྱོར་མ་རྡོ་རྗེ་འཆང་ཆེན་པོས། དེའི་འགྲེལ་པ་གཞུང་ཆུང་། དབང་མདུད་དགྲོལ། ཆོས་ཉིད་གཉུག་མའི་མགུར་གསུམ་ཏིལླི་པས། སྨིན་ལམ་དབང་གི་ཐོ་ཡིག་ནཱ་རོ་པས། སྨིན་ལམ་ཆེན་མོ་ཚན་གཉིས་སྔ་རབས་པ་མར་པའི་གསུང་དུ་འདོད་དེ་ཞང་ལོའི་ཟིན་བྲིས། ཡབ་འགྲེལ་རྒྱལ་པོ་ཆོས་ཉིད་མི་འགྱུར་བ། ལྷ་དྲུག་བཅུ་རྩ་གཉིས་མའི་སྒྲུབ་ཐབས་མངལ་སྐྱེས་སྦྱོང་བའི་བསྐྱེད་རིམ་ཡིན་པས་རྒྱས་པ་ནཱ་རོས། བཅུ་གསུམ་མའི་སྒྲུབ་ཐབས་སྒོང་སྐྱེས་སྦྱོང་བྱེད་འབྲིང་པོ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས། དེ་གཉིས་ལ་འཁོ་བ་ལ་པྲཛྙྱཱ་རཀྴཱི་ཏས་ཆོས་གསུམ་མི་ཟབ་པའི་བསྐྱེད་རིམ། སྒྲུབ་ཐབས་ཡིད་བཞིན་ནོར་བུ་ནཱ་རོས། འདི་ངམ་རྫོང་སྙན་བརྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་། དེའི་མངོན་རྟོགས་བསྒོམ་རིམ་མར་པས། བདག་བྱིན་རློབ་ཀྱི་གཞུང་སྒྲུབ་ཐབས་རྫུས་སྐྱེས་སྦྱོང་བྱེད་ཡིན་པས་བསྡུས་པ་སྟེ་ཕྱི་མ་གཉིས་ཟབ་པའི་བསྐྱེད་རིམ། བློན་པོ་རིགས་གསུམ་ལས་བྱེད་དང་། དམངས་ཀྱི་རྣལ་འབྱོར་བདུན་མར་པས། ཡུམ་འགྲེལ་རྒྱལ་མོ་ཆོས་ཉིད་མི་འགྱུར་བ་ལ། ལུས་མེད་མཁའ་འགྲོའི་སྒྲུབ་ཐབས་ལྷ་མོ་བཅོ་ལྔའི་གཞུང་མཁའ་འགྲོ་མས། ལྷ་བདུན་མ་ནཱ་རོས། ལྷན་ཅིག་སྐྱེས་མའི་རྩ་བ་རྗེ་བཙུན་ནཱ་རོ་པའི་ཞལ་གྱི་གདམས་པ། འདིའི་ཐུན་མོང་ནོར་བུ་སྐོར་གསུམ་ཁྱུང་ཚང་པས། བསྲེ་བའི་ཡིག་ཚན་གསུམ་མར་པས། བདུད་རྩི་རིལ་སྒྲུབ་ནཱ་རོས། དམ་ཚིག་ཡིད་བཞིན་ནོར་བུ་བསྡུས་པ་མར་པས། རྒྱས་པ་ཁྱུང་ཚང་པས། གྲོལ་ལམ་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་རྗེ་བཙུན་གྱིས་མཛད་པར་གྲགས་པ། སེམས་ཀྱི་སྐྱོན་སེལ་མི་ལྡོག་པའི་གཟེར་གསུམ་ཁྱུང་ཚང་པས་འདི་སྒྱུ་ལུས་རྨི་ལམ་གྱི་ཞལ་གདམ་ཡིན། བསམ་མི་ཁྱབ་དོན་བཞི་མ་རྗེ་བཙུན་གྱིས་མཛད་པ་འོད་གསལ་གྱི་ཞལ་གདམ་ཡིན། འཆི་ལྟས་གཉིས། འཆི་བསླུ་གཉིས། འོག་སྒོ་བདེ་ཆེན་ལ་རྗེ་བཙུན་རས་ཆུང་པས་ཐོ་ཡིག །བརྟག་པ་འོད་རིག་བདེ་ཆེན། འོག་སྒོ་མཁའ་འགྲོའི་སྙིང་ཁྲག་གསུམ་ཞང་ལོས། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད། བར་དོ་བློ་ཆོད་ཞལ་གདམས། བྱ་སྤྱོད་ཚོགས་བསྒྱུར་གསུམ་རྗེ་བཙུན་གྱི་གསུང་དུ་གྲགས་པ། ཞལ་གདམས་ནོར་བུའི་ཕྲ་བཀོད་ཞང་ལོས་མཛད་པ། འཁྲུལ་འཁོར་གསལ་བའི་མེ་ལོང་མར་པས། ལམ་སྤྱིའི་གེགས་སེལ་ཁྱུང་ཚང་པས། རྩ་རླུང་གི་གེགས་སེལ་ཁྱུང་ཚང་པས། བདུད་བརྟག་པ་དང་། བདུད་ལམ་ཁྱེར་གཉིས་རྗེ་བཙུན། ག་དར་གྱི་དོན་བསྡུ་རྗེ་བཙུན་གྱིས། ཡུམ་བཀའ་ལས་འཕྲོས་པ། ལུས་མེད་མཁའ་འགྲོའི་ཆོས་སྡེ་ལྔ་མར་པས་སྤྱན་དྲངས། དེའི་རྣམ་བཤད་མཛད་པ། སྦ་བཞི་རས་ཆུངས་པས་སྤྱན་དྲངས། རྣམ་བཤད་དེའི་གསུང་ལ་ངམ་རྫོང་པའི་ཟིན་བྲིས། བདེ་ཆེན་གསུང་གི་རིན་ཆེན་གྱི་བསྙེན་པ་བསྒྲུབ་པ་ཞལ་གདམས་སྦྱོར་ཆོས་དང་བཅས་པ། རོ་སྙོམས་གསུམ། ཁམས་ཀྱི་རབ་དབྱེ་རྡོརྗེ་མཁའ་འགྲོའི་རྒྱས་འགྲེལ་ལས་ཕྱུང་བ། ཏིལླིའི་གཏད་རྒྱ། མི་ལའི་གཏད་རྒྱ། མགོན་པོའི་གཞུང་ཀམ་པ་ལས་མཛད་པ། ལས་ཚོགས་རས་ཆུང་པས་མཛད་པའོ། །འདི་རྣམས་ཡིག་རྙིང་གཅེས་པ་ཡིན་པས་ཕྱིན་ཆད་འདི་ལྟར་དུ་བྲིས་ཤིག། སརྦ་མངྒ་ལཾ།། །།


no previousམཁའ་འགྲོ་སྙན་བརྒྱུད་ཀྱི་དཔེ་ཐོ།next