Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
ཨུ་རྒྱན་ཆོས་ཀྱི་གན་མཛོད་ནས་ཕྱུང་བ། སྙན་རྒྱུད་ཡིད་བཞིན་གྱི་ནོར་བུ་ལེགས་པར་བཤད་པའི་རྒྱལ་མཚན་གྱི་རྩེར་བཏོན་པ་དངོས་གྲུབ་ཀྱི་ཆར་འབེབས།
   
   
   
   
   


 
previousཨུ་རྒྱན་ཆོས་ཀྱི་གན་མཛོད་ནས་ཕྱུང་བ། སྙན་རྒྱུད་ཡིད་བཞིན་གྱི་ནོར་བུ་ལེགས་པར་བཤད་པའི་རྒྱལ་མཚན་གྱི་རྩེར་བཏོན་པ་དངོས་གྲུབ་ཀྱི་ཆར་འབེབས།next

ཨུ་རྒྱན་ཆོས་ཀྱི་གན་མཛོད་ནས་ཕྱུང་བ། སྙན་རྒྱུད་ཡིད་བཞིན་གྱི་ནོར་བུ་ལེགས་པར་བཤད་པའི་རྒྱལ་མཚན་གྱི་རྩེར་བཏོན་པ་དངོས་གྲུབ་ཀྱི་ཆར་འབེབས།

ཨུ་རྒྱན་ཆོས་ཀྱི་གན་མཛོད་ནས་ཕྱུང་བ། སྙན་རྒྱུད་ཡིད་བཞིན་གྱི་ནོར་བུ་ལེགས་པར་བཤད་པའི་རྒྱལ་མཚན་གྱི་རྩེར་བཏོན་པ་དངོས་གྲུབ་ཀྱི་ཆར་འབེབས་བཞུགས་སོ། །ཨུ་རྒྱན་ཆོས་ཀྱི་གན་མཛོད་ནས་ཕྱུང་བ་སྙན་རྒྱུད་ཡིད་བཞིན་གྱི་ནོར་བུ་ལེགས་པར་བཤད་པའི་རྒྱལ་མཚན་གྱི་རྩེར་བཏོན་པ་དངོས་གྲུབ་ཀྱི་ཆར་འབེབས་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དུས་གཅིག་འགྲོ་བ་ཀུན་ངོར་ངག་གི་དབང་། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བསྒྱུར་མཁས་པའི། །དུས་གསུམ་རྒྱལ་བ་རྣམས་ཀྱི་ལྗགས་ཆེན་པོ། །རྗེ་བཙུན་འབྲུག་པས་བདག་ལ་དགེ་ལེགས་མཛོད། །གང་ཞིག་བརྟག་བྱའི་དངོས་པོར་མ་དམིགས་ཅང་མེད་མིན་པས་མི་མཉམ་མཉམ་པ་བདེ་བའི་སྐུ། །ལེགས་བྱས་བརྒྱ་ཡི་འབྲས་བུ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་རྒྱལ་སྲིད་སྲིད་བརྒལ་མཆོག་བཟུང་ནས། །མ་ལུས་འཇིགས་འཕྲོག་རྣམ་པ་ཀུན་ལྡན་ཐབས་ཀྱི་འཁོར་ལོ་སྣ་ཚོགས་ཚོགས་ལ་བསྐོར་མཛད་པ། །ལྷ་དང་མི་ཡི་སྟོན་པ་དཔལ་ལྡན་རྡོ་རྗེ་སེམས་དཔར་རབ་དང་དང་བས་ཕྱག་བགྱིའོ། །ཀུན་ལ་རྗེས་སུ་ཆགས་པའི་རྩེད་འཇོ་ནི། །ཞི་བའི་བརྟན་པ་བྲལ་བ་ཅི་ཡང་གིས། །ཡིད་སྲུབས་ལོངས་སྤྱོད་སྦུན་པར་བཟོ་བྱེད་མ། །སྐུ་གསུམ་ཌཱ་ཀི་ནཱི་ཚོགས་བདག་གི་སྐྱབས། །སྲིད་པའི་ཕ་རོལ་ཏུ་ཡང་བདུད་རྩིའི་གཏེར། །ཆགས་བྲལ་ལམ་གྱི་གོ་སྐབས་དགག་པ་ལ། །རྒྱུད་སྡེའི་དབུས་ན་ཆ་རྫོགས་འཁོར་ལོ་སྡོམ། །མཆོག་གཟིགས་རྣམ་གཉིས་དགུང་གིས་རྣམ་པར་བཟུང་། །འདིས་གཟུགས་མཁས་པའི་ཆབ་ལ་རིས་མེད་པ། །སྦྱིན་ཡང་གཞན་གྱིས་མནོགས་དང་ཇི་ལྟ་བ། །ཆོས་ཀྱི་བློ་གྲོས་སྲས་བཅས་གཡུ་མཚོར་ཞེས། །རྣམ་བཤད་སྟོན་ཀའི་དུས་བཟང་ཞལ་ལྕེར་འོངས། །འདིར་གང་བཤད་པར་བྱ་ན་དཔལ་ཧེ་རུ་ཀ་ངེས་པར་བརྗོད་པ་འབུམ་སྡེ་ནས་ཕྱུང་བ་བདེ་མཆོག་རྩ་བའི་རྒྱུད་ཉུང་ངུའི་སྦས་དོན། གང་གིས་འཆད་ན་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ལུས་པར་ལྟ་བའི་མིག་ཆེན་པོ་སྙན་རྒྱུད་རྡོ་རྗེའི་རྣལ་འབྱོར་མས། ཚུལ་ཇི་ལྟར་བཤད་ན་འགྲེལ་བྱེད་རྣལ་འབྱོར་དབང་ཕྱུག་གིས་བཀྲལ་བ་བཞིན་དུའོ། །དེ་ལ་བསྡུས་དོན་གྱིས་དཀོར་མཛོད་ཆེན་པོ་བཅས་ཚུལ། རྒྱས་བཤད་ཀྱིས་དེ་ནས་ཡིད་བཞིན་གྱི་ནོར་བུ་ལེན་ཚུལ། གཏད་རྒྱས་དེ་ལས་འདོད་དགུ་བབས་ཚུལ་བཤད་པ་གསུམ་ལས། དང་པོ་ལ། མཚན། གླེང་བསླང་། གླེང་གཞི་བཤད་པ་གསུམ་ལས། དང་པོ་ནི། རྩ་རྒྱུད་ལས། མན་ངག་ཤིན་ཏུ་རྙེད་དཀའ་སྟེ། །དཔའ་བོའི་བརྡ་ཡི་སྐད་དུ་ནི། །ང་ཡིས་རྒྱུད་དུ་སྦས་པ་ཡིན། །ཞེས་གསུངས་ལ། སྦ་རྒྱུ་ཟུང་འཇུག་གི་ལམ་དངོས། སྦས་ཚུལ། འདིར་མ་བསྟན་པ་ལྟ་བུ་མ་ཡིན་ལ། བསྟན་ཀྱང་གཞུང་ཐོག་མཐའ་བར་གསུམ་དུ་གཏོར་བ་དང་། བརྡའི་ཚིག་གིས་བསྒྲིབ་པ་སྟེ། རྩ་རྒྱུད་ལས། འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐར་ཡང་དག་གནས། །ཞེས་དང་། བཤད་རྒྱུད་ཀུན་སྤྱོད་ལས། རྒྱལ་བས་སྔོན་ནི་རྒྱུད་ཆེན་པོའི། །སྔགས་ཀྱི་ཡི་གེ་སྒྲུབ་མཛད་པ། །ལས་ཀྱི་བྱ་བ་གང་ཡང་རུང་། །དགེ་དང་མི་དགེ་བརྟགས་ཏེ་བྱ། །ཡི་གེ་མཐའ་དང་དབུས་དག་ཏུ། །དེར་ནི་ཐམས་ཅད་རབ་ཏུ་བསྒྲུབ། །ཅེས་སོ། །སྦ་བའི་རྒྱུ་མཚན། ཀུན་སྤྱོད་ལས། སངས་རྒྱས་མུ་སྟེགས་ཅན་ལ་སྦ། །སྒྲ་དང་སྒྲ་ཉམས་བརྡ་རྣམས་ཀྱིས། །ལམ་འདི་ཉིད་ཀྱི་རྗེས་སུ་འབྲང་། །ཞེས་གསུངས་པའི་སངས་རྒྱས་ཀྱི་མུ་སྟེགས་ཅན་ནི་ཚོགས་པ་ལ་བཤད་པའི་སྣོད་དེ། བརྡ་དང་ཚིག་ཕྱིར་འབྲངས་ནས་བརྡ་ཅན་ནམ་དོན་ལ་མི་སྟོན་པའོ། །སྦས་དོན་དེ། སྙན་རྒྱུད་ཀྱིས་བཤད་དགོས་པ་ཡང་། ཀུན་སྤྱོད་ལས། བསྡུས་དོན་ཡང་དག་བླངས་པ་དང་། །བརྡ་ཡི་ཚིག་ནི་རྒྱས་པ་ཡིན། །ཞེས་པས་སོ། །སྙན་རྒྱུད་དེ་ཉིད་སྐུ་གསུམ་དུ། །རྒྱུད་དེར། དེ་ནས་སྤྲུལ་པར་ཤེས་བྱ་དང་། །ལོངས་སྤྱོད་རྫོགས་པར་འདོད་པ་ཉོན། །ཐེག་པ་ཆེན་པོའི་ཕྱག་རྒྱ་ཆེ། །རྣལ་འབྱོར་མ་ཡི་གྲུབ་གཏེར་བཤད། །ཅེས་དང་། ཡིད་བཞིན་གྱི་ནོར་བུ་གསུམ་དུ་བཞག་པ་ནི། རྗེ་ལོ་ཙཱ་བས། རྒྱུད་ཐམས་ཅད་ཀྱི་དོན་ཡིད་བཞིན་གྱི་ནོར་བུ་རྣམ་པ་གསུམ་དུ་འདུ་བར་བཤད་པ་ནི་གསང་བ་སྦས་པའོ། །ཞེས་པས་སོ། །དེ་བས་ཤྲཱི་ཧེ་རུ་ཀ་བརྗོད་པར་བྱ་བ་དང་། དེ་རྟོགས་པར་བྱེད་པའི་ལུང་རྗོད་བྱེད་དང་། དེ་ལས་ཐུན་མོང་གི་གྲུབ་པ་འགྲུབ་པ་དགོས་པ་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཉིང་དགོས། བརྗོད་བྱ་རྗོད་བྱེད་ལ་རང་བཞིན་གྱིས་འབྲེལ་པ་དང་། ཡང་དགོས་ཉིང་དགོས་དང་། དེ་གཉིས་ཐབས་དང་ཐབས་བྱུང་ཡིན་པས་དེ་བྱུང་འབྲེལ་ཏེ། རྩ་རྒྱུད་ལས། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །བླ་མ་ལས་ཀྱང་བླ་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་པས་བསྟན་ནོ། །རྒྱ་གར་སྐད་དུ། ཀརྞ་ཏནྟྲ་བཛྭ་ཡོ་གི་ནཱ་མ། བོད་སྐད་དུ། སྙན་རྒྱུད་རྡོ་རྗེའི་རྣལ་འབྱོར་མ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སྒྲ་ཐམས་ཅད་ཐོས་པའི་རྣ་བ་དེ་ལ་ཀུན་ནས་སྙན་ཞེས་བྱ། དེས་རྒྱུན་མི་འཆད་པ་ཐོས་པ་ནི་འདི་ཡིན་པས་རྒྱུད་དེ། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །ཞེས་སོ། །རྡོ་རྗེའི་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ཡང་ཕྱག་ན་རྡོ་རྗེས། རྡོ་རྗེ་ཞེས་པ་ནི། ཆོས་ཀྱི་སྐུ་སྟོང་པ་ཉིད་ཤེས་རབ་བོ། །སེམས་དཔའ་ཞེས་པ། ལྷན་ཅིག་སྐྱེས་པའི་སྐུ་སྙིང་རྗེ་ཐབས་སོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཧེ་རུ་ཀའི་ཡང་དག་པར་སྦྱོར་བ་ནི་རྡོ་རྗེ་སེམས་དཔར་མངོན་པར་བརྗོད་པར་བྱའོ། །ཞེས་པ་ཉིད་ཡིན་ལ། འདིས་སེམས་དཔའ་ཤུགས་ཀྱིས་དྲངས་སོ། །རྣལ་འབྱོར་ནི་དེའི་སྒྲུབ་བྱེད། སྟོང་པ་ཉིད་དང་སྙིང་རྗེ་ཡང་དག་པར་སྦྱོར་བའོ། །དེ་བས་ན་འདིས་རྡོ་རྗེ་ཐེག་པར་བྱེད་པས་རྒྱུ། རྡོ་རྗེ་ཐེག་པ་ཉིད་ཡིན་པས་འབྲས་བུ། དེའི་ཕྱིར་ཐེག་པ་འདི་ལ་རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པ་ཞེས་རྒྱལ་བ་ཉིད་ཀྱིས་བསྔགས་སོ། །དེའང་ཨ་ཡིག་གི་རྣམ་པ་རང་བཞིན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་གཟུགས་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་མ་ཞེས་བརྗོད་དེ། པྲ་ཛྙྱཱའི་ཛྙྱཱ་ལ་བུད་མེད་ཀྱི་རྟགས་ཡོད་པས་སོ། །དེ་ཡང་བརྟག་གཉིས་ལས། བདེ་བ་བདག་མེད་ཚུལ་ཅན་ཉིད། །དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ལྟ་བའི་དཀྱིལ་འཁོར་ཉིད་དུ་གནས། །དང་པོའི་དབྱངས་ཡིག་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །རྫོགས་པའི་རིམ་པའི་རྣལ་འབྱོར་ལས། །དེ་ཉིད་བཅོམ་ལྡན་ཤེས་རབ་མ། །དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡི་གེ་གཅིག་མ་ཞེས་བཤད་དོ། །དེ་སྡོམ་བྱུང་ལས། སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །ཆོས་ཉིད་ཐམས་ཅད་བསམ་མི་ཁྱབ། །ཅེས་ཐབས་ཤེས་ཟུང་འཇུག་ཡིན་པས་འདི་རྟོགས་པ་ན་འཁོར་འདས་གར་ཡང་མི་གནས་ཏེ། གང་ཡང་གཉིས་པོ་སྦྱོར་བར་ནུས་པ་ཡིས། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་མེས་ཀྱིས་གསུངས་པ་བཞིན་གྱི་ལུགས་འདི་ལ་ཟུང་འཇུག་རབ་ཏུ་མི་གནས་པ་ཞེས་བྱའོ། །དེའང་གཞན་དུ་ཚོལ་མི་དགོས་རང་གི་སེམས་འདི་ཀ་སྟེ། ཀུན་སྤྱོད་ལས། དེས་ན་ཧེ་རུ་ཀ་དཔལ་རྒྱུད། །སེམས་ནི་དྲི་མེད་ཡིན་པར་བཤད། །ཅེས་དང་། སེམས་དེ་ཀར་ཆོས་ཐམས་ཅད་འདུས་པ་སྟེ། དེར། སེམས་དེ་ཐམས་ཅད་འདུས་པའི་ཚུལ་ཅན་ཡིན། དེ་རྗོད་བྱེད་མིང་ལས་གོ་བ། རྩ་རྒྱུད་ལས། དེ་བཞིན་ཤྲཱི་ཧེ་རུ་ཀའི། །མཚན་གྱིས་སྡིག་པ་འཇོམས་པར་འགྱུར། །ཞེས་སོ། །འདི་ཀ་བསྡུས་དོན་ནོ། །གཉིས་པ་ནི། ཨེ་མ་ཧོ། ཤིན་ཏུ་རྨད་དུ་བྱུང་བས་གླེང་བསླང་ངོ་། །ཇི་ལྟ་བུས་ཕུལ་དུ་བྱུང་ན། རྩ་བའི་ཨ་ཡིག་དེ་རྟོགས་པར་བྱེད་པ་བདུན་པའི་མཐའ་ཅན་ཨེ་ཡིག་ཏུ་འགྱུར་རོ། །དེའི་གྲོགས་སྟོབས་ཀྱིས་མ་ཝཾ་ཡིག་དང་། ཧོ་དེ་གཉིས་སྦྱོར་བ་སྟེ། བརྟག་གཉིས་ལས། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པས་སོ། །རྩ་བའི་ཨ་ཨེ་ཡིག་ཏུ་འགྱུར་པ་ནི། སྔར་གྱི་ཟུང་འཇུག་གི་སེམས་རྒྱུད་དེ་དྲི་མ་དང་བཅས་པས་ཆོས་ཆོས་ཞེས་བརྗོད་པ་འདི་ཐམས་ཅད་དུ་འགྲོ་བ་རྟེན་དང་། གྲོགས་སྟོབས་ཀྱིས་མ་ཝཾ་དུ་བཏང་བ་དེའི་ཚེ་སེམས་རྒྱུད་དེ་ཀས་ཀྱང་མིང་ཆོས་ཉིད་ཅེས་ཐོབ་པ་བརྟེན་པར་གྲུབ་བོ། །དེ་གཉིས་སྦྱར་བ་ནི། ཆོས་ཅན་ཐམས་ཅད་ལ་འདི་ཁམས་སམ། དབྱིངས་སམ་རིགས་སུ་བཞུགས་པས་ནི་ཆོས་ཀྱི་དབྱིངས་ཞེས་རྟེན་བརྟེན་པ་སྦྱར་བ་དེའི་ཐ་སྙད་ཅན་དུ་འགྲོ་བས། ཀུན་སྤྱོད་ལས། དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །དེ་ཉིད་དང་ནི་ཐམས་ཅད་བྱུང་། །ཞེས་སོ། །རྣམ་པར་འགྱུར་བའང་མ་རིག་པའི་རྐྱེན་ཅན་དག་གི་ངོར་ཡིན་ལ། གཞན། བསམ་གྱིས་མི་ཁྱབ་ཆོས་ཉིད་ནི། །འཕེལ་འགྲིབ་སྤངས་པས་གནས་པ་ཡིན། །ཞེས་པས་འགྱུར་བ་མེད་དེ། མིག་སྐྱོན་ཅན་ལ་ཟླ་བ་གཅིག་ཟླ་གཉིས་སུ་སྣང་ཡང་། ཟླ་བ་རང་ངོས་ནས་གཅིག་ཀ་ཡིན་པ་ལྟ་བུའོ། །ཟླ་གཉིས་ལྟ་བུ་མེད་བཞིན་དུ་རྐྱེན་གྱིས་སྣང་བས་དྲི་མ་དེ་ལ་གློ་བུར་བ་ཞེས་བྱ། དྲི་མ་དེས་ཡང་དག་པ་ལ་སྒྲིབ་པས་ཀུན་རྫོབ་བམ་འཁོར་བ་དང་། དེ་དག་པ་ལས་དོན་དམ་མམ་མྱ་ངན་ལས་འདས་པའི་ཆོས་འབྱུང་སྟེ། ཀླུ་སྒྲུབ་ཀྱིས། གང་གི་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །དེ་ཡང་ཀུན་སྤྱོད་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་གར་མཁན་གྱི་ངོས་ནས་གཅིག གར་སྟབས་ཀྱི་ངོས་ནས་དུ་མ། དེ་བཞིན་བྲི་མཁན་གྱི་དོན་གཅིག་བྲིས་པའི་རི་མོ་དུ་མ་ལྟ་བུ། དུ་མར་བྱེད་དུས་ཀྱང་དུ་མར་མ་གྲུབ་པ། བུ་རམ་ལ་གཟུགས་མི་འདྲ་བ་སྣ་ཚོགས་སུ་བཟོས་ཀྱང་རོ་མངར་བར་གཅིག་པ་བཞིན། འཁྲུལ་པས་མང་པོར་བཟོས་ཀྱང་འཁྲུལ་མེད་དུ་གཅིག་ལས་མི་འདའ་བས་རྣམ་རྟོག་ཆོས་སྐུ་ཞེས་སོགས་སུ་བསྙད་དོ། །སྣང་ཕྱོགས་མ་དོར་བས་ཞི་བར་མི་གནས། སྟོང་ཕྱོགས་མ་དོར་བས་འཁོར་བར་མི་གནས། དེའི་ཕྱིར་སྣང་ཕྱོགས་ལ་ཐབས་དང་། སྟོང་ཕྱོགས་ཟད་པ་ལ་བྱས་ནས་ཤེས་རབ་ཅེས་ཕ་རྒྱུད་མན་ལ་གྲགས། མ་རྒྱུད་ལ་སྣང་བ་དེ་ཀ་དམིགས་བཅས་ཤེས་རབ་མ་སྟེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་དང་། ཟག་མེད་དེ་ལ་དམིགས་པ་མེད་པའི་བདེ་བ་ཆེན་པོའམ། སྙིང་རྗེར་བཏགས་ནས་སྟོན་པའི་ཁྱད་ཡོད། དེའི་ཕྱིར་ཐབས་ཤེས་གཉིས་སྒྲོན་མ་དང་དེའི་འོད་ལྟ་བུ་སྟེ། སྡོོམ་འབྱུང་ལས། ཤེས་རབ་སྙིང་རྗེའི་དབྱེ་བ་ནི། །སྒྲོན་མ་དང་ནི་འོད་ཟེར་བཞིན། །ཞེས་སོ། །སྣང་ཡང་སྣང་བ་ལྟར་དུ་མ་གྲུབ་པར་མཐོང་ན་སྒྱུ་ལུས། དེ་ཀ་རྩལ་སྦྱོང་གི་གཞིར་གྱུར་པས་ཐབས་དང་། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་དེ་ཀ་ཤེས་རབ་ཀྱི་ཕར་ཕྱིན་ཡིན་པས་ཤེས་རབ་ཏུའང་བཞག་པའི་གནད་གོ་ན་བསྟན་པ་ཐམས་ཅད་འགལ་མེད་དུ་འཆར་རོ། །ཐབས་ཤེས་དེ་གཉིས་སྦྱོར་བའི་ཚུལ་ཡང་འཆར་སྒོ་གང་འདྲ་ཞིག་འདུག་ཀྱང་འདྲ། དེའི་སྟེང་དུ་མི་གཡོ་བར་བསྡད་པས། དེའི་དུས་ན་ཡུལ་ཡུལ་ཅན་གཉིས་མེད་པས་སོ་སོ་རང་རིག འདི་ལ་མ་ཡེངས་པ་ཞེས་གསུངས་ནས་ལམ་ཐམས་ཅད་ཀྱི་ཏོག་ཏུ་འཐོན། དེ་ལས་གཞི་ལམ་དབྱེར་མེད་དང་། སྤང་གཉེན་དབྱེར་མེད། ལམ་འབྲས་དབྱེར་མེད་དུ་སོང་གིས། གཉེན་པོ་ཕྱིས་བསྟེན་པ་དག་ལ། དམ་པས། ཉོན་མོངས་སྐྱེས་ཚེ་གཉེན་པོས་མ་ཟིན་ན། །ཆོས་ཀྱི་དགོས་པ་སྟོར་རོ་ཞེས་གསུང་པ་དེར་འགྱུར་རོ། །དེའི་ཕྱིར། རྡོ་རྗེ་འཕྲེང་བའི་རྒྱུད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་ཞེས་ནི་གྲགས་པ་དག །ཀུན་གྱི་གཞིར་གྱུར་ཕ་དང་མ། །ཡི་གེ་གཉིས་ནི་བདག་གིས་བཤད། །དེ་ཡང་། དེ་ནས་འདི་ལས་གསང་བ་བཤད། །མདོར་བསྡུས་པ་མིན་རྒྱས་པ་སྟེ། །ཤྲཱི་ཧེ་རུ་ཀ་ཡང་དག་སྦྱོར། །ཞེས་པས་སོ། །འདི་ལྟ་བུས་མཚམས་སྦྱོར་རྣམས་རྟོགས་པར་བྱའོ། །གསུམ་པ་ནི། ཚིག་དོན་རྒྱས་བཤད་དེ། སངས་རྒྱས་ཀུན་གྱི། ཨེ་ཡིག་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་དེ་ལ་ལུས་ངག་ཡིད་ཀྱི་སྦྱོར་བ་དུ་མ་ཡོད་པས་ན་མང་ཚིག་གིས་གསུངས་པ་རྒྱས་བཤད་དང་། ཡང་དག་གསང་བ་མཆོག །ཝཾ་ཡིག་བདེ་བ་ཆེན་པོ་གཅིག་ཡིན་པ་མདོར་བསྟན་ཏེ། གསང་བ་གྲུབ་པ་ལས། ཨེ་ཝཾ་ཞེས་བྱའི་ཡིག་གཉིས་ལ། །ལུས་ངག་ཡིད་ཀྱི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱི་དེ་ཉིད་གནས། །དེའི་ཕྱིར་དེ་ཉིད་མདོར་བསྟན་པ་དང་། རྒྱས་པར་བཤད་པའི་ཚུལ་གྱིས་རྣམ་པར་གནས་ཤིང་ཞེས་དང་། སྡོམ་འབྱུང་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེ་ལ་རབ་གནས། །སྐུ་དང་གསུང་དང་ཐུགས་ཀྱི་ལས། །རྣམ་ཀུན་མཆོག་གི་སྡོམ་པའོ། །སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །ཞེས་སོ། །བདེ་ཆེན་གྱིས་ཝཾ་དང་། རྒྱལ་པོས་ཨེ་ཡིག ཐིག་ལེ་མཆོག་གི་ལམ། ཨེ་ལ་ཝཾ་ཞུགས་པས་ཨེ་ཝཾ་གཅིག་ཏུ་སྦྱོར་བ་སྟེ། རྡོར་འཕྲེང་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝཾ་ནི་ཐུགས་རྗེ་དང་། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། །དེ་སྦྱོར་བ་ནི་རྨད་མཆོག་གོ །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །ཞེས་པས་གྲོལ་བྱེད་ཀྱི་ལམ་དང་པོ་ལ་ཡང་། རྫོགས་རིམ་གྱི་བསམ་པ་ཞུགས་པའི་བསྐྱེད་རྫོགས་ཟུང་འཇུག་ཏུ་འཁྱེར་མ་ཤེས་ན་བསྐྱེད་རིམ་རྐྱང་པ་དེ་རྡོ་རྗེ་ཐེག་པ་ལམ་ངོ་མར་མི་ཚུད། དེ་བཞིན་རྫོགས་རིམ་ལའང་བསྐྱེད་རིམ་གྱི་ལུས་དང་མི་ལྡན་ན་ཅང་མེད་མོ་གཤམ་དུ་འགྱུར་བས་སྐྱོན་མེད་པའི་ཁྱེར་སོ་འདིས་རྡོ་རྗེ་ཐེག་པ་འཚང་རྒྱ་བ་མྱུར་ལ། ཕར་ཕྱིན་པའི་རང་ལམ་ནི། སྦྱོར་བ་དང་རྗེས་ལ་ཐབས་ལྷུར་ལེན། མཉམ་གཞག་ཏུ་ཤེས་རབ་གཙོ་བོར་བཏོན་པའི་ཕྱིར་ན་རེས་འཇོག་ཏུ་སོང་བས་འཚང་རྒྱ་བ་བུལ་ལོ། །འདི་ལྟ་བུས་བརྒལ་བ་དང་ལན་ཞར་གྱིས་ཐོན་ནོ། །དེ་ཡང་ཆོས་ཅན་ལུས་ལྟ་བུ་ལ་ཆོས་ཉིད་ཇི་ལྟར་བཞུགས་པ་ནི། ལུས་ཐམས་ཅད་ལ་རྩས་ཁྱབ། རྩ་ཐམས་ཅད་ལ་དབུ་མས་ཁྱབ་སྟེ། མཁའ་འགྲོ་རྒྱ་མཚོར། འདི་ལྟར་དབུ་མ་ཐམས་ཅད་ཀྱི། །ཁྱབ་བྱེད་དུ་ནི་རྣམ་པར་གནས། །ཞེས་པས་སོ། །དེ་བཞིན་རླུང་ཐམས་ཅད་ལ་ཡེ་ཤེས་ཀྱི་རླུང་དང་། ཐིག་ལེ་ཐམས་ཅད་ལ་དོན་དམ་པའི་བྱང་ཆུབ་སེམས་ཀྱིས་ཁྱབ་པ་དང་། ནང་རྩ་རླུང་སེམས་ཀྱི་དབང་ལས་ཕྱི་འཇིག་རྟེན་གྱི་ཁམས་ཤར་བས་ན། རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོར་བཞུགས་ཁྱེར་འདི་རྡོ་རྗེ་ཐེག་པའི་བཤད་པའི་གནད་དེ། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདིར་མཁའ་འགྲོ་ནི་སྣང་ཕྱོགས། གནས་དང་རྩ་བྱང་ཕྱོགས་སོ་བདུན་གྱི་རང་བཞིན་དང་། སེམས་དཔའ་སྲིད་པ་གསུམ་གཅིག་པའི་ཆོས་སྐུ། བདེ་བའི་མཆོག་ནི་ལྷན་ཅིག་སྐྱེས་པ་སྐུ་བཞི་པ། ཆོས་དང་ལྷན་ཅིག་སྐྱེས་པའི་སྐུ་འདི་དག་གཅིག་པ་ཉིད་རྡོ་རྗེ་སེམས་དཔར་བསྟན་ལ། དོན་ལ་སྣང་སེམས་རོ་གཅིག་པ། འདི་ལ་ཐུགས་ཕྱག་མཚན་གྱི་དཀོར་མཛོད་ཅེས་བྱ་བ་གྲོལ་ལམ་ཡིད་བཞིན་གྱི་ནོར་བུ་འབྱུང་བའི་ཁུངས་སོ། །ཚིག་ཏུ་བརྗོད་པ་ཀུན་དང་བྲལ་བའི་དོན། དེ་ལྟ་བུའི་ཨེ་ཝཾ་དེ་ཉིད་གཟུགས་བརྙན་དུ་གྱུར་པ་སྤྲུལ་པའི་སྐུ་སྟེ། ཇི་ལྟར་ཞེ་ན། དབུས་སུ་ཡེ་ཤེས་ཀྱི་ཕུང་པོ་དང་། ཡེ་ཤེས་ཀྱི་ཁམས་དང་། ནམ་མཁའི་ཁམས་དང་། ཡིད་དང་། རྣ་བ་དང་། སྒྲ་དང་། ཆོས་ཀྱི་ཁམས་དང་། མཆོག་གི་དབང་པོ་དང་། བྷ་ག་དང་། ཆུ་འཛག་པ་དང་། ཁུ་བ་འཛག་པའི་ངོ་བོ་རྣམས་སྒྲིབ་པ་མེད་པ་ཉིད་སོ་སོར་རང་གི་ཡུལ་འཛིན་པ་རྣམ་པར་སྤངས་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་སྟོང་པའི་ཡི་གེ་དང་པོ། ཨ་རྣལ་འབྱོར་པས་རང་གི་རིག་པར་བྱ་བས་ཐམས་ཅད་མེད་པ་མ་ཡིན་པའི་མཚན་ཉིད་དེ་ཉིད་གཞོམ་དུ་མེད་པ་ལས་ཡི་གེའི་གཟུགས་སྟོང་པ་བརྗོད་དུ་མེད་པ་གྲི་གུག་གི་རྣམ་པའོ། །དབུས་མ་གཞོམ་དུ་མེད་པའི་མཚན་མ་དེ་ལས་ཤར་དུ་འདུ་བྱེད་ཀྱི་ཕུང་པོ་དང་། རླུང་གི་ཁམས་དང་། སྣ་དང་། རེག་བྱ་དང་། ངག་གི་དབང་པོ་དང་། བཤང་བ་འཛག་པ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་སྟོང་པའི་ཡི་གེ་གཉིས་པ་ཨི་བརྗོད་དུ་མེད་པ་དབྱུག་པའི་རྣམ་པའོ། །གཡས་སུ་ཚོར་བའི་ཕུང་པོ་དང་། མེའི་ཁམས་དང་། མིག་དང་། རོོ་དང་། ལག་པ་དང་། འགྲོ་བ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་སྟོང་པའི་ཡི་གེ་གསུམ་པ་རྀ་བརྗོད་དུ་མེད་པ་ཚེག་དྲག་གི་རྣམ་པའོ། །གཡོན་དུ་འདུ་ཤེས་ཀྱི་ཕུང་པོ་དང་། ཆུའི་ཁམས་དང་། ལྕེ་དང་། གཟུགས་དང་། རྐང་པ་དང་། ལེན་པ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པའི་ཡི་གེ་བཞི་པ་ཨུ་བརྗོད་དུ་མེད་པ་ཐིག་ལེའི་རྣམ་པའོ། །རྒྱབ་ཏུ་གཟུགས་ཀྱི་ཕུང་པོ་དང་། སའི་ཁམས་དང་། ལུས་ཀྱི་དབང་པོ་དང་། དྲི་དང་། གཅི་བ་འཛག་པ་དང་། སྨྲ་བ་སྒྲིབ་པ་མེད་པ་རྣམས་གཅིག་ཏུ་འདྲེས་པ་སྟོང་པའི་ཡི་གེ་ལྔ་པ་ལྀ་བརྗོད་དུ་མེད་པ་ཐོང་གཤོལ་གྱི་རྣམ་པ་སྟེ། ཝཾ་གི་རྣམ་པ་སྟོང་པ་ཆེན་པོ་དམིགས་པ་མེད་པ་སྙིང་རྗེའི་བདག་ཉིད་ཅན་ནོ། །རྡུལ་ཕྲ་རབ་གྱི་ཆོས་ཉིད་ལས་འདས་པ་རྣལ་འབྱོར་པའི་རྟོགས་པར་བྱེད་པའམ་རིག་བྱེད་དོ། །དེའི་རྟེན་དུ་གྱུར་པ་རྣམ་པར་ཤེས་པའི་ཕུང་པོ་དང་། ནམ་མཁའི་ཁམས་དང་། རྣ་བ་དང་། ཆོས་ཀྱི་ཁམས་དང་། བྷ་ག་དང་། ཁུ་བ་འཛག་པ་དང་། སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་དབུས་ཀྱི་མཚན་མའི་སྟེང་དུ་ཀའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཀ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་དང་པོ། ཤར་གྱི་ཤར་དུ་འདུ་བྱེད་ཀྱི་ཕུང་པོ་དང་། རླུང་གི་ཁམས་དང་། སྣ་དང་། རེག་བྱ་དང་། ངག་དང་། བཤང་བ་འཛག་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་ཙའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཙ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་གཉིས་པ། གཡས་ཀྱི་གཡས་སུ་ཚོར་བའི་ཕུང་པོ་དང་། མེའི་ཁམས་དང་། མིག་དང་། རོ་དང་། ལག་པའི་དབང་པོ་དང་། འགྲོ་བ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད་ཊའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཊ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་གསུམ་པ། གཡོན་གྱི་གཡོན་དུ་འདུ་ཤེས་ཀྱི་ཕུང་པོ་དང་། ཆུའི་ཁམས་དང་། ལྕེ་དང་། གཟུགས་དང་། རྐང་པའི་དབང་པོ་དང་། ལེན་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད། པ་ཡི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་པ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་བཞི་པ། ནུབ་ཀྱི་ནུབ་ཏུ་གཟུགས་ཀྱི་ཕུང་པོ་དང་། སའི་ཁམས་དང་། ལུས་དང་། དྲི་དང་། གཅི་བ་འཛག་པ་སྒྲིབ་པ་དང་བྲལ་བ་རྣམ་པ་ཐམས་ཅད་སྟོང་པ་ཉིད། ཏའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ཏ་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་ལྔ་པ། དབུས་ཀྱི་འོག་ཏུ་ཡེ་ཤེས་ཀྱི་ཕུང་པོ་དང་། ཡེ་ཤེས་ཀྱི་ཁམས་དང་། ཡིད་དང་། སྒྲ་དང་། མཆོག་གི་དབང་པོ་དང་། ཆུ་འཛག་པ་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་སྟོང་པ་ཉིད་སའི་སྡེ་ཚན་གྱི་བདག་ཉིད་གསལ་བྱེད་ཀྱི་ཡི་གེ་ས་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་དྲུག་པའོ། །དེ་དག་ཆོས་ཀྱི་འབྱུང་གནས་ཨའི་རྣམ་པ་དམིགས་པ་དང་བཅས་པའི་ཤེས་རབ་མ་པྲ་ཕབ་པའི་རང་བཞིན་ཅན་རིག་བྱའོ། །ཡུལ་ལ་གཏོད་པའི་བློ་ནི་རིག་བྱེད་ཡིན་ལ། གཏོད་ཡུལ་སྣང་ཙམ་པ་དེ་ནི་ཡུལ་ལོ། །དེ་གཉིས་སྦྱར་བ་ནི་སྣང་ཙམ་ཉམས་སུ་མྱོང་ན་ཡུལ་ཡུལ་ཅན་གཉིས་སུ་སྣང་བ་འཇིག་སྟེ་རང་བཞིན་མ་གྲུབ་པའི་གནད་ཀྱིའོ། །ཇི་ལྟར་ཕྱི་བཞིན་ནང་ལུས་ལའང་། སཾ་པུ་ཊར། སྤྱི་བོ་ལྟེ་བར་སོན་འཁོར་ལོ། །ཨེ་ཡི་རྣམ་པར་ཡང་དག་གནས། །སྙིང་ག་མགྲིན་པར་གནས་པའི་རྩ། །ཝཾ་གི་ཡི་གེ་འདྲ་བར་འདོད། །ཅེས་དང་། ནང་བཞིན་གཞན་ལ་ཡང་། རྡོར་འཕྲེང་ལས། ཨེ་ནི་བྷ་གའི་མཚན་ཉིད་དེ། །པདྨ་རྟེན་དུ་ཤེས་པར་བྱ། །བརྟེན་པ་རྡོ་རྗེ་ཞེས་ནི་གསུངས། །བརྟེན་པ་རྡོ་རྗེ་འཆང་བ་ཡིན། །དེ་ལ་གནས་པ་ཐིག་ལེའི་གཟུགས། །སྣ་ཚོགས་སྤྲུལ་པ་སྟོན་པར་བྱེད། །ཅེས་པས་སོ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པའི་འགྲེལ་བར་ཕྱག་རྡོར་གྱིས། འདིར་རང་བྱུང་ནི་ཚངས་པའོ། །དེ་ཡང་། སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དེ། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །ཞེས་པའི་གསུང་ལས་རྒྱུད་གཞན་གྱི་རྟོགས་པར་བྱའོ་སོགས་ཀྱིས་གསུངས་པས། སྐུ་ཙཀྐ་ལིའི་དཀོར་མཛོད་ཅེས་བྱ་སྟེ། ཙཀྐ་ལི་བསྒྱུར་ན་གཟུགས་བརྙན་ནོ། །དེས་ན་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ་འབྱུང་བའི་ཁུངས་སོ། །ཐེག་ཆེན་སྐྱེ་མེད་རང་སྒྲ། ཨེ་ཝཾ་སྒྲས་བསྒྲུབ་པ་སྟེ། ཇི་ལྟར་ཞེ་ན། ཨཿཨཾ་ནག་དཀར་གྱི་གང་བ་ཕྱི་མའི་ཐིག་ལེ་དང་རྣམ་བཅད་ཨ་ཡིག་གསུམ་ཕྲལ། དུས་འཁོར་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་ཉི་རྡུལ་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །ཅེས་པ་བཞིན་ལ། ཨ་ཡིག་དག་གི་བར་དུ་ཨུའོ། །ཞེས་པ་ཨུའི་ཡི་གེ་ཨའི་བར་དུ་བྲིས། ཨུའི་ཡི་གེ་ཝའོ་ཞེས་པས། དེ་ཝ་སྲོག་མེད་དུ་གཏང་། གསལ་བྱེད་དབྱངས་མེད་ཕ་རོལ་གྱི་ཡི་གེར་དྲང་ངོ་ཞེས་པས། ཝ་དེ་ཨའི་སྟེང་དུ་དྲངས། འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་བོ། །ཞེས་པས་ཐིག་ལེ་ང་རོ་དང་། ཚེག་དྲག་ཟླ་ཚེས་སུ་གཏང་བས་ཝཾ་གྲུབ། བརྟེན་པའི་ཆེད་དུ་གཞི་ཨ་ལ་བདུན་པ་འོས་ཞེས་པས་ངི་བྱིན། ངི་སྨིན་འོས་ཁྱད་དོན་ཡིན་པས་ང་ཕྱིས། སྲོག་གི་ཨི་གཞག །ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ་ཞེས་པས་ཨ་ཨེར་གཏང་། ཕ་རོལ་དབྱིའོ་ཞེས་པས། ཨི་ཕྱིས་པས་ཨེ་གྲུབ་བོ། །དེ་ཡང་དུས་འཁོར་ལས། ལུས་ངག་སེམས་ཀྱི་ཁམས་རྣམས་ཀྱི། །གང་ཕྱིར་སྐྱབས་གྱུར་དེ་ཡི་ཕྱིར། །སྔགས་དོན་སྔགས་ཀྱི་སྒྲ་ཡི་ཕྱིར། །སྟོང་ཉིད་ཡེ་ཤེས་མི་འགྱུར་བ། །བསོད་ནམས་ཡེ་ཤེས་ལས་བྱུང་སྔགས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་དོ། །ཞེས་པས་བཤད་པ་ལྟར། །སྒྲ་ཡི་ཚུལ་ལས་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་བ། །ཞེས་པ་ལ་ཕྱག་རྡོར་གྱིས། འདི་ལས་ལྷན་ཅིག་སྐྱེས་པ་དང་ཆོས་དང་། སྤྲུལ་པའི་སྐུ་གཅིག་ཏུ་སྦྱོར་བའི་ལོངས་སྤྱོད་རྫོགས་པའི་སྐུ་སྒྲའི་ཚུལ་ཅན་ཏེ་ཐམས་ཅད་མཁྱེན་པའི་སྐད་གཞོམ་དུ་མེད་པའི་མཚན་ཉིད་དོ། །དེའི་རང་བཞིན་སྔགས་ཀྱི་སྐུ་སྟེ། དམ་ཚིག་སྤྱོད་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཞེས་བཤད་པས། རྣམ་རྟོག་གི་བཞོན་པའི་རླུང་སྣང་ལས་ཡི་གེ་དེ་འདུས་པ་མིང་། དེ་འདུས་པ་ཚིག་ཏུ་འགྱུར་བས། བརྗོད་བྱ་དོན་གྱི་ཨེ་ཝཾ་དང་། མཚོན་བྱེད་གཟུགས་ཀྱི་ཨེ་ཝཾ་གཅིག་ཏུ་སྦྱོར་བ་ནི་ཐ་སྙད་ལ་བརྟེན་ནས་དོན་གོ །དེས་ཀུན་གྱི་རྨོངས་པ་སེལ་བ་ཡིན་ལ། རྣམ་རྟོག་གི་སྣང་བ་དེ་དག་སྒྲ་བརྙན་གསུང་རྡོ་རྗེར་སྦྱོར་བས་གསུང་ཡིག་འབྲུའི་དཀོར་མཛོད་ཅེས་བྱ་སྟེ། སྨིན་ལམ་ཡིད་བཞིན་གྱི་ནོར་བུ་འབྱུང་བའི་ཁུངས་སོ། །འདི་སྐད་ཐོས། འདི་སྐད་ལེགས་སྦྱར་གྱི་སྐད་དུ་ཨེ་ཝཾ། དེ་ཡང་ནག་པོ་སྤྱོད་པས། འདི་སྐད་ལ་སོགས་དག་གི་ནི། །རང་གི་ངོ་བོ་རབ་ཏུ་བསྟན། །ཞེས་དང་། ཐོས་པ་བསྟན་པ་ཞེས་བྱར་གསུངས། །ཞེས་འདིར་བསྟན་པའི་ལམ་ཐམས་ཅད་ཐབས་ཤེས་མཉམ་པར་སྦྱོར་བ་ལ་བརྟེན་པ་ཞེས་པའམ། བདེ་སྟོང་སྦྱར་བའི་ཆགས་ཆེན་གྱི་སྤྱོད་པ་ལ་བརྟེན་པ་ཞེས་སྟོན་པའི་ཕྱིར་ཡིན་པས། རྡོ་རྗེ་འཆང་ཆེན་པོས་གཞན་ཞིག་ལ་ཐོས་པར་མི་རུང་སྙམ་འདི་སྐད་ནི་ཞེས་སྦྱར་བ་མ་དག་པའོ། །རྡོ་རྗེ་འཆང་ངས་སྐལ་ལྡན་དོན་དུ་བཤད། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་བྱ་ང་། །ཞེས་འབྱུང་བ་བཞིན་རྣམ་པར་དཔྱད་ན་ཐམས་ཅད་རོ་གཅིག་པས། མ་བརྟགས་ཉམས་དགའ་བ་ཙམ་དུ་རྡོ་རྗེ་འཆང་ཆེན་པོས་ཕྱག་ན་རྡོ་རྗེ་ལ་སོགས་པ་ལ་དབང་བསྐུར། རྒྱུད་བཤད། མན་ངག་སྦྱིན་པ་ལྟར། ཕྱི་རབས་དག་གིས་ཀྱང་དེའི་རྗེས་སུ་སློབ་པ་ཐམས་ཅད་སངས་རྒྱས་ཀྱི་རོལ་མོའོ་ཞེས་སྟོན་པ་སྟེ། འདིར་དུས་ཀྱི་འཁོར་ལོ་ནས། རང་དང་ཆོས་དང་བརྒྱུད་པ་ལ་ཡིད་ཆེས་པ་ཞེས་གསུང་པ་ཉིད་དོ། །དེ་ཡང་། ཐོག་མ་དབུས་མཐར་ཡང་དག་གནས། །བསྲུབ་བྱ་སྲུབ་བྱེད་ཡང་དག་སྦྱར། །ཇི་ལྟར་རྒྱ་མཚོ་བསྲུབ་བྱ། རི་རབ་སྲུབ་བྱེད། ཀླུ་མཐའ་ཡས་ལ་སོགས་པ་སྲུབ་ཐག ལྷ་མིན་རྣམས་སྲུབ་མཁན། དེ་ལས་བདུད་རྩི་བྱུང་བ་བཞིན། མ་རྟོགས་པའི་བློ་ངོའི་ལུས་ངག་ཡིད་བསྲུབ་བྱ། དབང་བཞི་སྲུབ་བྱེད། རྐྱེན་གྱིས་བསྐུར་བ་སྲུབ་ཐག ལྷ་མིན་ལྟ་བུ་བླ་མ། བདུད་རྩི་རྡོ་རྗེ་བཞི་གྲུབ་པར་བསྟན་པས་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ་དང་སྨིན་ལམ་བསྟན། གུས་བཏུད་ནས་ནི། རྡོ་རྗེ་མཁའ་འགྲོོར། དམ་ཚིག་སྤྱོད་ལ་རབ་ཏུ་གུས། །ཕྱག་རྒྱ་བརྡ་ཡི་སྦྱོར་བ་རིག །རྣལ་འབྱོར་མ་རྣམས་དམ་ཚིག་ལ། །བརྡ་ཡིས་སྦྱོར་བ་སྟོན་པ་དང་། །གཉིས་མེད་སྦྱོར་ལ་མི་ཕྱེད་གནས། །སྔགས་ཀྱི་འཁོར་ལོ་སྤྱོད་ལ་གུས། །ཞེས་པ་དམ་ཚིག་དང་། ཡེ་ཤེས་ཀྱི་བསྐྱེད་པའི་ཕྱོགས་ཏེ། སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ཀྱང་། །ཞེས་པས་དང་། མཁའ་འགྲོ་ནི། རྡོ་རྗེ་མཁའ་འགྲོར། ནམ་མཁའི་སྒྲ་ནི་སེམས་ལ་བྱ་སྟེ། ཇི་ལྟར་ནམ་མཁའ་ཁམས་ལ་སོགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པ་བཞིན་དུ་ཐམས་ཅད་ཀྱི་གོ་སྐབས་སྟེར་བའི་ཕྱིར་རོ། །ཡང་ན་ཉན་ཐོས་ལ་སོགས་པའི་གནས་བསྲེགས་པས་ན་ནམ་མཁའ་སྟེ། ནམ་མཁའ་དེར་བདུད་རྩིའི་རང་བཞིན་གྱིས་རྒྱུ་ཞིང་སྤྱོད་པས་ན། ནམ་མཁའ་ཀུན་ཏུ་རྒྱུ་གྲུབ་པས། མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་པའི་དོན་གྱིས་རྫོགས་རིམ་བསྟན། ཉོན་ཞེས་པས་དཀོར་མཛོད་གསུམ་ན་ཡིད་བཞིན་གྱི་ནོར་བུ་གསུམ་བཞུགས་པ་ལོངས་ཞེས་སྟོན་པ་སྟེ། འགྲེལ་པར། སྐུ་གསུམ་བདག་ཉིད་དགོས་འབྱུང་ཞེས་པས་སོ། །དེར་བླ་མ་དམ་པའི་ཞབས་པད་ཟེའུ་འབྲུ་དྲི་མེད་འོད་ཟེར་ལ་ཕྱག་འཚལ་ཞེས་པ་མཆོད་བརྗོད། གསང་སྔགས་མཐར་ཐུག་ནི་གསང་བའི་མཐའ་འཁོར་ལོ་སྡོམ་པའི་རྒྱུད་སྡེའོ། །སྙིང་པོའི་བཅུད་ཕྱུང་ཡིད་བཞིན་ནོར་བུ་མཁའ་འགྲོའི་གསུང་བཞིན་ནི། དེ་ལ་ཚོགས་དང་སློབ་མར་བཤད་པའི་དབྱེ་བས་གཉིས་སུ་ཡོད་པའི་ཕྱི་མ་འདིར་སྟོན་པས་དང་། དེ་ཡང་རང་བཟོ་མ་ཡིན་ཏེ། བཅོམ་ལྡན་འདས་མའི་གསུང་ཇི་བཞིན་པ་རྟོགས་པས་འདིར་གསལ་བཀོད་ཅེས་སྦྱར་ཏེ་རྩོམ་པར་དམ་བཅའ་བའོ།། །།གཉིས་པ་རྒྱས་བཤད་ཀྱི་དེ་ནས་ཡིད་བཞིན་གྱི་ནོར་བུ་ལེན་ཚུལ་ལ་སྟོན་བྱེད་སློབ་དཔོན་གྱི་མཚན་ཉིད། བསྟན་ས་སློབ་མའི་མཚན་ཉིད། བསྟན་བྱ་ཆོས་ཀྱི་གནས་ལུགས་གསུམ་ལས། དང་པོ་ནི། བསླབ་གསུམ་བརྒྱུད་ལྡན་ཉམས་མྱོང་བླ་མའི་མཆོག །འགྲེལ་པར། བསླབ་པ་གསུམ་དང་ཞེས་པའི་བསླབ་གསུམ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །ལྷག་པ་ཞེས་པས་མྱ་ངན་ལས་འདས་པ་བསྟན་ལ། དེའི་ཆེད་དུ་བྱས་པའོ། །དང་པོ། །ཁྲོ་མེད་གཙང་ཞིང་ཞེས་རྩ་རྒྱུད་ལས་གསུངས་པ། འདིར་ཁྲོ་བ་ནི་ཆགས་པ་ཉམས་པ་སྟེ། དགའ་བྲལ་ཞེས་པའོ། །དེ་མེད་པ་ནི་ཆགས་པ་དང་ཆགས་བྲལ་འདྲེས་པའི་གནས་སྐབས་སུ་རིག་པའི་ལྷན་སྐྱེས་རྟོགས་པ་སྟེ། ཁྲོ་མེད་སྦུབས་སུ་ཀུན་ཏུ་སྤྱོད་དང་། ཁྲོ་མེད་རྒྱུན་གྱི་ཀུན་ཏུ་སྤྱོད་དང་། འདྲེན་པ་རྩ་ཡི་ཀུན་སྤྱོད་བརྒྱད་ཅེས་འགྱུར་སོ་སོར་བཤད་པས་སོ། །དེ་ཕྱིན་ནས་འཕོ་མེད་ལ་གནས་པས་གཙང་བ་སྟེ། ཚངས་པར་སྤྱོད་པ་དེ་བཞིན་ཞལ། །ཞེས་སོ། །མཁས་པ་དང་ཞེས་པའི་མཁས་པ་ནི་ཏིང་ངེ་འཛིན་གྱི་ཚོགས་ལ་མཁས་པ་སྟེ། ཐབས་མང་པོ་ཤེས་པའོ། །སྦྱོར་ཤེས་ཞེས་པ་དེ་ཐམས་ཅད་རྣལ་མའི་ལམ་མམ། མ་ཡེངས་པ་གཅིག་པུར་སྦྱོར་ཤེས་པ་དགོས་ཏེ། དེས་དམིགས་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་ནུས་པས་སོ། །དེ་ཡང་རྡོ་རྗེ་མཁའ་འགྲོར། རྣལ་མའི་ལམ་ལ་བརྟེན་ན་ནི། །ཇི་ལྟར་བྱས་ཀྱང་གྲོལ་བར་འགྱུར། །ཞེས་པས་སོ། །ཡེ་ཤེས་ཕ་རོལ་འགྲོ་བའི་ཡེ་ཤེས་ནི་དགག་ཕྱོགས་ནས་སྨོས་ན་གཉིས་སུ་མེད་པའི་ཤེས་རབ། སྒྲུབ་ཕྱོགས་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ། ཟུང་འཇུག་ཕྱག་རྒྱ་ཆེན་པོ་སྟེ། ཀུན་སྤྱོད་ལས། ཕྱག་རྒྱ་ཆེན་པོ་ལས་ལྷག་པའི། །རྣལ་འབྱོར་ཀུན་ལ་མཆོག་མེད་དེ། །ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། །རྣལ་འབྱོར་ཀུན་དབང་དབང་ཕྱུག་ཡིན། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་འབྱུང་བས། སྔགས་ཀྱི་སྡེ་སྣོད་ནས་བསླབ་པ་གསུམ་པོ་དེ་གཙོ་བོར་བསྟན་ཏོ། །བརྒྱུད་པར་ལྡན་པ་ནི། སློབ་དཔོན་དགེ་བའི་མཚན་ཉིད་ཅན། །ཇི་ལྟར་རིགས་ཕུན་སུམ་ཚོགས་པའི་བརྒྱུད་དུ་བྱུང་བ་ལ་རིགས་དགེ་བ་ཞེས་ཟེར་བས་སོ། །ཉམས་སུ་མྱོང་བས་ནི། ཡང་དག་ཤེས་ཞེས་གསུངས་པའི་དོན་ཐོབ་པ་དང་། མི་ཐོབ་པ་རྣམ་པར་འབྱེད་པ་ལ་གཙོ་བོ་ཡིན་པས་དང་། རྒྱུད་ཤེས་པ་ཚོགས་བཤད་དང་། དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། །སློབ་བཤད་ཤེས་པ་ཕྱི་མ་གཉིས་ལ་འགྲེལ་པར་འཇུག་ཚུལ་ཤེས་པས་ཞེས་བཤད་དོ། །བླ་མ་དམ་པར་ངེས། དམ་པ་དང་མཆོག་དང་གཙོ་བོ་རྣམ་གྲངས་པའི་སྒྲར་བཤད་པས་ན། བླ་མ་དམ་པར་འགྲོ་བ་དབང་བསྐུར་ལ་བལྟོས་པར་སྨྲ་བ་དག་བཞད་གད་ཀྱི་རྒྱུའོ། །དེ་བས་ན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་སྡོམ་པ་གསུམ་དང་ལྡན་པ། ཏིང་ངེ་འཛིན་གྱི་བསླབ་པས་སེམས་ལ་དབང་ཐོབ་པ། ཤེས་རབ་ཀྱི་བསླབ་པས་སྔགས་ཀྱི་འཇུག་པ་རྟོགས་པ། བྱིན་རླབས་འབྱུང་བའི་གཞི་བརྒྱུད་པ་དང་ལྡན་པ། བརྒྱུད་པ་དེ་ལྡན་གྱི་གདམས་པ་ཉམས་སུ་མྱོང་བ། ཐོས་བསམ་གྱིས་སྡེ་སྣོད་ལ་འཇུག་ཚུལ་ཤེས་པས་སྙན་རྒྱུད་ཀྱི་སྒྲོ་འདོགས་ཆོད་པའོ། གཉིས་པ་ནི། དད་བརྩོན་ཤེས་རབ་སྙིང་རྗེ་སློབ་མའོ། །དག་དང་མ་དག་འདྲེས་མ་སྟེ། །སྒྲུབ་པ་པོ་ནི་གསུམ་དུ་གནས། །མཉམ་བྱེད་རྣམ་པར་དག་པ་སྟེ། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །དད་པས་སངས་རྒྱས་ཀྱི་ཡོན་ཏན་འདོད། བརྩོན་འགྲུས་ཀྱིས་དེ་སྒྲུབ་པར་བྱེད་པ་མཉམ་པར་འཇུག་པས་མཉམ་བྱེད་དང་། སྙིང་རྗེས་འཁོར་སྡུད། ཤེས་རབ་ཀྱིས་དེ་སྦྱོང་བས་རྣམ་པར་དག་པ་འདི་སྟོན་པའི་སྣོད་དོ། །ཡོན་ཏན་ལྡན་པའི་མི་ཞེས་གསུངས་པའི་དགོངས་པ་ནི། གཟུགས་མེད་རྣམས་རླུང་གི་ཁམས་གཙོ་བོར་གྱུར་པས་དང་། གཟུགས་རྣམས་མེ་དང་འདོད་ལྷ་ཆུ་གཙོ་བས་ཁམས་ཕྲ་བའི་ཕྱིར་ཡེ་ཤེས་ཀྱི་ཞིང་མ་ཡིན་པ་དང་། མིའི་འགྲོ་བ་པས་ཁམས་གཙོ་བོར་གྱུར་པས་རགས་ཤིང་། རགས་པ་འཆིང་སླ། མིའི་ནང་ནས་ཀྱང་ལོངས་སྤྱོད་ཀྱི་ས་པ་རྣམས་ལས་འཛམ་བུ་གླིང་པ་མཆོག་སྟེ། སྡོམ་འབྱུང་ལས། འཛམ་བུ་གླིང་པ་གཙོ་བོ་མཆོག །ཡུལ་དབུས་སུ་ནི་སྐྱེས་པ་སྟེ། །ཞེས་དང་། དུས་འཁོར་དུ་ཡང་། མི་རྣམས་གྲོལ་བའི་དོན་དུའོ། །ཞེས་ལམ་དུ་ཞུགས་པའི་རྟེན་དེ་ཉིད་ལ་འཚང་རྒྱ་བ་མི་ཁོ་ནའི་དབང་དུ་བྱས་པ་ཡིན་ལ། སྔར་སྦྱངས་ནས་ཕྱིས་འཚང་རྒྱ་བའི་རྟེན་ནི་གང་ལའང་རུང་སྟེ། དམ་ཆོས་པད་དཀར་དུ། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་སྐྱེས་ནས་ལོ་བརྒྱད་ལོན་པ་ཞིག་གིས་སྟོན་པའི་སྤྱན་སྔར་ནོར་བུ་ཕུལ་ཏེ། སྐྱེས་པར་གྱུར་ནས་ལྷོ་ཕྱོགས་ཀྱི་ཞིང་དྲི་མ་མེད་པར་སོང་སྟེ། སྐད་ཅིག་ལ་སངས་རྒྱས་པར་བཤད་པ་ལྟ་བུའོ། །དེ་ལྟ་བུའི་གང་ཟག་ནི། འགྲེལ་པར། མཆོག་གི་དོན་འདོད་གང་གིས་དེ་སྟོན དོགས་པ་ ་ཞེས་པའོ། །གཞན་ལས་རིན་པོ་ཆེ་ལྟ་བུར་ཡང་གསུངས་སོ། །སེནྡྷ་ཝ་དང་རིགས་ཆད་བྲན་ལྟར་རུས་སྦལ་སྤུ་སྟེ་མོ་གཤམ་བུ་ལྟར་ཞེས་པ་རྒྱུད་རིམ་གྱིས་བཀྲི་དགོས་པ་རྣམས་ཏེ་མ་དག་པའོ། །སློབ་མ་སྐྱོན་ལྔ་བྲལ། དེ་རྣམས་ཚང་ལ་སྔར་བཤད་པའི་ཡོན་ཏན་དང་མི་ལྡན་པ་ནི་འདྲེས་མའོ། །དེ་ནི་ཚོགས་པ་ལ་བཤད་པའི་སྣོད་དོ། །གསུམ་པ་ལ། ཕྱི་སྒྲོ་འདོགས་གཅོད་པར་བྱེད་པ་སྤྲུལ་པ་སྐུའི་གདམས་ངག་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ། ནང་ཉམས་ལེན་ལོངས་སྤྱོད་རྫོགས་པ་སྐུའི་གདམས་ངག་སྨིན་ལམ་ཡིད་བཞིན་གྱི་ནོར་བུ། གསང་བ་ངོ་སྤྲོད་ཆོས་སྐུའི་གདམས་ངག་གྲོལ་ལམ་ཡིད་བཞིན་གྱི་ནོར་བུ་གསུམ་ལས། དང་པོ་ནི། གནས་གསང་བ་མཆོག་གི་དགྱེས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ན། སྟོན་པ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ འཁོར་ཨ་བྷི་དྷ་ནར་རྣལ་འབྱོར་དང་རྣལ་འབྱོར་མའི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ་གསུངས་པ་དེ་དག་དང་། ཆོས་བདེ་མཆོག་ཉུང་ངུའི་རྒྱུད་གསུངས་པའི་རྗེས་སུ་རྡོ་རྗེ་ཕག་མོས་ཞུས་ནས། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་སྟེར་བར་བྱེད་པའི་རྡོ་རྗེའི་རྣལ་འབྱོར་མ་འདི་གསུངས་ནས། མཁའ་འགྲོ་མ་རྣམས་ཀྱིས་བསྡུས་ཏེ་ཨུ་རྒྱན་དུ་རྒྱ་རིམ་པ་བདུན་གྱིས་བཏབ་ནས་མཆོད་པ་སྟེ། མཁའ་འགྲོ་རྒྱ་མཚོར། མ་མོ་ཐམས་ཅད་འདུས་རྣམས་ཀྱིས། །རྡོ་རྗེའི་གནས་རྣམས་སུ་བསྡུས་སོ། །ཞེས་འབྱུང་བས་སོ། །འགྲེལ་པར། བདེ་གཤེགས་ཐུགས་ལ་གནས་པར་དྲི་མེད་པཉྩྨ་པ་ནས་ཞེས་པ། བདེ་བར་གཤེགས་པའི་གསུང་ངག་ཅེས་པ་དེ་ཐུགས་ཀྱི་འཁོར་ལོའི་གནས་སུ་ཨུ་རྒྱན་དུ་ཡོད་པ་སྲིང་མོ་དྲི་མེད་མས་བསྐུལ་བ་ལྟར། མིང་པོ་པཉྩྨ་པ་ནས་སྐུ་ཟ་བྱེད། གསུང་དམ་ཚིག་གི་ཌཱ་ཀི་ནཱི་རྣམས་ཟིལ་གྱིས་མནན་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་ཕག་མོ་ལས་དངོས་སུ་བླངས་སོ། །ཞེས་པ་དང་། རྟོགས་པས་ཀེ་རེ་མིག་ཏུ་གསང་བདག་མཉེས། དེ་ལས་འཁོར་ལོ་སྡོམ་པར་གྲུབ་པས་དམ་པ་ཆོས་ཀྱི་ཀེའུ་ཚང་གི་རེའུ་མིག་དེ་རུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་བདག་པོ་ཉིད་དུ་གྱུར་པའོ། །འོན་ཀྱང་ཐུན་མོང་མིའི་ངོར་ཏིལ་བརྡུང་བའི་ཚུལ་དུ་བརྫུས་ཏེ་རྣལ་འབྱོར་གྲུབ་པ་ལྟར་མཛད་པས་ཏིལླི་པ་ཞེས་གྲགས་སོ། །སྤྱོད་པས་ཟིལ་མནན་ལུས་ཀྱི་བཀོད་པས་རྣལ་འབྱོར་རྗེས་བཟུང་མཛད་པ་ནི་གཽ་རེ་ཤྭ་རའི་རྒྱལ་པོའི་ཁབ་ལ་སོགས་པར། རྣལ་འབྱོར་པ་ནག་པོ་ལ་སོགས་པ་བརྒྱད་བཏུལ་ཞིང་བསམ་གྱིས་མི་ཁྱབ་པ་བརྒྱད་གླུར་བླངས་པ་དང་། ཀ་སོ་རི་པ་དང་། རི་རི་པ་སོགས་མང་པོ་ཞིག་རྗེས་སུ་བཟུང་ལ། དཔལ་ཆེན་པོ་ནཱ་རོ་པས་དཀའ་བ་བཅུ་གཉིས་དཀའ་ཕྲན་བཅུ་གཉིས་སྐུ་ལུས་ཀྱི་ཐོག་ཏུ་སྤྱད་དེ་མཉེས་པར་མཛད་པས་གདམས་ངག་བུམ་པ་གང་བྱོས དོགས་པ་ ་མཛད་པ་ནི་དེ་ཡིན་ལ། གཞན། མཐའ་མས་གྲོང་རྣམས་སྟོངས་པར་བྱས་ནི། སློབ་དཔོན་དེས་ཟ་ཧོར་གྱི་རྒྱལ་ཁམས་ཆེན་པོའི་མི་ཐམས་ཅད་འཇའ་ལུས་སུ་མཛད་ཐེབས་ཐེངས་གསུམ་གྱིས་གྲོང་ཁྱེར་དེ་ལན་གསུམ་སྟོངས་སོ་ཞེས་གྲགས་པའོ། །ཉི་ཟླ་ལྟ་བུར་གྲགས་པའི་ཇོ་བོ་ཛྙྱཱ་ན་སིདྡྷིའི་ཞབས་རྡུལ་སྤྱི་བོར་བཞེས་པ་ལ་དཔའ་བ་ནི་སྒྲ་བསྒྱུར་མར་པ་ཡིན་ལ། དེ་མཉེས་པས་གདམས་ངག་ཐམས་ཅད་ལོན་པ་མི་ལ་རས་པ། དེས་ཐུགས་སྲས་རས་ཆུང་པ། དེས་ཁྱུང་ཚང་པ་ཡེ་ཤེས་བླ་མ། དེས་མ་གཅིག་ཀོང་ཇོ། དེས་ཞང་ལོ་གྲུབ་པ་དཔལ། སྔགས་འཆང་དྷ་ར་ཤྲཱི། བསོད་ནམས་རྒྱལ་མཚན། ཀུན་ལྡན་རས་མ། བདེ་ལེགས་རིན་ཆེན། གངས་ཅན་ཀུན་དགའ་དཔལ། རྒྱལ་དབང་ཆོས་རྗེ། རྗེ་བླ་མ། དེ་ལས དོགས་པ་ ་ཁོ་བོས། ཡང་རྗེ་ནས་དཔལ་ཆོས་ཀྱི་གྲགས་པ། དེའི་གསུང་གི་གསང་བ་འཛིན་པ་ལས་ཆ་ཤས་རེ་རེ་ཙམ་ཡང་ཐོས་སོ། །དེ་ཡང་། བླ་མ་བརྒྱུད་པའི་རིམ་ཐོབ་པའི། །དབང་བསྐུར་བས་ནི་སྔགས་ལེགས་ལྡན། །ཕོ་ཉ་རྣམས་སུ་ཡང་དག་བཤད། །ཕྱག་རྒྱ་ལེགས་འབྱོར་ངང་ཚུལ་ཅན། །རིགས་རྫོགས་ཡེ་ཤེས་རྒྱུ་སྐྱེས་པའོ། །འདིར་དབང་བསྐུར་ཞེས་པ་ནི་བྱིན་རླབས་འཕོ་བའི་དབང་སྟེ། བརྒྱུད་པའི་བླ་མ་དེ་དག་གི་དགོངས་པ་མཐོ་དམའ་མེད་པས་རྒྱུད་གཅིག་པས་སོ། །སྔགས་ལེགས་ལྡན་ནི། གསང་སྔགས་བྱིན་རླབས་ཀྱི་ལམ། བྱིན་རླབས་མོས་གུས་ཀྱི་ལམ། མོས་གུས་གསོལ་འདེབས་ཀྱི་ལམ་དུ་ཤེས་པར་བྱ་བ། ཕོ་ཉ་རྣམས་སུ་ཡང་དག་བཤད། །ཅེས་པ། ཕོ་ཉ་ནི་ཡིན་ལུགས་ལས་གོལ་བར་སྒྲོ་འདོགས། ཕྱག་རྒྱ་ལེགས་འབྱོར་ངང་ཚུལ་ཅན། དེས་གནས་ལུགས་མཐོང་བས་སྒྲོ་འདོགས་རྩད་བཅད་པ། ལེགས་རྫོགས་ཡེ་ཤེས་རྒྱུ་སྐྱེས་པ། །ཞེས་པ་མཐོང་ལམ་གྱི་རྟོགས་པ་ཤར་བའོ། །འདིར་སྟོན་རྒྱུ་མོས་གུས་གཅིག་པུ་ཡིན་ཀྱང་། དེས་ལམ་ཐམས་ཅད་ཆོད་པས་མདོར་བསྟན་དེའི་ཕྱིར་ཕྱི་སྒྲོ་འདོགས་གཅོད་པར་བྱེད་པ་སྤྲུལ་པ་སྐུའི་གདམས་ངག་སྟེ། ཀུན་སྤྱོད་ལས། མདོར་བསྟན་པ་ཡི་སྤྲུལ་པ་ཡིན། །ཞེས་སོ། །གཉིས་པ་ལ། ཐབས་གཙོ་བོར་བཏོན་པ་རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་ལ་བརྟེན་ནས་དབང་སྤྱི་ལུགས་སུ་བསྐུར་བ། ཤེས་རབ་གཙོ་བོར་བཏོན་པ་སིནྡྷུ་ར་ཡི་གེའི་དཀྱིལ་འཁོར་དུ་ཟབ་མོ་བརྡའི་དབང་བསྐུར་བ། དབང་དོན་མདུད་པའི་གྲོལ་ཚུལ་གསུམ་ལས། དང་པོ་ནི། ཐོག་མར་འཁོར་ལོ་སྡོམ་པ་ལ་བརྟེན་ནས། རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་ཡང་སྙིང་། བདེ་མཆོག་འཁོར་ལོ་དྲུག་ཅུ་རྩ་གཉིས། དེ་ལ་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་ལས་རིགས་ཐམས་ཅད་བསྡུས་པའི་དབང་དུ་བྱས་པ། མཆོག་བསྒྲུབ་པ་ལ་བཅུ་གསུམ་མ་གཙོ་བོར་བསྔགས་ཀྱང་། དེའི་ནང་ཚན་དུ་གཏོགས་པས་ཚིག་རིམ་པ་གཅིག་གིས་བསྟན་ཏོ། །དཀྱིལ་འཁོར། མཎྜྻལ་དཀྱིལ། ལ་ལེན་པས་འཁོར་ལོ་སྟེ། སྙིང་པོའི་དོན་སོ་སོ་རང་རིག་གིས་ལེན་པའོ། །ཆོས་ཀྱི་འཁོར་ལོའི་སྐབས་སུ་ཡང་འཁོར་ལོའི་དོན་གདུལ་བྱའི་རྒྱུད་ལ་འཕོ་བ་ལ་བྱེད་པ་བཞིན་ནོ། །དབྱེ་བ། རྡུལ་ཚོན་དང་། ལུས་དང་། བྷ་ག་དང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དབང་ནི། སྔར་མི་དབང་འདིས་དབང་བ་རྒྱལ་བུ་རྒྱལ་སར་བཏོན་པ་ལྟ་བུ། བཞི་ནི། བུམ་དབང་དང་། གསང་དབང་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པའོ། །དེ་བཞིར་འབྱེད་པ་ཡང་། རྒོད་དང་ལྟ་དང་ལག་འཛིན་གྱིས། །འཁྱུད་དང་གཉིས་སྤྲོད་ལ་སོགས་པ། །དབང་བསྐུར་བར་ནི་འགྱུར་བ་ཡིན། །འདོད་པའི་ཁམས་ན་ཆགས་པ་རིགས་བཞི་ཡོད་པ་དེ་སྦྱོང་བར་བྱེད་པས་སོ། །བསྐུར་ནི་སློབ་མས་རྟོགས་པར་བྱེད་པའི་ཐབས་ཏེ། འགྲེལ་པར། ཐོག་མར་དབང་བཞིས་རྒྱུད་སྨིན་ཐབས་དང་ཤེས་རབ་འབྲེལ་པ་ཉིད། །ཅེས་སོ། །དེ་ལ་དབང་པོ་ཆེས་རྣོ་བའི་དབང་དུ་མཛད་ནས། ཉེས་དམིགས་དྲན་པས་ཚེ་འདིའི་བྱ་བ་བཏང་། ཉེས་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་དོ། །དེ་རྒྱུ་ཅི་ལས་བྱུང་ན། ཕུང་པོ་ལ་སོགས་པར་དམིགས་པ་ལས་སོ། །དེ་ཡང་། སྣང་བ་གཅིག་བྱུང་བ་ན་དེར་ལྟ་བ་ཡོད་ཅིང་། དེ་ལས་ང་དང་ང་ཡིར་འཛིན་པས་བྱིས་པ་རྣམས་ཉོན་མོངས། དེས་ལས་གསོག །ལས་བསགས་པས་ཡང་ཉོན་མོངས་དེས་འཁོར་བ་ན་འཁོར་རོ། །སྣང་ཡང་དེས་སྟོང་པར་ཤེས་ན་སྒྱུ་མ་ལྟ་བུ་དེས་མི་འཆིང་ཡང་ས་ཐོབ་པ་དག་སྲིད་པར་སྐྱེ་འཆིའི་རྒྱུ་བྱེད། དེ་བས་ན་འཕོ་བའི་བག་ཆགས་འཁོར་བའི་རྩ་བར་དུས་འཁོར་བ་རྣམས་སྨྲ་བའང་འདི་ཀ་ཡིན། དམིགས་པ་འགགས་པ་ལ་འཕོ་བ། དགག་རྒྱུ་ཞིག་བྱུང་ཕན་བག་ཆགས་ལངས་རྒྱུ་ཞིག་ཡོད་པས། དུས་འཁོར་ལས། ཇི་སྲིད་འགྱུར་བ་ཐོབ་ཀྱི་བར། །རྟེན་དང་བརྟེན་པའི་འབྲེལ་པས་གནས། །ཞེས་སོ། །རྡོ་རྗེ་མཁའ་འགྲོར། རང་བཞིན་གྱིས་གྲུབ་པ་ནི་འགྱུར་བ་མེད་པའི་མཚན་ཉིད་དང་། ངོ་བོ་ཉིད་རྣམ་པར་དག་པ་དེ་ཇི་བཞིན་པ་སྟེ། ཇི་ལྟར་མར་དང་ཞོ་ལ་སོགས་པ་བཞིན། དེ་བས་ན་བཅོས་མ་ལས་བྱེ་བྲག་ཏུ་གྱུར་པའོ། །ཞེས་པ། དམིགས་པ་དང་དེས་བཞག་པའི་བག་ཆགས་ཐམས་ཅད་བཅོས་མ་ཡིན་པས་སྦྱང་དུ་རུང་། བཅོས་མ་ཟད་ན་མ་བཅོས་པ། དམིགས་པ་ཞི་བས་དམིགས་མེད་ནི་ཐར་པའི་སྲོག དེས་ན་ཐར་པ་དེ་ལ་དབྱེ་བ་མེད་པས། སཾ་པུ་ཊར། ཐར་པ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཞེས་པས་འཁོར་འདས་ལག་པའི་ལྟོ་རྒྱབ་ལྟ་བུ། ཐར་པ་གཅིག་ཡིན་པའི་ཕྱིར། བདེ་ཆེན་ཡང་འགྱུར་བ་ཐམས་ཅད་ཟད་པས། འགྱུར་མེད་ཅེས་བཏགས་པ་དེ་ཀ་ལ་མདོ་སྔགས་མཐུན་ཏེ། མྱ་ངན་ལས་འདས་པ་འབའ་ཞིག་ཞི་ཞིང་བདེ་བ་ཞེས་སྨྲ་བས་སོ། །དམིགས་པ་ཉེ་བར་ཞི་བའང་མ་ཡེངས་པའི་དྲན་པ་བསྟེན་ཤེས་ན་ཡིན་ལ། དེས་ཞེན་པ་ཐམས་ཅད་འདག་པ་ནི་དེ་དག་བདེན་པར་མ་གྲུབ་པའི་གནད་ཀས་ཏེ། ཐག་པ་ཐག་པར་མཐོང་ན་སྦྲུལ་འཛིན་འབྱུང་བའི་གཞི་མེད་པ་བཞིན་ནོ། །དེ་བས་འཁྲུལ་བའང་དུས་གཞི་དུས་ནས་འཁྲུལ་ལ། དེ་སེལ་བའང་གཞི་མངོན་དུ་གྱུར་པ་ཁོ་ནའོ། །དེ་ལ་རྟོགས་པ་དོན་གྱི་དབང་ཞེས་ཟེར། དེ་ཡང་སྤང་བྱ་མི་ཤིགས་པའི་ཐིག་ལེ་གཅིག་ཉིད་ལ་བྱེད་ལས་ཀྱི་རྩར་བཞག་པ། ཕྱག་ཆེན་ཐིག་ལེར། འཁོར་ལོ་དྲུག་གི་ལྟེ་བའི་དབུས། །ཕྲ་མོའི་ལུས་ལྡན་རྩ་ནི་དྲུག །ཅེས་དང་། རླུང་དུ་བཞག་པ། རྡོར་འཕྲེང་དུ། འཁོར་ལོ་དྲུག་གི་ཕུག་ནང་ན། །ཟླ་བ་ཕྱེད་པའི་ཆ་ལྟ་བུ། །སྟོང་ཉིད་རླུང་གི་འཁོར་ལོ་གནས། །ཞེས་དང་། ཐིག་ལེ་དང་རྣམ་ཤེས་སུ་བཞག་པ། ཕྱག་ཆེན་ཐིག་ལེར། དེར་རྒྱུ་བ་ཡི་ཡེ་ཤེས་ཆེ། །རྣམ་པར་ཤེས་དྲུག་རང་བཞིན་ཅན། །འཁོར་ལོ་དྲུག་གི་དབུས་སུ་ནི། །དོན་དམ་པར་ནི་བཤད་པའོ། །ཞེས་པས་རྒྱུ་མཚན་དེ་དག་གི་ལུས་ངག་ཡིད་དང་ཡེ་ཤེས་སུ་བཞག་པ་བཞིན་དེའི་གྲོལ་བ་བཞིས་དབང་བཞིའོ། །འགྲེལ་པར། འདི་དོན་རིམ་པར་བརྒྱུད་པ་རྣ་བར་འཕོ་བྱེད་དེ་ཚེ་སངས་རྒྱས་བསྟན་གནས་གུས་པས་མཉན་པར་གྱིས། །ནི། བྱིན་རླབས་ཀྱིས་དཔོན་སློབ་མཇལ་བའི་མོད་ལ་གྲོལ་མི་ཐུབ་ན་རིམ་པས་དབང་བསྐུར་བསྟན་ཏེ། སའི་ཆོ་ག་ནུབ་དང་པོོར་བྱ་བ་དང་། ལྷག་པར་གནས་པ་སྟ་གོན་ཏེ་ནུབ་གཉིས་པར་བྱ་བ་དང་། རིག་བྱེད་སོགས་མན་གྱིས་ནུབ་གསུམ་པའི་ཆོ་ག་དག་བསྟན་ལ། ཞང་ལོ་ཙཱ་བས་མཛད་པའི་ཡི་གེར་རྩ་རྒྱུད་བཤད་རྒྱུད་རྡོ་རྗེ་མཁའ་འགྲོོ་དང་སྡོམ་འབྱུང་གིས་བཀྲལ་བ་བཞིན་དུ་བཤད་དེ། ཕྱག་བཞེས་ལས་རྟོགས་པར་བྱའོ། །སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་པས་དང་པོར་འཇུག་པ་དང་། དེ་ནས་བསྐུར་བྱའི་དབང་ལ། རྒོད་དང་། དེས་བུམ་དབང་བསྟན་ལ། དེའི་རྒྱས་བཤད་ལེའུ་ཞེ་གཉིས་པར་བཤད་དེ། དེ་ནས་དཔའ་བོ། སངས་རྒྱས་དྲུག་གི་དབང་ལ་ཞེས་པའི་དོན། རིག་བྱེད་དམ་རིག་པའི་དབང་ལ་ཆུ་འཐུང་ནས་མི་བསྐྱོད་པ་ཆུ་དབང་། མེ་ཏོག རིན་འབྱུང་ཅོད་པན། སྔགས་འདི། འོད་དཔག་མེད་རྡོ་རྗེ། རྗེས་དྲན་བྱ། དོན་གྲུབ་དྲིལ་བུ། རྟག་ཏུ་འདི་ལྟར་བྱ་བ་ཉིད། །རྣམ་སྣང་མིང་དབང་སྟེ། འཚང་རྒྱ་བའི་གནས་སྐབས་སུའང་མིང་དེ་སྐད་འགྱུར་བས་རྟག་ཏུ་ཞེས་སོ། །དབང་འདི་བསྐུར་བའི་རྟགས་ཀྱི་འཆར་ཚུལ་ཕྱག་རྒྱ་ལྟ་བ་སྣང་སེམས་དབྱེར་མེད་ཤེས་པ། ལྷན་ཅིག་སྒྲུབ་པ་པོས་སྒོམ་པ་ལྷ་སྐུ་སྒྱུ་མ་ལྟ་བུ། མཚན་མོ་རྟག་ཏུ་ཤ་ཟ་བ། སྤྱོད་པ་ཀུན་བཟང་། དེ་ཡང་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་དང་། སྔགས་འདི་ཉིད་དེས་ཐ་མལ་གྱི་སྣང་བ་སྡོམ་པའོ། །ཕྱིར་མི་ལྡོག་པ་རྡོ་རྗེ་སེམས་དཔའི་དབང་ལ། འགྲེལ་པར། སློབ་དཔོན་རིག་སྦྱོར་སོགས་ཀྱིས་བུམ་པའི་དབང་བསྐུར་བྱ། ལན་གསུམ་བསྔགས། མྱུར་དུ་བདེ་བ་ཐོབ་པར་འགྱུར། །སྐུ་སྐྱེ་མེད། གསུང་བརྗོད་མེད། ཐུགས་རྟོག་མེད་ཀྱི་དབང་གསུམ། འཐུངས་དང་རྒྱལ་པོ་དབང་བསྐུར་བ་བཞིན། དབང་གི་སྟེགས་བུ་ལ་བཀོད་དེ། སླར་ཆུ་དབང་བསྐུར་བ། དེ་བཞིན་བྱིན་པ་དང་། ཧེ་རུ་ཀའི་ཆས་སུ་བཅུག་པ། རེག་ནས་གཞག་ན་གཙོ་མོ་ཆེ། ཕྱག་མཚན། བདེན་པས་ཚངས་པར་སྤྱོད་པ་དང་། བརཏལ་ཞུགས། ཐོག་མར་བཞད་པའི་ཕྱག་རྒྱ་ཡི། །ནོར་བུ་གཏད་པ། བླ་མས་རྒྱས་བཏབ་པ། ལྟ་བའི་མིག་ཐུར། སྙེམས་པ་མེ་ལོང་ནི་སྒྱུ་མ་ལྟ་བུའི་ང་རྒྱལ་འཛིན་པས་སོ། །དྲེགས་ལྡན་པ། དུང་། འཁོར་ལོ། པོ་ཏི་དུང་གིས་ཐུན་མོང་ཐེག་པ། འཁོར་ལོས་རྒྱུད་སྡེ་སྤྱི། པོ་ཏིས་གསང་སྔགས་བླ་མེད་སྟོན་པ། མཚན་མོ་ཤེས་རབ་ཡིན་ལ། འང་ཞེས་པས་ཏེ་ཉིན་མོ་ཐབས་དང་ཟུང་འཇུག་ཏུ་ཁྱེར་བའི་ཕྱིར་སྐས་གཏད་པ་སྨིན་ལམ། དེ་བཞིན་ཉིན་མོ་ནི། ཐབས་ཀྱང་ཤེས་རབ་དང་ཟུང་དུ་འཇུག་པས་གྲི་གུག་གཏད། དེས་གཅོད་པ་བཞིན་འཁོར་བ་དང་ཞི་བར་མི་གནས་པ་གྲོལ་ལམ་གྱི་དབང་། འདིས་ནི་བཞད་པ་དག་ཏུ་བྱ། ཟས་ཀྱི་ཐོད་པ་འདོད་པ་ལ་ལོངས་སྤྱོད་པའི་ཚོགས་འཁོར་འདི་དག་ཏུ་བཞད་པ་ཞེས་པ་འདོད་དགུ་འགྲུབ་པས་དགའ་བ། ལས་ཀྱི། སྦྲུལ་གཏད་པས་དེ་འདོར་བ་བཞིན་སྡིག་པ་སྤོང་བ། གཟུགས་དང་། མི་གཟུགས་གཏད། དགེ་བ་བསྒྲུབ་པ། གསང་བ་གང་། ཉི་མ་གཏད་དེ་སུ་ལའང་ཉེ་རིང་མེད་པ་བཞིན་དགག་སྒྲུབ་མེད་པར་བྱ་བ། ཇི་ལྟར་གནས་པ་དཔའ་བོ་ཉོན། །མཚོ་གཏད། དེ་ནི་མང་པོ་འདུས་པ་བཞིན། །ལུས་ཡུལ་ཉེར་བཞི། དེ་དག་གི་རྩ་དཔའ་མོ། ཁམས་དཔའ་བོར་ཤེས་པར་བྱ་བ། རྟག་ཏུ་དེ་ཡིས་མཆི་མ་འབྱུང་། །དད་པས་དེ་ཡི་སྤུ་ཡང་ལྡང་། །རྡོ་རྗེ་ལ་ནི་འགོང་མི་བྱ། །རྐང་པ་དང་པོས་སྔར་མ་དག་པའི་སྣང་བ། གཉིས་པས་དག་སྣང་། གསུམ་པས་གཉིས་མེད་དུ་ངོ་སྤྲད་པའོ། །དེ་བཞིན་གཅེར་བུར་མཆོད་པ་སྟེ། །འདོད་པའི་དབང་ཕྱུག་ཐམས་ཅད་ཀྱི། །ཕྱག་རྒྱ་ཚོགས་ཀྱི་རིམ་པ་ཉིད། །དཔག་བསམ་ཤིང་གཏད། དེ་རྟོག་པ་མེད་བཞིན་དུ་འདོད་པའི་དོན་ཐམས་ཅད་སྟེར་བ་བཞིན་ལྷ་སྒོམ་པའི་རྗེས་གནང་། དབུགས་འབྱིན་བསྐུལ་དང་། འཕྲེང་བ་གཏད། བཟླས་བརྗོད་ཀྱི་རྗེས་གནང་། རྒོད་པ་དང་། པདྨ་གཏད། རྫོགས་རིམ་སྒོམ་པའི་རྗེས་གནང་། སྒེག་པའི་གར་ནི་ངོ་མཚར་བས། །འཁོར་ལོ་གཏད། མ་འོངས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་བ། སྣ་ཚོགས་གང་དག་འདུན་བྱེད་ཅིང་། །མདའ་གཞུ་གཏད། བདུད་རྣམས་འདུལ་བ། ཕྱག་རྒྱ་སྔགས་ནི་རྗེས་དྲན་བྱ། །དུས་སུ་མཆོད་པའི། ཧ་ཧ་ཧེ་ཧེ་རྣམ་བརྒྱད་བཞད། རྒྱ་གྲམ། ལས་བརྒྱད། སྣ་ཚོགས་དབང་ཕྱུག་མཆོག་ཏུ་དགའ། རལ་གྲི། གྲུབ་ཆེན་བརྒྱད་ཀྱི། ཧ་ཧ་ཞེས་བྱ། དུང་སྙན་པར་གྲགས་པ། ག་ཤའི་དོན། འདི་ཉེ་བར། རྟག་ཏུ་མཆི་མ་འབྱུང་བ་དང་། །ཞེས་འཁོར་བ་ལས་ངེས་པར་འབྱུང་བར་ལུང་བསྟན་དེ་ཉིད་ཀྱིས་ནི། སྡིག་པ་དག་པར་དབུགས་ཕྱུང་། དགར་འགྱུར་ཞིང་། མི་ལྡོག་པར་དབུགས་ཕྱུང་བ་དང་ཁས་བླངས་པའོ། །བསམ་གཏན་གྱི་སྔགས་ལེགས་པར་སྦྱོར། ལྟ་བས་བདུད་འཇོམས་ཚུལ། གཙོ་བོ་རྣམས་དང་དཔའ་བོ་ནི། །སྤུ་ལྡང་བ་དང་ལྷན་ཅིག་བདེ། །སྒོམ་པས་བདུད་འཇོམས་ཚུལ། རྡོ་རྗེ་འགོང་བར་མི་བྱ་བ། གཡོན་པས་ཡོངས་སུ་བརྟགས་པ་ཡིན། །སྤྱོད་པས་བདུད་འཇོམས་ཚུལ་ལོ། །གསང་དབང་ནི། འགྲེལ་པར། བསླབ་པས་རྒྱུད་མཛེས་ཐོས་བསམ་ནོར་ལྡན་བླ་མར་འོས་པ་ཕུལ་ལ། མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་འབུལ་བ། བླ་མས་ཚོགས་ཀྱི་དཀྱིལ་འཁོར་རམ། ལྷའི་ངེས་པས་དེ་དང་སྙོམས་པར་འཇུག་པ་སྟེ། དེ་ནས་སློབ་དཔོན་ལེགས་པར་ནི། །མཉམ་པར་གཞག་སྟེ་ཕྱག་རྒྱ་མཆོད། །ཅེས་པ་དང་། གསལ་སྟོང་ལ་སོགས་བསྐུར། །ལྟ་དང་ཞེས་པའི་རྒྱས་བཤད་ལེའུ་ཞེ་གསུམ་པར། དེ་ནས་སྤྱན་རས་གཟིགས་བཤད་དེ། །སོགས་ཀྱིས་སྟོན་ལ། དེ་ལ་བླ་མ་གསལ་སྟོང་གི་དབང་། སྣང་སྟོང་འཛིན་མེད་ཀྱི་དབང་། བྱང་སེམས་བདེ་སྟོང་གི་དབང་། ཐིག་ལེ་སྟོང་པ་བརྗོད་མེད་ཀྱི་དབང་བཞི། དང་པོ། དཔའ་བོ་དང་ནི་གཉིས་མེད་མ། །བླ་མ་དང་གཉིས་སུ་མེད་པ་མ་རྡོ་རྗེ་སློབ་དཔོན། གནས་ཀྱི་དབྱེ་བའི་ཆོ་ག་ཤེས། དེ་གཉིས་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་འཇུག་བྱ་བ། སྒོམ་ལ་རྟག་ཏུ་མངོན་དགའ་བའོ། །དེ་བལྟས་པའི་བདེ་བ་དང་བླ་མ་གཉིས་སུ་མེད་པར་བསྲེས་ལ་བསྒོམ་པའོ། །གཉིས་པ། ལམ་གྱི་བཞི་མདོའམ་ཁྱིམ་དག་གམ། །དཔའ་བོའི་གནས་དང་རི་བོ་ནི། །ལམ་གྱི་བཞི་མདོ་གསང་གནས་ཀྱི་འཁོར་ལོ། དེའི་འོག་གི་ཆའི་དུང་ཅན་དཔའ་བོའི་གནས་སྟེང་ཨ་ཤད་མེའི་རི་མོ། མཁའ་འགྲོ་མ་ཡི་དམ་ཚིག་གནས། །མཁའ་འགྲོ་མ་རྩ། དམ་ཚིག་དེར་ཀུན་ཏུ་སྤྱོད་པའི་རླུང་། རིང་པོ་ནས་ཀྱང་གཟིགས་པར་འགྱུར། །དེར་བབས་པའི་བདེ་བ་ཁམས་གསུམ་པའི་སྣང་བ་ཐམས་ཅད་དང་བསྲེ་བའོ། །གསུམ་པ་ཕྱག་རྒྱས་གཅེར་བུར་མཆོད་པ་ཡི། །ལག་པས་གོ་འཕང་དམ་པ་སྟེ། །མ་རྡོ་རྗེ་སློབ་དཔོན་གྱི་བྷ་ག་ནས་བྱང་ཆུབ་ཀྱི་སེམས་འཐུང་བ། དེ་ཡང་ལེན་པའི་བྱ་བས་ལག་པ་སྟེ། གླང་པོ་ཆེ་ལ་ལག་ལྡན་ཞེས་བརྗོད་པ་བཞིན་ནོ། །གོས་ཉིད་ཀྱིས་ནི་བཀབ་པའམ་གཞན་སློབ་མ་རྟོག་པ་ཆེ་ན་རྫས་གཞན་དང་བསྲེས་ཏེ་ཉ་སྐྱོགས་ལ་སོགས་ཀྱིས་སྦྱིན་པ། འདོད་པ་རྣམས་ཀྱིས་གོས་མི་འགྱུར། །ལྕེ་སྟེང་དུ་ཐོད་པ། སྣ་རྩེར་ཐིག་ལེ་དཀར་པོ་དང་། སྨིན་མཚམས་སུ་ཐིག་ལེ་དམར་པོ་བསྒོམ། དེ་དག་སྦྱོར་བ་བྱས་པའི་ཐིག་ལེས་ཀ་པཱ་ལ་གང་། དེས་ལུས་གང་བ་དང་། ཁམས་གསུམ་པ་ཐམས་ཅད་བདེ་བར་ཆིལ་གྱིས་སོང་བར་བསམ་པའོ། །བཞི་པ། དེ་བཞིན་སྐྲ་གྲོལ་གཙོར་གྱུར་པས། །ལས་རྣམས་ཐམས་ཅད་བརྩམས་པར་བྱ། །དེ་བཞིན་བར་སྣང་དུ་ཧེ་རུ་ཀ་སྦྱོར་བ་བྱས་པའི་བྱང་སེམས་བབས་པས་ཀྱང་ཁ་དང་། དེས་ལུས་ཁེངས་པས་གཉིས་སུ་འཛིན་པ་གྲོལ་བ་སྒྱུ་མ་ལྟ་བུས་དམ་ཚིག་ཐམས་ཅད་ལ་རོལ་པའོ། །རྩ་བའི་སྔགས་དང་དེ་བཞིན་གཞན། །ཕྱོགས་བཅིང་བར་ནི་འཇུག་པ་ཡིས། །རྩ་བའི་སྔགས་ནི་དབུ་མའི་དབུགས་སོ། །གཞན་རོ་རྐྱང་གི་རླུང་། ཕྱོགས་ཏེ་སྣ་སྒོ་དང་གསང་བའི་རྩེར་རྒྱུ་བ་བཅིངས་པས་ངག་དག་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི། འགྲེལ་པར། ཉེར་ལྔ་ལྷག་སྤངས་རིགས་ལྡན་རྒྱས་སྤྲས་ཟག་བཅས་བསྐུལ་སོགས་གསུམ་པ་བྱིན་ནས་བརཏལ་ཞུགས་བསྟན་པར་བྱ། ལས་ཀྱི་ཕྱག་རྒྱ་ལོ་ཉེར་ལྔ་ལས་རྒན་པ་སྤངས་ལ། དེ་མན་གྱི་ལོ་ཚིགས་ཇི་ལྟར་རྙེད་པ་ཞིང་སྐྱེས་སམ། སྔགས་སྐྱེས་སམ། རང་བཞིན་ལས་ཕྱི་མ་མཆོག་བཙལ་ཡིད་དུ་འོང་བའི་ཆས་སུ་བཅུག་ལ་ཟག་བཅས་བསྐུལ་བའི་དང་། ཟག་མེད་སྲུབ་པའི་དང་། བདེ་ཆེན་འཇོ་བའི་དང་། རྟོག་མེད་ངོ་སྤྲོད་ཀྱི་དབང་། དེ་ནས་སློབ་མས་ཕྱི་དེ་ཉིན། །ལས་ནི་ཡང་དག་སྤྱད་པར་བྱ། །ལག་འཛིན་གྱིས་འཁྱུད་དང་། ཞེས་པའི་རྒྱས་བཤད་ལེའུ་ཞེ་དྲུག་པར། ཡི་གེ་ཧ་ལྔ་ལག་པ་ཡི། །དང་པོ། མཆན་ཁུང་གཡས་སུ་ཉི་དཀྱིལ་ལ་སྲཱིཿདམར་པོ། སྲིན་ལག་ལའང་དེ་བཞིན། མཆན་གཡོན་ལ་ཟླ་བ་ལ་ཨ་དཀར་པོ། སྲིན་ལག་ལའང་དེ་བཞིན། སྲིན་ལག་གཉིས་བསྣོལ་བས་མཆན་རྩ་བསྡམ། གཉིས་ཀ་ནས་འོད་ཟེར་དཀར་དམར་བྱུང་སྟེ་དབུ་མར་ཐིམ་པར་བསམ་པའོ། །བསྐུལ་དང་ལྡན་པས་མཉེས་ནས་ནི། །ཁ་ནས་ཀྱང་ནི་ཁྲག་འཛག་ཅིང་། །དགྲ་བོ་དེ་ཡི་མོད་ལ་འཆི། །ལས་རྒྱ་དང་སྙོམས་པར་འཇུག །འོག་གི་དུང་ཅན་མའི་རྩེར་རྡུལ་ལྷུང་བ་དེའི་ཚེ་གཉིས་སྣང་ཐམས་ཅད་ནུབ་པའི་བདེ་བ་སོ་སོ་རང་རིག་པ་འཆར་བ་དེ་ཤེས་རབ་ཡེ་ཤེས་སོ། །གཉིས་པ། རང་གི་ཁྲག་ནི་ཐོད་གནས་པ། །སྲིན་ལག་གིས་ཁྲག་མཉེ་བར་བྱ། ཇི་སྲིད་བསྐམས་ཀྱི་བར་དུ་སྟེ། །དེས་ནི་བསྒྲུབ་བྱ་རྣམ་པར་འཇིག །སྣ་རྩེའི་གཡས་ཀྱི་རྩ་ལ་མཐེ་བོང་ཞེས་བཏགས་ནས་དེར་ཉི་མར་ཧཱུཾ་སྔོན་པོ་དང་། གཡོན་སྲིན་ལག་ཏུ་ཉི་མར་ཨ་དམར་པོ། སྲིན་ལག་གིས་མཐེ་བོང་མནན། ཆགས་པ་དང་ཆགས་བྲལ་འདྲེས་པའི་བདེ་བ་དེ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དུ་སྤྲོ་བའོ། །དེས་ཟག་པ་མེད་པའི་ཡེ་ཤེས་རྙེད་པར་འགྱུར་བས་སོ། །གསུམ་པ། གལ་ཏེ་ཁྲོ་བ་འབར་བ་དང་། །མིག་དམར་པ་ཡིས་བཟླས་ན་ནི། །དཔུང་ཚོགས་བཞོན་པར་བཅས་པ་ཡི། །རྒྱལ་པོ་མྱུར་དུ་འཆི་བར་བྱེད། །སྟོང་ཉིད་རྣམ་པ་ཐམས་ཅད་ཤར་དུས་ལྕེ་ལ་ཨ་དམར་པོ། ལྕེ་ཆུང་གི་གཡས་གཡོན་དུ་ཧཱུཾ་སྔོན་པོ་གཉིས། ཨ་ལས་འོད་འཕྲོས་ཧཱུཾ་ལ་ཕོག འོད་ཟེར་བ་ཐག་འདྲ་བས་སྦྲེལ་ཏེ་བྱང་སེམས་དཀར་དམར་ཡར་བྲེང་མར་བྲེང་འཕྲོ་ལ་ལྟེ་བར་ཁྱུར་སོང་ནས་བདེ་བ་ཙམ་དུ་ཡང་མི་འཛིན། རྟོག་མེད་དུ་བློ་ལྷོད་གཞག་ནས་སྟོང་ཉིད་ཀྱི་རྣམ་པ་དེ་དག་རྣམ་པ་མེད་པའི་བདེ་བར་རོ་གཅིག་ཏུ་འགྱུར་རོ། །བཞི་པ། བྱི་ལ་དང་ནི་ནེའུ་ལེ་དང་། །ཁྭ་དང་ཝ་དང་ཆུ་སྐྱར་ནི། །མཁའ་འགྲོ་མ་ལ་སྟོབས་ཅན་སྦྱར། །བླ་མ་སྤྱི་བོར་བསྒོམ། ཉོན་མོངས་ལྔའི་རང་བཞིན་གྱི་སེམས་ནམ་མཁར་ལྟ། ཉི་མའི་རྩར་ཀཱ་ལི་དམར་པོ་འོད་སྔོན་པོས་སྦྲེལ་བ། ཟླ་བའི་རྩར་ཨཱ་ལི་དཀར་པོ་འོད་སྔོན་པོས་སྦྲེལ་བ་མཐེ་བོང་དང་གུང་མོས་མགྲིན་པའི་འཕར་རྩ་མནན་གཉིད་ལོག་གདབ། དེས་གཉིས་སྣང་བཙན་ཐབས་སུ་ནུབ་པའི་རྟོག་མེད་མངོན་དུ་བྱེད་པས། འདི་དག་མྱུར་དུ་འགྲུབ་ཡིན་པར། །རྒྱུད་འདི་ལ་ནི་ཐེ་ཚོམ་མེད། །དུས་འདིའི་དབང་གིས་ཡེ་ཤེས་དཔེ་ཙམ་ལས་མ་རྟོགས་ན། དབང་བཞི་པ་ནི། འགྲེལ་པར། དགའ་བ་གསུམ་སོན་ལྷན་ཅིག་སྐྱེས་པ་རྟོག་པ་དང་བྲལ་ཡུལ་དུ་བྱས་སོགས་འབྲས་བུར་ཤེས་པར་གྱིས། དགའ་བ་གསུམ་ནི། བརྟག་གཉིས་སུ། དགའ་བ་དང་པོ་དཔའ་པོ་ཉིད། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་པའི་ཆགས་པའི་ཕྱོགས་ལ་དགའ་བ་ཆགས་པ་དང་ཆགས་བྲལ་འདྲེས་པ་ལ་མཆོག་དགའ། དེའི་ཕྱི་ལོགས་ལྷན་སྐྱེས་འདིའང་རྣམ་པ་ཐམས་ཅད་སྦྱངས་པས་རྣམ་མེད་དུ་གྱུར་པའི་ཕྱིར་མི་རྟོག་པ་ཆེན་པོ་དེ་དབང་བཞི་པའི་ངོ་བོ་ཡིན་པས། དེ་གཏན་ལ་དབབ་པའི་ཕྱིར། ཡུལ་དུ་བྱེད་པའི་བཞི་པ། ཆོས་ཉིད་དོན་གྱི་བཞི་པ། འདྲ་བ་མཚོན་པའི་བཞི་པ། དཔེ་དོན་བསྲེ་བའི་བཞི་པ་རྣམས་བཤད་ལ། དེ་འབྲས་བུའི་དབང་དུ་འགྱུར་བ་རྡོར་འཕྲེང་དུ། རྣམ་པ་གསུམ་ནི་རྒྱུ་ཡི་དབང་། །བཞི་པ་འབྲས་བུར་ཤེས་པར་བྱ། །ཞེས་པས་སོ། །དེ་ཡང་གཉིས་སྤྲོད་ལ་སོགས་པ། །ཞེས་པའི་རྒྱས་བཤད་ལེའུ་སོ་དྲུག་པར། དེ་ནས་ཕྱག་རྒྱའི་མཆོད་ཆེན་དང་། །སོགས་ཀྱིས་བསྟན་པས། དང་པོ། མྱུར་དུ་དངོས་གྲུབ་བྱེད་པར་ནི། །ཕྱག་རྒྱའི་མཆོད་འདི་ཐེ་ཚོམ་མེད། །མཚན་མ་གཉིས་ལ་སྔགས་སྦྱར་ཏེ། །རྟེན་པདྨ་ཅན་དེའི་རྩ་རྡོ་རྗེའི་བུ་གར་བཅུག་སྟེ་མན་ངག་རིག་པས་དབང་བཞི་པའི་ཡེ་ཤེས་ངོ་མ་ཤར་བར་བསྟན། གཉིས་པ། སྙིང་པོ་རྣམས་ཀྱི་དེ་བཞིན་དུ། །དཔའ་བོ་མཁའ་འགྲོ་གཉིས་མེད་པ། །སྙིང་པོ་རྣམས་ཀྱི་དེ་བཞིན་དུ། །སྔགས་པས་མཁའ་འགྲོ་མ་ལ་སྦྱར། །སྟོང་པ་ཉིད་ཨེ་ལ་བདེ་ཆེན་གྱི་ཝཾ་ཞུགས་པས་བདེ་སྟོང་སྦྱར་བ། འདི་ལ་གཞན་དག་སྟོང་པ་ཅང་མེད་དུ་གནས་པ་ལས་ཞུ་བདེའི་ངོ་བོར་ལངས་པ་བདེ་སྟོང་སྦྱོར་བའི་བཤད་པར་བཟང་པོར་རློམ་པ་ནི་ནོར་བ་སྟེ། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་ཞུ་བདེ་ཐམས་ཅད་ཀྱི་བཅུ་དྲུག་གི་ཆར་ཡང་མི་ཕོད་པར་བཤད་པས་དང་། མདོ་ལུགས་ལ་ཡང་འདོད་པའི་ཁམས་ཀྱི་བདེ་བ་ཆུང་ངུ་དང་། བསམ་གཏན་ལ་གནས་པའི་བདེ་བ་ཆེན་པོ་དང་། མཚན་བརྗོད་ལས། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་བཤད་པ་རྣམས་དང་འགལ་བར་འགྱུར་རོ། །གསུམ་པ། བློ་ལྡན་མཁའ་འགྲོ་མ་བསྲུབ་བྱ། །བློ་ལྡན་བདེ་བ་དེ་མཁའ་འགྲོ་མ་སྟོང་གཟུགས་དང་སྦྱོར་བའོ། །བཞི་པ། དག་པའི་ལུས་ནི་རང་འདོད་པ། །དཔའ་བོ་མཆོད་པ་རྣམས་བྱས་ནས། །ལས་ནི་འབད་པ་ཉིད་ཀྱིས་བྱ། །དབང་དོན་གྱི་ཡེ་ཤེས་ངོ་འཕྲོད་ནས་རྗེས་ཀྱི་ཤེས་པ་དེ་དང་བསྲེ་བ་སྟེ། འཁོར་གསུམ་ཡོངས་སུ་དག་པར་བྱེད་པའོ། །རྣམ་དབྱེ་རང་དགས་སྔགས་པ་ནི། །ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར། །རྣམ་པར་དབྱེ་བ་ལྟར་སྣང་བའི་ཟོལ་གྱིས་ཕྱིར་ཆད་པ་ལྟ་བུའི་སྣང་བ་བཟོས་པས། ཚར་གཅོད་ཕན་འདོགས་དོན་རྣམས་ལ། །ལས་ཀྱི་དངོས་པོ་རྣམ་པར་བསྒོམ། །རགས་པའི་གདུལ་བྱ་དེ་དག་གི་དྲི་མ་གཏོར་བ་དང་སྐུ་བཞིའི་ས་བོན་འཇོག་པ་ལ་ཕྱི་རོལ་གྱི་དཀྱིལ་འཁོར་གསུངས་ཀྱི་རྣམ་པ་ཐམས་ཅད་དུ་མ་ཡིན་པས། དེ་ཉིད་དབྱེ་བ་ཕྱེ་ནས་ནི། །རྩ་ཡི་ལམ་དུ་སྦྱར་བར་བྱ། །རབ་ཏུ་གྲུབ་པའི་སྦྱོར་དོན་ལ། །ཕྱི་རོལ་ཇི་བཞིན་ནང་དེ་བཞིན། །འདི་ཡིས་མྱུར་དུ་ལྷ་དང་ནི། །ལྷ་མིན་མིར་བཅས་བསྒྲུབ་པར་བྱ། །ཞེས་པས་ལུས་དཀྱིལ་དུ་དབང་བསྐུར་བ་བསྟན་ཏེ། རང་ལས་གཞན་པར་འཛིན་པ་དགག་པའི་ཕྱིར་རོ། །བཅུ་གསུམ་གྱི་འཁོར་ལོ་ལ་བརྟེན་པའི་ཚེ་ནཱ་རོ་པའི་དཀྱིལ་ཆོག་བཞིན་དུའོ། །གཉིས་པ་ཤེས་རབ་གཙོ་བོར་བཏོན་པ་སིནྡྷུ་ར་ཡི་གེའི་དཀྱིལ་འཁོར་དུ་ཟབ་མོ་བརྡའི་དབང་བསྐུར་བ་ནི། ལྷ་མོ་བཅོ་ལྔ་དབང་བཞི་བརྡ་ཡིས་མཚོན། །གཞན་དག །རྡོ་རྗེ་ཕག་མོར་སིནྡྷུ་ར་ཡི་དབང་། །ཞེས་འདོན་པ་དཔེ་རྙིང་ཚང་མ་གང་དུའང་མེད་དོ། །འགྲེལ་པར། དབང་བཞི་དང་འབྲེལ་བརྡ་ཡིས་མཚོན་པ་ཤེས་རབ་བདག་ཉིད་སིནྡྷུ་ར་ལ་བསྙེན་སྟོན་མོས་བརྒྱན། །བྲི་བའི་རྒྱུ་སིནྡྷུ་ར། དཀྱིལ་འཁོར་ནི། དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཆོགས་ལྟེ་བར་མི་ཤིགས་དགེ །སྔགས་པས་ཆོ་ག་བཞིན་དུ་བྲི། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །འདིར་སྔགས་ཚིག་ནི་འདི་ཡིན་ཏེ། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་ཚན་ལ་ནི་ཡོངས་བསྡོམས་པ། །བཞི་བཞི་རུ་ནི་ཤེས་བྱས་ལ། །ཐུབ་པ་མཆོག་གི་རེ་མིག་ལ། །དེར་གནས་ཞེས་པས་བསྟན་ལ། དབང་བསྐུར་བའི་ཚུལ་འདི་རྡོ་རྗེ་མཁའ་འགྲོའི་ལེའུ་སོ་བཞི་པར་རྒྱས་པར་བཤད་དོ། །དེ་ཡང་ཆོས་འབྱུང་གི་ལྟེ་བར་འདབ་མ་བརྒྱད་ཀྱི་བཞི་བཞི་དང་། དེའི་དབུས་སུ་དྲུག་ལྟེ་བར་བཅས་པས་ཐུབ་པའི་རེ་མིག རྡོ་རྗེ་མཁའ་འགྲོར། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཞེས་བྱ་བ་ནི། ཨཾ། ཨིཾ། ཨུཾ། ཨེཾ། ཨོཾ། ཨཾ། ཨཿ ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཏེ། རབ་ཏུ་སྦྱོར་བ་རྒྱས་པར་ནི། །སྒྲུབ་པ་སྒྲུབ་པོ་རྣམས་ལ་བཤད། །པདྨ་གར་དབང་བསྒྱུར་ནས་སུ། །བུ་མོའི་གནས་སུ་འདུག་པར་བསམ། །ཨེ་ཞེས་པ་དང་། ཝཾ་ཞེས་པ་དང་། ལ་ཞེས་བྱ་བ་གསུམ་ཡིན་ཏེ་སྒྲུབ་པོས་འདིར་ནི་ཡི་གེ་བསམ། མེ་མར་གྱི་ནི་རྩེ་ལྟར་བྱ། །རྩེ་མོ་ལྟ་བུ་ཞེས་པ་ལ། ཤིརཿནི་མགོ་སྟེ་ཀླད་པའི་གོང་བུའོ། །རྩེ་མོ་ནི་རྩེ་མོ་སྟེ། དེས་མར་གསར་བུམ་པར་བརྩེགས་པ་ལྟར་དུ་ཐམས་ཅད་དུ་བཞུ་བར་བྱའོ། །སྔགས་ཀྱི་མར་མེ་འདི་ཡིས་ནི། །སྐད་ཅིག་གིས་ནི་འདར་བར་འགྱུར། །བུ་མོ་ཆགས་པས་གདུངས་ནས་སུ། །ཇི་སྲིད་འཚོ་བར་དབང་དུ་འགྱུར། །ཞེས་པས་འགོད་པའི་ཡི་གེ དེ་ལྷ་མོར་བསྒྱུར་ནས་དཀྱིལ་འཁོར་བསྒྲུབ་པ་བསྟན་ལ། འགྲེལ་པར། སྟོན་མོས་བརྒྱན་ཅེས་བཤད་པ་ནི་གཞོན་ནུ་མ་མཆོད་པའོ། །བསྐུར་བའི་དབང་ནི། མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །དེ་རྣམས་སུ་ནི་ཐིག་ལེ་བྱ། །སློབ་མ་ཡི་ནི་གདོང་ཕྱེ་ལ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ལྷ་གང་གི་ནི་གནས་གང་ཡིན། །དེ་དེར་ཡང་དག་བསྟན་པར་བྱ། །ཞེས་པ་སྟེ། བྱིན་གྱིས་བརླབ་པ་བྱས། དཀྱིལ་འཁོར་མཐོང་བ་དེ་ལ་བརྡ་རྣམས་སྟོན་པའོ། །དེར་བྱིན་གྱིས་རློབ་པའི་ཚུལ་ཡང་རྡོ་རྗེ་མཁའ་འགྲོར། ཡེ་ཤེས་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པ་ཐོབ་འགྱུར་གདོན་མི་ཟ། །ཞེས་པ་ཡིན་ལ། དེའི་ཕྱིར་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པས་ལན་གསུམ་བཟླས་པ་དང་། དེ་ཡང་རྗེ་བཙུན་གྱིས། ཕ་བླ་མའི་བྱིན་རླབས་ལུས་ལ་ཞུགས། །ལུས་ཐ་མལ་དུ་སྡོད་པའི་སྒོམ་ཆེན་མིན། །རྫུ་འཕྲུལ་ལུས་གྱི་བཀོད་པ་ལ། །ཕྱག་སྐོར་བ་གྱིས་ཤིག་རས་ཆུང་པ། །ཞེས་སོགས་གསུངས་པ་ལྟ་བུར་བྱིན་གྱིས་བརླབས། དེ་རྣམས་སུ་ནི་ཐིག་ལེ་བྱ་བའི་དོན་ནོ། །འདིར་དབང་རྫས་ཐོད་པ་ལ་བྱེད་པ་དེར། པདྨའི་སྣོད་ནི་བཟུང་ནས་སུ། །ལག་པ་གཡས་པས་བ་དན་ནི། །གསུམ་པར་བྱས་ཏེ་བསྒོམ་པར་བྱ། །ཁམས་ཀྱི་རང་བཞིན་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩོལ་ལས་བྱུང་། །མངོན་པར་འདུས་བྱས་ལེགས་བྲིས་ལ། །སློབ་དཔོན་ཀུན་ལ་སྦྱིན་པར་བྱ། །དེའི་དོན། དེ་ཉིད་དུ། པདྨའི་སྣོད་ནི་དུམ་བུ་གཅིག་པའི་ཐོད་པ་སྟེ། དེ་ལ་ཀ་ཞེས་བྱ་བ་ལུས་དང་། པཱ་ལ་ཞེས་བྱ་བ་ནི་སྐྱོང་བ་སྟེ། དུམ་བུ་གཅིག་པ་ཞེས་བྱ་བ་ནི། མ་ཉམས་ཤིང་ཤིན་ཏུ་མཛེས་པའོ། །དེ་ལ་པདྨ་ཞེས་པ་ནི། པདྨ་ཅན་ནི་རིགས་གཞན་གྱི་བུ་མོ་ཡང་རུང་སྟེ། སྣོད་ནི་དེའི་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་ཡིན་ལ། དེ་ཉིད་མ་ཉམས་པ་སྟེ། རྨ་མེད་པ་ཞེས་བྱ་བའི་བར་དུའོ། །ལག་པ་ཞེས་བྱ་བ་ནི་རྟག་པར་གཞུག་པར་བྱའོ། །གཡོན་པ་ཞེས་བྱ་བ་ནི། ཟུར་མིག་གཡོན་དུ་ལྟ་བའོ། །བ་དན་གསུམ་ཞེས་བྱ་བ་ནི། བུ་མོའི་བཅུད་ཟག་པ་སྟེ། དེ་ཟ་བའོ། །ལག་པ་གཡས་པས་ཞེས་བྱ་བ་ལ། ལག་པ་ནི་ལོ་ཉི་ཤུ་རྩ་ལྔ་པའི་བར་ཡིན་ལ། བཤེས་གཉེན་དང་ལྡན་པའི་ཕྱིར་གཡས་པའོ། །དེ་ཉིད་གཡོན་པ་སྟེ། དེ་ལས་བྱུང་བ་དེ་ལོངས་སྤྱོད་པའོ། །དེ་ལ་སྤྱོད་པ་ཞེས་བྱ་བ་ནི། ཇི་ལྟར་བླ་མས་ཉམས་སུ་བསྟར་བ་དེ་ལྟར་སྤྱད་པས་འགྲུབ་པར་འགྱུར་རོ། །སྒྲུབ་པོས་དེ་ལྟར་ཤེས་པར་བྱས་ལ། དེ་ནས་དུས་བཅིང་བར་བྱ་ཡི། གཞན་དུ་ན་ལྟུང་བར་འགྱུར་རོ། །ལྟུང་བ་ཞེས་བྱ་བ་ནི་དམ་ཚིག་ལས་འདས་པ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་པ་ཉིད་དོ། །དེ་ནས་སྟོན་རྒྱུའི་བརྡ་ཡང་དེར། །གང་ཞིག་རྟག་ཏུ་སྔགས་སྦྱིན་པ། །གང་གི་ཆོ་ག་དེ་བཞིན་བྱ། །ཐོད་པ་འཕྲེང་བ་དབུ་རྒྱན་དང་། །དེ་བཞིན་སངས་རྒྱས་གཙུག་ནོར་བུ། །པདྨ་དཔལ་གྱི་ནགས་རྩ་བ། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ། །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཐོད་པ་དང་། འཕྲེང་བའམ། མདའ་གཞུ་གདམ་ང་། དེ་ཡང་། སླར་ཡང་ཨེ་ནི་གཞུ་བྱས་ཏེ། ཝཾ་ཞེས་བྱ་བ་མདའ་ཡིན་ནོ། །མདའ་གཞུའི་རིག་བྱེད་སྦྱོར་བ་ཡིས། །སྔར་སྤྱད་ཇི་བཞིན་གནས་པར་བྱ། །ཞེས་པས་སོ། །དབུ་རྒྱན་ཅེས་པ་རྡོ་རྗེ་རྒྱ་གྲམ། སངས་རྒྱས་ཞེས་པས་ཕག་ཞལ། ནོར་བུ་ལྔའོ། །བརྡ་མང་པོ་དག་ནི་བར་ཞིག་ནས་བྱུང་སྟེ། གོང་མ་རྣམས་རྒྱུད་བཞིན་དུ་མཛད་དོ། །བརྡ་དེ་དག་གི་དོན་ཡང་དེར། དབང་པོ་ཀུན་ལས་བྱུང་བ་ཡི། །དམ་ཚིག་ཐོད་པ་ཞེས་བྱར་བརྗོད། །མཛེས་མ་འཕྲེང་བ་ཞེས་བཤད་དེ། །དེ་ཁོ་ན་ཉིད་དབུ་རྒྱན་མིང་། །གཙུག་གི་ནོར་བུ་དབང་བསྐུར་ཏེ། །སངས་རྒྱས་ཞེས་བྱ་རྗེས་གནང་ཡིན། །ཧེ་རུ་ཀ་ཡིས་དབང་བསྐུར་བའོ། །ཐོད་པས་དབང་པོ་ཐམས་ཅད་ཀྱི་སྒྲིབ་པ་མེད་པ། རྡོ་རྗེ་འཕྲེང་བས་གཞོམ་དུ་མེད་པའི་སྒྲ་བརྙན་དྲིལ་བུ། སྣ་ཚོགས་རྡོ་རྗེས་གཉིས་སུ་མི་ཕྱེད་པའི་སྐུ་ཕྱག་མཚན། ཕག་ཞལ་གྱིས་རྗེས་གནང་། ནོར་བུས་ཧེ་རུ་ཀའི་བརཏལ་ཞུགས་ཏེ་བུམ་དབང་གི་བརྡར་སོང་། དེ་མིན་ར་གན་གྱི་རྡོ་རྗེ་འཁར་བའི་དྲིལ་བུ། དེ་བྲང་གི་ཐད་དུ་བསྣོལ་བ་ཙམ་བུམ་དབང་དུ་འགྱུར་བ་མ་ཡིན་ནོ། །ཐོད་པ་ལུས་ཞེས་བྱ་བ་སྟེ། །རྐང་པ་འཕྲེང་བའི་མིང་ཅན་ཡིན། །དབུ་རྒྱན་བྷ་ག་ཞེས་བྱར་བརྗོད། །སངས་རྒྱས་ཁུ་བ་ཞེས་བརྗོད་དེ། །གཙུག་ནི་ནོར་བུ་བདེ་བར་བཤད། །རྡོ་རྗེ་པདྨའི་དབང་བསྐུར་བའོ། །འདིས་གསང་བ་རང་བྱུང་གི་ཡེ་ཤེས་བརྡ་འཕྲོད་པས་གསང་དབང་། གཞན་ཁུ་ཆུའི་དོད་ཆུ་ལ་མངར་བཏབ་པ་ཞིག་འཐུང་བ་གསང་དབང་དུ་འདོད་པ་དག་རྣམ་པར་འཁྱམས་སོ། །ཐོད་པ་དབང་གཉིས་དེ་ཚིག་སྟེ། །འཕྲེང་བ་སྔགས་ཀྱི་བདག་པོར་བརྗོད། །བཅུ་དྲུག་ཐིག་གིས་ཐིག་བཏབ་པའི། །སྟོང་པ་དབུ་རྒྱན་ཅེས་བྱར་བཤད། །ཨ་ལ་སོགས་པའི་མ་མོ་རྣམས། །སངས་རྒྱས་ཞེས་བྱའི་སྒྲ་རུ་འགྱུར། །དེ་རྣམས་དབུས་ཀྱི་བདེ་བ་གང་། །དེ་ནི་གཙུག་གི་ནོར་བུར་བརྗོད། །རིགས་རྣམས་ཀུན་གྱི་ཐམས་ཅད་དུ། །རྟག་ཏུ་དབང་བསྐུར་དེ་ལྟ་བུ། །དབང་པོ་གཉིས་སྦྱར་གྱི་ཞུ་བ་དང་བདེ་བ་བཅུ་དྲུག་པའི་ལྷན་སྐྱེས་རིག་ན་དབང་གསུམ་པར་སོང་། པདྨ་ལྟེ་བའི་འཁོར་ལོ་སྟེ། །ནགས་སོགས་ཨ་ནི་མ་མོ་ཡིན། །རྩ་བ་ཐར་པ་སྟེར་བྱེད་པ། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །ལྟེ་བར་གནས་པའི་ཨ་ཡིག་ཕྱག་ཆེན་གོ་ན་དབང་བཞི་པའོ། །དེའི་ཕྱིར་བླ་མ་གོང་མ་རྣམས་ཕག་མོ་བརྡ་བཞིའི་དབང་ཞེས་གསུང་ངོ་། །མདོར། འོད་ཟེར་ཆེན་པོའི་དབང་བསྐུར་བ་གསུངས་པས། དབང་མདོ་ཙམ་བསྟན་ནོ། །ཁ་ཅིག་འདི་མར་པ་ལ་མེད་པ་དང་། ཡོད་ཀྱང་བྱིན་རླབས་ཙམ་ཡིན་གྱི། སྨིན་བྱེད་མ་ཡིན་ཞེས་སྨྲ་བ་ནི་རང་ཉིད་འཁོར་ལོ་སྡོམ་པ་རྩ་བཤད་ཀྱི་རྒྱུད་ལ་མ་སྦྱངས་སོ་ཞེས་གསལ་པོར་སྨྲ་བའོ། །གསུམ་པ་ནི། འགྲེལ་པར། སློབ་དཔོན་བཞི་ལ། ཕྱི་དཀྱིལ་དང་འབྲེལ་བར། བུམ་དབང་དུ་ཕ་རྡོ་རྗེ་སློབ་དཔོན། གསང་དབང་དུ་མ་རྡོ་རྗེ་སློབ་དཔོན། དབང་གསུམ་པར་ཕྱག་རྒྱ་རྡོ་རྗེ་སློབ་དཔོན། བཞི་པར་རང་སེམས་རྡོ་རྗེ་སློབ་དཔོན་ཏེ། དབང་དེ་དང་དེ་སློབ་པ་ལ་དཔོན་དུ་གྱུར་པའི་ཕྱིར་རོ། །དབང་བཞི། འདི་ལ་དཔྱད་ན་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གནས་པ་དང་། ཉན་ཐོས་སྡེ་གཉིས་ཤེས་པ་མ་ཡིན་པའི་ཕྱི་དོན་ཡོད་པར་མཐུན་ལ། འཇིག་རྟེན་པ་རིལ་པོར་ལྟ་བས་དབྱིབས་ལ་སོགས་པ་འདི་ཇི་ལྟར་སྣང་བ་ལྟར་གྲུབ་པར་འདོད། སྡེ་གཉིས་རགས་པ་འདི་ལྟ་བུ་ཀུན་རྫོབ་ཡིན། དོན་ལ་རྡུལ་རྫས་ཆ་མེད་དང་ཆ་བཅས་དོན་ལ་གྲུབ། ཤེས་པའང་སྐད་ཅིག་མ་དོན་དམ། རྒྱུན་ཀུན་རྫོབ་ཏུ་ཁས་ལེན། རིལ་འཛིན་དེ་ལ་གང་ཟག་གི་བདག་འཛིན་དུ་བཞག་སྟེ། གང་ཟག་གི་བདག་བཟློག་པའི་རིགས་པ་ཐམས་ཅད་དུ་དེ་ཆ་ཤས་སུ་གསིལ་བ་ཁོ་ན་བཤད་པས་སོ། །དེ་བས་ན་གང་ཟག་གི་བདག་ལ་རྟག་གཅིག་རང་དབང་དུ་འདོད་པ་དང་ལས་འབྲས་ཀྱི་རྟེན་དུ་རུང་བ་གཉིས། དང་པོ་འཇིག་རྟེན་པའི་ལྟ་བ་ལ་བལྟོས་ནས་ཀྱང་ཕྱིན་ཅི་ལོག །དེ་བས་ན་སྡེ་གཉིས་ཀྱི་གྲུབ་མཐར་གང་ཟག་གི་བདག་རྒྱས་པར་སྤངས། ཆོས་ཀྱི་བདག་མ་སྤངས་ཏེ། ཆ་ཤས་སུ་འཛིན་པའི་ཕྱིར་རོ། །ཆ་ཤས་སུ་འཛིན་པའི་དོན་ཡང་གཟུགས་ལ་གཟུགས་དང་། སྒྲ་ལ་སྒྲར་འཛིན་པ་སྟེ། དེ་དེ་ཉིད་ཀྱིས་སྟོང་པ་ཆོས་ཀྱི་བདག་མེད་དུ་བཤད་པས་སོ། །དེ་བས་ཕྱི་དོན་འདོད་པ་དང་། སྐལ་པ་མཐུན་པའི་ངོར་རྡུལ་ཚོན་ལ་སོགས་པ་གཟུགས་བརྙན་དཀྱིལ་འཁོར་དུ་བསྟན་ལ། དེ་ལ་ཆོ་གའང་རྒྱས་པའོ། །ཕྱི་དོན་མེད་ལ་སེམས་སྣང་ཙམ་དུ་འདོད་པ་སེམས་ཙམ་པ་ལའང་གཟུང་འཛིན་གྱི་རྣམ་པ་བདེན་པར་འདོད་པ་དང་སྐལ་བ་མཐུན་པ་ལ་ལུས་དཀྱིལ་འཁོར། ཆོ་གའང་འབྲིང་པོ། རྣམ་པ་རྫུན་པ་དང་རང་རིག་གི་ཤེས་པ་བདེན་པར་འདོད་པ་དང་སྐལ་བ་མཐུན་པ་ལ་ཏིང་ངེ་འཛིན་དང་བྷ་ག་དཀྱིལ་འཁོར་ཆོ་ག་བསྡུས་པའོ། །རང་རིག་གི་ཤེས་པའང་རྫུན་པར་སྨྲ་བ་དབུ་མ་སྒྱུ་མ་ལྟ་བུ་བ་དང་སྐལ་བ་མཉམ་པ་ལ་ཡི་གེ་དང་ཀུན་རྫོབ་བྱང་སེམས་དཀྱིལ་འཁོར་ཟབ་མོ་བརྡའི་དབང་སོགས། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྟོན་པ་དབུ་མ་ཆེན་པོའི་སྐལ་བ་ཅན་ལ་བྱང་ཆུབ་ཀྱི་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་དཀྱིལ་འཁོར་རྟོགས་པ་དོན་གྱི་དབང་། ཆོ་གའི་བྱེད་པ་ལ་མ་བལྟོས་པ་སྟེ། འགྲེལ་པར། ཆོས་ཉིད་དབང་ལ་མཚོན་དུ་མེད་པར་བྱོས་ཞེས་འབྱུང་བས་སོ། །ཕྱི་མ་འདི་ལ་རྟོགས་པ་གཅིག་ལ་ས་ལམ་མ་ལུས་བགྲོད་པ་དང་། རིམ་གྱིས་བགྲོད་པ་གཉིས་ཡོད་དོ། །དུས་བཞི། རིམ་སྐྱེས་པ་གསང་འདུས་འཕགས་ལུགས་ལས་གཙོ་བོར་གསུངས་པ་བཞིན། དབང་དང་དེའི་ལམ་སྤེལ་ནས་མཐར་གྱིས་སློབ་པ་དང་། ཐོད་བརྒལ་བ་ལ། སྲོད་ལ་བུམ་དབང་། ནམ་ཕྱེད་གསང་བ། ཐོ་རངས་གསུམ་པ། ཉི་ཤར་ལ་བཞི་པ། ཅིག་ཅར་བ་ལ་སྟན་ཐོག་གཅིག་ཏུའོ། །བྱེད་པ་བཅུ་གཉིས། སྦྱང་གཞི་ལུས། སད་པའི་གནས་སྐབས། སྦྱོང་བྱེད་དམན་པ་དབྱིབས་ཀྱི་རྣལ་འབྱོར། སྦྱངས་འབྲས་སྐུ་རྡོ་རྗེ་སྤྲུལ་སྐུ། དེ་བཞིན། ངག་དང་རྨི་ལམ་གྱི་གནས་སྐབས། ཟབ་པ་སྔགས་ཀྱི་རྣལ་འབྱོར། གསུང་རྡོ་རྗེ་ལོངས་སྐུ། ཡིད་དང་གཉིད་འཐུག་གི་གནས་སྐབས། ཆོས་ཀྱི་རྣལ་འབྱོར། ཐུགས་རྡོ་རྗེ་ཆོས་སྐུ། ཡེ་ཤེས་དང་བཞི་པའི་གནས་སྐབས། དག་པའི་རྣལ་འབྱོར། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ། འདིར་ཟབ་པ་སྔགས། སྟེང་སྒོ་དང་། ཆོས་ཀྱི་རྣལ་འབྱོར་འོག་སྒོ། བཞི་པའི་སྦྱང་གཞི་ཡེ་ཤེས་ནི་སེམས་རྣམ་པར་དབེན་པའི་དུས་ཀྱི་མཐོང་དོན། བཞི་པའི་གནས་སྐབས་ནི་སྤང་བྱ་འཕོ་བའི་བག་ཆགས། འདི་སྦྱོང་བྱེད་ཕྱག་རྒྱ་ཆེན་པོ། དེ་ལའང་ཕྱག་རྒྱ་བཞིའི་གསུམ་པར་བགྲངས་པ་དང་བཞི་པར་བགྲངས་པ་གཉིས་ལ་དཔེ་དོན་གྱི་ཁྱད་ཡོད་པས། སྔ་མ་ལ་རང་རིག་ཕྱག་ཆེན་དང་། ཕྱི་མ་ལ་བདེ་སྟོང་ཕྱག་རྒྱ་ཆེན་པོ་བཤད་པའི་འདིར་ཕྱི་མའོ། །ཡང་སྦྱང་གཞི་དང་སྦྱང་བྱ་སོ་སོར་བཤད་ན། སྦྱང་གཞིར་ལུས་ལྟ་བུ་སྤྱིར་གཟུང་། སྦྱང་བྱ་བྱེད་ལས་སད་པའི་གནས་སྐབས་དེ་ལ་བྱེད་པས་ཀུན་རྫོབ་རང་གི་རང་བཞིན་དང་རྣམ་འགྱུར་གྱི་ཁྱད་འབྱུང་། དེས་ན་དབང་གསུམ་ཀུན་རྫོབ་ཀྱི་རྣམ་འགྱུར་སྦྱང་བ་ལ་བསྔགས་པས་རྒྱུ། བཞི་པ་དེའི་ངོ་བོ་སྦྱོང་བས་དོན་དམ་པའམ། འབྲས་བུར་འཐད་པ་ཡིན་ནོ། །དེས་ན་བུམ་དབང་གིས་རྩ་སྦྱངས་པ། གསང་དབང་གིས་རླུང་། གསུམ་པས་ཐིག་ལེ་སྦྱངས་པས་མདོ་ལུགས་ཀྱི་ཞིང་སྦྱང་། སྨོན་ལམ་སེམས་ཅན་སྨིན་པར་བྱེད་པ། བཞི་པས་འོད་གསལ་མངོན་དུ་བྱེད་ཅིང་། དེ་ཀ་རྫོགས་སྨིན་སྦྱང་གསུམ་བྱས་ནས། ཡང་དག་མཐའ་མངོན་དུ་བྱེད་པའི་དོན་ཏེ། སྡོམ་འབྱུང་ལས། ངོ་བོ་ཉིད་གསུམ་རྣམ་དག་དོན། །འོད་གསལ་བ་ཡི་གོ་འཕང་འགྱུར། །དྲང་དོན་དུ་སངས་རྒྱས་ཀྱི་ཞིང་ལ་ཁྱད་ཡོད། དེ་རྒྱུ་རྡོ་རྗེའི་ལུས་ལ་རྩའི་ཁྱད་ཡོད་པས་ལྷག་མ་གཉིས་ཀྱང་ཤེས་སོ། །རྩ་རླུང་སེམས་ལས་དཀོན་མཆོག་གསུམ་རྗེས་དྲན་དང་། གནས་སྐབས་བཞི་སྡུག་བདེན། ལུས་ངག་ཡིད་དང་ཡེ་ཤེས་ཀུན་འབྱུང་བདེན་པ་སྟེ་འཁོར་བ་རྒྱུ་འབྲས། དབང་བཞི་ལམ་བདེན། སྐུ་བཞི་འགོག་བདེན་ལམ་འབྲས་གཉིས་སུ་མེད་པ་རྡོ་རྗེ་ཐེག་པའི་ཁྱད་ཆོས། དེའི་ཕྱིར་དབང་བསྐུར་ལས་གཞན་པའི་ཆོས་མེད་པས། འདི་རྒྱས་བཤད་ལོངས་སྐུ་སྟེ། ཀུན་སྤྱོད་ལས། རྒྱས་བཤད་ལོངས་སྤྱོད་རྫོགས་པ་སྟེ། །ཞེས་སོ།། །།གསུམ་པ་ལ་བུམ་དབང་དང་འབྲེལ་བ་བསྒོམ་བྱ་གཙོ་བོར་བཏོན་པ་ཐུན་མོང་ཡིད་བཞིན་ནོར་བུ། སྤྱི་དང་འབྲེལ་བ་བསྲུང་བྱ་གཙོ་བོར་བཏོན་པ་དམ་ཚིག་ཡིད་བཞིན་ནོར་བུ། མཆོག་དབང་གསུམ་དང་འབྲེལ་བ་དེ་ཁོ་ན་ཉིད་གཙོ་བོར་བཏོན་པ་གནས་ལུགས་ཡིད་བཞིན་གྱི་ནོར་བུ་གསུམ་ལས། དང་པོ་ལ། རྒྱལ་པོ་ཆོས་ཉིད་མི་འགྱུར་བ། བློན་པོ་རིགས་གསུམ་ལས་བྱེད། དམངས་ཕལ་པ་འཕྲིན་ལས་མཐུན་སྦྱོར་གྱི་གདམས་པ་དང་གསུམ། དང་པོ་ལ། ཐབས་དང་ཤེས་རབ་གཉིས། དང་པོ་ལ་རྒྱས་འབྲིང་བསྡུས་པ་གསུམ། དང་པོ་ནི། སྨིན་པར་བྱས་ནས་ཐབས། འགྲེལ་པར། དབང་གིས་སྨིན་ནས་རིམ་པ་གཉིས་ཤེས་ཟུང་དུ་འཇུག་པ་རྒྱལ་པའི་སྐུ་བསྒྲུབ་ཕྱིར། །ཞེས་པ་བསྐྱེད་རྫོགས་སྤྱིར་མདོར་བསྟན། དབང་པོའི་རིམ་པས་དབྱེ་དང་བསྡུ་བའི་རིམ་པ་ཤེས་ནས་འདུ་འཛི་མེད་པར་རྒྱུན་དུ་འབད་པས་སྤྱད་ཀྱི་བསྐྱེད་རིམ་རྣམ་པར་དབྱེ་བ་བསྟན་ཏེ། དབང་པོ་རཏལ་པོ་ལ་རྒྱས་པ། འབྲིང་ལ་བར་མ། རབ་ལ་བསྡུས་པ་དེ་དག་ཀྱང་མཚན་མ་དང་བཅས་པའི་ཞི་གནས་ཡིན་ལ། དེ་ཡང་ནི། འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་པ་ལྟར་བཤད་དོ། །དང་པོ། འགྲེལ་པར། ཚངས་པའི་གནས་བཞི། ཚད་མེད་བཞི་དང་། གསོལ་དང་། བླ་མ་ལ་གསོལ་བ་གདབ་པ་དང་། ཁམས་སོགས་བརླབ་པ་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ། འཁོར་ལོ། །བསྲུང་འཁོར། ཚོགས་ཡེ་ཤེས་ཀྱི་ཚོགས་བསགས། རྟེན་དཀྱིལ་འཁོར། རྒྱུ། རྒྱུ་དུས་ཀྱི་ཧེ་རུ་ཀ འབྲས་ཉིད་དང་། འབྲས་བུའི་ཧེ་རུ་ཀར་བཞེད་པ། ཕྲ་མོར་བརྗོད། ཕྲ་མོའི་ཏིང་ངེ་འཛིན། གོ་ཆ། གོ་བགོ་བ། ཡེ་ཤེས། ཡེ་ཤེས་པ། དགུག་བསྟིམ། རྒྱས་གདབ། དབང་བསྐུར། སྐུ་གསུང་། གནས་གསུམ་བྱིན་བརླབ། མཆོད་དང་། མཆོད་པ། བཟླས་པ། བཟླས་བརྗོད། རྫོགས་རིམ། ཏིང་ངེ་འཛིན་བསྒོམ་པ། འཕྲིན་ལས། འཕྲིན་ལས་བསྐུལ་བའི་གཏོར་མ་སྟེ། ཕྱོགས་དང་ཐུབ་པ་ཉིད། བཅུ་བདུན་ནོ། །དེ་ཡང་སྦྱང་གཞི་མངལ་སྐྱེས་སྦྱོང་བའི་བསྐྱེད་ཆོག་ཡིན་པས་རྒྱས་པ་སྟེ། སྐུ་ནི་དཀར་བའི་ཁྲོ་བོ་ཆེ། །དེ་ནས་དྲག་ཤུལ་གཟུགས་འཆང་བ། །ཞེས་དང་། སྡོམ་འབྱུང་ལས། དབང་པོ་དམན་པས་བསྐྱེད་རིམ་གྱི། །དཀྱིལ་འཁོར་བསྒོམ་ཞིང་བསམ་པར་བྱ། །ཞེས་པས་བསྟན་ཏོ། །གཉིས་པ་ནི། བསྡུས་པའི་སྦྱོར་བ་ཚད་མེད་བཞི་ལྡན། ཚད་མེད་ཅེས་པ་ཚངས་པའི་གནས་པའོ། །ཞར་ལ་སྲུང་འཁོར་ཚོགས་བསགས་འབྱུང་བཞི་རི་རབ་སྟེང་དུ་པདྨ་རིམ་པ་གཉིས་བསྒོམ་པ་བསྟན་ལ། བཞི་ལྡན་རྣལ་འབྱོར་བཞི་སྟེ། ཟླ་ཉི་བསྒོམ་པ་རྣལ་འབྱོར། ཧཱུཾ་གི་སྤྲོ་བསྡུ་རྗེས་སུ་རྣལ་འབྱོར། དེ་ལས་ལྷ་ཚོགས་གཞལ་ཡས་ཁང་དང་བཅས་མཉམ་པོར་བསྐྱེད། བྱིན་བརླབས། གོ་བགོ དགུག་གཞུག དབང་བསྐུར། མཆོད་བསྟོད། བཟླས་པ། གཏོར་མ་རྗེས་སྤྱོད་དང་བཅས་པ་ཤིན་ཏུ་རྣལ་འབྱོར། རྫོགས་རིམ་རྣལ་འབྱོར་ཆེན་པོའོ། །སྒོང་སྐྱེས་སྦྱོང་བའི་བསྐྱེད་ཆོག་ཡིན་པས་འབྲིང་པོ་སྟེ། རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེས། །དཀར་མོའི་བདག་པོ་རྣམ་གནོན་ཞིང་། །རྡོ་རྗེ་དྲིལ་བུས་སྐུ་ལ་འཁྱུད། །ཉི་ཤུ་རྩ་བཞིའི་ཕྱེད་ལྡན་པའི། །དཔའ་བོ་རྣལ་འབྱོར་མ་ཚོགས་བསྐོར། །ཞེས་དང་། མངོན་བརྗོད་བླ་མ་ལས། སྒོང་སྐྱེས་གླུ་ནི་མེད་པ་སྟེ། །ཞེས་དང་། སྡོམ་འབྱུང་ལས། དབང་པོ་རྣོན་པོས་སྐད་ཅིག་གི །རྣམ་པས་སེམས་ཙམ་དཀྱིལ་འཁོར་བསམ། །ཞེས་སོགས་ཀྱིས་བསྟན་ཏོ། །གསུམ་པ་ནི། རྫུས་ཏེ་སྐྱེས་པ་སྐད་ཅིག་རྣལ་འབྱོར་བཟླས་པར་བཅས་པ་ཉིད། །འདི། ལྟེ་བར་དགོད་བྱ་དཔའ་བོ་ནི། །ཞེས་དང་། རྡོ་རྗེ་དྲིལ་བུ་པས། རྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ས་བོན་མེད་པའི་རྣམ་པར་བསྒོམ། །ཞེས་པས་སྐད་ཅིག་དཀྲོང་བསྐྱེད། དེ་རྗེས་གཞིག་གི་སྟོང་ཉིད་དུ་བཅུག སླར་ལོངས་སྤྱོད་རྫོགས་པའི་སྐུར་ལངས་ནས་བཟླས་བརྗོད་ལ་འཇུག་པ་དང་། བརྟན་གཡོའི་དངོས་པོ་ལྷན་ཅིག་སྐྱེས་པ་སྣང་སེམས་དབྱེར་མེད་རྣོན་པོའི་སྤྱོད་ཡུལ་ཟུང་འཇུག་རྡོ་རྗེའི་སྐུ། བརྟན་གཡོའི་དངོས་པོ་ཐམས་ཅད་འོད་གསལ་ལ་བཅུག་ནས་དེ་ལས་ཆུ་ལས་ཉ་ལྡང་བ་ལྟ་བུ་ལྷར་བསྐྱེད། ཀུན་ལ་ཁྱབ་པ་ངོ་བོ་ཉིད་སྟོན་གསལ་རིག་མཚན་ཉིད་ཐུབ་པའི་དབང་པོ་བདེ་གཤེགས་ཀུན་གྱི་གཙོ། །དེ་ནས་ལྷའི་སྤྲོ་བསྡུ་བསམ་གྱིས་མི་ཁྱབ་པ་བྱས་ཏེ། སླར་འོད་གསལ་ལ་རྗེས་གཞིག་གམ། རིལ་འཛིན་གྱིས་ཡང་དང་ཡང་དུ་འཇུག་པ་རྫོགས་པའི་རྣལ་འབྱོར་ཏེ། སྡོམ་འབྱུང་ལས། སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པ་ན། །ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་པ། །དེ་དབུས་སྐད་ཅིག་རྣམ་པ་ཡི། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་པའོ། །ཞེས་པས་བསྟན་ལ། གསུམ་གསལ་བདག་གིས་མངོན་སུམ་ཉིད་དུ་ལེགས་པར་རྟོགས་ནས་བསྒོམ་དང་བཟླས་པ་གསལ་པོར་རབ་ཏུ་ཕྱེ། །ནི། རྣལ་འབྱོར་རྒྱུད་དུ་མི་རྣམས་ཀྱིས། །རྟག་ཏུ་འབད་པས་མཆོད་བྱ་བ། །ཞེས་ཐབས་གཙོ་བོར་བསྙེན་པའི་ཆོ་ག་རྒྱུད་ལ་ཇི་ལྟར་གནས་པ་དེ་ལྟར་བརྗོད་དོ་ཞེས་པའི་དོན་ནོ། །གཉིས་པ་ནི། ཤེས་ཟུང་དུ་སྦྲེལ། འགྲེལ་པར། །ཆོས་དབྱིངས་སྐྱེ་མེད་རྒྱལ་བའི་ཡུམ་གཅིག་རྒྱལ་དང་ཕྱོགས་དང་ཕུང་པོ་ཉིད་དེ། བསྡུས་པ་ལྷན་ཅིག་སྐྱེས་མ་དང་། འབྲིང་ལྷ་བདུན་དང་། རྒྱས་པ་ལྷ་མོ་བཅོ་ལྔ་ནམ་འཁའི་རི་མོ་བལྟ་འཇའ་ཚོན་ལྟར་སྒོམ་པ་སྟེ། ཧེ་རུ་ཀ་དཔལ་རྣལ་འབྱོར་མཆོག །སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །ཞེས་སོ། །བརྟན་དང་གཡོ་བ་རྟེན་དང་བརྟེན་པ་ལྷ་ཡི་རང་བཞིན་རང་ལ་བཅུག་ནས་སྣ་རྩེར་རྡོ་རྗེ་བཟླས། གཏོར་མ་བྱིན་ནས་དབང་པོ་འབྲིང་པོས་འོད་གསལ་བསྒོམས་ཏེ། རྗེས་གཞིག་གི་སྟོང་ཉིད་དུ་བཅུག ཡང་ལྷར་ལྡང་བ་ཡང་དང་ཡང་དུ་བྱ་བ་རབ། དེའི་མཐར་སྣའི་རྩེ་ཐིག་ལེ་དཀར་དམར་བསམ་ལ་རྡོ་རྗེ་བཟླས་པ་བྱ་བ་འབྲིང་རྡོར་བཟླས་ཀྱི་སྔོན་དུ་ངག་བཟླས་ཕྱིས་རྡོར་བཟླས། དེའི་མཐར་གཏོར་མ་སྦྱིན་པ་ལ་སོགས་པ་ཐ་མའོ། །བསྲེ་བ། འགྲེལ་པར། དབང་སོགས་ལམ་དང་དམ་ཚིག་འབྲས་བུར་བསྲེ། སྤྱིར་བསྐྱེད་རིམ་ལ་སྦྱང་གཞི་གསུམ་ཡོད་དེ། ཐ་མལ་གྱི་ཆ། སྣང་བའི་ཆ། ཞེན་པའི་ཆའོ། །སྦྱོང་བྱེད་ཀྱང་། ལྷ། དེ་ཞལ་ཕྱག་གི་རྣམ་པ་ཅན། དེ་དང་དེའི་ང་རྒྱལ་འཛིན་པ་གསུམ་སྟེ། འདིར་ལྷ་ལ་རྩེ་གཅིག་ཏུ་སེམས་ཟིན་ན་རྣམ་རྟོག་རྒྱུན་ཆགས་ཀྱི་དུག་སུན་འབྱིན་པར་ནུས་པས་བསམ་གཏན་ཁྱད་པར་ཅན་འཐོབ་ལ། དེའི་ཚེ་ཇི་ལྟར་བསྒོམས་པ་དེ་ལྟ་བུར་དངོས་སུ་སྤྲུལ་ནུས་པ་ཡིན་ནོ། །དེ་མཐར་ཐུག་ཀྱང་འོག་མིན་གྱི་གཟུགས་ལས་མི་འགོང་བས། དུས་ཀྱི་འཁོར་ལོར། གཟུགས་བརྙན་ལ་སོགས་རྟོག་པའི་དཀྱིལ་འཁོར་གྱི། །འཁོར་ལོ་བསྡོམ་པ་གོམས་པར་གྱུར་པ་ལས། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་འཐོབ། །ཅེས་སོ། །དེ་ཡང་རིལ་པོར་འཛིན་པ་བཟློག་མ་ནུས་པས་ལན་ཏེ་ལྷར་ཞེན་པས་སོ། །དེའི་གཉེན་པོར། ཕུང་པོ་ལྔ་སངས་རྒྱས་དང་། ཁམས་ལྔ་གཤེགས་མ་དང་། སྐྱེ་མཆེད་སེམས་དཔའ་ཡབ་ཡུམ་དང་། དབང་ཡུལ་ལས་དབང་དང་བཅས་པའམ། འདུས་པར་ཡན་ལག་ཙམ་ཁྲོ་བོ་ཁྲོ་མོ་སྟེ། རྡུལ་དུ་གསིལ་བས་རིལ་པོ་འཛིན་པ་བཟློག དེས་ལུས་དབེན་དུ་སོང་ལ་གང་ཟག་གི་བདག་བཟློག་ཀྱང་ཆོས་ཀྱི་བདག་མ་ལོག་པས་ཤེས་བྱ་ཉན་ཐོས་དང་ཐུན་མོང་བ་ཞེས་བྱ། འདི་ཙམ་ནས་དབང་ཤེས་ལྡོག་པས་འགོག་སྙོམས་ལ་འཇུག་ནུས། དེས་རྡུལ་དུ་འཛིན་པའང་རྟེན་འབྲེལ་དུ་ཤེས་པས། དེ་ལས་ལྡོག་པ་ཆོས་ཐམས་ཅད་བཏགས་ཡོད་མིང་ཙམ་དུ་ཤེས་ནས་སྒྲའི་དེ་ཁོ་ན་ཉིད་རྡོ་རྗེ་བཟླས་པ་ལ་སློབ་པས་ཤེས་བྱ་རང་རྒྱལ་དང་ཐུན་མོང་བ། འདིས་ཟླ་བ་གྲགས་པ་བསྐྱེད་རིམ་དུ། རྡོར་བཟླས་བསྡུས་ནས་དེས་ས་བརྒྱད་པ་ཐོབ་པར་བཤད་པ་དང་། བི་རཱུ་པ། རྡོ་རྗེའི་བཟླས་པ་མ་བསྣན་པར་ཕྱི་རོལ་དུ་འཛིན་པ་དེ་སྲིད་མཚན་མ་དང་བཅས་པས་ས་དྲུག་པ་ཚུན་ཐོབ་པར་བཤད་དེ། ས་དེ་ལ་མཚན་མ་དང་བཅས་པའི་སར་ལུང་ཐམས་ཅད་དུ་གསུངས་པའི་རིགས་པས་སོ། །ཡང་ས་དེ་དག་སྦྱོར་བའི་ལམ་བཅུ་གཉིས་ལ་དེ་དང་དེར་མིང་བཏགས་པ་དང་འཕགས་ས་མཚན་ཉིད་པར་འདོད་པའི་ཚུལ་གཉིས་ཡོད་པ་ནི། མངོན་པར་བྱང་ཆུབ་པ་ཐོབ་མ་ཐོབ་ལ་རག་ལས་ལ། དེ་མ་ཐོབ་པའི་གནས་སྐབས་ནི་སྦྱོར་ལམ་ལ་བཏགས་པ་སྟེ། དཔེར་ན་རྫོགས་པའི་རིམ་པར་བདེན་དོན་བཅུ་གཉིས་སམ། དེ་ཉིད་བཅུ་དྲུག་རིག་པའི་ས་མོས་སྤྱོད་ལ་དབྱེ་བ་ཞིག་གསུངས་པ་བཞིན་ནོ། །འཕགས་སར་གསུངས་པ་ནི་བསྐྱེད་རྫོགས་ཟུང་འཇུག་ཏུ་ཡོད་ཀྱང་། བསྐྱེད་རིམ་གྱི་ལུས་མདོར་ན་ས་དྲུག་པ་དང་། སྒྲའི་དེ་ཉིད་མ་སྤངས་པས་ས་བརྒྱད་པར་བཤད་དོ། །ཕྲ་བའི་རྩ་རླུང་ཐིག་ལེ་གཉུག་མ་དོན་དམ་པར་མ་ཐིམ་པས་ན། ས་དེར་རྫོགས་སྨིན་སྦྱང་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་བྱེད་ཅེས་གདམས་པའང་རྒྱུ་མཚན་འདིའོ། །ས་བརྒྱད་པར་དྲི་མ་དེ་དག་རྩ་བ་དང་བཅས་པ་ཞི་བར་བཤད་པའི་རྩ་བ་རླུང་ཡིན་ལ། དེའི་ཕྱིར་མཉམ་རྒྱུ་ཐམས་ཅད་འགགས་པ་དང་། འོན་ཀྱང་དབུ་མར་འགྲོ་འོང་ཡོད་པས། མཐར་མ་ཕྱིན་པ་ཡིན་ནོ། །དེ་བས་ན་བསྐྱེད་རྫོགས་ཟུང་དུ་མ་འཇུག་ན་ཐར་པར་མི་འགྱུར་བས། དེ་སྟོན་པའི་ཕྱིར་བསྲེ་བ་གསུངས་ལ། དེ་ཡང་གཞུང་ལུགས་པ་རྣམས་ཀྱི་རིགས་པས་དེད་པའི་བློ་ངོར་ཅིའང་མ་དམིགས་པ་ཞིག་ཏུ་བཏང་། དེ་ནས་ལྷའི་མངོན་རྟོགས་བསླང་ནས་ལྷའི་རྣམ་པ་རོང་ངེ་བ་ཞིག་ཟབ་གསལ་དབྱེར་མེད་དུ་འདོད་པ་ནི་བསྐྱེད་རིམ་རང་རྐྱང་དུ་སོང་བས་རྫོགས་རིམ་གྱི་གཡས་མེད། འོ་ན་ཇི་ལྟར་ཞེ་ན། ལྷའི་སྣང་བ་མི་འགོག་ལ་དེར་འཛིན་པ་མེད་པའི་ལྷུག་པར་འཇོག་ཤེས་ན། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་དགྱེས་རྡོར་ལས་གསུངས་པ་དེ་འོང་སྟེ། རྣམ་པར་མི་རྟོག་པ་ཆེན་པོ་རྙེད་པས་དེའི་ངོ་ན་རྣམ་པ་མི་སྣང་ཡང་། དེས་བདེན་འཛིན་སྦྱངས་པས། རྗེས་ལ་ཅི་སྣང་སྒྱུ་མ་ལྟ་བུར་འཆར་བ་དེ་ལ་ལྷའི་དེ་ཉིད་ཅེས་གསུངས་པའི་ཕྱིར་རོ། །དེ་ཤེས་ན་སྨིན་ལམ་དབང་ཡང་དེ། གྲོལ་བྱེད་ལམ་ཡང་དེ། བསྲུང་བྱ་དམ་ཚིག་ཀྱང་དེ། ཐོབ་བྱ་འབྲས་བུའང་དེར་འདུ་བས་དུ་མ་རོ་གཅིག་ཅེས་པའི་ཁ་སྐད་ཆེན་པོ་དེ་འོང་། དེ་ཙ་ན། རོ་སྙོམས། འདོད་ཆགས་ཆགས་པ་ཆེན་པོར་སོང་བ་བཞིན། ཞེ་སྡང་སྡང་བ་ཆེན་པོ་སོགས་ཏེ། སྙན་ཕྱོགས་ནས་བཤད་ན་འདོད་ཆགས་བདེ་སྟོང་སོགས་སུ་འགྲོའོ། །ཞེས་བདག་གི་བླ་མས་གསུང་ངོ་། །གཉིས་པ། བློན་པོ་རིགས་གསུམ་ལས་བྱེད་ནི། འགྲེལ་པར། བདག་འཇུག་དབང་དང་བླ་མ་མཆོད་བྱེད་ཉམས་ཆག་བསྐང་ཕྱིར་རྡོ་རྗེ་སེམས་དཔའ་བརྟན་པའི་ཆོ་ག་བཟླས། །རྒྱལ་པོ། བྱིན་རླབས་འཇུག་པའི་གཞི་རྒྱལ་པོའི་བྱ་བ་བསྒྲུབ་པ་ལྟ་བུ། དབང་ལེན་པ་དང་། བླ་མ་མཆོད་པ་དང་། རྡོ་རྗེ་སེམས་དཔའི་བསྒོམ་བཟླས། ལྟུང་བ་མི་འབྱུང་བ་དང་། བྱུང་ནའང་ཕྱིར་འཆོས་པའི་ཆོ་ག་དེ་ཡིན་པས་སོ། །བློན་པོ། བློན་པོ་རང་གིས་བྱ་བ་བྱེད་པ་ལྟ་བུ་དངོས་གྲུབ་སྒྲུབ་པ་ཚོགས་ཀྱི་འཁོར་ལོ་དང་། དཔའ་བོ་དང་དཔའ་མོའི་སྟོན་མོ། དམངས་དམངས་ཀྱི་སྐྱོང་བྲན་ལྟ་བུ་བསྙེན་པའི་ཁ་སྐོང་སྦྱིན་སྲེག་གསུམ་མོ། །གསུམ་པ་དམངས་ཕལ་པ་འཕྲིན་ལས་མཐུན་སྦྱོར་གྱི་གདམས་ངག་ནི། རྣལ་འབྱོར་བདུན་ལ་འབད། འགྲེལ་པར། མཚམས་ཀྱི་ཀུན་སྤྱོད་ཟ་ཉལ་འགྲོ་དང་ཁྲུས་སོགས། རྣལ་འབྱོར་བྱ། བཟའ་བ་ཟས་ཀྱི་རྣལ་འབྱོར། བགོ་བ་གོས་ཀྱི། ཉལ་བ་གཉིད་ཀྱི། འགྲོ་འདུག་སྐོར་བའི། བཀྲུ་བ་ཁྲུས་ཀྱི་རྣལ་འབྱོར་དང་སོགས་སྒྲས། གསོལ་འདེབས། མཎྜྻལ་ཚོགས་གསོག ཆོས་སྤྱོད་ཀྱི་རྣལ་འབྱོར་བདུན་ནོ། །རྣམ་རྟོག་དང་བྲལ་ཟླ་བ་དྲུག་ཏུ་ངེས་པར་བསམས་ན་འགྲུབ་པའི་མཚན་མ་མཐོང་ནས་རོལ་པར་གནས། །འབྲས་བུ་སྟེ། རྡོ་རྗེ་མཁའ་འགྲོར། བརྟན་གཡོའི་དངོས་པོ་ཡོད་མིན་ཏེ། །འོན་ཀྱང་སྣང་བ་ཙམ་མཚན་ཉིད། །བསྒོམ་བྱ་ཁྱད་པར་ཅན་གང་ཞིག །གོམས་པའི་སྟོབས་ནི་རྫོགས་པ་ན། །ཡིད་འོང་བདེ་བའི་འབྲས་བུ་ནི། །བླ་མེད་གསལ་བ་བློ་ཡི་མཐུ། །འབྲས་བུ་དོན་གཉེར་རྒྱུ་བསྒྲུབས་ན། །དེར་ནི་ལྷ་མོ་སུ་ཡིས་འགོག །ཅེས་བཤད་དེ་དོན་སྔར་བརྗོད་ཟིན་ཏོ། །གཉིས་པ་སྤྱི་དང་འབྲེལ་བ་དམ་ཚིག་ཡིད་བཞིན་གྱི་ནོར་བུ་ནི། དམ་ཚིག་གསུམ་ལ་སྦྱང་། གསུམ་ཡང་། གྲོལ་དང་དད་པ་འཕེལ་བྱེད་པ། །རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ཀྱང་སྐྱོང་བར་བྱེད། །གྲོལ་བས་ནི་ཟབ་པའི་དམ་ཚིག དད་པ་འཕེལ་བྱེད་པས་རྒྱ་ཆེ་བའི། རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུས་ནི་གཉིས་མེད་དམ། ཟུང་འཇུག་གི་དམ་ཚིག་བཤད་པས། འགྲེལ་པར། ཐུབ་པའི་བསྟན་པ་རྒྱས་མཛད་དངོས་གྲུབ་མཐར་ཕྱིན་ཟབ་དང་རྒྱ་ཆེ་གཉིས་མེད་དམ་ཚིག་ཀུན་གྱི་གཞི། །ཞེས་གསུངས་ལ། ཐུབ་པའི་བསྟན་པ་ནི་བག་ཡོད་པས་རབ་ཏུ་ཕྱེ་བ་ཡིན་ལ། བག་ཡོད་པའང་བཅས་པ་ལས་མི་འདའ་བའོ། །དེའི་ཕྱིར། ས་མ་ཡ་དམ་ཚིག དེ་ཀ་ཡོན་ཏན་ཐམས་ཅད་ཀྱི་གཞི་མོ་ཡིན་པས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་སོ། །དེ་དག་ཀྱང་བག་ཡོད། བག་ཡོད་དྲན་པས་འཛིན་པའི་དམ་ཚིག །བསྒོམ་ཞིང་། བསྒོམ་ཞིང་ངོ་སྤྲད་པའི། རྟེན་དང་། བརྟེན་པར་བྱ་བའི། གསང་བ། གསང་བར་བྱ་བའི། མི་གསག །མི་གསག་པའི། མི་འབྲལ། མི་འབྲལ་བར་བྱ་བའི། བཟའ། བཟའ་བར་བྱ་བའི། བསྲུང་བ་མཆོག་གྱུར་ཐུབ་པས་གསུངས། །བསྲུང་བར་བྱ་བའི་དམ་ཚིག་བརྒྱད། དེའི་ཕྱི་མ་ལ། བསླབ་པ་གསུམ་དང་། གྲོགས་བསླབ་པ་གསུམ་སྟེ་སོ་ཐར། བྱང་སེམས། རིག་འཛིན་ཏེ། ཉན་ཐོས། བྱང་སེམས། དེ་བཞིན་གཤེགས་པའི་འདུལ་བ་གསུམ། རྒྱུ་འབྲས་ལས་འབྲས་ལ་ཡིད་ཆེས་པ། ཞེན་མེད། འདོད་ཡོན་ལ་མི་སྲེད་པ། དབང་སོགས། དབང་གི་ངོ་བོར་ཤེས་པ། འབྲས་བུ་དངོས་གྲུབ་འདོད་པ། རྒྱུད་གཞན་ལས་གསུངས་པ། སྡེ་སྣོད་ཀྱི་འཇུག་པ་ཤེས་པ། རང་སེམས་བརྟན་པས་བསྲུང་བ་རྣམས་སོ། །ཟབ་པའི་དམ་ཚིག་བཤད་ནས། སྐུ་གསུམ་ལ་བརྟེན་ཏིང་འཛིན་གསུམ་གྱིས་རྒྱ་ཆེར་རབ་གསལ། ཐབས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཆོས་སྐུ་ལྷན་སྐྱེས་ཀྱི་སྒོ་ནས་དང་། ཉམས་སུ་མྱོང་བ་སེམས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལོངས་སྐུ་རྟོགས་ཚུལ་གྱི་སྒོ་ནས་དང་། ལམ་གྱི་གྲོགས་དམ་ཚིག་སེམས་དཔའི་ཏིང་ངེ་འཛིན་སྤྲུལ་སྐུ་ངོས་འཛིན་གྱི་སྒོ་ནས་བསྲུང་བའོ། །རྒྱ་ཆེ་བ་བཤད་ནས། གཞི་ལམ་འབྲས་བུ་ལྟ་བས་མཚན་པར་གྱིས། །གཞི་ངོས་གཟུང་བ་ལྟ་བའི་དམ་ཚིག ལམ་ཉམས་སུ་བླང་བ་སྒོམ་པའི་དམ་ཚིག འབྲས་བུ་མངོན་སུམ་དུ་གྱུར་པ་སྤྱོད་པའི་དམ་ཚིག་བཤད་དོ།། །།གསུམ་པ་དབང་གསུམ་དང་འབྲེལ་བ་གནས་ལུགས་ཡིད་བཞིན་གྱི་ནོར་བུ་ལ་གསང་དབང་དང་འབྲེལ་བ་རྫོགས་རིམ་རྩ་རླུང་གི་གནད་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་མཁའ་འགྲོའི་གསང་སྒྲོག་འོག་སྒོ་བདེ་ཆེན་དང་། བཞི་པ་དང་འབྲེལ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད། ལམ་བློ་ནས་ཆོད་པ་བར་མ་དོ་ལམ་ཁྱེར། ཅིག་ཅར་བ་བྱ་སྤྱོད་ཚོགས་སུ་བསྒྱུར་བའི་གདམ་ངག་ལྔ་ལས། དང་པོ་ལ། གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆོས་བརྒྱད་རང་གྲོལ། རྨི་ལམ་འཁྲུལ་པ་རང་སངས། འོད་གསལ་མ་རིག་མུན་བྲལ། འཕོ་བ་གསེར་འགྱུར་གྱི་རྩི། གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་དང་དྲུག་ལས། དང་པོ་ལ། སྟེང་རང་འབྱུང་ཡེ་ཤེས་སུ་སྤར་ནས་སྟེང་རླུང་གི་ལས་སྟོན། འོག་ཟག་མེད་བདེ་ཆེན་དུ་སྤར་ནས་འོག་སྒོའི་བཅུད་འདོན། བར་འཁོར་འདས་རྒྱུན་གཅོད་དུ་སྤར་ནས་རྩ་རླུང་གི་ཆིངས་སྟོན་པ་གསུམ་ལས། དང་པོ་ནི། གཏུམ་མོ་བདེ་དྲོད་རང་འབར་ལམ་གྱི་གཞུང་། རྡོ་རྗེའི་ལུས་ལ་རླུང་སེམས་ཀྱི་གནད་དུ་བསྣུན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་འཆར་བའི་དབང་མེད་པས། གཏུམ་མོ་ལམ་གྱི་གཞུང་ཤིང་ཏུ་འཆད་དོ། །འོན་ཀྱང་སྦྱངས་པའི་དབྱེ་བས་དམན་འབྲིང་མཆོག་གི་བདེ་དྲོད་འབར་ལུགས་མི་མཐུན་པ་ནི་ཡོད་དེ། ལས་སོ་སོས་འཕངས་པའི་རྣམ་སྨིན་གྱི་ལུས་ཡིན་པས་རྩ་གཟུགས་མི་འདྲ་བར་གྲུབ་པའི་དབང་གིས་སོ། །དེ་བས་ན་ལམ་ལྷག་མ་དགོས་པ་དང་མི་དགོས་པ་དུ་མར་འགྱུར་ལ། དགོས་པ་དག་ཀྱང་གཏུམ་མོ་བསྒོམ་པའི་མྱོང་བ་ལ་བལྟས་ནས་བྱ་བའི་ཕྱིར་འདི་ལུས། དེ་དག་རྒྱན་ལྟ་བུའོ། །དེ་ཡང་འགྲེལ་པར། དབྱེ་དང་བྱེད་ལས་ཆོས་མཚུངས་རྒྱུ་མཚན་གདམས་པའི་སྦྱོར་བཞེས་པའི་དབྱེ་བ་ནི། ཕྱིའི་གཏུམ་མོ་ལུས་གནད། ནང་གི་གཏུམ་མོ་རླུང་གནད། གསང་བའི་གཏུམ་མོ་དམིགས་གནད། དེ་ཁོ་ན་ཉིད་ཀྱི་གཏུམ་མོ་དཔྱིད་ཐིག་གི་གནད་དོ། །བྱེད་ལས་ནི། དང་པོས་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇོམས་ཏེ། གདོན་རྩ་མ་སྦྱངས་པའི་སྣང་བ་ཡིན་པས་སོ། །གཉིས་པས་ནད་བརྒྱད་ཁྲི་བཞི་སྟོང་འཇོམས་ཏེ། ནང་འདུ་བ་ཆ་མི་མཉམ་པ་ལས་འབྱུང་བའི་ཕྱིར་རོ། །གསུམ་པས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཇོམས་ཏེ། ཉོན་མོངས་པ་ཐིག་ལེའི་རྩལ་ཡིན་པས་སོ། །བཞི་པས་རང་ལ་ཡོད་པའི་ལྷན་སྐྱེས་མངོན་གྱུར་དུ་བྱེད་དེ། བསྒྲིབས་པ་གསལ་བའི་ཕྱིར་རོ། །ཆོས་མཚུངས་ནི། དང་པོ་མེ་དང་མཚུངས་ཏེ། དེར་བུད་ཤིང་རིགས་མི་མཐུན་པ་ཅི་བསྲེགས་ཀྱང་ཐལ་བར་གཅིག་པ་བཞིན། རྩ་གཟུགས་ཀྱིས་ཅིར་སྣང་ཡང་ཐམས་ཅད་ཆོས་སྐྱོང་དུ་འགྲོ་བས་སོ། །གཉིས་པ་སྨན་དང་མཚུངས་ཏེ། འདུ་བ་སྙོམས་པས་སོ། །གསུམ་པ་སེང་གེ་དང་མཚུངས་ཏེ། ཉོན་མོངས་པ་ཐམས་ཅད་འཇོམས་པས་སོ། །བཞི་པ་མེ་ལོང་དང་ཆོས་མཚུངས་ཏེ། དེ་ལས་ས་དང་དེའི་ཡོན་ཏན་ཐམས་ཅད་འཆར་བའི་ཕྱིར་རོ། །རྒྱུ་མཚན་ནི། དངོས་པོར་འཛིན་པའི་ཚོགས་ཟ་བས་གཏུམ། དེ་ཉིད་ཆོས་ཐམས་ཅད་འབྱུང་བའི་ཤེས་རབ་མ་ཡིན་པས་མོ། དེའི་ཕྱིར་འདི་ལ་རྡོ་རྗེ་ཕག་མོར་གསུངས་སོ། །གདམས་པའི་སྦྱོར་བ་ཞེས་པ་ནི་ཉམས་སུ་ལེན་པའི་ཐབས་ཏེ། འགྲེལ་པར། སྟེང་འོག་བར་དུ་འབུག་པའི་སྦྱོར་བ་ལི་ཁྲིའི་ཚུལ་དུ་སྒོ་གསུམ་སྦྱང་བར་བྱ་ཕྱིར་ངེས་པར་རོལ། །ཞེས་པ་འབུག་པ་ནི། དུས་འཁོར་ལས། ཡེ་ཤེས་ཀྱིས་ནི་སེམས་ཕུག་ན། །འགར་ཡང་བག་ཆགས་མེད་པའོ། །ཞེས་པ་ཡིན་ལ། འབུག་ཚུལ་སྟེང་རང་བྱུང་ཡེ་ཤེས་སུ་སྤར་ནས་སྟེང་རླུང་གི་ལས་སྟོན་པ་སོགས་རྩ་བའི་ཆིངས་གསུམ། ལི་ཁྲི་རྩྭ་ཐག་ལ་ཡུལ་འགར་དེ་སྐད་སྨྲ་བ་དེ་བཞིན་གྲིམས་ལྷོད་རན་པ་ཞིག་དགོས། དང་པོ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། བསྐྱེད་རིམ་གོམས་པས་མཐུན་པའི་རྐྱེན་དང་ལྡན། །གསང་སྤྱོད་ལ་གནས་ཞེས་པ་སྟེ། གསལ་འདེབས་གེགས་སེལ་བསྐྱེད་རིམ་གྱི་གནད། མཐུན་སྦྱོར་རྐྱེན་གྱི་གནད། འདི་ལ་གནས་གྲོགས། ཟས་གོས་མལ་སྟན་པུས་འཁྱུད་སྤྱོད་ལམ་བདུན། གསང་བ་དམ་ཚིག་གི་གནད་དོ། །སྡུག་བསྔལ་བཟོད་པ་ཞེས་པ་ནི། གཏུམ་མོ་དང་པོར་སྒོམ་པ་སྟེ། རྩ་ཟུག་རླུང་ཟུག་ཐིག་ལེའི་ཟུག་རྔུ་འབྱུང་བས་སྡུག་བསྔལ་གྱི་དུས་དེར་སྦྱོར་བའི་སྐྱོན་བསལ་ཏེ། དེ་ཤུགས་ཕྱུང་སྟེ་ལམ་ལ་འབད་པར་བྱ་དགོས་སོ། །དངོས་གཞི་ལ། ངེས་པ་དུས་ཀྱི་གནད། སྐྱོན་བྲལ་ལུས་ཀྱི་གནད། གནས་པ་རྩའི་གནད། གཡོ་བ་རླུང་གི་གནད། དམིགས་པ་ཡུལ་གྱི་གནད་ལྔ། དང་པོ་ནི། འགྲངས་པ་དང་། ལྟོགས་པ་དང་། ནམ་ཕྱེད་ཀྱི་དུས་གསུམ་སྤངས་ལ། གཞན་སད་པའི་གནས་སྐབས་ཐམས་ཅད་དུའོ། །སྔ་མས་རྩ་འཆད་པ་དང་། བར་མས་རླུང་འཐོར་བ་དང་། གསུམ་པ་འདྲེ་རྩར་རླུང་འཇུག་པའི་དུས་ཡིན་པས་སོ། །གཉིས་པ་ནི། ལུས་གནད་བདུན་ལྡན། རྩ་འགྲེལ་གཉིས་ཀར་གསུངས་ལ། བདུན་ཡང་རྡོ་རྗེ་སྐྱིལ་ཀྲུང་ལ་སོགས་པའོ། །བྱེད་པ་དེས་རླུང་སེམས་དབུ་མར་འཆིང་བས་ན་གནད་དོ། །ལྷ་སྐུ་སྟོང་ར་གནད། ལུས་ལྷ་ཕྱིའི་དབྱིབས་ཡོད་ལ། ནང་སྦུབས་སྟོང་པར་བསྒོམ་པའོ། །གསུམ་པ་ནི། དྷུ་ཏཱི། ལ་ལ། ར་སཱ། ཨ་ཝ་དྷཱུ་ཏཱི་གཉིས་སྤངས་ཏེ་གཟུང་བ་དང་འཛིན་པ་སྤངས་པས་སོ། །གནས་པའི་རྩ་ལའང་དེའི་སྒྲ་བཤད་འཇུག་ཚང་བ་ནི། གཡས་གཡོན་ལ་གཟུང་འཛིན་དུ་བཞག དེ་སྤངས་པ་དབུས་སུ་གནས་པ་སྟེ། སྡོམ་འབྱུང་ལས། ཤེས་རབ་རང་བཞིན་ལ་ལ་ནཱ། །ར་སཱ་ན་ནི་ཐབས་སུ་གནས། །དབུས་ན་ཨ་བ་དྷཱུ་ཏཱི་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་སོ། །དེ་ལ་རིགས་ལྡན་མ་ཞེས་ཀྱང་བྱ་སྟེ། རྟག་ཏུ་རིགས་ལྡན་མ་མཆོད་བྱ། །དེ་ཡང་སྲོག་རྩ་སྟེ། །ཡེ་ཤེས་ཐིག་ལེར། དེ་ནི་སྲོག་པ་རྩ་ནི་ཉིད། །ཁམས་གསུམ་གྱི་ནི་རྟེན་ཡིན་ནོ། །དགའ་བའི་སྤྱན་ཞེས་པའི་འགྲེལ་པ་ནཱ་རོ་པའི་དངོས་སློབ་པྲཛྙྱཱ་རཀྵི་ཏས་མཛད་པར། སློབ་དཔོན་ཆེན་པོ་ནཱ་རོ་པ། རྟོག་མེད་མ་སྲོག་པའི་རྩ་ནི་སྐུའོ། །འཛིན་པ་ནི་གསུང་ངོ་། །རོ་མ་ནི་ཐུགས་སོ། །རྟོག་མེད་མ་ཉིད་ནི་བདེ་བ་ཆེན་པོ་ཐུགས་ཀྱི་རང་བཞིན་སྐུ་གསུང་ཐུགས་དང་བྲལ་བའོ་ཞེས་པས་སློབ་དཔོན་ཆེན་པོ་དེའང་སྲོག་རྩ་ལ་བཞེད་པར་གསལ་ལོ། །རྟོག་མེད་མ་ཕྱི་མ་ནི་ཆོས་ཉིད་ཀྱི་དབུ་མ་ལ་བྱེད་པ་ཡིན་ནོ། །གནས་པ་རྩ་དེའང་སྡོམ་འབྱུང་ལས། དབུས་ཀྱི་ཆར་ནི་ཡང་དག་འཇུག །སྙིང་གའི་ཆུ་སྐྱེས་དབུས་སོན་པ། །ཆུ་ཤིང་སྙེ་མའི་མེ་ཏོག་བཞིན། །འཕྱང་བ་ཁ་ནི་འཐུར་དུ་བལྟས། །ཏིལ་གྱི་མར་མེ་ལྟར་འབར་ཞིང་། །བྱང་ཆུབ་སེམས་ནི་མཉམ་འབབ་སྟེ། །ཨ་བ་དྷཱུ་ཏཱིར་ཤེས་པར་བྱ། །ལྷན་ཅིག་སྐྱེ་བ་སྟེར་བྱེད་པའོ། །སྙིང་ག་ཞེས་པ་འཁོར་ལོ་དྲུག་ཀའི་ལྟེ་བ། ཆུ་ཤིང་མན་གྱི་རྐང་པ་གཉིས་ཀྱི་རོ་རྐྱང་དང་མ་འབྲེལ་བ་ནོར་བུར་ཟུག་པ་ད་ལྟ་ཟུམ་ལ་བྱེ་བ་ན་འདབ་མ་བཞི་པར་བཤད་པ་དེ་བསྟན། དེའི་ནང་ན་ཐུན་མོང་མི་ཤིགས་པའི་ཐིག་ལེ་དྲུག་འོད་ཀྱི་སྐུད་པ་ལྟ་བུར་ཡོད་པས་ཆོས་ཉིད་ཀྱི་རྩ། རྩ་དེའི་རང་བཞིན་རྣམ་དག་གཉུག་མ་དོན་གྱི་དབུ་མའོ། །གནས་པའི་རྩ་དེ་ལས་འཁོར་ལོ་དྲུག་གི་ལྟེ་བར་གདུ་བུ་ལྟ་བུ་བསྐོར་བའི་རྩ་གཉིས་སུ་གྱེས་པ་ནི་རོ་རྐྱང་ཡིན་ལ། དེ་གཉིས་ལས་གཞན་ཐམས་ཅད་གྱེས་པས། སྡོམ་འབྱུང་ལས། གངྒཱ་སིནྡྷུར་གཞན་འཇུག་བཞིན། །གཅིག་གྱུར་ཀཱ་ཀཱ་མུ་ཁ་སྟེ། །དེ་ཉིད་སྐྱེས་གནས་གཞན་མ་ཡིན། །འདིས་རྩ་ཐམས་ཅད་དབུ་མ་ལས་གྱེས་པ་བཤད་དོ། །རྩ་གསུམ་སྟེང་སྒོ་དང་འོག་སྒོར་ལས་བྱེད་ཚུལ་གྱིས་རིགས་དྲུག་གི་རྩར་བཤད། །འཁོར་ལོ་བཞི། དམིགས་པ་བཞི་ལས། བཞི་བཞི་རུ་ནི་ཤེས་བྱ་སྟེ། །ཐུབ་པ་མཆོག་གི་རེ་མིག་ལ། །ཁམས་བཞིའི་ངེས་པས་འཁོར་ལོ་བཞི་གཙོ་བོར་བཤད་དེ། ཁམས་བཞི་པོ་དེ་ལུས་སོགས་ཀྱི་ཐིག་ལེ་བཞིར་སོང་། དེས་གནས་སྐབས་བཞི་སྤྲོ། དེ་འདིར་སྦྱོང་དགོས་པས་སོ། །དེའི་རྩ་གྲངས་སྡོམ་འབྱུང་དུ། བརྒྱ་ལས་ཉི་ཤུ་ལྷག་པའི་རྩ། །གཙོ་བོ་ཞེས་ནི་བྱ་བར་བརྗོད། །ས་ལས་ཡེ་ཤེས་དང་། རླུང་ལས་སྟོང་པའམ། ནམ་མཁའ་ཕྱེ་ནས་གསང་བ་དང་གཙུག་ཏོར་གྱི་འཁོར་ལོ་གཉིས་ཏེ། རོ་རྐྱང་དབུ་མ་འབྲེལ་ས་འཁོར་ལོ་དྲུག དེའི་རྩ་བརྒྱ་ང་དྲུག །འཚོགས་མ་པུ་ལི་རར་མི་ཕྱེད་མ་སོགས་ལུས་ཀྱི་གནས་ཉི་ཤུ་རྩ་བཞིས་ཉེར་བཞི། མཁའ་འགྲོ་ཉི་ཤུ་རྩ་བཞི་ནི། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །དེའང་གནས་སོ་བདུན་གྱི་སོ་བདུན། དེ་ལས་རྒྱས་པ་རྩའི་གྲངས་ཉི་ཁྲི་ཆིག་སྟོང་སྟེ། བུད་མེད་སྟོང་ཕྲག་ཉི་ཤུ་གཅིག །ལྷག་མ་གཞན་དག་ཇི་སྙེད་པ། །དེ་ལས་རྒྱས་པ་སྡོམ་འབྱུང་ལས། ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་འགྱུར། །རྩ་རྣམས་དང་ནི་ཉེ་བའི་རྩ། །དེ་དག་གནས་ལ་བརྟེན་པ་སྟེ། །ཞེས་སོ། །བཞི་པ་ནི། སྲོག་རྩོལ་ཐུར་སེལ་གཅུན། །དབུགས་དབྱུང་དབུ་མ་མཆོག་དག་དང་། །དྲི་ཡི་ཆུ་དང་བཅས་པ་ཡི། །འདི་ལ་སྡོམ་འབྱུང་ལས། རྟོག་གེ་བ་ཡིས་མི་ཤེས་པ། །རླུང་གི་དེ་ཉིད་སྔོན་འགྲོ་བས། །སྔགས་ཀྱི་དེ་ཉིད་བསྒྲུབ་པར་བྱ། །སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །སངས་རྒྱས་གོ་འཕང་ཐོབ་བྱེད་པ། །རྒྱུད་རྣམས་ཀུན་གྱི་གསང་བ་སྟེ། །བྱང་ཆུབ་རྒྱུ་ཡི་ཐབས་ཡིན་ནོ། །ཞེས་པའི་རླུང་གི་དེ་ཉིད་སྔོན་དུ་འགྲོ་བས་ཞེས་པ་ནི་རླུང་རྣམ་པར་བཞག་པ་སྔར་བྱས་ནས་ཕྱིས་སྔགས་ཀྱི་དེ་ཉིད་བསྒྲུབ་པ་སྟེ། སྔགས་ཀྱི་བསྒྲུབ་གཞི་འཚོལ་བའོ། །དེ་བས་འགྲེལ་པར། རྣལ་འབྱོར་སྲོག་རྩོལ་སངས་རྒྱས་ལྔ་བདག་གཡོན་དང་གཡས་སུ་རིམ་པ་ཇི་བཞིན་རྒྱུ་བ་ངེས་པ་སྟེ། །སྡོམ་འབྱུང་ལས། རྣམ་འབྱོར་པ་ཡི་སྲོག་རྩོལ་ནི། །སངས་རྒྱས་ལྔ་ཡི་ངོ་བོར་གནས། །གཡོན་དང་གཡས་ཀྱི་གནས་གང་ན། །རིམ་པ་ཇི་བཞིན་རྣམ་པར་རྒྱུ། །ཞེས་པས་སྲོག་རྩོལ་གྱི་སྐད་དོད་པྲ་ཡ་མུ་ན། སྲོག་འགག་པའང་མཆོད་པ་གཉིས་ལ་འཇུག་པ་ནི་བསྒོམ་བྱའི་དབང་དུ་མཛད་ལ། སྟེང་དུ་རྒྱུ་བ་ལ་སྲོག་དང་འོག་ཏུ་འབབ་པ་ལ་རྩོལ་བར་ཡང་བཤད་ལ། དེ་ག་གཡས་གཡོན་གྱི་རླུང་། སངས་རྒྱས་ལྔ་ཡང་། གཡས་ན་རྣམ་པར་རྒྱུ་བའི་འོད། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ནས་ཀྱི་མེ་ཏོག་ལྟ་བུའི་མདོག །དེ་ནི་འོད་དཔག་མེད་པའི་ལྷ། །གཡོན་ནས་རྣམ་པར་རྒྱུ་བའི་འོད། །རྟག་ཏུ་རླུང་གི་དཀྱིལ་འཁོར་ཏེ། །ཁ་དོག་ལྗང་གུ་ལྟར་སྣང་བ། །ལྷ་ནི་དོན་ཡོད་མཆོག་ཡིན་ནོ། །གཉིས་ཀ་ནས་ནི་རྒྱུ་བའི་འོད། །གསེར་གྱི་མདོག་ལྟར་སྣང་བ་སྟེ། །དབང་ཆེན་དཀྱིལ་འཁོར་གྱི་ནི་རླུང་། །རྟག་ཏུ་རིན་ཆེན་འབྱུང་ལྡན་རྒྱུ། །འོག་ནས་དལ་བར་རབ་རྒྱུ་བ། །ཀུནྡ་ཟླ་བ་ལྟ་བུར་དཀར། །ཆུ་ཡི་དཀྱིལ་འཁོར་རྒྱུ་བ་སྟེ། །འོད་ཆེན་རྡོ་རྗེ་མགོན་པོའོ། །ལུས་ཀུན་ལ་ནི་རྗེས་འགྲོའི་རླུང་། །སེམས་ཀུན་རབ་ཏུ་འཇུག་བྱེད་པ། །མགོན་པོ་རྣམ་པར་སྣང་མཛད་ནི། །འབྱུང་བ་རབ་ཏུ་གྲགས་པ་ཡིན། །དང་། རླུང་གི་འཁོར་བའི་སྟེང་དུ་འགྲོ། །མྱ་ངན་འདས་པའི་འོག་ཏུ་འགྲོ། །དང་། གཡོན་དུ་དཀན་ནས་གཟུང་ནས་ནི། །ལྟེ་བའི་དཀྱིལ་འཁོར་རབ་འཇུག་པའི། །ཟླ་བའི་རྩ་ནི་འོག་བལྟས་པ། །ཨཱ་ལི་ཟླ་བ་ཡང་དག་འབབ། །གཡས་སུ་ལྟེ་བ་ནས་གཟུང་ནས། །དཀན་གྱི་གནས་སུ་རབ་འཇུག་པའི། །ཉི་མའི་རྩ་ནི་སྟེང་ལྟ་སྟེ། །ཀཱ་ལི་ཉི་མར་རབ་ཏུ་འབབ། །དང་། རྩ་གཡོན་འཇུག་པའི་ལམ་ཡིན་ཏེ། །གཡས་པ་དབྱུང་བའི་ལམ་ཡིན་ནོ། །དབུགས་ནི་དྲག་པོ་བཞི་ཆར་བཅས། །འཕོ་བ་སོ་སོའི་འཕེལ་འགྲིབ་ཡིན། །དེ་ནི་དབྱུག་གུ་རེའི་ཐོབ་སྐལ་ཡིན། དངོས་སུ་འཕོ་བ་བཅུ་གཉིས་ཀྱི་མཚམས་དེར་ང་དྲུག་རྐང་བཅས་འབབ། དེ་ཐེ་བས་གོང་དུ་མཉམ་རྒྱུའི་མགོན་པོ་གཉིས་བཤད་ལ། དེའི་ཐམས་ཅད་མཉམ་རྒྱུ་མ་ཡིན་ནོ། །མགོན་པོ་བཞི། སེམས་ཅན་རྣམས་ཀྱི་ཞག་གཅིག་ལ། །རྒྱུ་བའི་དབུགས་ཀྱི་གྲངས་ཀྱི་ཚུལ། །བརྒྱ་ཕྲག་དྲུག་གིས་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ །ཞེས་པ་ཡིན་ལ། རྣམ་སྣང་མགོན་པོ་ནི། རྣམ་པར་སྣང་མཛད་རླུང་ཆེན་ནི། །འཆི་བའི་ལུས་ལ་རྣམ་པར་རྒྱུ། །ཞེས་པ་ལས་གཞན་དུ་མི་རྒྱུའོ། །མཉམ་པར་བཞག་པས་འཇུག་པའི་རླུང་ཉིད་བུམ་པ་ཅན་དུ་བྱས་ནས་བརྟན་པའི་གོ་འཕང་སོ་སོར་འཐོབ། དེ་ཡང་། ཀུན་ཏུ་རླུང་ནི་དགང་བྱ་སྟེ། །བུམ་པ་ཅན་ལ་བརྟེན་བྱས་ནས། །ཞེས་དང་། དེ་ཡང་ཆུང་འབྲིང་ཆེན་པོ་སྟེ། །མཐའ་མ་སུམ་ཅུ་རྩ་དྲུག་གོ །དེ་ཡི་ཉིས་འགྱུར་འབྲིང་པོ་དེའི། །སུམ་འགྱུར་ཆེན་པོར་ཤེས་པར་བྱ། །འདྲེན་ཚུལ། བདག་ཉིད་སྐྱིལ་མོ་ཀྲུང་བྱས་ཏེ། །ལག་པ་ལན་གསུམ་མཉེས་ནས་ནི། །དེ་ནས་ལན་དྲུག་སེ་གོལ་བརྡབ། །ཇི་སྲིད་སུམ་ཅུ་རྩ་དྲུག་པར། །ཞེས་པས་སོ། །སྟེང་དང་འོག་ཏུ་འགྲོ་བའི་རླུང་། །ཁ་སྦྱར་དུ་ནི་ཡིད་ཀྱིས་བྱ། །དེ་ཡི་སྦྱོར་བས་གོམས་བྱེད་ན། །དེས་ནི་བརྟན་པའི་གོ་འཕང་འཐོབ། །འདིས་འཁོར་ལོ་སོ་སོའི་བུམ་ཅན་བསྟན་ནོ། །བསྡམས་པས་ཚེ་དང་། བཟླས་པའི་རིམ་པ་གོམས་པས་དགེ་དང་མི་དགེ་འཆི་བཟློག་རླུང་རིག་པས་ནི་ཤེས། གལ་ཏེ་འཆི་བ་བླུ་ན། བློ་ལྡན་འཆི་བ་བླུ་བ་ཡི། །གལ་ཏེ་བརྟན་པའི་གོ་འཕང་འདོད། །རྩ་ནི་ཡང་དག་སྦྱངས་བྱས་ནས། །དེ་སྲིད་རླུང་ནི་སྦྱང་འགྱུར་ཏེ། །སོ་སོའི་རིམ་བཞིན་རྣལ་འབྱོར་པས། །ཡང་དང་ཡང་དུ་མནན་པར་བྱ། །གཡོན་པའི་བུ་གར་བཅུག་ནས་ནི། །རྩ་ནི་བསྡམས་ནས་མནན་བྱ་ཞིང་། །དེ་བཞིན་དུ་ནི་གཡས་པས་རླུང་། །བཀུག་ནས་དལ་བུས་མནན་པར་བྱ། །ཞེས་སོ། །བུམ་པ་ཅན་གྱིས་སྲོག་འཆིང་མ་ཐུབ་ན་རྡོར་བཟླས་ཀྱིས་འཆིང་ལ། དེ་ཡང་། རྡོ་རྗེ་བཟླས་པ་རྩ་བའི་རླུང་ལྔ་བསྒོམ། །འགྲེལ་པར། རྡོ་རྗེ་བཟླས་པ་ཡིག་འབྲུ་གསུམ་ལ་གོམས་ཤིང་སངས་རྒྱས་ལྔ་ལ་ཁ་དོག་སོ་སོར་བསླབ་པར་བྱ། །སྡོམ་འབྱུང་ལས། བཟླས་པའི་འཕྲེང་བ་སོགས་བསྡུས་པ། །འདི་ནི་ངག་གི་བཟླས་པ་སྟེ། །ལྷ་ཡི་གཟུགས་སུ་དམིགས་པ་ཡི། །སྤྲོ་དང་བསྡུ་བའི་བདག་ཉིད་ཅན། །སྔགས་ཀྱི་དེ་ཉིད་བརྡ་ཡིས་ནི། །འགྲོ་དང་འོང་བ་ཡང་དག་བསམ། །མཐའ་གསུམ་ལས་ནི་རྣམ་གྲོལ་བ། །དོན་དམ་དེ་བཞིན་ཉིད་ཀྱི་དོན། །འདི་རྣམས་སྔགས་ཀྱི་བཟླས་པ་ཡི། །ཆོ་གའི་མཚན་ཉིད་གསུངས་པ་ཡིན། །ཞེས་བརྗོད་པ་དང་། དམིགས་པ་དང་བརྡར་གྱུར་དང་། དོན་དམ་མམ། འགོག་པ་རྡོར་བཟླས་ཀུན་བཤད། སངས་རྒྱས་ལྔ་ལ་ཁ་དོག་སོ་སོར་ཞེས་པས། རླུང་གི་ལས་རབ་འབྱམས་སྒྲུབ་པ་སྟེ། རླུང་རིག་པས་ནི་འབྲས་བུ་སྟེར། །བདག་གཞན་དོན་ནི་ཕུན་ཚོགས་པའི། །སྒྲུབ་པོས་དགེ་དང་མི་དགེ་བརྟག །མེ་དང་རླུང་ནི་ཉིད་དག་དང་། །དེ་བཞིན་དབང་ཆེན་དང་ནི་ཆུ། །དཀྱིལ་འཁོར་ཡང་དག་རྒྱུ་བ་ལས། །ཞི་དང་རྒྱས་དང་དབང་དང་དགུག །དེ་བཞིན་བསད་དང་བསྐྲད་པ་ཡི། །མཚན་ཉིད་མཁས་པས་བརྟག་པར་བྱ། །ཞེས་རླུང་ཟིན་པ་ནས་ཆ་ཤས་ཙམ་འགྲུབ་ལ། དབུ་མར་གནས་པ་ནས་ལེགས་པར་འགྲུབ་སྟེ། དེས་ཚིག་གི་མཆོག་ཐོབ་པར་བཤད་པས་སོ། །དེས་ན། འགྲེལ་པར། རླུང་གི་སྦྱོར་བའི་དེ་ཉིད་མ་ཤེས་ལས་དང་ལས་མིན་མི་འགྲུབ་རླུང་རིག་པས་ནི་འབྲས་བུ་སྟེར། །དེ་ཡང་། རླུང་གི་དེ་ཉིད་མི་ཤེས་པར། །ལས་དང་ལས་མིན་མི་འགྲུབ་སྟེ། །ཞེས་པས་སོ། །ལྔ་པ་ནི། ཨ་ཧཾ་འབར་འཛག ཨ་ནི་ཨ་ཤད་དེ། གསང་བའི་འཁོར་ལོའི་དབུས་ཀྱི་དབུ་མའི་མི་ཤིགས་པ་མ་ལས་ཐོབ་པའི་ཁྲག་གི་དྭངས་མ་པླུ་ཏའི་ཡིག་གཟུགས་སུ་གནས་པ་ནང་གི་རྡོ་རྗེ་ཉི་མ་ཐིག་ལེའོ། །ཧཾ་ནི་སྤྱི་བོའི་འཁོར་ལོའི་དབུ་མའི་ནང་གི་ཧཾ་ཡིག་མགོ་མེད་ཀྱི་གཟུགས་སུ་གནས་པ་ཕ་ལས་ཐོབ་པའི་ཁུ་བའི་དྭངས་མ་ནང་གི་རྡོ་རྗེ་ཟླ་བ་དཔྱིད་དོ། །དེ་གཉིས་ཀྱང་མངོན་དུ་རྒྱུའི་ཁུ་ཁྲག་ལས་དངས་ཏེ། དབུ་མའི་ནང་གི་ཁམས་མི་ཤིགས་པའི་ཐིག་ལེར་བགྲང་བས་དང་། མི་ཤིགས་པའི་ཐིག་ལེ་གཞན་པས་རགས་པ་དེས་འབར་འཛག་གི་ངོ་བོ་རྫས་ཀྱི་ཐིག་ལེར་བཞག་པས་སོ། །སྤྱིར་རྒྱུད་ནས་རྩ་ཌཱ་ཀི་ཁམས་དཔའ་བོར་བཤད་ཀྱང་། འདིར་དཔྱིད་ཧེ་རུ་ཀ་དང་། ཐིག་ལེ་ཕག་མོ། དེས་མཚོན་ནས་དཀར་ཆ་དཔའ་བོ། དམར་ཆ་དཔའ་མོར་ཤེས་དགོས་སོ། །དེ་བས། དཔའ་བོ་ཀུན་དང་རྣལ་འབྱོར་མ། །པདྨའི་ལྟེ་བར་ངེས་པར་བྱ། །མང་ཚིག་གིས་འཁོར་ལོ་སོ་སོའི་ཐིག་ལེ་བསྟན་ནོ། །སྨིན་མའི་དབུས་སུ་གཞུག་པར་བྱ། །ཨ་བ་དྷཱུ་ཏཱི་གནས་དེ་བཞིན། །འདིས་འཁོར་ལོ་དྲུག་ཏུ་བུམ་ཅན། དཔའ་བོ་འཆོལ་པར་ཆགས་བྱས་པས། །ལྟེ་བའི་གཏུམ་མོས་དཔྱིད་ལ་རྗེས་སུ་ཆགས་པ་སྟེ་མེ་ལྕེ་ཧཾ་ལ་རེག་པའོ། །བཟའ་བ་ཡང་ནི་དེ་ནས་བསྲེག །གཽ་མཱཾ་ས་དང་རུ་དྷི་ར། །འབད་པས་བསྲེག་བྱ་ལྔ་དག་བྱ། །ཕུང་པོ་ལྔ་དང་ཁམས་ལྔའི་རླུང་ཡོན་པོར་གྱུར་བ་དང་། ནང་གི་བདུད་རྩི་ལྔས་མཚོན་ཏེ་ཕུང་པོ་ཁམས་སྐྱེ་མཆེད་ཟ་བ། དོགས་པ་ །གཉིས་པ་ནི། ཟིན་དང་བརྟན་པས་ཤེས་རབ་སྙོམས་པར་འཇུག །དེ་ནས་འབར་བའི་བྱིན་ཟ་ལ། །སྲེག་བླུགས་དགུ་ནི་སྦྱིན་པར་བྱ། །དེ་ནས་རླུང་ཟིན་པའོ། །ཟིན་པའང་གང་ཟིན་པའི་རིང་ཕྱིར་རྒྱུ་བ་འཆད་པའོ། །དུས་དེར་སྒོ་དགུའི་རྒྱུ་བ་དགག་པའི་ཕྱིར་སྙིང་གའི་བུམ་པ་ཅན་ལ་བསླབ་པའོ། །དེ་ཡང་སྡོམ་འབྱུང་དུ། སྙིང་གའི་ཆུ་སྐྱེས་དབུས་སོན་རླུང་། །ཧཱུཾ་ཡིག་དཀར་པོའི་རྣམ་པར་ནི། །གང་གི་མཉམ་པར་གཞག་བསམས་ན། །དེ་ལ་ཡུལ་སོགས་དམིགས་མི་འགྱུར། །ཞེས་པས་སོ། །བརྟན་པས། བུམ་པ་ཅན་ནི་ཤེས་བྱས་ལ། །འགོག་ལ་བརྟན་པར་གནས་པ་ན། །དེ་ལ་བསྐལ་པ་སྟོང་དུ་ཡང་། །འཆི་བདག་ཉེ་བར་འོང་མི་འགྱུར། །ཞེས་གསུངས་ལ། ཤེས་རབ་སྙོམས་འཇུག་ནི། དེས་གཏུམ་མོ་འབར་ཞུ་བདེ་མཐར་ཐུག་ཉམས་སུ་མྱོང་བའི་རྗེས་སུ་སྟོང་གཟུགས་དྲན་པར་བྱེད་པས་རྗེས་དྲན་དུ་སྟོན་པ་སྟེ། འགྲེལ་པར། འབྱུང་བ་ལྔ་ཡི་རླུང་ཟིན་པས་ནི་དུ་བ་སྨིག་རྒྱུ་མེ་ཁྱེར་མར་མེ་སྤྲིན་མེད་ནམ་མཁའ་ལྟ་བུ་འབྱུང་། །ཞེས་རྟགས་དེ་ལྡན་པའི་སེམས་མི་གཡོ་བ་ལ་རྟགས་ཅན་འོད་གསལ་དུ་བཤད་ཅིང་། བརྟན་པའི་རྟགས་སུ་ཉི་ཟེར་ཟླ་ཟེར་གློག་གི་ཟེར་དང་འཇའ་ཚོན་ཉི་ཟླ་བསྲེས་པ་དངོས་སུ་མཐོང་། འདི་དུས་འཁོར་ནས་བཤད་པའི་འབར་བ་ཟླ་ཉི་སྒྲ་གཅན་གློག དེ་འདུས་པའི་ཐིག་ལེ་དེ་ཕྱེད་གཤགས་པའི་རེ་ཁཱ་དེར་ལོངས་སྤྲུལ་མཐོང་བ་དང་། གཞན་སྲོག་གཟུགས་གྲུབ་པའི་ལུས་འཇའ་འོད་འགྱུར་པའང་ཡིན་ནོ། །སྤྱོད་ལམ་དང་ནི་སྦྱོོར་བ་མཁས་པས་དུག་སོགས་གཞོམ་དང་འཆི་བ་བརྟག་པ་སྣ་ཚོགས་དག་ཏུ་བསྒྱུར་བ་ནི། བུམ་པ་ཅན་མཐར་ཕྱིན་ཀྱང་འགའ་ཞིག་ཏུ་འཕོ་བར་བཞག་པའི་རྣམ་གཞག་དུས་འཁོར་ལས་གསུངས་པ་དེ་འདིར་ཕྲ་བའི་འཆི་ལྟས། སྔར་གྱི་འཆི་བླུ་ནི་སྡོམ་འབྱུང་། རྡོ་རྗེ་མཁའ་འགྲོ་སོགས་ནས་གསུངས་པའི་རགས་པའི་འཆི་ལྟས་དེ་བཟློག་པའི་ཕྱིར་ཡིན་པས་ཁྱད་ཡོད། འདིར་དུག་སོགས་གཞོམ་པ་དུག་བཅུད་ཀྱིས་ལེན་དུ་གྱུར་པ་ཡིན་ནོ། །འདིར་ནི་ལས་ཐམས་ཅད་བསམས་པ་ཙམ་གྱིས་འགྲུབ་སྟེ། བསམ་གཏན་གྱི་མཐར་ཐུན་མོང་གི་གྲུབ་པ་བརྒྱད་ཡིད་བཞིན་དུ་འགྲུབ་པ་ལའང་དཀའ་བ་མེད་པས་སོ། །དེའི་ཕྱིར། དགའ་བཞི་གོམས་པས་རྩ་རླུང་ཐིག་ལེ་བསྲེ། །འབར་འཕྲེང་རྒྱ་མཚོ་བལྟ་བར་བྱ། །རླུང་ཕྱིར་མ་འཕོས་པས་གཏུམ་མོ་མེའི་རྦ་རླབས་བརྟན། དྲོད་སྐྱེ། དེས་དུང་ཅན་གྱི་ཁ་བྱེ། དེ་ནང་དུ་སྲོག་ཐུར་གོང་བུར་སོང་བ་དེ་ཚུད་པས་དུང་ཅན་གྱི་ཐིག་ལེ་དང་རླུང་འདྲེས་ནས་བདེ་བ་མཐའ་ཡས་པས་བདེ་བའི་དུས་ཞེས་བཏགས། སྤྱི་བོའི་བྱང་སེམས་བབས་པ་ལུས་ཐམས་ཅད་གང་བར་འཛིན་ནུས། འབབ་ས་འཁོར་ལོ་བཞིའི་དབྱེ་བས་དགའ་བ་བཞི་དྷཱུ་ཏཱིར་རླུང་སེམས་ཚུད་པས་མི་རྟོག་པ། འདིར་གཏུམ་མོ་མེ་སྟོང་བཞི་དང་། ཁུ་བ་དགའ་བཞི་བསྲེས་པས་རྡོ་རྗེ་ནོར་བུའི་རྩེར་རགས་པའི་རྩ་རླུང་ཐིག་ལེ་འཛག་བདེ་ཐམས་ཅད་ཐིམ་ནས་མཐོང་ལམ་ཐོབ། རགས་པའི་རྩ་མདུད་ནི་རླུང་ཟིན་པ་ནས་གྲོལ་བའི་འགོ་ཟུག བདེ་བའི་དུས་ནི་ཕལ་ཆེར་གྲོལ་བ་ཡིན་པས། རྩ་དང་། རླུང་དང་། ཐིག་ལེ་བསྲེས་པས་བདེ་གསལ་མི་རྟོག་ཅེས་གསུངས་སོ། །གསུམ་པ་ནི། ཉོན་མོངས་རང་ཞི་བདེ་གསལ་རྒྱུན་མི་ཆད། །ངོ་བོ་མཐོང་ནས་ཆོས་སྐུའི་ངང་དུ་གནས། །ཀུན་ནས་སྒོ་ཡི་འཁོར་ལོ་ཉིད། །གནད་འབྱེད་པའི་སྒོ་བྱེ། ཐིག་ལེ་གྱེན་དུ་ལོག་པས་སྦ་བ་སྦུབས་སུ་ནུབ། ཕྱིར་ཆུ་བོ་གྱེན་ཟློག་ནུས། རྡུལ་དམར་ཆ་འོག་ཏུ་ནོན་པས་གཙུག་ཏོར་ཆགས། ཕྱིར་ཉི་མ་གཏེང་པར དོགས་པ་ ་འཛིན་ནུས། ཆོས་ཐམས་ཅད་ལ་རང་དབང་ཐོབ་པར་འགྱུར་རོ། །དཔའ་བོའི་དབང་པོ་ཞལ་བཞི་པ། མས་བརྟན་གྱི་དགའ་བཞི། །དཔའ་བོ་དཔའ་མོའི་གནས་དེ་བཞིན། །འདབ་ལ་ཕོ་ཉ་མོ་བཞིན་ཡིན། །རྩ་ཐམས་ཅད་ཀྱི་ཕྲ་བའི་མདུད་པ་རིམ་པས་གྲོལ། ཕྲ་བའི་མདུད་པ་མ་རིག་པ་ཡིན། འདིའི་མ་རིག་པ་ཤེས་སྒྲིབ་ཁོ་ན་ཡིན། ཤེས་སྒྲིབ་ཇེ་ཆུང་ཐལ་བ་ལ་དེ་སྐད་བཏགས་པས། དཔའ་བོ་ཀུན་དང་གཉིས་མེད་བདེ། །ཞེས་སོ། །དེ་ཡང་། ཆོ་ག་ཇི་བཞིན་རྣམ་པ་ཡི། །ཁཎྜྻ་རོ་ཧི་ཕྱི་རོལ་ནི། །རང་གི་གཟུགས་སུ་རྣམ་བཞུགས་པ། །འཁོར་ལོའི་དབུས་སུ་བལྟ་བར་བྱ། །གཙུག་ཏོར་རྫོགས་པའི་རྩེར་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་འཚང་རྒྱ་བའོ། །དེའི་ཕྱིར་འགྲེལ་པར། རྒྱུན་མི་འཆད་པའི་རྒྱལ་པོར་འགྱུར་རོ་ཀྱེ་ཞེས་སོ། །འདི་ལ་བསམ་གྱིས་མི་ཁྱབ་པའི་དུས་ཞེས་ཟེར་དེ་ལྟ་བུའི་དུས་གསུམ་སམྦུ་ཊར། སྡུག་བསྔལ་དུས་དང་བདེ་བའི་དུས། །བསམ་གྱིས་མི་ཁྱབ་དུས་ཡིན་ནོ། །ཞེས་སོ། །འདི་ལྟ་བུའི་གཏུམ་མོ་མདོ་ལུགས་པ་ཡང་། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་སྟེ་སྐུ་ཡི་མངོན་སུམ་མཛད། །ཆོས་ཉིད་ཀྱི་རྟོགས་པ་མེར་བཤད་པས་གཏུམ་མོ་མདོ་ཙམ་བསྟན་ནོ།། །།གཉིས་པ་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ལ། གསེར་འགྱུར་གྱི་རྩིས་དམན་པ་མཆོག་ཏུ་སྒྱུར་བ། ཉི་ཟླའི་ཟེར་གྱིས་ཡེ་ཤེས་ངོ་སྤྲད་པ། མཉམ་པ་ཉིད་ཀྱིས་ཆོས་བརྒྱད་ཀྱི་རྒྱ་མདུད་འགྲོལ་བ་གསུམ་ལས། དང་པོ་ནི། བོགས་འདོན་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ལ། འཁོར་འདས་ཐམས་ཅད་སྒྱུ་མར་ཤེས་བྱ་སྟེ། །དེ་ཡང་འགྲེལ་པར། རིམ་པ་འདི་ཉིད་འཕེལ་བར་བྱ་ཕྱིར་སྣང་དམིགས་དངོས་པོ་སྒྱུ་མར་བསམས་ལ། ཞེས་པས། གཏུམ་མོ་བསྒོམས་པས་ཐོད་བརྒལ་ཉམས་ཀྱི་འཆར་སྒོ་མང་ན་དེ་ལ་ཉམས་དེ་ཀ་འཕེལ་དུ་བཅུག་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་འགྱུར་གྱི། གཞན་ཞིག་ལ་འཁྲིད་ན་དེ་མོས་པ་ལས་ཕྱིར་བཟློག་པར་འགྱུར་རོ། །ཏིང་ངེ་འཛིན་ཡང་། སྒྱུ་མའང་འཇའ་ཚོན་ཆུ་ཟླ་ལྟ་བུའོ། །ཞེས་པ་སྟེ། ཇི་ལྟར་འཕེལ་དུ་གཞུག་པ་ཞེ་ན། གཏུམ་མོ་བསྒོམས་པའི་རྟགས་ཇི་སྐད་བཤད་པ་དེ་ལ་ཁ་ཕྱིར་ཕྱོགས་པས་ཞེན་དུ་བཅུག་ན་ཉམས་དེ་གོང་དུ་འཕེལ་ལ། འཕེལ་ནས་ལས་སྣང་གི་སྟེང་འདིར་འཁྲིད་པས། དེ་ལྟར་སྣང་བའི་དངོས་པོའི་ཆོས་རྣམས་ནི། །བདེན་ཞིང་རྟག་ན་འགྱུར་བར་ག་ལ་རིགས། །འཁྲུལ་པ་ཡིན་ཕྱིར་དེ་དག་རྒྱུ་རྐྱེན་གྱི་བཅོས་མ་ཡིན་ལ་རང་ངོ་ཤེས་པ་དང་ཕྲད་ན་དེ་ལྟར་གྲུབ་པ་འཇིག་སྟེ་སྟོང་པའི་རང་ཞལ་སྟོན་ནོ། །འཁྲིད་པའི་ཆོ་ག་ཡང་། དག་སྣང་ལ་རྩལ་འབྱོངས་ནས་ཚོགས་དྲུག་གི་སྣང་བ་མི་སྤོང་བར་རྒྱ་ཡན་དུ་ལྷོད་དེ་འཇོག་པ་འདི་ཀ་ཡིན་ལ། གཞན་རྩབ་རྩུབ་ཅི་བྱས་ཀུན་རྫོབ་ཀྱི་གྲོགས་པོའོ། །འོ་ན་ལྷུག་པར་གཞག་མཉམ་ལ་གཅིག་སྒྱུ་ལུས་སུ་འགྲོ། གཅིག་འོད་གསལ་དུ་འགྲོ་བ་ནི་སྣང་བ་ཡོད་མེད་ཡིན་ལ། དེ་ཡོད་ཕན་སྒྱུ་ལུས་སུ་གཞག་པས་སྒྱུ་མ་ལྟ་བུ་བ་རྣམས་ལ་མཉམ་གཞག་སྣང་བཅས་པ་ཟེར། དེ་ཀ་དེ་དག་གི་ཏིང་ངེ་འཛིན་གྱི་དྲི་མ་ཡིན་ནོ། །དེའི་ཕྱིར། དབང་པོ་གང་དང་གང་ལམ་འགྱུར། །དེ་དང་དེ་ཡིས་རང་བཞིན་འགྲོ། །འདི་ལས་མངོན་པར་ཤེས་པ་དང་རྫུ་འཕྲུལ་འགྲུབ་སྟེ། རྒྱུ་བསམ་གཏན་མངོན་དུ་བྱས་པའི་ཕྱིར་རོ། །སྣང་བའི་སྟེང་དུ་ལྷུག་པར་མ་གཞག་པར་འཇུག་ཤེས་རྣམས་ཀུན་གཞི་རྣམ་ཤེས་ལ་བསྡུས་ནས་ཁ་ནང་དུ་ཕྱོགས་པས་ལྷུག་པར་འཇོག་ཤེས་ན་སྣང་བ་རྣམ་པར་དག་སྟེ་འོད་གསལ་ཤར་བས་དོན་ལ་གྲུབ་པ་མེད་ཅེས་གསུངས་ཏེ། རྡོ་རྗེ་མཁའ་འགྲོར། གཟུགས་ལ་སོགས་པའི་མཚན་ཉིད་རྣམས། །མཉམ་ཉིད་སྟོང་པ་ཉིད་དུ་བལྟ། །ཐམས་ཅད་ནམ་མཁར་ཐིམ་ནས་ནི། །བ་ལང་རྨིག་པར་གྲོང་ཁྱེར་བསྒོམ། །རྣལ་འབྱོར་ཅན་གྱི་ཆོ་ག་བཞིན། །སེམས་ནི་མེ་མར་ལྟ་བུ་བསྒོམ། །དེ་དབུས་ཡིད་ཀྱིས་བལྟས་ན་ནི། །དེར་ནི་མཚན་མ་བརྟག་པར་བྱ། །ཞེས་དང་། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་པུ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་པའི་མན་ངག་གོ །གཉིས་པ་ནི། གཟུགས་རྣམས་སྣང་སྟོང་སྒྲ་རྣམས་བྲག་ཅར་ལྟོས། །གཉིས་སྣང་ཞིག་པས། འགྲེལ་པར། དབེན་པའི་གནས་སུ་ནི། རྡོ་རྗེ་སེམས་དཔའ་མཚན་དཔེས་སྤྲས་པའི་གཟུགས་བརྙན་ལ་ནི་རབ་ཏུ་དམིགས་ལ་དངོས་པོ་ཆུ་ཟླ་ལྟར། །བཅུ་གཉིས་སྒྱུ་མའི་དཔེ་ཡིས་མཚོན་ཏེ། དེ་ཡང་མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འཁོར་ལོའི་མགོན་པོའི་སྐུ་གསལ་བཏབ། དེ་ཡང་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པ་སྟེ། རྗེ་ལོ་ཙཱ་བའི་སྒྱུ་ལུས་བསྒོམ་པའི་གདམས་ངག་རྒྱས་པ་ལས་བྱུང་བ་ལྟར་མུན་པའི་ཁང་བུ་འམ། སྣང་བ་ཉིད་ལ་སེམས་ཀྱིས་བརྟགས་པས་སོ། །བོགས་འབྱིན་པ་ནི་ཉི་ཟླའི་ཟེར་ལ་བལྟ་བས་ཀྱང་ཡིན་ལ། རེག་མཐོང་གི་མཚན་མ་རྙེད་ནས་སྣང་བ་ཐམས་ཅད་ལ་དེ་ལྟ་བུས་རྒྱས་བཏབ་ཅིང་། སྒྲ་ཐམས་ཅད་བྲག་ཅ་ལྟ་བུའི་སྔགས་དང་། ཡིད་ཀྱི་འཆར་སྒོ་ཐམས་ཅད་གཉིས་མེད་དུ་ཤེས་ན། རྣམ་སྣང་མངོན་བྱང་ལས། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམ་པས་ཐོབ་པར་འགྱུར། །ཞེས་བཤད་པ་ལྟར་འཇའ་ལུས་སུ་འགྱུར་བས། འཇའ་ལུས་ཆོས་ཀྱི་སྐུ་ནི་ཐོབ་པར་འགྱུར། །དེའི་མཚན་ཉིད་ཀྱང་ཀུན་ནས་ཕྱག་དང་ཀུན་ནས་ཞབས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་སྙན་ལྡན་འཇིག་རྟེན་ན། །ཐམས་ཅད་གཡོགས་ཏེ་རྣམ་པར་བཞུགས། །དེ་ནས་དངོས་གྲུབ་བྱ་བ། བསམ་གཏན་ལྡན་པའི་སེམས་ཀྱིས་ཏེ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །གསང་བ་དེ་ཉིད་གསུངས་པ་ཡིན། །འདིར་དེ་ནས་ཞེས་པས་སྒྱུ་ལུས་དེ་མཐར་ཕྱིན་ནས་ཞེས་པའི་དོན་ཡིན་ལ། དངོས་གྲུབ་ནི་རྣམ་མེད་འོད་གསལ་ལོ། །འདི་ལྟ་བུའི་སྒྱུ་ལུས་ལ་ཆོས་སྐུར་གསུངས་པ་ནི། ཀཱ་ཡ་ཚོགས་པ་ཡིན་པས། རྣམ་པ་ཀུན་ལྡན་ཉིད་བཤད་པའོ། །དེ་འོག་མིན་པ་དང་སྐལ་བ་མཉམ་ལ། འོད་གསལ་གྱི་མཐར་འཆར་བ་དེ་ནི་ཁམས་གསུམ་ལས་འདས་པའི་འོག་མིན་པའི་གཟུགས་གཅིག་ཏུ་མ་ཆད་པའོ། །དེའི་ཕྱིར་ཕྱི་མའི་སྒྲུབ་གཞི་རྣམ་མེད་འོག་གསལ་རྟོགས་པ། སྔ་མའི་སྒྲུབ་གཞི་སེམས་རྣམ་པར་དབེན་པ་སྟེ། སེམས་རྣམ་པར་དབེན་པ་མེད་པར་སྣང་བ་སྒྱུ་མར་མི་འགྲོ་བས་སོ། །རྒྱུའི་སྒོ་ནས་འདི་གཉིས་ལ་རླུང་ལས་རླུང་དང་ཉོན་མོངས་རགས་པས་ཁ་བདག་བྱས་པ་དང་། བག་ཆགས་ཙམ་དང་ཡེ་ཤེས་ཀྱི་རླུང་གིས་ཁ་བདག་བྱས་པའི་ཁྱད་པར་ཡོད། འདི་ཡང་སྡོམ་འབྱུང་ལས། འགྲོ་བ་ཆུ་ཡི་ཟླ་བ་བཞིན་དུ་མཐོང་བ་དང་། །ཐོས་པ་བྲག་ཆ་དང་ནི་མཚུངས་པར་ཡང་དག་འཇུག །སེམས་ཀྱང་མྱ་ངམ་སྨིག་རྒྱུ་ལྟ་བུར་བལྟ་བྱ་ཞིང་། །ཞེས་དང་། འོད་གསལ་གྱི་མཐའི་དེ། སྲིད་པའི་རང་བཞིན་བྲལ་ཞིང་བསམ་གྱིས་མི་ཁྱབ་གཟུགས། །རྟག་ཏུ་འཆར་བ། ཞེས་གསུངས་པ་ཡིན་ནོ། །གསུམ་པ་ནི། ཆགས་སྡང་ཀུན་དང་བྲལ། དེ་ལྟར་ཤེས་པས་སྣ་ཚོགས་འཛིན་མེད་སྤྱོད། །མཉམ་རྗེས་ལ་ནི་ཆོས་བརྒྱད་ལས་འདས་མཁའ་བཞིན་སྙོམས་པར་འགྱུར། །འདི་ནི་སྒྱུ་ལུས་དང་པོ་དེའི་ལག་རྗེས་ཏེ། འགྲེལ་པར། དེ་ལྟར་ཤེས་པས་མི་བྱ་བ་མེད་སྔགས་ཟློས་བསྲུང་སོགས་མི་དགོས་དགེ་སློང་སོགས་ལ་ཕྱག་མི་བྱ། དེས་གསེར་དང་བོང་བ། ནམ་མཁའ་དང་ལག་མཐིལ། ཙན་དན་དང་སྟེ་འུར་མཚུངས་པ་འགྲུབ་སྟེ། ཆོས་བརྒྱད་མགོ་བོ་སྙོམས་པའི་ཕྱིར་རོ། །དེ་ནས་སྒྱུ་མ་ཆེན་པོའི་རྩེ་བས་ཀུན་རྫོབ་ཀྱི་སྣང་བ་ཤས་ཇེ་ཆུང་དུ་གཏོང་བ་སྟེ། ཀུན་རྫོབ་ཀྱི་སྒྲིབ་གཡོགས་བསལ་བའི་ཕྱིར། དེ་བསལ་ན་འཚང་ཅི་ལ་མི་རྒྱ་སྟེ། འཚང་རྒྱ་བའི་གེགས་ཐམས་ཅད་ཞི་བས་སོ། །འདི་ལྟ་བུའི་གནད་མ་རིག་པར་སངས་རྒྱས་པ་ན་ཀུན་རྫོབ་ཐམས་ཅད་རོང་ངེར་གཟིགས་པར་འདོད་མཁན་ཚོ་འོ་བརྒྱལ་ལོ། །དེ་ཡང་ཀླུ་སྒྲུབ་ཀྱིས། དམིགས་པ་མེད་པའི་སེམས་སུ་ནི། །གནས་པ་བྱང་ཆུབ་ཉིད་ཡིན་ཏེ། །དེ་ཕྱིར་དམིགས་མེད་སེམས་གོམས་ན། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལམ་འདི་ཕར་ཕྱིན་ལ་བཤད་ཚུལ་གཉིས་ཡོད་པའི་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་གཏན་ལ་ཕབ་པ་སྦས་དོན་མངོན་རྟོགས་བདག་གིས་རྒྱས་པར་བཤད་དོ།། །།གསུམ་པ་རྨི་ལམ་འཁྲུལ་པ་རང་སངས་ལ། དྲན་པའི་ལྕགས་ཀྱུས་འཛིན་པ། བརྗེད་བསྐུལ་གྱིས་སྦྱང་བ། འཕྲིན་ལས་ཀྱིས་སྒྱུ་མར་བྱིན་གྱིས་བརླབ་པ་གསུམ་ལས། དང་པོ་ནི། མཚན་དུས་རྨི་ལམ་འཁྲུལ་པ་རང་སངས་ལ། །སྒོ་གསུམ་འབད་པ་དྲན་པའི་ལྕགས་ཀྱུས་བཟུང་། །སྒྱུ་ལུས་དང་རྨི་ལམ་ལམ་གྱི་གནད་གཅིག ཉིན་དུས་དང་མཚན་མོ་ལམ་ཁྱེར་གྱི་ཆོས་སོ་སོར་ཕྱེ་བས་འདི་དང་མཚན་དུས་བསྲེ་ཞིང་ཞེས་བཤད་ལ། རྨི་ལམ་འཛིན་པའི་གནད་ནི་འདུན་པའོ། །གཉིས་པ་ནི། ཟིན་སྦྱང་། གང་འདོད་དུ་ཟིན་ནས་སྦྱང་བ་ལ་ནན་ཏན་དུ་བྱ་བས། སྦྱང་དང་གོམས་པས་ཞེས་སོ། །ཇི་ལྟར་སྦྱང་བ་ནི། སྤེལ་བསྒྱུར་སྤྲུལ་ཞིང་ཞེས་པ་ཡིན་ལ། གེགས་རྣམས་བསལ་ནི། སད་འབྱམས་ལ་སོགས་པ་བསལ་བའོ། །གསུམ་པ་ནི། ཉི་ཟླ་ཞོན་དང་ཞིང་ཁམས་མཐའ་དག་བགྲོད། །བཟང་ངན་སྒྱུ་མ་ཅིར་སྣང་རང་གྲོལ་འགྱུར། །འཇིག་རྟེན་གྱི་ཁམས་ལྟ་བ་དང་། སངས་རྒྱས་ཀྱི་ཞིང་མྱུལ་ནས་རྫོགས་པའི་སངས་རྒྱས་རྣམས་ལ་ཆོས་ཉན་པའི་ཕྱིར་མངོན་དགའི་འཕོ་བ་བརྩམ་སྟེ། དེས་གང་འདོད་འཕེན་པས་ན། འགྲེལ་པར། གྱེན་དུ་འཕངས་ཏེ་བདེ་གཤེགས་བལྟས་ལ་ཆོས་སོགས་ཉན། །ཞེས་སོ། །རྨི་ལམ་སྣང་བ་ལ་རྩལ་མཆེད་དུ་བཅུག་པ་ཇི་སྐད་བཤད་ཟིན་པ་དེར་འགྱུར་ལ། རྨི་ལམ་གྱི་འཆར་སྒོ་ལ་མ་ཡེངས་པར་འཇོག་ཚུལ་ཕྱི་མས་སྣང་མེད་འོད་གསལ་མངོན་དུ་བྱེད་ཅིང་། འདི་ལ་བསམ་གཏན་གཉིས་དང་བསྲེ་བ་ཞེས་ཀྱང་བྱའོ། །སྣང་མེད་དུ་གྱུར་པ་མཐར་ཕྱིན་པས་རྡོ་རྗེ་འཆང་ཆེན་པོར་འགྱུར་བས། མཐར་ཕྱིན་ས་བཅུ་ནོན་ནས་བདེ་ཆེན་འཐོབ། །ཞེས་སོ། །དེས། བྱ་བ་ཀུན་ལས་གང་གྱུར་དང་། །རྣམ་པ་སྣ་ཚོགས་གང་དག་ཀྱང་། །ཐམས་ཅད་རྨི་ལམ་དག་ཏུ་སྟོན། །འདི་མདོ་ལས་བསྟན་ཚུལ། མངོན་རྟོགས་རྒྱན་དུ། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་བལྟ་ལ་སོགས། །ཞེས་པས་མདོ་ཙམ་བསྟན་ནོ།། །།བཞི་པ། འོད་གསལ་མ་རིག་མུན་བྲལ་ལ། །གནད་ལ་བརྟེན་ནས་སེམས་མལ་དུ་འཇུག་པ། ཏིང་ངེ་འཛིན་གྱིས་འོད་གསལ་མ་བུ་བསྲེ་བ། ལམ་ཁྱེར་གྱི་རྩལ་གྱིས་མཐར་ཕྱིན་པར་བྱ་བ་གསུམ་ལས། དང་པོ་ནི། ཁྱད་པར་འོད་གསལ་མ་རིག་མུན་བྲལ་ལ། །ལུས་གནད་ཐབས་ལྡན། གཉིས་དུས་ལ་རྟོགས་པ་དང་ཉམས་ཀྱི་འོད་གསལ་གཉིས་སུ་བཞག་པའི་དང་པོ་སྟོན་པས་ཁྱད་པར། ལུས་གནད་སྙིང་གར་རླུང་འཆིང་བའི་ཀ་ར་ཎ་སྟེ། རྡོ་རྗེ་མཁའ་འགྲོར། དེས་ན་ལུས་དང་དགེ་སེམས་རྣམས། །བརྟན་པར་བྱས་ན་བྱང་ཆུབ་འཐོབ། །ཅེས་པས་སོ། །ཐབས་ནི། དབང་གསུམ་པའི་དུས་སམ། རྟེན་ཅན་གྱི་བཞི་པ་བསྐུར་བའི་དུས་སུ་མངོན་པར་བྱང་ཆུབ་ལ་ལེགས་པར་གཏན་ལ་ཕབ་པའོ། །གཉིས་པ་ནི། ཏིང་འཛིན་བཞི་ལ་སྦྱར། ཏིང་ངེ་འཛིན་ལམ་གོམས་པའི་འོད་གསལ་གཉིད་དེ་སྣང་བ་གསུམ་གྱི་རིམ་པས་བཞི་པ་ཐམས་ཅད་སྟོང་པ་འོད་གསལ་དུ་ཐིམ་པའི་འོད་གསལ་དེ་ལ་སྦྱར་བས་མ་བུ་བསྲེ་བ་ཞེས་པའི་དོན་ཏེ། གཉིད་དང་རྨི་ལམ་ཞེས་པས་སོ། །རྣམ་རྟོག་བར་ནས་གཟུང་། །ཞེས་པས་དེ་བཞིན་ཉིན་མོའི་འོད་གསལ་ཡང་ཤེས་པར་བྱའོ། །དེའི་བར་དུ་གང་གིས་འཛིན་པ་ནི། ཐིག་ལེར་གུས་ལྡན་དུག་གསུམ་འཛིན་མེད་ལྟོས། །ཐིག་ལེ་གུས་ལྡན་ནི་སྙིང་གའི་མི་ཤིགས་པའི་ཐིག་ལེ་ཧཱུྃ་ཡིག་ཏུ་བཤད་པ་དེ་ཡིན་པས། རང་སྔགས་ཧཱུྃ་ལ་སོགས་པས་ཕྱེ། །དེ་རྣམས་འབད་དེ་ཕྱག་བྱས་ན། །སངས་རྒྱས་ལ་སོགས་ཐམས་ཅད་མཆོད། །རྟག་པ་ཉིད་དུ་དཔའ་ཆེན་དང་། །རོལ་པར་ལྡན་པ་ཐེ་ཚོམ་མེད། །དེ་ཡི་ཐུགས་ཀར་གནས་ཕག་མོ། །ང་དང་དཔའ་བོ་རྣལ་འབྱོར་མ། །ཕོ་ཉ་རྣམས་དང་ལྷན་ཅིག་བཅས། །དེ་དང་གང་ཞིག་ལེགས་སྐྱེས་པ། །སྲོག་ཆགས་བསོད་ནམས་མཐོང་བ་ཡིན། །ཞེས་པ་སྙིང་གའི་ཧཱུྃ་ཡིག་ནི་གཙོ་བོ་ཡབ་ཡུམ། ཨ་ནུ་ཏ་ར་ནི་སངས་རྒྱས་བཞི་དང་ཡུམ་བཞི། འབད་དེ་ཕྱག་བྱས་ནས་ཞེས་པ། རང་གི་རིག་པའི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་པའོ། །འདི་རྒྱས་བཤད་རྡོ་རྗེ་མཁའ་འགྲོར། ལྟེ་བ་པདྨ་ཞེས་བྱ་སྟེ། །བསམ་པ་བསྒོམ་པར་བྱ་བ་ཡིན། །སངས་རྒྱས་སྐུ་དངོས་སེམས་དཔའ་ནི། །རྣམ་ཤེས་ཧཱུྃ་གི་གཟུགས་ཉིད་དོ། །ཡི་གེ་ཉིད་ནི་མཁའ་འགྲོ་མ། །སྒྲ་ཡི་གཟུགས་ཀྱི་གནས་པར་བསྒོམ། །ཡི་གེ་ཉིད་ནི་ཨ་ཐུང་ངོ་། །སྒྲ་ཡི་གཟུགས་ཞེས་པའི་སྒྲའི་སྐད་དོད་ནཱ་ད། གཟུགས་ཀྱི་སྐད་དོད་རཱུ་པ་དང་པོའི་ཐོག་མ་ན་བཞག །སྲོག་གི་ཨཱ་ཕྱིས། ཕྱི་མའི་ཐོག་མར་ཕྱིས། ཨཱུ་རིང་པོ་བཞག དུས་ཀྱི་འཁོར་ལོར། ངེས་པའི་ཚིག་ལ་ཡི་གེ་ཉམས་ལ་ཡོད་དེ་ཞེས་པས་ཨུ་དེ་ཐུང་ངུར་བཏང་ནས་མཚམས་སྦྱར་བས་ནུ། དེའི་ཕྱིར་སྒྲའི་གཟུགས་རྣམ་ཤེས་སམ་སྟོང་པའི་ཁམས། དེའི་འཕྲོས་སུ་སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །མགོ་དང་ཐིག་ལེ་རྣམ་སྤངས་ལ། །ཞེས་པའི་མགོ་སྤངས་པ་ཏི་ལ་ཀའི་དང་པོ་ཏིའི་ཨི་ཕྱིས་པ། ཐིག་ལེ་སྤངས་པ། རཾ་གི་རྗེས་སུ་ང་རོ་སྤངས་པས་ཕྱི་མ་གཉིས་སྲོག་མེད། མེ་ཆུ་སྟེ་སྣང་བ་དམར་དཀར་གྱི་ངོ་བོ། དེ་བས་དེ་ཉིད་དུ། གཅིག་པུ་ཉིད་ནི་ལྷག་པའི་ལྷ། །རང་གི་དབུས་གནས་རྡོ་རྗེ་ཅན། །ཡི་གེ་རྣམས་ཀྱིས་ཡོངས་སུ་བསྐོར། །དེ་ཁོ་ན་ཉིད་ཀྱི་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཞེས་བྱ་བ་ལ་ཡེ་ཤེས་ཀྱི་ཡུལ་གྱི་སྤྱོད་ཡུལ་ཡོངས་སུ་ཤེས་པའོ། །ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་ཀུན་ནས་ཡེ་ཤེས་ཏེ། དེ་ཉིད་ཀྱི་བདག་ཉིད་སངས་རྒྱས་ཐམས་ཅད་དོ། །བདག་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་སྟེ། ཀུན་རྫོབ་ཡོངས་སུ་ཤེས་པ་ན་སངས་རྒྱས་ཉིད་དོ། །དེ་ཉིད་ཀྱིས་སངས་རྒྱས་དང་རྡོ་རྗེ་འཛིན་པར་གྲུབ་བོ། །ཐབས་གང་གིས་ཤེ་ན། དེ་ཁོ་ན་ཉིད་ཀྱི་སྣང་བ་ཞེས་པའི་བར་དུའོ། །ཞེས་འོད་གསལ་རྟོགས་བྱེད་ཀྱི་ཐབས་དམ་པར་བཤད་ལ། འདི་ལྟ་བུ་རྒྱས་པར་བཤད་དགོས་པ་ནི། ཙོང་ཁ་པ་ཆེན་པོ་ལྟ་བུའི་དཔྱོད་ལྡན་ཡང་། ཨ་ནུ་ཏ་ར་ཧཱུཾ་སྒོམ་པའི་ཤེས་བྱེད་གཉིས་མེད་རྣམ་རྒྱལ་ཆེན་པོ་ལས་གཞན་མ་མཐོང་། དེ་ནི་རྒྱུད་རྣམ་དག་མ་ཡིན་སྙམ་ནས་བླ་མ་གོང་མའི་ལུང་ལ་དེ་སྒོམ་པ་ཡོད་པ་བཞག་ནས་རང་གི་མན་ངག་ཏུ་རྣམ་གཞག་གཞན་འཆད་ཀྱིན་འདུག་པས། རྨོངས་པ་དེ་ལྟ་བུ་སེལ་བའི་ཕྱིར་དུའོ། །དུག་གསུམ་འཛིན་མེད་ལྟོས་ནི་ཉིན་མོའི་ལམ་ཁྱེར་རོ། །འདི་ལ་འགྲེལ་པར། རྨི་ལམ་མེད་དུས་གནད་དང་ལྡན་པས་འདོད་ཆགས་ལ་སོགས་བརྒྱད་ཅུ་འགགས་ནས་སྣང་བ་གསུམ་འདས་ཏེ། །ཞེས་གསུངས་པའི་དུས་གནད་དེར། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ། ཞེ་སྡང་གི་སུམ་ཅུ་རྩ་གསུམ། གཏི་མུག་གི་བདུན་ཏེ་རང་བཞིན་སྣང་བ་བརྒྱད་ཅུ་མེད། དེའི་ས་བོན་སྣང་བ་གསུམ་ཡོད་པ་ཡིན་པས་དེ་ཐིམ་པ་འོད་གསལ་རྟོགས་པ་ལ་དེ་འདག་དགོས་པས་ན། དེའི་དབང་དུ་བྱས་ན་སྤངས་ལ་གཞན་དུ་དེ་དང་དེ་མངོན་འགྱུར་དུ་མི་སྣང་བ་ལ་ཐིམ་པའི་ཐ་སྙད་བྱས་སོ། །བརྒྱད་ཅུ་སྣང་གསུམ་ནས་དབང་ཤེས་སུ་ལངས་པའི་གཟུང་བ་དང་འཛིན་པའི་ཉོན་མོངས་པ་ལ་བཞག་པ་འདུས་པ་འཕགས་ལུགས་ན་ཤིན་ཏུ་གསལ་བའི་ཕྱིར་རོ། །འདི་ན་དབང་ཤེས་ཀྱི་འཇུག་པ་མེད་པས་དེ་དག་འབྱུང་བའི་སྐབས་མི་སྲིད། དེས་ན་སྤང་བྱ་སྤོང་བ་ཡང་ས་བོན་སྤོང་བ་ལ་སྤངས་པ། ཀུན་ནས་དཀྲིས་པ་དང་སྤོང་བ་གཉེན་པོ་ལྷན་ཅིག་གནས་པ་མི་སྲིད་དོ་ཞེས་མཚན་ཉིད་ཐེག་པར་དང་། རྡོ་རྗེ་ཐེག་པར་སྤང་བྱ་དང་སྤོང་བྱེད་རོ་མཉམ་དུ་བཤད་པ་རང་ཉིད་རང་སྟོང་དུ་ཁྱེར་བའི་གནད་ཀས་སོ། །དེ་བས་ན་སྣང་གསུམ་དུ། འདི་ནི་སྣང་བའི་དུས། འདི་ནི་མཆེད་པ་དང་ཐོབ་པ་ཞེས་ངེས་པ་ནི་རྟོག་པའི་ལས་ཀ་ཉིད་དུ་ཟད་པས། དེ་འདྲས་འོད་གསལ་རྟོགས་མི་ནུས་པས་འཛིན་མེད་དུ་གཞག་པ་ཞེས་གསུངས། ཡུལ་དེ་དང་དེ་ཤར་བ་ནི་ཀུན་རྫོབ་པའི་གཤིས་ལུགས་རྣལ་འབྱོར་པའི་ངོར་དབུགས་ཐིམ་རིམ་གྱི་དུས་ནས་སྣང་མེད་འོད་གསལ་དུ་ཞུགས་སོ། །དེས་ན་དེ་ལ་འོད་གསལ་བུ། འོད་གསལ་མཚན་ཉིད་པ་དངོས་ཡིན་ཀྱང་བསྒོམས་སྟོབས་ལས་བྱུང་བས་དེ་སྐད་བཏགས། དེ་འོད་གསལ་མ་ཤར་བ་དང་འདྲེ། འདྲེ་ཚུལ་ཡང་། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུའོ། །ཞེས་གསུངས་པ་ཉིད་དོ། །འོད་གསལ་གྱི་དུས་སྣང་བ་གསུམ་དག་ཚར་ནས་འོད་གསལ་ལས་ལངས་དུས་སྣང་གསུམ་རྒྱུར་བཤད་པ་ནི་སྣང་གསུམ་དངོས་མ་ཡིན། དེའི་བག་ཆགས་ཡིན་ཏེ། བག་ཆགས་ནི་གླ་རྩི་དངོས་མེད་ཀྱང་དེ་དང་འགྲོགས་པའི་སྣོད་དུ་དེའི་མནམ་པ་བཞིན་ནོ། །དེ་བས་འཕགས་པ་ས་བཅུ་ལ་གནས་པ་རྣམས་ལ་མ་རིག་བག་ཆགས་ཀྱི་ས་པ་ཟེར། ཞིབ་མོར་དཔྱད་ན་དག་གིས་གཟིགས་པའི་འོད་གསལ་ཡང་ཤེས་བྱའི་སྒྲིབ་པ་དང་བཅས་པས་ན་རྣམ་གྲངས་པའི་དོན་དམ་མོ། །དེ་བས་སྦྱང་གཞི་སྦྱོང་བྱེད་ཅིག་ད་དུང་བྱུང་བས་སློབ་ས། སངས་རྒྱས་པ་ནི་མི་སློབ་པ་ཡིན་པས། དེའི་དབང་དུ་མཛད་ནས། གསལ་སྟོང་འཛིན་བྲལ་ལྷན་སྐྱེས་ཡེ་ཤེས་ཏེ། །བརྗོད་དུ་མེད་པའི་འོད་གསལ་རྒྱུན་མི་འཆད། །འདིར་གསལ་སྟོང་འཛིན་བྲལ་ཞེས་པའི་དོན། དཔེར་ན་གཟུགས་སུ་སྣང་ཡང་། དེ་རང་གཞན་གཉིས་ཀྱིས་སྟོང་པ་དང་། དེའི་རྣམ་པ་ནི་གཟུགས་སོགས་སྟོང་པ་དང་མི་སྟོང་པའི་ཐ་སྙད་ལས་འདས་པ་ལ་བྱས་ནས། དེ་མཁྱེན་པ་རྣམ་མཁྱེན། དེས་ན་གསལ་སྟོང་སོགས་དང་། དེའི་རྣམ་པ་ལ་བདག་བཟློག་དང་ལྟ་བ་ཀུན་བཟློག་གི་ཁྱད་ཡིན་པས། འདིར་ཕྱི་མའོ། དེ་སངས་རྒྱས་ཁོ་ནས་གཟིགས་ལ། དེ་བཞིན་གཞི་ཡང་དེའི་གཟིགས་པས་འཇོག ལམ་དབུ་མ་ཡང་དེའི་གཟིགས་པས་དབྱེ། དེས་ན་བདག་ཅག་གི་ཁས་ལེན་དང་བྲལ་ལོ་ཞེས་པ་ཙམ་ལས་སྨྲ་མ་ནུས་སོ། །འདི་འགྲེལ་པར་རྒྱུན་མི་འཆད་པའི་འོད་གསལ་ཆེན་པོ་ཞེས་པས་བསྟན་པ་དེའོ། །གསུམ་པ་ནི། རིམ་པ་བཞི་དང་ཉིན་མཚན་བསྲེ་ཞིང་བསྒོམ། །དེ་ཡང་། འགྲེལ་པར། ས་བཅུར་གྱུར་པ་ཞེས་པ། འོད་གསལ་མངོན་སུམ་དུ་རྟོགས་ཀྱང་རྗེས་ཤེས་ཐམས་ཅད་མ་ཟད་མཉམ་པར་གཞག་པའི་ངོ་ལ་ཁྱད་མེད་ཀྱང་རྗེས་ཤེས་ཡུན་རིང་ཐུང་གིས་དེ་དག་ཏུ་དབྱེ་བས་དེ་རྒྱུན་ཇེ་ཐུང་དུ་འགྲོ་བའོ། །ས་བརྒྱད་པ་ནས་ཕྱིར་ཆད་ཀྱི་རྣམ་པ་ལྟ་བུའི་རྗེས་ཐོབ་ཟད་ཀྱང་ནང་ཏིང་ངེ་འཛིན་གྱི་འཆར་སྒོ་མང་པོ་ཡོད་པས་དེ་དག་དེའི་རྗེས་ཐོབ་སྟེ། ཏིང་ངེ་འཛིན་གྱི་འགྱུར་བའང་གནས་ལུགས་ལས་གཡོས་པའོ། །སངས་རྒྱས་པ་ན་ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་རྐྱེན་གྱིས་ཅིར་ཡང་འཆར་ལ། འཆར་དུས་སུ་ཡང་རང་ཚུལ་ལས་གཡོས་པ་མེད་པའོ། །དེས་ན་རྗེས་ཤེས་དེ་ཤར་བ་ལ་འོད་གསལ་ལས་སྒྱུ་ལུས་སུ་ལངས་པ་ཞེས་ཟེར་ཞིང་། དེ་སྦྱངས་ནས་མེད་པར་གཏོང་བ་ལ་རིལ་འཛིན་ནམ་རྗེས་གཞིག་གི་རྣལ་འབྱོར་གཉིས་བཤད། དེས་ཡང་དང་ཡང་དུ་འོད་གསལ་དང་བསྲེས་པས་དེ་ཤས་ཇེ་ཆུང་དུ་འགྲོ་བ་ཡིན་ལ། མ་རྟོགས་སྦྱང་ཞིང་ཕྱག་རྒྱ་ཆེན་པོར་བལྟ། །གལ་ཏེ་ཐམས་ཅད་ལྷག་མ་མེད་པར་བྱེད་མ་ནུས་པའམ། སྟེང་སྒོའི་རྣལ་འབྱོར་ལ་སློབ་དུས་འོད་གསལ་མངོན་སུམ་དུ་བྱེད་མ་ནུས་ན་དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོས་དེ་གཏན་ལ་ཕེབས་ལ། འདིར་ཕེབས་ན་ལམ་ལྷག་མ་མི་དགོས། བགྲོད་བྱ་མཐར་ཐུག་བགྲོད་ཟིན་པའི་ཕྱིར། ས་བཅུ་ཡང་། འབབ་ཆུའི་འགྲམ་དང་རྒྱ་མཚོ་དང་། །རི་བོ་དང་ནི་བཞི་མདོ་དང་། །ལྟེང་ཀ་དང་ནི་ཁྲོན་མཚེའུ། །ཁང་སྟོང་དང་ནི་ལམ་སྲང་དག །ཐམས་ཅད་དུ་ནི་མཁའ་འགྲོ་མ། །ཀུན་ཏུ་ཞེན་པར་བལྟ་ལ་གནས། །ཞེས་ས་དགུ་དང་། འཇིགས་པ་ཆེན་པོ་དུར་ཁྲོད་དུ། །མཁའ་སྤྱོད་དེ་བཞིན་ས་འོག་དང་། །རོ་ལངས་ཀྱང་ནི་དུ་མ་ཞིག །འཇིགས་པའི་གཟུགས་དང་སྟོབས་ཆེན་པོ། །དེ་དང་ལྷན་ཅིག་དཔའ་བོ་ཆེ། །ཅི་བདེ་བར་ནི་རོལ་པར་མཛད། །རི་སུལ་ཚང་ཚིང་གསང་བ་དང་། །རྣལ་འབྱོར་མ་དང་གསང་བའི་མི། །ཕྱོགས་ནི་དེ་དང་དེ་དག་ཏུ། །སྒྲུབ་པ་པོ་དང་ས་སྟེང་རོལ། །ཞེས་པས་གསུམ་སྟེ་བཅུ་གཉིས་སོ། །འདི་སྙིང་པོའི་དོན་སྟོང་ཉིད་སྟོན་པའི་དབུ་མ་པའི་ལུང་གིས་དགག་ཕྱོགས་ནས་གཙོ་བོར་བཤད་དོ།། །།ལྔ་པ་འཕོ་བ་གསེར་འགྱུར་གྱི་རྩི་ལ་སྔོན་དུ་འགྲོ་བ་དུས་སྒོའི་གནད། དངོས་གཞི་འཕོ་བའི་རྣལ་འབྱོར། རྗེས་འཕོ་སས་འབྲས་བུ་བཤད་པ་གསུམ་ལས། དང་པོ་ནི། འཕོ་བ་གསེར་འགྱུར་མ་བསྒོམས་སངས་རྒྱས་ནི། །འཆི་ལྟས་ཤར་ཚེ། ལྕགས་ངན་པ་གསེར་དུ་བསྒྱུར་བའི་རྩི་ལྟ་བུ། འཕོ་བས་རྣལ་འབྱོར་པ་དང་གང་འདོད་པའི་རྟེན་སྒྲུབ་པར་བྱེད་པས་དང་། མ་བསྒོམ་འཚང་རྒྱ་ཞེས་པ་ནི། སྦྱངས་པ་ཡོད་ལ་མཐར་མ་ཕྱིན་པའི་གང་ཟག་ལ་དགོངས་ཤིང་། དེའི་ཕྱིར་འཕོ་བ་ལ་བཙན་ཐབས་ཀྱི་ལམ་ཞེས་ཀྱང་གསུང་ངོ་། །འཆི་ལྟས་ཤར་ཚེ་ནི། རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་ལས་རྒྱས་པར་བཤད་ལ། སྡོམ་འབྱུང་ལས། །དུས་ལ་བབ་ན་འཕོ་བྱ་ཡི། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ལྷ་རྣམས་བསད་པ་ཙམ་གྱིས་ནི། །མི་ནི་དམྱལ་བར་འཚེད་པར་འགྱུར། །དེ་བཞིན་མཁས་པས་འཆི་བ་ཡི། །མཚན་ཉིད་ཡང་དག་ཤེས་པར་བྱ། །ཞེས་སོ། །དགའ་ཞིང་ཞེས་པ། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་དཔལ་སོགས་རྣལ་འབྱོར་མ། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུ་ཡི་མཆོད་པ་ཡིས། །ཞེས་པའི་དབང་དུ་མཛད་དོ། །ཞེན་པ་གཏང་། ཚེ་འདིའི་འཁྲི་བ་བཅད་ལ། སྒོ་དགུ། སྡོམ་འབྱུང་ལས། ལྟེ་བ་འདོད་ཁམས་བདེ་འགྲོ་སྟེ། །ཐིག་ལེ་ལས་ནི་གཟུགས་ཅན་ལུས། །སྟེང་ནས་གཟུགས་མེད་ཁམས་སུ་སྟེ། །དེ་ནི་བདེ་བར་འགྲོ་བྱེད་པའོ། །འདིར་ཚངས་བུག་ནས་འཕོས་པ་ལ་ཡང་། དང་པོས་གཟུགས་མེད་དང་། ཕྱི་མས་དབུ་མ་སྦྱངས་པའི་གནད་གྱིས་ཐར་པར་འགྲོ་བར་བཤད་ལ། སྣ་ནས་གནོད་སྦྱིན་རྣམས་སུ་འགྱུར། །རྣ་བ་ལས་ནི་མིའམ་ཅི། །ལྷ་མོ་གལ་ཏེ་མིག་ལས་ནི། །མི་ཡི་རྒྱལ་པོར་འགྱུར་བ་ཡིན། །ཁ་ཡི་སྒོ་ལ་ཡི་དྭགས་རྣམས། །གཅི་ལས་དེ་བཞིན་དུད་འགྲོའོ། །བཤང་ལམ་ལས་ནི་དམྱལ་བར་འགྲོ། །ཞེས་སོ། །གཉིས་པ་ནི། བཀག་ལ་རྫས་དང་སྨོན་ལམ་བརྒྱན། །འདིས་བཙན་ཐབས་ཀྱི་འཕོ་བ་བསྟན་ནོ། །ཧཱུཾ་དང་རླུང་སེམས་དབྱེར་མེད་དྷཱུ་ཏཱིར་དྲངས། །ཀྵ་ཡིག་བསལ་ལ་ཚངས་པའི་ལམ་ནས་འཕང་། །སྦྱངས་ཏེ་འཕོ་བའོ། །སྡོམ་འབྱུང་ལས། གཞན་ཡང་ཕ་རོལ་བགྲོད་པ་ལ། །ཨཱ་ལི་ཀཱ་ལི་མཉམ་ལྡན་པ། །མཁས་པ་ཡིས་ནི་སྦྱར་བར་བྱ། །སྙིང་གར་ཡི་གེ་ཧཱུྃ་སྦྱར་ཏེ། །ཡི་གེ་ཕྱེད་དང་གཉིས་པོ་ནི། །འོག་དང་སྟེང་དུ་གཞག་པར་བྱ། །དེ་ཡི་འོག་གི་ཆར་རླུང་གི །ས་བོན་འོག་ཏུ་བལྟས་པའོ། །རླུང་གི་ས་བོན་གཉིས་བྱས་ཏེ། །རྣལ་འབྱོར་ལྡན་པས་ཁ་སྦྱར་བྱ། །ཉི་ཤུ་རྩ་གཅིག་རིམ་པ་ཡིས། །ཡི་གེ་ཕྱེད་དང་གཉིས་སྔགས་བརྗོད། །རྣམ་ཤེས་བཞོན་པ་རླུང་ཡིན་ཏེ། །ཞེས་པའོ། །གསུམ་པ་ནི། ཆོས་སྐུ་བླ་མ་རྒྱལ་བའི་ཞིང་དུ་འཕོ། །འགྲེལ་པར། ལམ་མ་བགྲོད་ན་རྣམ་ཤེས་གོང་དུ་འཕོ། འཆི་བ་ཞེས་བྱའི་རྣམ་རྟོག་འདིས། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཚེ་འདིར་ལམ་མཐར་མ་ཐུག་ན་འཕོ་བ་ཙམ་སྟེ། འཆི་དུས་དང་། བར་དོ་ལ་སོགས་པར་སྐྱེལ་མ་འཁྲིད་པ་ལྟ་བུའོ། །སྡོམ་འབྱུང་ལས། དེའི་འབྲས་བུ། གང་དང་གང་དུ་བགྲོད་པ་ཡི། །རླུང་གི་སྒོར་ནི་བསམས་བྱས་ན། །གྲོལ་བའི་དངོས་གྲུབ་སྟེར་བྱེད་པའོ། །འདི་ཕར་ཕྱིན་ལས་གོང་དུ་འཕོ་བ་ཞེས་མདོ་ཙམ་བསྟན་ནོ།། །།དྲུག་པ་གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་ལ། དེ་འགྲུབ་པ་ལ་རླུང་སེམས་ལ་དབང་ཐོབ་དགོས་པ། རྣལ་འབྱོར་དངོས། འབྲས་བུ་གསུམ། དང་པོ་ནི། ལྷག་པར་གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་ནི། རླུང་སེམས་དབང་ཐོབ་བསྐྱེད་རྫོགས་བརྟན་པ་ཡིས། །སྦྲུལ་ལྤགས་པ་བརྗེ་བ་དང་འདྲ་བས་སྦྲུལ་ལྤགས་འདོར་ལེན། འཕོ་བའི་ནང་ནས་ཆེས་ངོ་མཚར་བས་ལྷག་པར་ཞེས་གསུངས་སོ། །རླུང་ལ་དབང་ཐོབ་པ་རྗེ་བཙུན་གྱིས་ཕ་བོང་ཞོན་ནས་བརྒྱུགས་པ་ལྟ་བུ། བསྐྱེད་རིམ་ལ་བརྟན་པ་ཐོབ་ན་ལྷ་བསྒོམས་པ་གཞན་ལ་སྟོན་ནུས་པས་དང་། རྫོགས་རིམ་ལ་བརྟན་པ་ཐོབ་པ་སྣང་བ་སྒྱུ་མའི་རོལ་མོར་ཤར་བས་ཏེ། འགྲེལ་པར། སྣ་ཚོགས་དོན་ཆེན་མཐོང་ནས་ཞེས། གཉིས་པ་ནི། སྐྱོན་མེད་རོ་ལ་རྣམ་ཤེས་ཡིག་འབྲུ་འཕང་། །དུས་ཡུལ་རྫས་དང་གྲོགས་གནད་མངོན་དུ་འགྱུར། །འཇུག་ཡུལ་གྱི་གནད། འཇུག་དུས་ཀྱི་གནད། འཇུག་བྱེད་རྫས་ཀྱི་གནད། མཐུན་རྐྱེན་གྲོགས་ཀྱི་གནད། དེ་ཡང་། གཟུགས་ནི་གནོན་པའི་ཆོ་ག་སྟེ། །ཕན་ཚུན་སྦྱར་བའི་གསང་སྔགས་གང་། །མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། །བཟའ་བ་ཟོས་མིད་དེ་ནས་ནི། །བཟླས་པའི་མཐར་ནི་སྐྱུག་པར་བྱ། །མཚན་མོ་བདུན་ནི་རྫོགས་པ་དང་། །བཟའ་དང་བཏུང་བ་དག་ལ་སྦྱར། །འདིས་ནི་ཇི་སྲིད་འཚོ་ཡི་བར། །དབང་དུ་འགྲོ་བར་ཐེ་ཚོམ་མེད། །གཟུགས་གནོན་པ་ཞེས་པ་རྒ་ཤི་ཟིལ་གྱིས་གནོན་པ་དང་། ཕན་ཚུན་སྦྱར་བའི་གསང་སྔགས་ཧཱུྃ་དང་། མཁའ་འགྲོ་མ་ལ་སྦྱར་བ་སྦྱང་བ་དང་། བཟའ་བ་ཟོས་མིད་སད་པ་དང་། །གོམས་རྟགས་འཐོན་ནས་སྐྱུག་པར་བྱ། གྲོང་གཞན་ལ་འཇུག་པ་ལས་ལ་སྦྱར་བ་དང་། ཞུགས་པ་མཚན་མོ་བདུན་གྱིས་བརྟན་པར་གྱུར་པ་དང་། དེ་ནས་བྱ་སྤྱོད་ལ་འཇུག་པ་དང་། གསུམ་པ་ནི། ཐེ་ཚོམ་བྲལ་བའི་སྐྱེས་བུས་གཞན་དོན་སྤྱོད། །འདིས་ནི་ཇི་སྲིད་འཚོ་གང་འདོད་ཀྱི་བར་དུ་གནས་པའོ། །དེ་ཡང་འགྲེལ་པར། ཤེས་པ་པོ་སྟེ། རིམ་པ་གཉིས་ལྡན་འཇུག་ཕྱིར་གཞན་གྱི་མི་འགྱུར་རོ། །འདི་ཡང་མདོར། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་གཞན་དུ་ཕྱིན་ཏེ། ལམ་ལྷག་མ་སྦྱོང་བར་བྱེད་པའི་དགོངས་པས་མདོ་ཙམ་བསྟན་ནོ།། །།གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་མཁའ་འགྲོའི་གསང་སྒྲོག་བདེ་བ་ཆེན་པོ་ལ། བསྟེན་བྱ་ཕྱག་རྒྱའི་རྣམ་དབྱེ། བསྟེན་ཚུལ་མཁའ་འགྲོའི་གསང་སྒྲོག བསྟེན་འབྲས་བདེ་ཆེན་གྱི་འཆར་རིམ་བཤད་པ་དང་གསུམ་ལས། དང་པོ་ནི། མཁའ་འགྲོའི་གསང་སྒྲོག་བདེ་བ་ཆེན་པོ་ནི། །བཅུ་གཅིག་ཉེར་ལྔའི་བར་གྱི་རིག་མ་དག །རྡོ་རྗེ་མཁའ་འགྲོར། ལོ་བཅུ་གཅིག་མན་ནས་བརྩམས་ཏེ་ཉི་ཤུ་རྩ་ལྔའི་བར་དུའོ་ཞེས་པ་དམར་ཆ་ལེན་པའི་དབང་དུ་མཛད་ལ། བདེ་བ་སྦྱང་བ་ཙམ་ལ་མ་ངེས་སོ། །པདྨ་རི་དྭགས་དུང་ཅན་ལ་སོགས་པ། །ཕྱག་རྒྱ་མཚན་ལྡན། དེ་དག་ཀྱང་ཉེར་གནས་ཀྱི་རྩ་ལས་ཕྱེ་བས། རྡོ་རྗེ་མཁའ་འགྲོར། རྩུབ་ཅེས་བྱ་བ་ནི་བ་ལང་གི་ལྕེ་ལྟར་རྩུབ་པའོ། །འཇམ་པ་ནི་པདྨ་ཅན་ཞེས་བྱ་བའོ། །མཁྲང་བ་ནི་ཁུ་བ་སྲ་བ་སྟེ། གང་གི་ཁུ་བ་འཐས་པར་གྱུར་པའོ། །འཛེར་པ་ཅན་ནི་དུང་ཅན་མ་སྟེ། པདྨ་ལ་ཤ་འཛེར་ཡོད་པའོ། །བུད་མེད་འདི་དག་ནི་བཅུད་འཆིང་བ་ལ་དབང་དུ་འགྱུར་རོ། །ཞེས་པའི་དང་པོ་གླང་ཅན། གསུམ་པ་རི་མོ་ཅན། ཡང་སྤུ་མེད་པ་དང་། ཤ་ཆེ་བ་དང་། རུས་སྦལ་གྱི་རྒྱབ་ལྟར་མཐོ་བ་དང་། གླང་པོ་ཆེའི་ཟེ་བ་ལྟར་མཁྲང་བ་དང་། སྐྱེ་གནས་ཡངས་པ་དང་། ཁྲག་དང་ཁུ་བ་རྟག་ཏུ་འཛག་པ་སྟེ། དྲུག་པོ་དེ་དག་ནི་སྐལ་བཟང་མ་སྟེ་སུ་བྷ་ག་ཡིན་པས། དེ་དག་གིས་སྒྲུབ་པ་པོ་ལ་མཆོག་སྟེར་བ་ཡིན་ནོ། །ཞེས་དང་། ཕྱི་དབྱིབས། སྡོམ་འབྱུང་ལས། པདྨ་ནཱི་ཡི་མཚན་ཉིད་བཤད། །བཞིན་ནི་དཀྱིལ་འཁོར་ལྟ་བུ་སྟེ། །སྣ་ནི་ཏིལ་གྱི་མེ་ཏོག་མཚུངས། །སེན་མོ་ཟངས་འདྲ་རུས་སྦལ་རྒྱབ། །རྐང་པའི་མཐིལ་ནི་མཉམ་པར་གནས། །ནུ་མ་ཏ་ལའི་འབྲས་བུ་བཞིན། །དེ་བཞིན་ཁ་སྤུ་འཁྱིལ་བ་དང་། །ཁྲེམ་གཉེར་གསུམ་ཅན་སྐྱེ་གནས་མཆོག །དེ་ཡི་བྲང་ཡང་ཤིན་ཏུ་མཛེས། །གླང་ཆེན་མྱོས་པ་ལྟ་བུའི་འགྲོས། །པདྨའི་དྲི་ཅན་ངང་པའི་དབྱངས། །རེག་བྱ་པདྨ་ལྟ་བུ་སྟེ། །ཞེས་དང་། ཆང་གི་དྲི་ལྡན་བྱིན་པ་སྦོམ། །སྣ་ཡོ་ཁ་སྤུ་འཁྱིལ་བ་དང་། །འདོད་པས་མྱོས་ཤིང་སྲེད་པ་དང་། །ལུས་ནི་སྦོམ་ཞིང་མི་བསྲུན་པ། །བཞད་ཀྱི་ང་རོ་ཧསྟི་ནཱི། །ཆུ་དང་རོལ་མོར་མངོན་དགའ་དང་། །ཤངྑ་ནཱི་ཡང་བཤད་བྱ་སྟེ། །སྐྲ་རིང་སྣ་ཡང་རིང་བ་སྟེ། །ཧ་ཅང་སྐེམ་མིན་སྦོམ་པའང་མིན། །ནུ་མ་ན་རང་ཀ་འབྲས་མཚུངས། །ཞོ་དང་འོ་མའི་སྟོན་མོར་དགའ། །བོང་བུ་ཡི་ནི་དྲི་ལྡན་དང་། །བ་ལང་ལྕེ་ལྟར་རྩུབ་པ་སྟེ། །བྱ་རོག་སྒྲ་ཅན་ཤངྑ་ནཱི། །ལུས་ཐུང་དེ་བཞིན་བྲང་ཡང་མཛེས། །ནུ་མ་དཔལ་འབྲས་ལྟ་བུ་སྟེ། །ཤིན་ཏུ་ཁྲོ་ཞིང་ངོ་ཚ་སྤངས། །རྟག་ཏུ་རྩོད་ལ་དགའ་བ་ནི། །བྱིན་པ་ཕྲ་ཞིང་གན་ཀྱལ་ཉལ། །མཆུ་འཕྱང་ཕུ་རོན་གྱི་ནི་སྐད། །ཤ་ཡི་དྲི་དང་ལྡན་པ་དང་། །དཔུང་པ་རྒྱས་པ་ཙི་ཏཱི་ནཱི། །ཙི་ཏཱི་ནཱི་པ་རི་མོ་ཅན་ནམ་སྣ་ཚོགས་ཅན་མའོ། །མཁའ་འགྲོ་མ་ནི་པདྨ་ནཱི། །ལཱ་མ་ཧསྟི་ནཱི་ཉིད་འགྱུར། ཁཎྜྻ་རོ་ཧི་ཤངྑ་ནཱི། །གཟུགས་ཅན་ཙི་ཏྲི་ནཱིའི་ཉིད་འགྱུར། །རིགས་ནི་བཞི་པོ་རང་དང་སུ། །མཁས་པ་ཡིས་ནི་བརྟག་པར་བྱ། །ཞེས་རྣལ་འབྱོར་པས་རང་རིགས་ལས་གཞན་བསྟེན་པར་དུས་འཁོར་ལས་གསུངས་པ་བཞིན་རིགས་བཞི་འབྱུང་བཞིས་ཕྱེ་བས་དགྲའམ་གྲོགས་སུ་སྡེབས་སོ། །ཞེས་རྐང་པ་ཕྱི་མ་གཉིས་ཀྱིས་བསྟན་ནོ། །རྩ་རྒྱུད་ལས། ཕྱག་རྒྱའི་དབྱེ་བ་ཇི་སྙེད་གསུངས་པའང་འདིར་བསྡུས་ཏེ། ཁ་དོག་ཕོ་ཉ་སོགས་སྔགས་གང་། ཝརྣ་ཁ་དོག་གམ། རིགས་སམ། ཡི་གེ་ལ་འཇུག་པ་ལས་རིགས་ཏེ་ལྷན་སྐྱེས་མ། ཕོ་ཉ་ནི་ཞིང་སྐྱེས་ཏེ། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་བུ་མོ། སྔགས་ནི་སྔགས་སྐྱེས་ཏེ། ཕ་མ་གྲུབ་ཐོབ་པའི་རིགས་སམ། བྲམ་ཟེ་མོ་ལ་སོགས་པའོ། །སྡོམ་འབྱུང་ལས། མཁའ་འགྲོ་མ་རིགས་ཡང་དག་བྱུང་། །ལྷན་ཅིག་སྐྱེས་མ་ཞེས་བྱར་བཤད། །ཡུལ་དང་ཡུལ་དུ་མངོན་པར་སྐྱེ། །སྒྲུབ་པོ་རྣམས་ཀྱིས་རྟག་ཏུ་བསྟེན། །ཞེས་སོ།། །།གཉིས་པ་ལ། རབ་རང་རིག་གི་གནད་ཀྱིས་བདེ་སྟོང་སྦྱོར། འབྲིང་རྩལ་སྐྱོང་གི་གནད་ཀྱིས་བདེ་སྟོང་སྦྱོར་བ། ཐ་མ་བཙན་ཐབས་ཀྱི་གནད་ཀྱིས་བདེ་སྟོང་སྦྱོར་བ་གསུམ། དང་པོ་ནི། རྡོ་རྗེ་རྣལ་འབྱོར་མ། སྐལ་ལྡན་སྐྱེས་བུ་ཧེ་རུ་ཀ་རུ་བལྟ། །གཉིས་མེད་འཁྲིལ་སྦྱོར་ཞེས་པ་ནི། དབང་པོ་གསུམ་ཀའི་སྤྱིའི་ཆོས་སོ། །ཟག་མེད་རོལ་ཞེས་པ། འདོད་ཆགས་རང་བཞིན་ཡོངས་ཤེས་ཀྱི་འདོད་ཆགས་ཆེན་པོར་འབྱོངས་པའོ། །ཚུལ་ཇི་ལྟར་འབྱོངས་ན། ཡིད་ནི་ནང་དུ་ཚུད་པ་ཡིས། །འདོད་པ་ཡི་ནི་དངོས་གྲུབ་བསྒྲུབ། །ཅེས་པས་མདོར་བསྟན། མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར། །ཕན་ཚུན་མདུང་རྒྱུད་དཔའ་བོ་ནི། །ཡུལ་ཉིད་ཀྱིས་ནི་ཕྱེ་བའོ། །ཞེས་པས་རྒྱས་པར་བཤད་པ་སྟེ། འགྲེལ་པར། ཆགས་དང་ཆགས་བྲལ་འདི་མི་ཤེས་པར་གཞན་གྱི་དོན་མེད་དུས་གསུམ་སངས་རྒྱས་བགྲོད་པ་གཅིག་པའི་ལམ། །རི་བོང་རྒྱུག་དང་ཟླ་བ་ཆུ་འཛིན་དུས་དང་འགྲེལ་བ་ཞེས་པའི་ཆགས་པ་ལས་བརྒལ། ཆགས་བྲལ་དུ་མ་འཕོས་པའི་བར། ཆགས་པ་དང་ཆགས་བྲལ་འདྲེས་པའི་གནས་སྐབས་དེར་རྣམ་པ་ཐམས་ཅད་ནུབ་པའི་བདེ་བ་མངོན་དུ་བྱས་པ་སྟེ། རྡོ་རྗེ་མཁའ་འགྲོར། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཡེ་ཤེས་མཆོག །ཅེས་པའི་ཡིད་ནང་དུ་ཚུད་པ་འདི་ཀ་སངས་རྒྱས་ཐམས་ཅད་ཀྱི་གཞུང་ལམ། རི་བོང་རྒྱུག་པ། བདུད་རྩི་རྒྱུ་བའི་དུས་སུ་རླུང་ནི་སེམས་ལ་འཇུག་ཅེས་པ་སྟེ། བྱང་སེམས་གསང་བའི་སྣ་རྩེར་སླེབ་པ་དང་རླུང་དབུ་མར་ཐིམ་པ་མཉམ། དེས་ཟླ་བ་ཆུ་འཛིན་དཀར་ཆ་ཆུའི་རང་བཞིན་གྱི་ཟླ་བ་མི་ཤིགས་པའི་རླུང་སྒྲ་གཅན་གྱིས་ཟིན། དེ་ནས་དུག་སྦྲུལ་གྱི་མཆེ་བའི་དུག་གིས་ཟིན་ན་སྐད་ཅིག་ལ་ལུས་ཐམས་ཅད་དུག་གིས་ཁྱབ་སྟེ། བརྒྱལ་བར་འགྱུར་བ་བཞིན། བྱང་ཆུབ་ཀྱི་སེམས་ཀྱང་གྱེན་དུ་གཤེགས་པས་ལུས་ཁྱབ། དེས་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ལྕགས་ལ་གྲུབ་པའི་དངུལ་ཆུས་རེག་པ་ལྟ་བུར་དྭངས་མ་འཛའ་ཚོན། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་རྗེས་སུ་དྲན་པར་བྱ། །ཞེས་སློབ་དཔོན་འཕགས་པས་གསུངས་པ་དེ་ལྟ་བུར་བསྒྱུར་བས། རྡོ་རྗེ་མཁའ་འགྲོར། ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ས་གསུམ་མ་ལུས་ཟ་བར་བྱ། །གཞན་དུ་གལ་ཏེ་སྦྱོར་བ་ནི། །མ་ཚང་མར་མེ་ལྟ་བ་འདའ། །ཞེས་གསུངས་སོ། །དེ་ཡང་རྩ་རྒྱུད་ལས། མདའི་ཤུགས་ཞེས་པས་ཤིན་ཏུ་མྱུར་བ་དང་། ཡོངས་སུ་འཁོར་ནི། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །ཞེས་པའི་ཡས་འོངས། དེ་བཞིན་སླར་ཡང་གཤེགས་པ་ཉིད། མས་བརྟན་གྱི་སྔར་གྱི་སར་ཡོངས་སུ་འཁོར་བ་ཞེས་པའི་དོན། ཕན་ཚུན་མདུད་རྒྱུད་དཔའ་བོ་ནི་ཁམས་དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་བཞག་པའི་བག་ཆགས་ཀྱི་མདུད་པ་ཐམས་ཅད་བྲལ་བ་དང་། ཡུལ་ཉིད་ཀྱིས་ནི་ཕྱེ་བ་ཞེས་པའི་ཡུལ་གྱི་དབྱེ་བའི་དགའ་བ་བཅུ་དྲུག་པ་དེར་སོང་ངོ་ཞེས་པའི་དོན་ནོ། །དེ་ཡང་། བསམ་མི་ཁྱབ་ལས། ཉི་ཟླ་གཟའ་ཡིས་ཟིན་པ་ན། །ཤེས་རབ་རྡོ་རྗེའི་སྦྱོར་བ་ཡིས། །བཞུ་བ་གཉིས་མེད་ཡེ་ཤེས་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། ཟག་བཅས། འགྲེལ་པར། བསླབ་བཅས་སངས་རྒྱས་དགོངས་པ་མི་ཤེས་ཕྱིར། །སྒོ་གསུམ་གནད་ཀྱི་སྦྱང་བ་བྱ་ཞིང་ངལ་ན་སྣ་རྩེར་བལྟས་ལ་ངེས་ཤེས་སྐྱེས་ནས་ཆེན་པོར་བལྟ། །དུས་དེར་རྙེད་པའི་བདེ་བ་སྣ་རྩེ་སྟེ། ལུས་རླུང་ལྟ་སྟངས་ཀྱི་གནད་ཀྱིས་སྟོང་པ་ཉིད་ཁམས་གསུམ་པའི་རོལ་པར་སོང་བ་དེ་ལ་བལྟས་པས་དེ་མཐོང་འཛག་པ་མེད་པར་འགྱུར་ལ། དེའི་འཛག་མེད་ནི་དངོས་འཛིན་ཅེས་པའི་འཛིན་གནད་ཀྱིས་ཡིན་པས། དེས་ཀྱང་སྔ་མ་བཞིན་ཐམས་ཅད་དྭངས་མར་བཞུ་ནས་མོད་ལ་འཇའ་ལུས་འགྲུབ་པ་ཞིག་ཡོད། རྣམ་མེད་འོད་གསལ་མངོན་དུ་མ་བྱས་པས་བླ་དང་བཅས་པའི་ཕྱིར་འོག་མིན་པའི་དངོས་གྲུབ་ཏུ་བཤད་དོ། །དེའམ་འཇའ་ལུས་མ་ཐོབ་ཀྱང་བྱང་སེམས་འཆིངས་པའི་བདེ་བ་དང་སྣང་བ་དཀར་དམར་བསྲེས་ནས་ཡང་ཡང་དུ་སྦྱངས་པའི་མཐར་རྣམ་པ་ཐམས་ཅད་དག་པས་བདེ་བ་ཆེན་པོར་འགྲོའོ། །དེ་ཡང་། ས་བོན་འཕྲེང་བ་དེ་ནས་གཟུང་། །ཧཱུྃ་གི་མཐའ་རུ་གནས་པ་ཡིན། །གོམ་པ་གཅིག་ཀྱང་མི་འགྲོའོ། །ཞེས་སོ། །གསུམ་པ་ལ། བདེ་འཚོལ་སྐྱེ་མེད་ཀྱི་སྒྲོལ་མ་གཏམས་པ། སྦྱོར་ཆོས་ཀྱི་རྩ་མདུད་དགྲོལ་བ། དགའ་བཞིའི་དཔེ་དོན་གྱི་རྩལ་སྦྱོང་བ་གསུམ་ལས། དང་པོ་ནི། ཐིག་ལེ་དབབ་གཟུང་བཟློག་དགྲམ་གནས་སུ་སྤེལ། །དེ་ཡང་འགྲེལ་པར། དང་པོའི་ལས་ཀྱི་ཡིད་འོང་མ་བརྟེན་གོམས་པ་སྔགས་ལས་ཞིང་དང་ལྷན་གཅིག་སྐྱེས་སོགས་རྩ་བསྙེན་བྱ། །ཁ་སྦྱར་སྦྱར་བར་གྱུར་པ་དང་། འདི་ནི་སྙོམས་པར་འཇུག་པ་དངོས་ཏེ། རྒྱས་པ་རྡོ་རྗེ་མཁའ་འགྲོར། སྲོག་ཆགས་ནེའུ་ལེ་ལྟར་ཀུན་ཏུ་ཁྱུད་པ་དང་། ཕུ་རོན་ལྟར་འོ་བྱེད་ཅིང་སོས་མ་མཆུ་བཟུང་སྟེ་འཇིབ་པ་དང་། སྐྲ་ནས་བཟུང་བ་དང་། སེན་མོ་འདེབས་པ་དང་། ཁུ་ཚུར་སྣུན་པ་དང་། སོས་འདེབས་ཤིང་དབུར་བ་དང་། མཆན་ཁུང་དང་། ནུ་མ་དང་། རྐེད་པ་དང་། བརླ་གཉིས་དང་། མགྲིན་པ་དང་། རྒྱབ་ཏུ་སེན་མོས་དབྲལ་ཤིཏ་ཅེས་པའི་སྒྲ་དང་བཅས་པ་ཡང་དག་པ་སྔོན་དུ་བྱ་ཞིང་སྦྱོར་བ་དང་། ཡང་རང་གི་མཚན་མ་འོད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་ལ་ལྕེ་བཅུག་སྟེ་གཞིབ་པ་ཙམ་གྱིས་དགའ་བར་བྱ་སྟེ་རྡོ་རྗེ་ལྕེའི་ཐུར་མ་ཞེས་བྱའོ། །དེ་ལྟར་སྒྲུབ་པ་པོས་ཡང་དང་ཡང་དུ་བསྐུལ་བས་སྙིང་འདར་བ་དང་། དགའ་བས་མྱོས་ཤིང་སེམས་ཀྱི་རྡུལ་ཕྲ་མོའི་ཆུ་འཛག་ལ་ངོ་ཚ་ལ་སོགས་པ་དང་བྲལ་ཏེ་བ་སྤུ་ལངས་ནས་ཤིན་ཏུ་ཆགས་པས་བལྟ་ཞིང་འཁྱུད་པ་ལ་གུས་པར་འགྱུར་ལ་སིཏ་ཅེས་ཟེར་བ་དང་། དེ་ནས་སྐྱིལ་ཀྲུང་བཅིང་ལ་ཞེས་དང་། སྟོབས་ལྡན་བཟུང་བ་ཡི་ནི་གནས། །ཞེས་བྱ་བ་སྟོབས་ལྡན་ནི་ནུས་པ་ཡོད་པའོ། །བཟུང་བ་ནི་བདག་གིར་བྱ་བའོ། །གནས་ནི་དབྱིབས་ཏེ་ཐུར་དུ་འབེབས་པ་དང་གྱེན་དུ་འཕེན་པའི་དོ་ལ་དང་ཀུརྦ་ལ་སོགས་པའི་ཞེས་གསུངས་པའི་སྐྱིལ་ཀྲུང་བཅིང་བ་ནི་བྱང་ཆུབ་ཀྱི་སེམས་བཅིང་བའོ། །གཉིས་པ་ནི་འགྲེལ་པར། ཅིག་ཅར་མགོན་པོ་བསྒོམས་ནས་མཐར་གནས་རྡོ་རྗེ་བཟླས་པ་རྩ་ལ་མཁས་པས་པདྨའི་སྐྱོན་བཞི་བསལ། །བདེ་བའི་ལམ་དྲང་ཡེ་ཤེས་མཚོན་པ་མར་ལ་འདུ་བ་རྒྱུ་འབྲས་ཤེས་ནས་ཤེས་བྱའི་དཀྱིལ་འཁོར་བལྟ། །དེ་ཡང་། རྡོ་རྗེ་ལུ་གུ་རྒྱུད་བཅིངས་ནས། །རྡོ་རྗེ་དབྱེ་བ་ཉིད་དང་ནི། །དེ་བཞིན་བུང་བ་ལྟར་འཁོར་བྱ། །རྡོ་རྗེ་ནི་ཤེས་རབ་མ། དེའི་དབྱེ་བ་ནི། རྩ་རིགས། ལུ་གུ་རྒྱུད་ནི་སྦྱོར་ཆོས་སོ་སོ་ལ་མཁས་པ་སྟེ། སྡོམ་འབྱུང་ལས། པདྨའི་བཅིངས་པས་འདོད་བསྟེན་བྱ། །སྐྲ་དང་ནུ་མ་ནས་བཟུང་ནས། །མཆུ་ནི་སོ་ཡིས་བཙིར་བར་བྱ། །བྷ་གར་སོར་མོ་གཞུག་དེ་བཞིན། །པདྨ་ལ་ནི་འདོད་པ་བྱ། །ཞེས་པདྨ་ཅན་དང་སྦྱོར་ཆོས། བྷ་གར་སོར་མོ་གཞུག་པའི་ཚུལ་ཡང་རྡོ་རྗེ་མཁའ་འགྲོར། གང་གི་ཆགས་པ་སྲ་བ་རྣམས་ལ་ནི། །སོར་མོ་རིང་པོ་གསུམ་སྦྲུལ་གྱི་མགོ་ལྟར་བྱས་ལ་མོ་མཚན་གྱི་བུ་གར་བཙུགས་ནས་སིཏ་ཅེས་པའི་སྔགས་བྱུང་གི་བར་དུ་དྲུད་པས་རྒན་མོ་ལ་སོགས་པ་ཚིམ་པར་བྱ་བ་ནི་རྡོ་རྗེ་སོར་མོ་ཞེས་བྱའོ། །སྡོམ་འབྱུང་ལས། མགོར་ནི་སོར་མོ་བསྣུན་བྱ་ཞིང་། །དྲག་ཏུ་འཁྱུད་ཅིག་ནུ་མ་མཉེ། །ཁ་ལ་རེག་ཅིང་སོ་གདབ་བྱ། །མཁས་པས་སོར་མོས་དབྲལ་བར་བྱ། །ཞེས་གླང་པོ་ཅན་དང་། སེན་མོ་འདེབས་དེ་ཡང་རྡོ་རྗེ་མཁའ་འགྲོར། འཇམ་ཞིང་གཞོན་ནུ་ལ་ནི་ཀུ་ཤའི་ཚད་ཙམ་དུ་གདབ་པ་དང་དབྲལ་བར་བྱ་སྟེ། རྐེད་པ་དང་། རྒྱབ་དང་། བྷ་གའི་སྟེང་དང་། སྐྲ་དང་། འགྲམ་པ་ལ་སོགས་པ་རྣམས་སུ་འབྲས་ཀྱི་གཟེགས་མའི་ཚད་ཙམ་གྱི་རི་མོ་ཅི་རིགས་པར་ཆགས་པ་ལྷོད་པ་རྣམས་ལ་གདབ་བོ་ཞེས་སོ། །སྡོམ་འབྱུང་ལས། ལག་པ་གཡོན་པས་སྐྲ་ནས་ནི། །བཟུང་བས་དགའ་བ་བསྐྱེད་བྱ་ཞིང་། །སོ་ནི་མཆུ་ཡིས་བཙིར་བ་བྱ། །ཤིན་ཏུ་དཀའ་བས་དྲག་པར་ནི། །གཞིབ་དང་སྙིང་གར་སེན་མོ་དྲུད། །དུང་ཅན་མ་དང་། ཐོག་མར་ལག་པས་བྷ་ག་བཙིར། །འོ་བྱ་ནུ་མ་མཉེ་བ་དང་། །མགོ་ལ་སོར་མོ་བསྣུན་བྱ་ཞིང་། །ལུས་ནི་བསྐུམ་པས་དགའ་བ་དང་། །དྲག་པོ་ཉིད་དུ་འཁྱུད་པར་བྱ། །མཆུ་ནི་གཞིབ་ཏུ་འཇུག་པར་བྱ། །ཞེས་རི་མོ་ཅན་ལའོ། །རྡོ་རྗེ་མཁའ་འགྲོར། བསྟན་བཅོས་ཐམས་ཅད་ལས་བྱུང་བའི་ཀ་ར་ཎ་བསྟེན་པར་བྱ་སྟེ། དེ་དག་ཀུན་ཀྱང་རྡོ་རྗེ་སེམས་དཔའི་ཕྱག་རྒྱར་བརྗོད་དོ། །ཞེས་པའི་བསྟན་བཅོས་ནི་འདོད་པའི་བསྟན་བཅོས་སོ། །པདྨའི་སྐྱོན་བཞི་ནི། །མོད་ལ་ཁུ་བ་འཆོར་བ་དང་། ཡངས་པ་དང་། གྲང་བས་ཆགས་པ་སྲ་བ་དང་། སྤྱད་པས་ཡིད་མི་ཚིམ་པའོ། །དེ་བསལ་བ་ནི་རྡོ་རྗེ་མཁའ་འགྲོའི་ཕོ་ཉ་འདུལ་བའི་ལེའུས་ཏེ། དེར་རྫས་ཀྱིས་ཁམས་འཆིང་བ་དང་། རྡོ་རྗེ་ན་སྤར་བ་དང་། དྲོད་དང་བཅུད་འབེབས་པའི་རྫས་དང་། ཤིན་ཏུ་ནུས་ལྡན་དུ་བསྒྲུབ་པ་རྒྱས་པར་བསྟན་པའི་མཐར། ལིངྒས་བུད་མེད་བསྒྲུབ་བྱ་ཞིང་། །བྷ་གས་སྐྱེས་པ་བསྒྲུབ་པར་བྱ། །ཞེས་བསྡུས་ཏེ་གསུངས་སོ། །ཅིག་ཅར་མགོན་པོ་བསྒོམས་ནས་ཞེས་པ་ནི་ཁམས་དབབ་པ་ཡིན་ལ། མཐར་གནས་ནོར་བུའི་རྩེར་རྡོ་རྗེ་བཟླས་པ་ཞེས་པ་ནི། ཧཱུྃ་གི་སྦྱོར་བས་འབེབས་པ་དང་། ཕཊ་ཀྱིས་དབྱུང་བ་སྟེ། ཤེས་རབ་ཀྱི་རྩའི་སྣེ་མོར་རོ། །བདེ་བའི་ལམ་ནི་དབུ་མ་ཡིན་ལ། དེ་ནས་མར་འབབ་པའི་དུས་འཁོར་ལོ་སོ་སོར་རྒྱུ་བ་དེ་དང་དེར་བཅིང་བ་འབྲས་བུ་སྟེ། བདེ་བ་དེ་དང་སྣང་བ་ཐམས་ཅད་བསྲེས་ན་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་འགྲོའོ། །ཐུར་སེལ་གཅུན་པས་ནི་འཛིན་གནད་དང་། གླང་ཆེན་སོགས་ཀྱིས། ལྕགས་ཀྱུ་ཉིད་ཀྱིས་དགུག་པར་བྱ། །གཏུན་ཤིང་གིས་བསྐྱོད་དེ་བཞིན་ཏེ། །རྡོ་རྗེ་ཉིད་ཀྱིས་འདེབས་པར་བཤད། །ཅེས་གསུངས་པ། འདྲེན་འགྲེམས་ལུས་ཐམས་ཅད་ལ་ཁྱབ་པར་བྱ་བ་དང་། མཐར་བདེ་ཆེན་དུ་སྐྱེལ་བ་ཀུན་བསྟན་ནོ། །དེ་ནི་མཐུ་ཆུང་བའང་རྟེན་དམན་པའི་དབང་དུ་མཛད་ལ། སྦྱོར་བ་དྭངས་མ་རླུང་དང་མཉམ་ཞིང་རིག་མས་བདེ་བ་ལུས་ལ་སྤྲོས་ནས་རྩ་མདུད་དགྲོལ་བར་བྱ། སྦྱོར་བ་ནི། དབང་པོ་གཉིས་སྦྱོར། རང་གི་བྱང་སེམས་འབབ་པའི་རྩར་ཤེས་རབ་ཀྱི་རྡུལ་འབབ་ས་བྱ་གདོང་མ་བཅུག་པས་རྩ་གཉིས་ཁ་སྦྱོར། དེ་ནས་དྭངས་མ་གཉིས་དང་རླུང་གཉིས་ཁ་སྦྱོར་བས་ཁ་སྦྱར་བཞི། སྣ་རྩེར་མཉམ་པ་ཆགས་པ་དང་ཆགས་བྲལ་འདྲེས་པའི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བ་དེའི་མཐར་ཕལ་པ་ལ་ཕྱིར་ལྷུང་བ་དེ་འཛིན་པའི་གནད་ཀྱིས་རྟེན་དང་མ་བྲལ་བར་གཟུང་། དེ་ནས། དབུགས་ལ་མདས་ནི་སྦྱར་བྱས་ཏེ། །རྡོ་རྗེ་མཁའ་འགྲོར་ཡང་། དེ་ཉིད་ཀྱི་བྱ་གདོང་མའི་རྩའི་བདུད་རྩིས་ཡོན་ཏན་ཏེ། ཡང་དང་ཡང་དུ་གོམས་པས་ཞེས་དང་། བུ་མོའི་བཅུད་ཟག་པ་སྟེ། །དེ་ཟ་བའོ་ཞེས། གར་ཟ་བ་ནི་དབུས་ལ་ཞེས་པ་སྦྱོར་ཆོས་ཀྱི་གནད་ཀྱིས་དུང་ཅན་གྱི་སྣ་ཁ་ཕྱེ་བ་དེར་རོ། །དེ་དང་རང་གི་ཨ་ཤད་འདྲེས་ན་བསམ་གྱིས་མི་ཁྱབ་པའི་དྲོད་རྙེད། དེས་སྲོག་ཐུར་འདྲེས། རྩ་ཐམས་ཅད་ཀྱི་མདུད་པ་འདྲལ་ཏེ། རླུང་ལོག་པ་ཐམས་ཅད་བསད། ཁམས་ཐམས་ཅད་དྭངས་མའི་ཐིག་ལེར་བཞུའོ། །དེ་ཡང་པདྨ་ཅན་རབ་ཡིན་པ་ན་ཚོད་བཅུ་གཅིག་མའི་རྡུལ་དང་པོས་ནི་ཕྲད་པ་ཙམ་གྱི་ཡིན་ལ། གཞན་དག་ནི་ཅུང་ཟད་གོམས་པའི་སྟོབས་ལས་སོ། །ཐུར་མ་ལ་སོགས་པའི་རྐྱེན་གྱིས་སྲོག་ཐུར་བསྲེས་པས་དམར་ཆ་དྲངས་པ་ནི་དབུ་མའི་ནང་ཁོ་ནར་མ་ཡིན་པས། དྲོད་ལ་སོགས་པའི་ཡོན་ཏན་སྐྱེད་མོད་ཀྱང་སྔར་ལྟ་བུའི་ཡོན་ཏན་ནི་དཀའོ། །གསུམ་པ་ནི། དགའ་བ་བཞི་གསུམ་བཅུ་གཉིས་དོན་ལ་བལྟ། །འདིར། དགའ་བ་བཞི་ཞེས་པ་འགྲེལ་པར། བདེ་བའི་ཉམས་སྐྱེས་ཚོགས་དྲུག་ཀུན་ལ་རོ་མཉམ་ལུགས་ལས་འབྱུང་དང་བཟློག་པས་དགའ་བཞི་མཚོན་པར་བྱ། །སྤྱི་བོར་ནས་སྨིན་མཚམས་བར་དུ་འབབ་པ་དགའ་བ། དེ་ནས་སྙིང་གའི་བར་མཆོག་དགའ། དེ་ནས་ལྟེ་བའི་བར་ཁྱད་དགའ། འདིའི་སྐད་དོད། བི་རཱ་མའི་བི་དགག་ཚིག་ཏུ་བྱས་ནས་དགའ་བྲལ་དང་། ཁྱད་པར་གྱི་དོན་དུ་བྱས་ནས་ཁྱད་དགར་བསྒྱུར་བའི་ཕྱི་མ་འགྱུར་ལེགས་པར་གྲགས་སོ། །ནོར་བུའི་སྣ་རྩེར་གང་བའི་སྐད་ཅིག་ལྷན་ཅིག་སྐྱེས་དགའ། སོ་སོ་རང་རིག་གི་གནད་དམ་གསང་གནས་གྱི་བུམ་ཅན་འཆིང་བའི་ནུས་པ་ཡོད་ན་དེར་ཡུན་ཅི་ཙམ་འདོད་པ་གནས་ཤིང་། རྩ་གཉིས་སྦྱོར་ཐུབ་ནའང་དེ་གཉིས་མ་བྲལ་བའི་བར་དེ་སྲིད་དུའོ། །འོན་ཀྱང་མྱུར་བར་མ་སློག་ན་ཁེངས་ནས་འདྲོངས་དཀའོ། །གསུམ་ཞེས་པའི་དོན། འགྲེལ་པར། དགའ་བ་གསུམ་དང་དཔེ་དོན་བསྲེས་ལ་རྒྱུ་ཚོགས་གཟུང་འཛིན་ཆོས་ཕྱིར་གོམས་ན་རྩོལ་མེད་འབྲས་བུར་འཆར། །རང་གི་ཞུ་བ་དེ་བཅུ་དྲུག་རྫོགས་པ་ལ་དགའ་བ། དེའི་དེ་མ་ཐག་ཏུ་ཤེས་རབ་ཀྱི་ཁྲག་ལྷུང་བས་མཆོག་དགའ། དེ་གཉིས་འདྲེས་པ་ལྷན་སྐྱེས་སུ་བཞག་པས་དགའ་བ་གསུམ་མོ། །བཅུ་གཉིས་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རླུང་འགག་པའི་རིམ་པ་སྟེ། འདིར་ཡོན་པོའི་འཕོ་བའོ། །དཔེ་དོན་བསྲེ་བ་ནི། དུས་དེར་བདེ་བ་ཉམས་སུ་མྱོང་ཡང་དེ་སྟོང་ཉིད་དུུ་དག་མ་ནུས་ན་ད་དུང་འཁོར་བའི་རྒྱུར་ཟད་ལ། དག་ན་ཐར་པར་འགྲོ་བས་དེ་དག་པར་བྱ་བའི་ཕྱིར་རོ། །ཇི་ལྟར་བསྲེ་ན། རྒྱུ་ཚོགས་གཟུང་ཞེས་པས་རྒྱུ་ཚོགས་དང་བྲལ་བའི་སྟོང་ཉིད་གཟུང་བས། འཛིན་པ་ཆོས་ཉིད་ཅེས་པས་འཛིན་པ་བདེ་ཆེན་ལ་རྒྱས་བཏབ་པའོ། །འདི་རྩ་རྒྱུད་ཀྱི་རྡོ་རྗེ་འདིས་ནི་འདེབས་པ་ཉིད་ཅེས་པའོ། །དེས་འགྲུབ་པའི་ཟུང་འཇུག་ནི། བདེ་བ་སྟོང་ཉིད་དུ་ལངས་པ་སྟེ། བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །ཞེས་རྩ་བའི་རྒྱུད་མང་པོར་གསུངས་པའི་དོན། རྡོ་རྗེ་མཁའ་འགྲོར། བདག་གི་དེ་ཉིད་རྡོ་རྗེ་འཛིན། །བདག་གི་དབུས་སུ་ཆུད་བྱས་ནས། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཐམས་ཅད་རྡོ་རྗེའི་རང་བཞིན་དུ། །བྱས་ན་དེ་ཚེ་རྣམ་པར་བསྒོམ། །ཞེས་པའི་ཚུལ་གཅིག་དང་། འཁོར་ལོ་ཅན་ཀུན་བསྡུས་ནས་ནི། །བཙུན་མོའི་བྷ་ག་བདེ་ཆེན་སྤྲོ། །དེར་ནི་དཀྱིལ་འཁོར་ཀུན་ཏུ་བྲི། །གཞན་གྱི་དེ་ཉིད་ཇི་བཞིན་གསུངས། །ཞེས་པས་གཅིག་སྟེ། སྔ་མ་དགའ་བཞིའི་རྩལ་སྦྱོང་སྤྱི་དང་ཕྱི་མ་རྟེན་ལས་རྒྱར་ལྡན་པ་ཁོ་ན་ལའོ། །འདི་ལ་བདེ་བས་སྟོང་པ་ཉིད་ལ་འཁྱུད་པས་དམ་རྒྱ་འབྲས་བུར་བྱེད་པའི་ཕྱག་རྒྱ་ཆེན་པོའམ་ཕྱག་རྒྱ་ཆེན་མོའོ། །གསུམ་པ་ནི། དེ་ནི་ད་དུང་དཔེའི་ཡེ་ཤེས་ལས་མ་འགོང་ལ། བདེ་མྱོང་རྣམ་པ་ཐམས་ཅད་པ་དེ་ཡང་ནུབ་ནས་བརྗོད་བྲལ་གྱི་མི་རྟོག་པ་ཆེན་པོར་གྱུར་ན་དོན་གྱི་ཡེ་ཤེས་མངོན་དུ་བྱས་པ་སྟེ། དེའི་ཕྱིར། ལྷན་སྐྱེས་ཡེ་ཤེས་དབྱེར་མེད་རང་བཞིན་སྟོན། །འདི་ནི་བདེན་པ་གསར་མཐོང་ཡིན་པས་མཐོང་ལམ། སྣང་སྲིད་ཐམས་ཅད་ཟག་མེད་བདེ་བར་འཆར། །ནི། རྗེས་ལ་མངོན་རྟོགས་དེ་སྒོམ་པའི་ལམ་མོ། །དེས་ན་རྡོ་རྗེའི་ལུས་ལ་གནད་དུ་བསྣུན། །ཚེ་འདིར་སངས་རྒྱས་སྟེར་བར་ཐེ་ཚོམ་མེད་ཀྱི་མཐར་ཐུག་གི་མངོན་རྟོགས་ཏེ་མི་སློབ་ལམ་བཤད་དོ། །དེ་བས་ན་ཞུ་བདེའི་བདེ་སྟོང་ནི་རྒྱུ་ཡིན་ལ། བདེ་སྟོང་ཕྱག་རྒྱ་ཆེན་པོ་ནི་འབྲས་བུ་ཡིན་པས་སྐབས་ཕྱེ་བར་བྱའོ། །དེ་དག་སྡོམ་འབྱུང་ལས། ཨེ་མ་ཧོ་བདེ་ཆེན་འདོད་པ་ཡིས། །ས་གསུམ་པོ་ནི་གང་བར་བྱ། །ཡས་བརྟན། ཨེ་མ་ཧོ་ཞི་བའི་བདེ་བ་འབབ། །སྣ་ཚོགས་མངོན་པར་བྱང་ཆུབ་རྒྱས། །རྣམ་མེད་དུ་འགྱུར་བའི་བདེ་སྟོང་ངོ་མ་བཤད་ལ། ཡང་། ཨེ་མ་ཧོ་བདེ་བའི་བདེ་ཆེན་པོ། །རྣམ་དག་བདེ་བ་ཆེན་པོར་ཡང་དག་ཤར། །ཞུ་བདེ་དག་པ་བདེ་ཆེན་དང་། གང་གིས་དག་པར་བྱེད་ན། ཨེ་མ་ཧོ་ཇི་ལྟ་ཇི་ལྟར་བཟའ། །སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་བཟའ། །ཞེས་པས་སོ། །དེ་ལས་ལྷན་ཅིག་སྐྱེས་པ་ཤར་བའི་ལྷན་སྐྱེས་སམ་བདེ་སྟོང་ངོ་མ་ནི། ཨེ་མ་ཧོ་ལྷན་སྐྱེས་བདག་ཉིད་ཆེ། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །ཅེས་པའོ། །འདི་དག་ཀྱང་མདོར། ཉོན་མོངས་པ་བྱང་ཆུབ་ཀྱི་རྐྱེན་དུ་བཤད་པ་དང་། ལྷག་པར་འོད་སྲུང་གིས་ཞུས་པའི་མདོར། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་སྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་སྲེག་པར་བྱེད། །ཅེས་པའི་དགོངས་པའི་དོན་གྱིས་མདོ་ཙམ་བསྟན་ནོ། །འདི་དག་ལ། དུས་མིན་འཆི་བ་བླུ་བ་ལ། །ཡན་ལག་ཁ་ཊྶཱཾ་དག་དང་སྦྱར། །ཐོད་པའི་མཆོད་ཡོན་སྣོད་དུ་ནི། །ཞལ་དུ་མཚོན་ཆ་ངེས་པར་སྦྱར། །དུས་མིན་འཆི་བ་འཛག་པ། བླུ་བ་འཛག་མེད་དུ་འཆིང་བ། དེའི་སྒྲུབ་ཐབས། ཡན་ལག་ནི་ཡས་འོངས་ཀྱི་བདེ་ཆེན། ཁ་ཊྶཱཾ་ནི་ཤེས་རབ་སྟེང་བཞུགས་སྟེ། དེས་རྒྱས་བཏབ་པ། ཐོད་པའི་མཆོད་ཡོན་བྱང་སེམས། སྣོད་ནི་གསང་གནས། ཞལ་ནི་དུང་ཅན་གྱི་ཁ་དེར་ཐིམ་དུ་བཅུག་པས་མཚོན་བྱེད་དཔེའི་ཡེ་ཤེས། དེ་དག་ནས་ཡེ་ཤེས་དངོས་སངས་རྒྱས་ཀྱི་ཉེ་རྒྱུར་སོང་བ་ཞེས་བཤད་དོ། །དེས་ན་མཆོག་ཐོབ་པ་ལ་འཛག་མེད་ཀྱི་ལམ་དགོས་ཤིང་། དེ་ཡང་དུས་རྟག་ཏུ་འཆིང་དགོས་པས། དུས་འཁོར་ལས། ལན་ཅིག་རྟག་ཏུ་ཁུ་བ་ལྟུང་བའི་ཕྱིར། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །ཅེས་དང་། འདིར་ངེས་པར་སྦྱར་ཞེས་པས་སོ། །འོ་ན་སྐབས་འདི་དག་ཏུ་འབྱིན་པས་གང་ལས་ལྟུང་བར་འགྱུར་རམ་ཞེ་ན། གསང་དབང་ཕྱག་རྒྱ་བདུད་རྩི་རིལ་བུའི་ཕྱིར། །ཐིག་ལེ་བཅུ་དྲུག་ཕྱེད་ཕྱེད་བཞི་ཆ་སྦྱིན། །བཞི་གསུམ་འཁོར་ལོ་དག་ལ་དགྲམ་པར་བྱ། །ཐིག་ལེ་བཅུ་དྲུག་ནི་ཞུ་བ་ཡིན་ལ། དེའི་ཕྱེད་ཕྱེད་བཞི། དེ་རེ་ལ་དགའ་བ། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་སུ་དབྱེའོ། །བཞི་ཆ་ནི། བླ་མ་ཡབ་ཡུམ་གྱི་ཐིག་ལེ་བཅུ་དྲུག་པ་ལ་ཐབས་ཀྱི་གཉིས། ཤེས་རབ་ཀྱི་གཉིས་ཏེ་བཞི་ཡོད་པ་ཕྱིར་ཕྱུང་སྟེ་གསང་དབང་གི་རྫས་དང་། བཞི་ཞེས་པ། དབང་གསུམ་པའི་དུས་སུ་ཁ་སྦྱར་གྱི་ཐིག་ལེ་རྟེན་ཞན་ནམ། རླུང་ནུས་མེད་པས་འཛག་ན། དེ་བརྟག་གཉིས་ལས། བྷ་ག་ནས་ལྕེས་བླང་བའམ་ཉ་ལྕིབས་སུ་བླུག་སྟེ། བཏུང་བར་བཤད་པ་དང་། གསུམ་ཞེས་པ་བདུད་རྩི་རིལ་བུའི་དུས་སུ་ཁུ་བ་མཱ་ཤ་ཀ་གཅིག་སྤྲོ་བ་དང་། འཁོར་ལོ་དག་ལ་དགྲམ། འཁོར་ལོ་སོ་སོར་རིམ་པ་བཞིན་ཕབ། འདྲེན་དགྲམ་སྙིགས་མ་འབོད་པ་དང་། དེ་ལྟ་བུའི་མཐར་དྭངས་མ་ཅུང་ཟད་དབྱུང་བ་ནི་གེགས་སེལ་བའི་སྐབས་འགའ་ཞིག་ཏུའོ། །དེའི་ཕྱིར་གསུམ་མོ། །དེ་ལ་ལྟུང་བར་མི་འགྱུར། ལྟུང་བར་གྱུར་ནས་ལམ་གྱི་གེགས་བྱེད་པ་ནི། བག་མེད་འདོད་སྲེད་གཞན་དབང་ཆང་གིས་མྱོས། །དོན་ལས་ཉམས་ཤིང་སླར་ཡང་ངན་འགྲོར་ལྟུང་། །ཞེས་པའི་རྒྱུ་མཚན་ཅན་གྱིས་སོ། །འདིར་ཕྱག་རྒྱ་ཞེས་པ་ནི་ཤེས་རབ་ཀྱི་དབང་ཞུ་བ་དང་། གེགས་སེལ་བའི་གནས་སྐབས་འགའ་ཞིག་གི་རྟེན་དུའོ། །སྟོན་པའི་སློབ་མ་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་ཉོན་མོངས་པ་སྤོང་མི་ནུས་པ་དག་གིས་ཆགས་བྲལ་གྱི་ལམ་ཤིན་ཏུ་དཀའ་བར་མཐོང་ནས་དེ་ལ་མི་འཇུག དེ་ཀར་བཞག་པས་ནི་གདུལ་མ་ཐུབ། དེས་ན་དེ་དག་གི་ངོ་བཟུང་ནས་ཆགས་ཆེན་གྱི་ལམ་འདི་བསྟན་ལ། དེ་ཡང་དེ་དག་གིས་དཀའ་བ་མེད་པར་མཐོང་ནས་གུས་པས་ལེན་ཅིང་། དཔེར་ན་དངུལ་ཆུའི་དགྲ་མེ་ཡིན་ཀྱང་། དངུལ་ཆུ་འཆིང་བ་ལ་མེ་མེད་ཐབས་མེད་པ་བཞིན་དུ། དེའི་བྱང་ཆུབ་སེམས་ཀྱི་དགྲ་སྐྱེ་གནས་ཏེ། དེ་འཆིང་བའང་སྐྱེ་གནས་ལ་རག་ལས་ཀྱི། གཞན་གྱིས་མ་ཡིན་པས་སོ། །གང་ཟག་དེ་ལྟ་བུ་ལས་གཞན་གྱི་ངོར་ངེས་པར་འདི་སྟོན་མི་དགོས་པས། འཚང་རྒྱ་བའི་ཉེ་རྒྱུར་ལས་རྒྱ་མེད་མི་རུང་དུ་བཤད་མཁན་དག་ནི་རྟ་ཞར་བའི་བགྲོད་པ་ལྟ་བུ་སྟེ། མོས་པ་སྣ་ཚོགས་པ་ལ་གདུལ་བྱེད་སྣ་ཚོགས་པ་སོགས་བཤད་པ་དོན་མེད་པ་དང་། ཡིད་ཀྱི་ལུས་པ་དག་གིས་ཕྱག་རྒྱ་བསྟེན་པའང་ཆེས་དཀའོ། །གང་ཟག་སྔ་མའི་དབང་དུ་མཛད་ནས། རྡོ་རྗེ་མཁའ་འགྲོར། པདྨ་མཆོག་ལ་རེག་བྱེད་པ། །ལོ་གཅིག་བར་དུ་མ་བྱས་ན། །སྒྲུབ་པོས་དམ་ཚིག་སྤངས་འགྱུར་ཏེ། །དེས་ན་དམ་ཚིག་སྦྱངས་ནས་སུ། །སླར་ཡང་མི་བྱའི་སྡོམ་པ་བླང་། །གཞན་དུ་སྔགས་དང་ཕྱག་རྒྱ་ནི། །རིམ་པ་འབྲས་བུ་མེད་པར་འགྱུར། །དང་། ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེར་ནི། །ཇི་བཞིན་བྱིན་གྱིས་བརླབས་ནས་ནི། །ཕྱག་རྒྱའི་དངོས་གྲུབ་འཇུག་པར་འགྱུར། །ཞེས་སོ། །དེ་བས་ན་ཆགས་བྲལ་ལམ། ལམ་གཞན་ལ་མོས་པ་དག་ལ་འདི་དུག་དང་། ཆགས་ཆེན་གྱི་ལམ་ལ་མོས་པ་དག་ལ་བདུད་རྩི་ལྟ་བུ། ཡང་ཕྱག་རྒྱ་བསྟེན་པ་གང་ཟག་ནུས་པ་དང་ལྡན་པ་ལའོ་སྙམ་པའང་ཕྱིན་ཅི་ལོག་སྟེ། འདི་ཀ་ནུས་ལྡན་དུ་སྒྲུབ་པར་བྱེད་པའི་ཆོ་གའོ།། །།གསུམ་པ་ཚིག་དབང་དང་འབྲེལ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ལ། བསྒོམས་སྤྲུལ་པ་སྐུའི་གནས་ངོས་བཟུང་བ། སྒོམ་བྱེད་ལོངས་སྤྱོད་རྫོགས་པ་སྐུའི་བྱ་བ་བསྟན་པ། བསྒོམ་བྱ་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་དོན་བཤད་པ་གསུམ་ལས། དང་པོ་ནི། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ནི། ཕྱག་རྒྱ་ཆེན་པོ་ནི་འདིར་ལམ་དུས་ཀྱིའོ། །དེས་གསལ་བར་བྱེད་པས་ཡེ་ཤེས་ནི་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་སམ་མཆོག་གི་དངོས་གྲུབ་བོ། །དེའི་ལམ་ནི། སྒོ་གསུམ་གཡོ་མེད་སྒོ་ལྔ་ཧར་གདངས་གཞག །འདི་འགྲེལ་པར། ཡེ་ཤེས་གསལ་བྱེད་དབང་གི་འབྲས་བུ་རྡོ་རྗེའི་ལུས་ལ་འཁོར་ལོའི་མདུད་པ་སྤྱི་བོར་གྲོལ་བའི་གནས། །སྒོ་དགུ་འགགས་ནས་སྒོ་བཞི་ཐིམ་པ་གཉིས་ཀྱི་རྣམ་གྲོལ། དེ་ཡང་བུམ་དབང་གིས་ལུས་ཀྱི་ཐིག་ལེ་སྒྲིབ་པ་དང་བྲལ་བ། དེ་བཞིན་གསང་དབང་གིས་ངག་གི །གསུམ་པས་ཡིད་ཀྱི་ཐིག་ལེ་སྒྲིབ་པ་དང་བྲལ་བའི་ས་བཅུ་གཉིས་ཀྱི་མཐར་དབང་བཞི་པའི་ལམ་གྱིས་ཡེ་ཤེས་ཀྱི་ཐིག་ལེ་སྦྱང་དགོས་ལ། དེ་སྟོན་པས་ཕྱག་རྡོར་འགྲེལ་ཆེན་དུ། བདེ་བ་ཡོངས་སུ་རྫོགས་པ་ཉིད་བསམ་གཏན་གྱི་རྩེ་མོ་སྟེ། དེ་སྤྱི་བོར་འཛིན་པས་བསམ་གཏན་བཞི་པའི་རྩེ་མོ་འཆང་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་འབྱུང་བས་ན། དབང་བཞི་པ་འབྲས་དབང་དུ་བཞག་ལ། རྒྱུ་འབྲས་ཀྱི་དབྱེ་བས་མཐོང་ལམ་དང་སངས་རྒྱས་ཀྱི་ས་ལ་འཛིན་པའི་ཚུལ་གཉིས་སོ། །འདི་གཉིས་ཀ་ལ་དབང་ཤེས་ལ་བདུད་རྩི་ལྔའི་མིང་བཏགས་ནས་ཡེ་ཤེས་ཀྱི་ཐིག་ལེར་བཤད་པས་འབྲས་དུས་སུ་དེ་སྒྲིབ་བྲལ་དུ་སྦྱོང་བ་སྒོ་དགུ་འགགས་པ་དང་། དེ་ཕན་ཆད་དུ་རླུང་ཕྱིར་འཕོ་རྒྱུ་དུམ་བུ་གཅིག་ཡོད། དེ་ནས་མེད། ནང་དུ་འགྲོ་འོང་ཡོད་དེ་གཙུག་ཏོར་གྱི་རྩེར་འཛེག་པའི་ཕྱིར་དང་། ཕྱིར་འཕོ་རྒྱུ་མི་ཡོང་བ་འདི་དབུ་མ་གཙུག་ཏོར་དུ་རེངས་ཚར་བས་སོ། །རྒྱུ་དུས་སུའང་ཡོན་པོའི་རྒྱུ་བ་ཅུང་ཟད་ལུས་པ་ཙམ་ལ་བྱེད་དེ། ཡེ་ཤེས་ཀྱི་ཐིག་ལེའི་བྱེད་ལས་ཀྱི་རྟེན་འབྲེལ་གསུམ་མ་འགགས་པས་སོ། །ལམ་འདི་ཐོབ་པས་དེ་དག་འགག་པའི་ཕྱིར་སྒོ་བཞི་ཐིམ་པའོ། །གཉིས་ཀྱི་རྣམ་གྲོལ་གནད་འབྱེད་པའི་སྒོ་གཉིས་ཏེ། སྙིང་ཁ་ཇི་ལྟ་བ་གཟིགས་པའི་སྒོ་དང་། གཙུག་ཏོར་ཇི་སྙེད་པ་མཁྱེན་པའང་གཟིགས་པའི་སྒོར་བཤད་པས་སོ། །རྒྱུ་དུས་དེར་ཡང་རླུང་བཅིངས་པའི་འགོག་པ་ཡོད་པས་སྒོ་དགུ་འགོག་པ་དང་། སྒོ་བཞི་ཐིམ་པའི་ཐ་སྙད་ཐོབ་བོ། །དེ་བས་ན་གཉིས་ཀར་སྒོ་གསུམ་གཡོ་བ་མེད་པའམ། སྒོ་ལྔ་ཧར་གདངས་ཞེས་དབང་ཤེས་ཀྱི་འཇུག་པ་མེད་པ་ལས་སོ། །གཉིས་པ་ནི། བལྟས་པས་མི་མཐོང་སེམས་ཀྱི་མཚན་ཉིད་ལྟོས། །དམིགས་སུ་མེད་པས་མ་བཅོས་རང་སོར་ཞོག །གཞན་དུ་མ་ཚོལ་ངོ་བོ་རྟོགས་པར་གྱིས། །འདི་ནི་སངས་རྒྱས་ཁོ་ནའི་གཟིགས་པའི་ཡུལ་ཡིན་པས། བདག་ཅག་གིས་བལྟས་པས་ག་ལ་མཐོང་སྟེ། ས་བཅུ་པ་པའི་གཟིགས་པའང་སྤྲིན་མཐོང་ཉི་བཞིན་ཕྱོགས་གཅིག་འདིར་ཟད་ན། །ཞེས་གསུངས་པས་སོ། །སངས་རྒྱས་ཀྱི་གཟིགས་པ་དེའང་ཡུལ་གཟུགས། ཡུལ་ཅན་མིག་ཤེས་ཀྱི་མཐོང་བ་ལྟ་བུ་ནི་མ་ཡིན་ཏེ། དེར་ཡུལ་ཡུལ་ཅན་གྱི་དབྱེ་བ་མེད་པས་སོ། །དེ་ཀ་སེམས་ཀྱི་ངོ་བོ་ཡིན་ལ། དམིགས་པ་ཐམས་ཅད་ཉེ་བར་ཞི་ན་དེ་མངོན་དུ་འགྱུར་བའི་ཕྱིར་མ་བཅོས་པའི་ངང་དུ་བཞག་པ་ཁོ་ན་ལམ་གྱི་སྙིང་པོའོ། །དེ་ཡང་སྡོམ་འབྱུང་ལས། མི་ཤེས་རྣམ་པར་མི་མཐོང་བས། །གཟུགས་མེད་གང་དུའང་མི་གནས་ཤིང་། །འགྱུར་བ་མེད་ཕྱིར་བརྟན་པའོ། །ཀུན་རྫོབ་སྐྱེ་བ་འབྱུང་བས་ན། །ཆད་པ་མིན་ཕྱིར་དངོས་མེད་མིན། །ལྷན་ཅིག་སྐྱེས་དགའི་རང་དངོས་སུ། །ཆོས་རྣམས་ཐམས་ཅད་ལྷན་ཅིག་སྐྱེས། །ཞེས་དང་། ཡང་དག་ཉིད་ལ་ཡང་དག་བལྟ། །ཞེས་པས་སོ། །གསུམ་པ་ལ། ལྟ་བ་མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ། སྒོམ་པ་དེ་ལ་མ་བཅོས་པར་གཞག་པ། སྤྱོད་པ་སྔ་ཕྱི་གཉིས་མེད་དུ་བསྲེ་བ། འབྲས་བུ་ནམ་མཁའ་ལྟ་བུའི་འཆར་ཚུལ་བཞི་ལས། དང་པོ་ནི། གཞི་གནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །འདི། སངས་རྒྱས་རྣམས་ནི་བྱུང་གྱུར་ཏམ། །མ་བྱུང་ན་ཡང་རྣམ་ཀུན་ཏུ། །བསམ་གྱིས་མི་ཁྱབ་ཆོས་ཉིད་ནི། །འཕེལ་འགྲིབ་སྤངས་པས་གནས་པ་ཡིན། །ཞེས་པའི་དོན། གཞི་དེ་སངས་རྒྱས་དུས་ན་འཕེལ་བའམ། སོ་སོ་སྐྱེ་བོའི་དུས་ན་འགྲིབ་པ་མེད་པས་མ་བཅོས་པའོ། །དེ་ཀ་འགྲེལ་པར། ཡེ་ཤེས་ལུས་ཅན་ཐུགས། སྒྲ་བརྙན་གསུང་། བྲལ་ཞེས་པ་རྡུལ་བྲལ་སྣ་ཚོགས་གཟུགས་ཐམས་ཅད་དུ་ལྷུན་གྱིས་གྲུབ་པས་བླ་མ་གོང་མ་རྣམས་ཀྱིས་གསུང་། གཤིས་སྐྱེ་མེད། གདངས་འགག་མེད། རང་བཞིན་གྲུབ་མེད། དེ་རྟོག་པ་ལ་ལྟ་བ་ཞེས་བྱའོ། །གཉིས་པ་ནི། ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །འཕོ་འགྱུར་མེད་པ་ནམ་མཁའི་ཀློང་ཡངས་སུ། །སྐྱེ་འཆི་མེད་པ་ཆོས་སྐུའི་ལུས་ཐོབ་འགྱུར། །ཡིན་ལུགས་ཡིན་བཞིན་པས་མཉམ་པར་འཇོག་སྟེ། མ་ཡེངས་པ་ཞེས་བྱ་བ་ཁོ་ནའོ། །དེས་དེ་ཁོ་ན་ཉིད་མཐོང་བ་ནི་བདེན་པ་མཐོང་བས་རྫུན་པ་ཞིག་པ་བཞིན་ནོ། །དེ་ཡང་། དེ་ལྟར་མཉམ་པར་བཞག་ནས་ཀྱང་། །ཞེས་པས་དང་། དེའི་རྒྱས་བཤད་སྡོམ་འབྱུང་ལས། སྐྱེ་བ་མེད་པའི་རོ་མྱོང་བས། །སྒོམ་པ་ཡང་ནི་དེ་ཉིད་དེ། །སྟོང་ཉིད་སོ་སོར་རྟོགས་པས་ན། །བསམ་གཏན་ཤེས་རབ་ཏུ་ཡང་འགྱུར། །ཆོས་ཀུན་ཡོངས་སུ་ཤེས་པ་ཡིས། །སྒོམ་པ་དེ་ཉིད་སྒོམ་མེད་པའོ། །ཞེས་པས་ལྟ་ཐོག་ནས་སྒོམ་པ་འཚོལ་ཁྱེར་བཤད་ལ། མ་ཡེངས་པ་རང་ལའང་ཐལ་བྱུང་གི་སྟོང་པ་ཙམ་ལ་བཞག་ན་འཁོར་བ་ལས་མི་འཕགས། རང་བཞིན་ལས་མི་གཡོ་བར་འཇོག་ཤེས་ན་སངས་རྒྱས་ཉིད་དུ་འགྲོ་ངེས། དེས་ན་མ་ཡེངས་པར་འཇོག་པ་ཁོ་ནས་ཐེག་གསུམ་གྱི་བྱང་ཆུབ་སོ་སོར་ཐོབ་པ་ནི་དཀར་རྒྱུད་ཀྱི་བླ་མ་རྣམས་ཀྱིས་གསུངས་ལ། དེ་ཡང་མ་ཡེངས་པ། གཞི་མཚན་ཉིད་པ་ཡིན་མིན་ཏེ། འགྲེལ་པར། མིག་སོགས་སྟོང་དང་བདུད་བཞི་གྲོལ་བ་ཆོས་ཉིད་ལ་མཁས་གསུམ་པོ་གཅིག་གྱུར་ཡེ་ཤེས་རྒྱུན་ཆད་མེད་ཅེས་སོ། །མིག་སོགས་ཀྱི་སྟོང་པ་དབང་ཤེས་ཀྱི་ཡུལ་མིན་པ། མི་རྟོག་པ། བདུད་བཞི་གྲོལ་བ་སྒྱུ་མ་ལྟ་བུ་རྣམ་པ་ཐམས་ཅད་པའོ། །ཆོས་ཉིད་ལ་མཁས་པས་ཟུང་འཇུག་སྟེ། དེ་གསུམ་མི་ཕྱེད་པ་དེ་ལས་མ་གཡོས་པ་ལ་འདིའི་མ་ཡེངས་པ་ཟེར་རོ། །ཞེས་སྟོན་པའོ། །དེ་ཀ་རྣལ་མའི་ལམ་སྟེ། རྡོ་རྗེ་མཁའ་འགྲོར། མི་རྟོག་པས་ནི་འཚང་མི་རྒྱ། །རྟོག་དང་བཅས་པས་ཀྱང་དེ་བཞིན། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །ཡིད་འདོད་རྣམས་ཀྱི་དེ་ཉིད་འགྱུར། །བཅོས་མའང་དེར། དཀྱིལ་འཁོར་ལ་སོགས་ལས་གང་ཡིན། །བཅོས་མའི་སེམས་ཀྱིས་གང་བྱེད་པ། །དང་པོའི་ལས་ཅན་རྣམས་ལ་བསྔགས། །དངོས་གྲུབ་དེ་ཀུན་འདིར་གནས་པས། །རྒྱལ་བའི་དངོས་ཉིད་རིག་ལ་མིན། །ཞེས་དང་། རྣལ་མའི་སྦྱོར་བ་རྟོགས་གྱུར་ནས། །བཅོས་མ་དག་ནི་མི་བྱའོ། །ཞེས་སོ། །གསུམ་པ་ནི། ཕྱི་རོལ་ཡུལ་སེམས་ཆོས་རྣམས་ཇི་སྙེད་པ། །རང་སེམས་ཡིན་ཕྱིར་གཞན་ན་གྲུབ་པ་མེད། །འཁྲུལ་རྟོགས་གཉིས་འཛིན་རྣམ་པ་གང་ཤར་རྣམས། །ཅིར་སྣང་གཞི་མེད་རང་བྱུང་རང་ལ་ལྟོས། །འགྲེལ་པར། གཞི་ལམ་འབྲས་བུ་གཅིག་གྱུར་བདེ་ཆེན་དངོས་པོ་རོ་མཉམ། འདི། འཇིག་རྟེན་པ་ཀུན་ཡོང་མི་སྨད། །དང་། དེའི་རྒྱས་བཤད་སྡོམ་འབྱུང་ལས། མཛེས་པའི་སྒྱུ་མ་རྣམ་འཕྲུལ་དག་ལ་དེ་ཤེས་ཇི་བཞིན་ཉིད། །དགའ་དང་སྐྱོ་བ་ཐམས་ཅད་མཉམ་པ་ཉིད་དུ་རབ་ཏུ་སྤྱད། །འཇིགས་པ་མེད་ཅིང་བདེ་བ་འབྱུང་བའང་ཡོད་མ་ཡིན། །དེ་ཉིད་ཀྱིས་ནི་སྒྲུབ་པོ་དེ་བཞིན་ཉིད་བདག་རྗེས་སུ་འགྲོ། །ངན་པ་འདོར་བ་དང་། བཟང་པོ་བླང་དུ་མེད་དེ་ཆོས་ཐམས་ཅད་རོ་མཉམ་དུ་ཁྱེར་བས་སོ། །བཞི་པ་ནི། སེམས་ཉིད་སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ། །འགག་མེད་གསལ་དྭངས་གང་ཤར་སྤྲུལ་པའི་སྐུ། །གནས་མེད་བདེ་ཆེན་ཟུང་འཇུག་ལོངས་སྤྱོད་རྫོགས། །གཤིས་ཆོས་སྐུ། གདངས་སྤྲུལ་སྐུ། ཟུང་འཇུག་ལོངས་སྐུ་འདིའི་ལོངས་སྐུ་ལན་ལག་བདུན་ལྡན་གྱི་ལོངས་སྐུ་ལ་ཟེར་ཏེ། ཁ་སྦྱོར་རམ་ཟུང་འཇུག་ལ་བྱེད་པས་སོ། །ཕྱག་ནི་གཉིས་མེད་ཡེ་ཤེས་ངོ་ཡིས་ཟིན། །རྒྱ་ནི་འཁོར་བའི་མདུད་པ་གྲོལ་བ་སྟེ། །ཆེན་པོ་ཟུང་འཇུག་སྒྲོན་མེ་གཏམས་པ་ལས། །མུ་དྲ་ཕྱག་གམ་རྒྱ་ལ་འཇུག །ཕྱག་གི་དོན་ནི་གཉིས་མེད་ཀྱི་ཡེ་ཤེས་རིག་པ་སྟེ། ཕྱག་ཐིག་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞིན་དུ། །རང་གི་རིག་པའི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་པས་སོ། །རྒྱ་རྒྱས་བཏབ་པ་སྟེ། འཁྲུལ་པ་ཟད་པར་བྱས་པའོ། །དེ་གཉིས་སྐད་དོད་གཅིག་ཡིན་ཀྱང་། སྒྲ་སོ་སོར་བཤད་དུ་ཡོད་པ་ནི། བུདྡྷ་ཞེས་པ་བཞིན་ནོ། །གཞན་གྱིས་མ་ཡིན་རང་གྲོལ་ཆོས་སྐུའོ། །སྒྲིབ་གཉིས་རང་དག་གཟུང་འཛིན་མཐའ་དང་བྲལ། །དེ་ཡང་། ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་བཞིན་སྤངས་པ་ཆེན་པོ། མཁྱེན་བརྩེ་ཡོན་ཏན་ཐམས་ཅད་རང་ལ་རྫོགས། །རྟོགས་པ་ཆེན་པོ་སྤངས་པ་ཆེན་པོས་འཁོར་བ་ལ་མི་གནས་པ་དང་། རྟོགས་པ་ཆེན་པོས་ཞི་བ་མྱང་འདས་ལ་མི་གནས་པས་མི་གནས་པའི་མྱང་འདས་ཏེ། སངས་རྒྱས་རོལ་པ་བསམ་མི་ཁྱབ། །འདིའི་རྒྱས་བཤད་སྡོམ་འབྱུང་ལས། དེ་བཞིན་གཉིས་མེད་མཉམ་སྦྱོར་ལ། །ཚད་མེད་ལྷ་ནི་འཕྲོ་བ་ལས། །དཀྱིལ་འཁོར་ཚད་ཅན་རྣམ་པར་བརྟག །ལྷ་ཡི་རྣལ་འབྱོར་བསམ་མི་ཁྱབ། །སངས་རྒྱས་རོལ་པའང་བསམ་མི་ཁྱབ། །མཁའ་འགྲོ་དྲ་བའི་གཟུགས་ཀྱིས་ནི། །ཧེ་རུ་ཀ་དཔལ་ཡང་དག་སྦྱོར། །དེ་འགྲེལ་པར། ཡི་གེ་བཞི་དོན་འབྲས་བུ་མངོན་དུ་འགྱུར། །གསུངས་པའི་ཡི་གེ་བཞི་ནི་ཤྲཱི་ཧེ་རུ་ཀ དེའི་དོན་རྩ་བའི་རྒྱུད་དུ་མར། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའོ། །འདུ་ཤེས་བློ་དང་འཁོར་འདས་ཆོས་རྣམས་ཟད། །སྤངས་པས་སྣང་བ་མེད་པའི་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པའོ། །བསམ་བརྗོད་བློ་འདས་སངས་རྒྱས་རང་འཁྲུངས་ཡིན། །རྟོགས་པ་རང་སེམས་གློ་བུར་དྲི་མས་བཏང་བ་དེ་ཀ་སངས་རྒྱས་སུ་བཤད་པ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་དགྱེས་པའི་རྡོ་རྗེ་ལས་གསུངས་པ་བཞིན་ནོ། །དེའི་ཕྱིར་ཡང་གཞི་འབྲས་དབྱེར་མེད་དོ།། །།བཞི་པ་བར་དོ་ངོ་སྤྲོད་ལ། ལུས་ལྡན་བཞིའི་བར་དོ། ངེས་ཤེས་རྟགས་ཀྱི་བར་དོ། ངོ་སྤྲོད་འབྲས་བུའི་བར་དོ་གསུམ་ལས། དང་པོ་ནི། བར་དོ་ངོ་སྤྲོད་ཡང་དག་ཟབ་དོན་བསྟན། །སྐྱེ་ཤི་རྨི་ལམ་སྲིད་པའི་བར་དོ་གཅོད། །ཅེས་སྤྱིར་བསྟན། འགྲེལ་པར། མཐར་མ་སྐྱོལ་ན་ཉེ་བར་སྤྱོད་པ་ལུས་ལྡན་བཞི་དང་། ཞེས་སོགས་ཀྱིས་སོ་སོར་བསྟན་པ་ཡིན་ལ། རྗེ་བཙུན་གྱིས་ལམ་སྲིད་པ་གསུམ་ནས་བཤད་དེ་འོངས་པས་ཤུལ་རིངས་ཀྱི་མི་གསུམ་ཞེས་གསུངས་པའི་དང་པོ་ནི། གདམས་ངག་གི་གནད་གྱི་ཚེ་འདིར་གྲོལ་བ་མཐར་ཕྱིན་པ་སྟེ། དབང་པོ་རབ་ཚེ་འདིར་སངས་རྒྱས་པའོ། །དེའི་དབང་དུ་མཛད་ནས། བལྟར་མེད་བལྟས་པས་མཐོང་མེད་མཐོང་བའི་མཆོག །འདི་ནི་མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་པས་མཐོང་ལམ། རང་རིག་གསལ་སྟོང་མི་རྟོག་སྒྲིབ་གཡོག་བྲལ། །དེ་ལ་གོམས་པ་སྒོམ་ལམ། བདེ་ཆེན་ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རང་བཞིན་དབྱེར་མེད་སྐུ་གསུམ་རང་ཤར་ལྟོས། །མི་སློབ་པའི་ལམ་སྟེ། དེ་དག་ཅིག་ཅར་རམ་རིམ་པས་བགྲོད་པའི་ཕྱིར་རོ། །ལམ་ཐམས་ཅད་ཅིག་ཅར་དུ་བགྲོད་པ་མེད་པར་སྨྲ་བ་ནི་རྡོ་རྗེ་འཆང་གི་གསང་གཏམ་ཁོང་དུ་མ་ཆུད་པ་སྟེ། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་འཚང་རྒྱ། །ཞེས་པ་དང་འགལ་བས་སོ། །ལམ་ཅིག་ཅར་དུ་བགྲོད་རྒྱུ་དེ་ཡང་། སྔར་མདོའི་ལམ་གྱིས་ཚོགས་གཉིས་རྫོགས་པ་ཞིག་ལ་སྔགས་བསྟན་པ་ལྟ་བུ་ནི་མ་ཡིན་ཏེ། དེ་ལྟ་ན་རང་བཞིན་གྱིས་སྐལ་བ་བཟང་བ་ལ་བསམས་ནས་རྡོ་རྗེ་ཐེག་པའི་སྣོད་དུ་དཔའ་བོ་རྣོན་པོ་ཞེས་སྨོས་པ་དོན་མེད་པར་ཐལ་བས་སོ། །ཇི་ལྟར་ཚེ་གཅིག་དང་ཟླ་བ་དྲུག་ལ་འཚང་རྒྱ་བར་ཁས་ལེན་བཞིན་དུ་དེ་སྐད་སྨྲ་བའང་མི་མཛེས་ཏེ། དེ་གསུམ་གནད་གཅིག་པས་སོ། །ལུང་འདི་དག་དགོངས་པ་ཅན་ནོ་སྙམ་པ་ནི། ཕར་ཕྱིན་ནས་བསྐལ་ཆེན་གྲངས་མེད་གསུམ་མྱུར་མཐར་གསུངས་པ་ལ་བློ་འཆེལ་ནས་རྡོ་རྗེ་ཐེག་པའི་ལུང་བོར་བས་ན་གསང་སྔགས་ལ་ཆོམ་རྐུན་པའོ། །གང་ཟག་གཉིས་པ་ནི། འབྲིང་ལེ་ལོ་ཅན་བར་མ་དོར་འཚང་རྒྱ་བ་ཞེས་པ་སྟེ། བར་དོའི་གདམ་ངག་ནི་འདི་ལ་དགོས་པའོ། །གང་ཟག་གསུམ་པ་ཐ་མལ་པ་ཡིན། དེ་ལ་ནི་བར་དོའི་ལམ་བསྟན་ཀྱང་བུལ་མེད་དེ། ལམ་ལ་སྦྱངས་པ་མེད་པས་སོ། །གཉིས་པའི་དབང་དུ་མཛད་ནས། མ་རྟོགས་ལུས་ལྡན་བར་དོ་རྣམ་གསུམ་ལ། །འདིར་གང་མ་རྟོགས་ན་སངས་རྒྱས་ཀྱི་ཡེ་ཤེས་སོ། །ལུས་ལྡན་ནི་རགས་ལུས་ནས་རགས་ལུས་སུ་འཇུག་པའི་དབང་དུ་བྱས་ཏེ། གཟུགས་མེད་བར་སྲིད་མེད་པས་སོ། །བར་དོ་རྣམ་གསུམ་ནི། སྐྱེ་ཤི་བར་དོ། རྨི་ལམ་བར་དོ། སྲིད་པ་བར་དོ། སྤྱིར་བར་དོར་གྲགས་པ་ནི་ཕྱི་མ་ཁོ་ན་ཡིན་ནོ། །དང་པོ་ནི། རྣམ་སྨིན་གྱི་ལུས་ལྡན། གཉིས་པ་བག་ཆགས་ཀྱི་ལུས་ལྡན། གསུམ་པ་ཡིད་ཀྱི་ལུས་ལྡན་ནོ། །གཉིས་པ་ནི། བསྐྱེད་རིམ་སྒྱུ་ལུས་འོད་གསལ་ཆོས་སྐུ་བསྲེ། །འོད་གསལ་མ་བུ་བསྲེ་ཐུབ་ཀྱང་མཐར་མ་ཕྱིན་པ་ལ་བར་དོ་དང་པོའི་གདམས་ངག་སྟོན། དེའང་མཐོང་ལམ་ཐོབ། སྒོམ་ལམ་མངོན་དུ་མ་བྱས་པ་ལྟ་བུ་ལ་གདམས་ངག་དེས་ལམ་ལྷག་མ་དུས་དེར་རྫོགས་ཏེ་འཚང་རྒྱ་བ་ཡིན་ནོ། །གཉིས་པ་སྒྱུ་ལུས་མཐར་ཕྱིན་འོད་གསལ་མངོན་དུ་མ་བྱས་ན་བར་དོ་གཉིས་པ་བསྟན་ཏེ། གདམས་ངག་དེས་སྣང་བ་སྦྱངས་ཏེ་མཐོང་བའི་ལམ་དང་རྫོགས་པའི་སངས་རྒྱས་ཀྱི་བར་དུ་བགྲོད་ལ། དེའང་འདིར་སྦྱོར་བའི་ལམ་པ་ཉིད་ཡིན་ལ། བར་དོ་ནས་འཕགས་པའི་ས་རྣམས་བགྲོད་པའོ། །དེར་སྣང་བ་སྦྱང་སླ་བ་ནི་ཕྲ་བའི་རླུང་ཙམ་ལས་མེད་པའི་གནད་ཀྱིས་སོ། །བསྐྱེད་པའི་རིམ་པའང་དེའི་སྟེང་དུ་རྫོགས་རིམ་གྱི་མྱོང་བ་ཅུང་ཟད་ཡོད་ན་བར་དོ་གསུམ་པ་སྟོན། གདམས་ངག་དེས་མངལ་ངན་པ་དགག བཟང་པོ་འདམ། སྐྱེ་བ་རྟིང་མ་དེར་རམ། གསུམ་མམ། བདུན་ནམ། བཅུ་དྲུག་པ་ཚུན་ལ་འཚང་རྒྱའོ། །དབང་གསུམ་པའི་དུས་ཀྱི་དཔེའི་ཡེ་ཤེས་ངོ་འཕྲོད་ན་རྟིང་མ་མཚན་མ་དང་བཅས་པའི་རྫོགས་པ་ལ་དྲོད་ཐོབ་པས་གསུམ་པར། ཟབ་མོ་བསྐྱེད་པ་བ་ཡིན་ན་བདུན་པ། བསྐྱེད་རིམ་རང་རྐྱང་གིས་བཅུ་དྲུག་པར་འགྱངས་ཏེ། འདིའི་འཕེན་ཤུགས་ཀྱིས་དེ་དག་ཏུ་གང་སྦྱངས་པ་ལ་མོས་ནས་དེ་དང་དེ་ལ་སྤྲོ་ཞིང་དེ་ལ་འཇུག ཕྱིས་ལམ་ལྷག་མ་འཚོལ་བའི་ཕྱིར་རོ། །གསུམ་པ་ལ། རབ་ཆོས་སྐུ་ཐུག་ཕྲད་ཀྱིས་བར་དོར་འཆི་བ་ལམ་དུ་ཁྱེར་བ། འབྲིང་སྲིད་པ་སྤྱི་ལུགས་ཀྱིས་བར་དོར་བློ་ཆོད་དུ་བཏང་བ། མཐའ་མ་ཉིང་མཚམས་སྦྱོར་བའི་བར་དོར་སྨོན་ལམ་གྱིས་འཕེན་པ་བཞག་པ་གསུམ་ལས། དང་པོ་ནི། ས་ཆུ་མེ་རླུང་འབྱུང་བ་རིམ་གྱིས་ཐིམ། །བརྒྱད་ཅུ་འགགས་ནས་སྣང་བ་གསུམ་འདས་ཏེ། །དཀར་དམར་སེམས་གསུམ་ཆུ་སྐྱེས་ནང་དུ་འཛོམ། །འོད་གསལ་ངོས་ཟིན་མ་བུ་དབྱེར་མེད་འདྲེ། །ཆོས་སྐུར་འཚང་རྒྱ་དབང་པོ་ཡང་རབ་བོ། །དབང་པོ་རབ་འདི་ཚེ་འདིར་འོད་གསལ་གྱི་མེས་དངོས་པོར་འཛིན་པ་ཐམས་ཅད་བསྲེགས་ཟིན་པས་རགས་པའི་རང་བཞིན་བརྒྱད་ཅུ་ཐིམ་རྒྱུ་ནི་མེད་ལ། འོན་ཀྱང་སྔར་དེ་དག་གིས་བཞག་པའི་བག་ཆགས་མ་དག་པས་ཐིམ་རིམ་གྱི་ཚུལ་ཞིག་བྱུང་། དེ་དང་དེའི་དུས་སུ། ད་ནི་ས་ཐིམ་མོ་སྙམ་སེམས་པ་ནི་འོང་བས་རྣལ་འབྱོར་པའི་རང་སྣང་། འགྲེལ་པར། སྐྱེ་ཤི་བར་དོ་ཤེས་པས་སྔ་ཕྱི་གཉིད་དུ་དྲན་པས་མཚམས་སྦྱར། འཆི་བའི་དུས་སུ་ཕྲ་རགས་ཐིམ་ནས་ནི། འོད་གསལ་ཆེན་པོ་ཞེས་སྔར་གོམས་སྟོབས་ཀྱིས་འོད་གསལ་ལས་མི་གཡོ་བར་བཤད་པ་དེའོ། །འདིར་རགས་པ་ནི་ཕྲ་བ་ཆོས་ཉིད་ཀྱི་རྩ་རླུང་ཁོ་ནའི་བག་ཆགས་ཀྱི་རྣམ་འགྱུར་ཡིན་ལ། ཕྲ་བ་ནི་བག་ཆགས་རང་གི་ངོ་བོ་རྣམ་ཤེས་ཏེ། དེ་གནས་གྱུར་པ་ལ་ཐིམ་པ་འོད་གསལ་དེ་ཀ་ཆོས་སྐུ་ཞེས་བྱའོ། །དེ་ཡང་སྙིང་གར་ཁམས་རླུང་འདུས་པ་ལས་འབྱུང་བའོ། །དེ་བས་ན་བྱང་སེམས་འཕགས་པའི་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ཐམས་ཅད་ལ་འདིའི་འཇུག་པ་ཡོད་ལ། འདིས་རགས་པ་མི་འབྱུང་བའང་། འདི་གང་ཟག་མཐོང་ལམ་པ་ཡན་གྱི་ལམ་ཡིན་པས། དེར་ལས་ཉོན་གྱིས་འདུས་བྱས་སྦྱངས་ཟིན་པའི་ཕྱིར་རོ། །དེས་ན། འཆི་བ་ཞེས་བྱའི་རྣམ་རྟོག་འདིས། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་སོ། །མཁའ་སྤྱོད་ལ་ཆེ་འབྲིང་ཆུང་གསུམ་གྱིས་དབྱེ་བའི་ཆེན་པོ་སངས་རྒྱས་ཀྱི་ས་དེར་རོ། །གཉིས་པ་ནི། དེ་ལ་མ་ཟིན་རླུང་གསུམ་རྐྱེན་གྱིས་འཆིང་། །འབྲིང་པོ་ཆུ་ལས་ཉ་ལྟར་ལོངས་སྐུ་ལྔ། །འདི་འགྲེལ་པར། དེ་མ་རྟོགས་ན་བླ་མ་སོགས་ཀྱི་སྐྱེལ་བསུས་ཉིང་མཚམས་རླུང་གསུམ་བཅིང་བའི་ཕྱིར། ཡོན་ཏན་རྫོགས་པའི་བར་དོ་ལོངས་སྐུ་ཡོན་ཏན་བདུན་ལྡན་ཞེས་པས་བཤད་དེ། འཆི་བའི་སྲིད་པ་དེར་སངས་རྒྱས་མངོན་དུ་བྱེད་མི་ནུས་པ་དག་ལ། ཕྲ་བ་མ་ཐིམ་པས་བར་སྲིད་གྲུབ། དེ་ཀ་ལོངས་སྐུ། དེ་ཡང་སྤྱི་འགྲོས་ལ་གང་དུ་སྐྱེ་འགྱུར་གྱི་ལུས་ལྟ་བུ་བྱིས་པ་ལོ་ལྔ་པའི་བོངས་ཚོད། ལམ་སྦྱངས་པ་ཅན་འདི་ལ་འོག་མིན་པའི་བར་སྲིད་ཇི་ལྟ་བ་སྟེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྒྲུབས་པའི་ཕྱིར་རོ། །དེ་ཡང་ཁམས་གསུམ་ལས་འདས་པའི་རྟེན་དུ་གདམས་ངག་དྲན་པས་སོང་བས་ན་འོག་མིན་གྱི་ཞིང་དུ་འཚང་རྒྱ་སྟེ། འདིའི་འོག་མིན་ནི་སྟེང་འོག་གི་དབྱེ་བ་ཡོད་པའི་གནས་མ་ཡིན་ཏེ། རྣལ་འབྱོར་པ་རང་གི་སེམས་དག་པ་དེའི་སྣང་བའོ། །གདམས་ངག་དྲན་པ་ཡང་བླ་མ་དང་ཡི་དམ་ལྷ་ལ་སོགས་པ་མངོན་སུམ་དུ་མཐོང་བའི་རྐྱེན་གྱིས་བྱེད་པར་བཤད་དོ། །འདི་ཡང་། དེ་ནས་སྒྲུབ་པའི་རྣལ་འབྱོར་ཆེ། །སྔགས་ནི་རྣམ་པ་བརྒྱད་ཀྱིས་དགོད། །དེ་ནས་འདི་ལ་ཡང་དག་མཐོང་། །གསོལ་བར་འགྱུར་བ་གདོན་མི་ཟ། །ཞེས་པར་ཁ་སྦྱོར་གྱི་སྐུ་ཡན་ལག་བདུན་ལྡན་ནམ། དབང་ཕྱུག་བརྒྱད་ལྡན་དུ་འགྲོ་ཚུལ་དང་། འཇིགས་པའི་སྒྲ་ནི་རྣམ་མང་པོས། །མི་ཟད་མཁའ་འགྲོ་འཇིགས་བྱེད་པ། །དཔའ་བོ་འཇིགས་པར་གྱུར་ན་ནི། །སྐྲག་ཅིང་རྣམ་པར་འབྱེར་བར་བྱེད། །བསུན་མ་ལ་འཇིགས་ན་བར་དོ་མི་ཆོད། བསུན་མར་ཤེས་ན། གལ་ཏེ་དཔའ་བོ་མི་འཇིགས་ན། །ལག་པ་གཡོན་པས་བཟུང་ནས་ནི། །རང་གི་གནས་སུ་ཁྱེར་ནས་སུ། །མཁའ་འགྲོ་མ་ནི་དེ་དག་དང་། །རྟག་ཏུ་མངོན་པར་རྩེ་བྱེད་དེ། །བདེ་བ་ཅན་གྱི་གནས་འགྲོ་འགྱུར། །དེར་ས་དང་པོ་མངོན་དུ་བྱས་ནས་ཟུང་འཇུག་དེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་མྱུལ་བའང་བཤད་དོ། །གསུམ་པ་ནི། བར་སྲིད་པ་འདི་སྤྱི་དང་མཐུན། རྩལ་ལྔ་གཟེར་ལྔ་དུག་གསུམ་ལས་ཀྱི་དབང་། །ཆགས་སྡང་གཉིས་ཀྱིས་མངལ་དུ་འཇུག་འགྱུར་བས། །བསྲེ་བ་ལྔ་ལྡན་ལམ་ཁྱེར་ཕྱག་རྒྱ་བཞི། །སྔར་སྦྱངས་ལྡན་པས་བར་དོ་རང་གྲོལ་གྱུར། །ཐ་མ་ཆགས་སྡང་གྲོལ་ནས་སྤྲུལ་སྐུ་འཐོབ། །སྔར། འཇིགས་པའི་སྒྲ་ནི་རྣམ་མང་པོས། །སོགས་ཀྱི་དོན། རྩལ་ལྔ་ནི་ཉོན་མོངས་པ་ལྔའི་རྩལ་འཇིགས་སྐྲག་གི་རྣམ་པ་མི་བཟད་པ། གཟེར་ལྔ་ལམ་ལྔ། དུག་གསུམ་གཅོང་གཡང་གསུམ། ལས་ཀྱི་རླུང་གིས་དབང་སྒྲ་བཞི་ལ་སོགས་པས་དེད། དེས་གར་སྐྱེར་འཇུག་པ་ཞིག་དང་། ཕ་མ་མཐོང་སྟེ་ཆགས་སྡང་གི་བློས་མངལ་དུ་འཇུག་པ་གཉིས། སྐྱེ་བ་ལེན་པ་དེ་ཀ་སྤྲུལ་སྐུ། དེ་གདམས་ངག་གིས་བཀག་པས་བཟང་པོར་སྨོན་ལམ་གྱིས་འཕེན་པའོ། །དེ་ཡང་འགྲེལ་པར། དེ་མ་རྟོགས་ན་དུག་གསུམ་ལས་གྱུར་པའི། རྟོག་པར་བཅས་ལ་དབང་དུས་ཉམས་དང་ལྷ་སོགས་སྒྱུ་མ་ཟུང་དུ་འཇུག་པ་སློབ་དང་མི་སློབ་པས། །བདུན་ཕྲག་རེ་ལ་བརྒྱལ་བར་གྱུར་པ་དེ་མ་ཁེགས་ན་སྐྱེ་བ་སྣ་ཚོགས་སྤྲུལ་སྐུར་ཉིང་མཚམས་སྦྱོར། །གསུམ་པ་དང་། བར་དོ་གསུམ་ལ་འདོད་ཆགས་ལ་སོགས་དུག་གསུམ་ཤེས་པས་ཟག་མེད་འོད་གསལ་སྒྱུ་མར་བསྲེས་ལ་བསྒོམ། །གཉིས་པ་དང་། འདི་དོན་རིམ་པས་འཁོར་བ་དང་ནི་མྱང་འདས་ལས་རྒྱལ་གཉིས་མེད་ཟུང་འཇུག་ཕྱག་རྒྱ་ཆེན་པོར་འགྱུར། །དང་པོ་དང་ཐུན་མོང་བ། སྐྱེ་བ་བདུན་ཕྲག་དང་པོ་ལ་ཁེགས་ན་ལྷག་མ་ཁེགས་སླ། དེ་ནས་བར་དོ་གཉིས་པའི་གདམས་ངག་བསྒོམས་པས་སློབ་པ་དང་མི་སློབ་པའི་བར་དུ་འགྱུར་བ་དང་། མ་ཁེགས་ན་བར་དོ་གསུམ་པ་རང་རྐྱང་དུ་བཤད་པ་འདི་ཡང་། ཧེ་རུ་ཀ་དཔལ་གུས་འདོད་པས། །མཁའ་ལ་འགྲོ་བའི་གནས་སུ་འཁྱེར། །མཁའ་ལ་འགྲོ་བ་རྟེན་ཕྱི་མ་མཁའ་སྤྱོད་ཆེ་འབྲིང་གང་རུང་དུ་འགྲོ་བར་འཁྱེར་རོ། །མཁའ་སྤྱོད་འབྲིང་ནི་བྱང་སེམས་འཕགས་པ་ལ་བྱེད་དོ། །འདི་ཡང་ཕར་ཕྱིན་པས་བར་མ་དོར་འདའ་བ་ཞེས་གསུངས་པས་མདོ་ཙམ་བསྟན་ནོ།། །།ལྔ་པ་ཅིག་ཅར་བ་བྱ་སྤྱོད་ཚོགས་སུ་བསྒྱུར་བ་ལ། ལམ་སྤྱིའི་གེགས་སེལ། བྱ་སྤྱོད་ཚོགས་བསྒྱུར་གྱི་གདམས་ངག་ག་དར་གྱི་དོན་བསྡུ་བ་གསུམ་ལས། དང་པོ་ནི། གདམས་པ་སྤྱི་ལ་གེགས་བསལ་ཞེས་མདོར་བསྟན། རྩ་བ་དྲུག་ལ་ཡན་ལག་སོ་དགུ་ཡིས། །རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་གནད་དུ་བསྣུན། །ཞེས་རྒྱས་པར་བཤད་པ་ལ། འགྲེལ་པར། མི་མཐུན་ཕྱོགས་ལས་རྒྱལ་བར་བྱ་ཕྱིར་འཇུག་པའི་ཚུལ་དང་ཞུགས་པའི་འབྲས་བུ་བསལ་བའི་ཐབས་ཉིད་དོ། །ཞེས་གེགས་འཇུག་ཚུལ། ཞུགས་པའི་སྐྱོན་གྱི་ངོ་བོ། དེ་སེལ་བྱེད་གསུམ་དུ་བསྟན། ཕྱི་མ་ལ། ལུས་ལ་གོ་གྱོན་ངག་གིས་གཡུལ་སྤྲད་སེམས་ཀྱིས་མཚོན་བསྣུན་ཞེས་ལུས་འཁྲུལ་འཁོར་གྱི་གོ་གྱོན། ངག་ཏིང་ངེ་འཛིན་གྱིས་གཡུལ་སྤྲད། སེམས་གཉིས་མེད་ཐུག་ཕྲད་ཀྱི་མཚོན་བསྣུན་པ་གསུམ་བསྟན་པའི་དང་པོ་ལ། སྒོ་གསུམ་ཁྲུས་གཅུད་རླུང་དང་འཁོར་ལོ་བསྐོར། །རྩ་བ་དྲུག་ལ་ཡན་ལག་སོ་དགུ་ཡི། །ཞེས་དང་། གཉིས་པ། ནད་ལ་སྨན་དཔྱད་བར་ཆད་སྲུང་འཁོར་གནད་བྲལ་གེགས་བསལ་ལོ། །ཞེས་བསྟན་པའི་ནད་ལ་སྨན་དཔྱད་ནི། ས་ལ་སོགས་པའི་རོ་བཞི་ངོས་གཟུང་འཁོར་ལོ་བཞི་ཡིས་རོ་བཞི་བསྙམས་ལ་ཞེས་པ་དང་། གནད་བྲལ་གེགས་བསལ་ལ་ཞི་གནས་བྱིང་རྒོད་དང་འགྲེལ་པ་ལ་ཐབས་ཀྱི་གཡུལ་སྤྲད། རྩ་རླུང་ལྷག་མཐོང་དང་འབྲེལ་བ་ལ་ཤེས་རབ་ཀྱིས་གཡུལ་སྤྲད་པ་གཉིས་ཀྱི་དང་པོ་ནི། ཐབས་དང་ལྡན་པས་པི་ཝཾ་སྒྲ་སོགས་དང་། གཉིས་པ་རྩ་རླུང་ལ་ནི་ཤེས་རབ་སྐུ་གསུམ་མཐུན་སྦྱོར་རྫས་སོགས་ལྔ། ཟིན་དང་མ་ཟིན་ལེགས་པར་ཤེས་ནས་ལུས་ཀྱི་གནད་ལ་ཉི་མ་ཟླ་སོགས་བརྫིས་ནས་རྡུལ་སྤྲུགས་བྱ། འབྱུང་བཞིའི་རླུང་ལ་ལྟེ་བ་ལ་སོགས་སྟོང་ར་བཅས་ནས་ན་ཚ་བོགས་འདོན་གེགས་འཁྱིམས་ལ་སོགས་བསལ། བཅུ་པའི་རླུང་ཤེས་ཏིང་འཛིན་རང་གྲོལ་སྨད་པ་ལྟ་བུས་བརྒྱད་པོ་བསལ་ནས་དངུལ་ཆུ་ལྟར་སྤྱད་བྱ། །དྭངས་མ་བསྲུབས་ན་སྐྱོན་རྣམས་སེལ་ཕྱིར་ཞེས་པ་དང་། འདི། དེ་ནས་དཔའ་བོས་ཡི་གེ་བདུན། །སྔགས་དགོད་དབྱེ་བ་ཉིད་ཀྱིས་ཏེ། །ཉི་མའི་དབུས་སུ་བསམ་ནས་ནི། །སྟོང་གི་བར་དུ་བཟླ་བར་བྱ། །ཤེལ་གྱི་རྣམ་པ་ལྟ་བུར་ནི། །ནད་ཀྱིས་གདུང་ལ་བསྟན་པར་བྱ། །ནས། ཕྱོགས་བཅུར་རྣམ་པར་བྱེར་བར་འགྱུར། །ཞེས་པའི་བར་གྱིས་བཤད་དོ། །གསུམ་པ་ནི། བདག་ཏུ་ལྟ་བའི་བུད་ཤིང་བསྲེགས་ནས་འོད་གསལ་ཆོས་སྐུར་བསྒྲལ་ཞེས་པའོ། །གཉིས་པ་བྱ་སྤྱོད་ཚོགས་སུ་བསྒྱུར་བ་ལ། དབང་གི་གདམས་ངག ལྟ་བས་བདུད་བརྟགས་ཏེ་སྒོམ་པ་རྟགས་དང་སྦྲེལ་བ། སྤྱོད་པས་གོལ་ས་བཅད་དེ་ཚོགས་བསྒྱུར་འཕྲིན་ལས་དང་སྦྲེལ་བ་གསུམ། དང་པོ་ནི། དབང་དང་དམ་ཚིག་འབྲལ་བར་ཤེས་པས་གདོད་ནས་དག་པ་འདིས་ཡེ་ཐོབ་དང་རྐྱེན་གྱིས་བསྐུར་ཚུལ་རྒྱུ་དང་ཉམས་སུ་བླངས་དང་ལམ་དང་རྟོགས་པ་འབྲས་བུའི་དབང་། བུམ་སོགས་དམ་ཚིག་མཉམ་གཞག་རྗེས་སྤྱོད་མི་འབྲལ་བཟའ་བསྲུང་སྤྲོས་བཅས་སྤྲོས་མེད་ཡན་ལག་བཅས་པ་ཉིད། །འདི་ནི་དབང་དུས་སུ་ཡེ་ཤེས་ངོ་འཕྲོད་ན་དེ་དམ་ཚིག་དང་ལྡན་པ་ཙམ་ལས་ལམ་ལྷག་མའི་སྤྲོས་པ་མི་དགོས་པར་སྟོན་པའོ། །གཉིས་པ་ནི། བདུད་ངོས་གཟུང་། འགྲེལ་པར། དབང་དུས་ལྟ་སོགས་མཚོན་པར་བྱས་ལ་བདུད་རིགས་ངོས་གཟུང་ཟིལ་གྱིས་མནན་ནས་སྒོམ་པ་རྟགས་དང་སྦྲེལ། །ཐ་མ་འབྲིང་དང་རབ་དང་མཆོག་གྱུར་འཇུག་སྒོ་ཤེས་པས་ཞེས་པ་སྟེ། བདུད་རིགས་དྲི་མེད་ཐོབ་བྱེད་པ་ལ་གེགས་ཡིན་པས་སོ། །དེ་དབང་དུས་སུ་ཅི་ཙམ་སྤོང་ནུས་བརྟགས་ལ་དཀྲི་དགོས་པས། དབང་དུས་ཁོ་ནར་དབང་བཞི་པའི་ཡེ་ཤེས་དངོས་རྟོགས་ན་ཕྱག་རྒྱ་ཆེན་པོའི་ལམ་ནས་ཞུགས་པས་ཆོག དེ་མ་རྟོགས་ཀྱང་དཔེ་ཡེ་ཤེས་ཙམ་རྙེད་ན་འོག་སྒོ་ནས་དང་། དེ་བཞིན་ལྷག་མ་གཉིས་ལའང་ཤེས་པས་མཆོག་རབ་འབྲིང་ཐ་མའི་སྒོམ་ཚུལ་རྟགས་དང་འབྲེལ་ལོ། །གསུམ་པ་ནི། བྱ་སྤྱོད་ཐམས་ཅད་ཚོགས་སུ་བསྒྱུར་བར་བྱ། །འགྲེལ་པར། གང་དང་གང་ལ་སོགས། མཆོག་གི་དངོས་གྲུབ་ཚེ་འདིར་འདོད་པས་དུས་དང་འབྲེལ་བར་སྤྱོད་པ་བྱས་ནས་གོལ་ས་གཅད་པར་བྱ། བྱ་དང་སྤྱོད་པ་ཚོགས་སུ་བསྒྱུར་ལ་འཕྲིན་ལས་བྱེད་པ་རབ་གནས་སྦྱིན་སྲེག་རྣམ་བཞིས་འདོད་དགུར་བསྒྱུར། །འཁོར་ལོ་བཞི་ལ་སྐུ་བཞི་ཡན་ལག་བདུན་ལྡན་རྡོ་རྗེ་སེམས་དཔའ་སྒོ་གསུམ་ངོ་སྤྲད་མཚན་དཔེས་སྤྲས། བཞི་པ། རྒྱུད་རྣམས་སྙིང་ཕྱུང་མན་ངག་བཅུད་བསྡུས་ལམ་གྱི་རིམ་པ་བདེ་གཤེགས་ཀུན་ཐུགས་ཡིད་བཞིན་ནོར་བུ་ཉིད། །བཞི་ཡང་རྒྱུད་ལས་བཤད་པའི་ཀུན་བཟང་དང་། གསང་སྤྱོད་དང་། རིག་པ་བརཏལ་ཞུགས་དང་། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྟེ། གར་དང་སོགས་ནི། དེ་ནས་དཔའ་བོའི་སྤྱོད་བརཏལ་ཞུགས། །རྣལ་འབྱོར་མ་ཀུན་རབ་བསྒྲུབ་པ། །མཚན་ཉིད་དབྱེ་བ་ཤེས་བྱས་ནས། །དངོས་གྲུབ་མྱུར་དུ་འགྲུབ་བྱེད་ན། །ཞེས་པའི་དོན། སྤྱོད་པས་སོགས་འབྱིན་པ་ནི་རྡོ་རྗེ་ཐེག་པའི་ཁྱད་པར་གྱི་ཆོས་ཡིན་པས། སངས་རྒྱས་བྱ་བ་མྱུར་བའི་བྱེད་པའི་ཚུལ་གཅིག་གོ །དུས་དང་འབྲེལ་བ་ནི། ལས་དང་པོ་དང་། རྣལ་འབྱོར་པ་དང་། གྲུབ་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་དཀའ་སྤྱོད་ཀྱི་རིམ་པའོ། །ཇི་ལྟར་སྤྱོད་པ་ནི་བཞི། དང་པོ། ཉོན་མོངས་པ་ལྔ་ཚོགས་གཉིས་བསག་པའི་རྐྱེན་དུ་གཏོང་བས་བྱ་སྤྱོད་ཚོགས་སུ་བསྒྱུར་ལ་སོགས་གསུངས་ཏེ། ཀུན་ནས་དགེ་བ་བཟང་པོ་ལ་སྤྱོད་པ་དེའི་ཕྱིར་ཀུན་བཟང་ངོ་། །དེ་ཡང་། ཕོ་ཉ་གཙང་སྦྲ་དང་པོ་ཡིན། །གཉིས་པ་ཞི་བ་ཡིན་པར་འདོད། །ཟས་གཅིག་ཏུ་ནི་བཟའ་བ་ཉིད། །གཙང་སྦྲ་གསུམ་པ་ཡིན་པར་བཤད། །ནས། སྟོང་ཕྲག་བརྒྱ་ཡི་གདོང་གྱུར་མིན། །ཞེས་པའི་བར་གྱིས་སོ། །འདོད་དགུར་བསྒྱུར་ཞེས་པ་གསང་སྤྱོད་དེ། མཚན་མོ་རྟག་པར་གཅེར་བུ་སྟེ། །གནག་དང་དམར་བ་དག་ཏུ་འགྱུར། །སྲོག་ཆགས་ཡན་ལག་ན་བཟར་གྱོན། །བདེ་བ་འདོད་པའི་བདེ་སྐྱོང་བྱ། །མཆོད་ཕྱིར་ཐོགས་ནི་ཡོངས་སྤངས་ལ། །གཙང་སྦྲ་ཤྲཱི་ཧེ་རུ་ཀར་གནས། །ཕྱག་རྒྱ་ལྔ་དང་ཡང་དག་ལྡན། །རིགས་དང་རིགས་མིན་ངོར་མི་བལྟ། །སྤྱི་གཙུག་ལ་སོགས་བཅིང་བ་སྤང་། མཚན་མོ་དང་། ནང་པར་སྔར་ལངས་སེམས་བདག་ཉིད། །ནས། རྣམ་འཕྲུལ་སེམས་པས་གྲོལ་བར་འགྱུར། །ཞེས་པའི་བར་གྱིས་སོ། །འཁོར་ལོ་བཞི་ལ་བརྟེན་འཁོར་ལོ་བཞིར། གྲོང་དང་གྲོང་དུ་དེ་སོང་ནས། །ཕོ་ཉའི་གཟུགས་ནི་མཚོན་པར་བྱ། །བརྟེན་རླུང་སེམས་མས་བརྟན་གྱི་འགྲོས་བཞི། ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་། །ནས། བསྒྲུབ་པ་དག་དང་ཉེ་བ་སྟེ། །ཞེས་པའི་བར་གྱིས་ལུས་ངག་ཡིད་ཡེ་ཤེས་འཛག་མེད་དུ་ཐིམ་པའི་བསམ་གཏན་བཞི་སྒྲུབ་པ་བརཏལ་ཞུགས་སོ། །རྡོ་རྗེ་སེམས་དཔའ་ནི། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །ཡན་ལག་བདུན་ལྡན་ནི། རྣམ་པར་དག་པའི་མཚན་ཉིད་ཀུན། སྒོ་གསུམ་ངོ་སྤྲད་ནི། ཇི་ལྟར་དེའི་ཕྱིར་སྤྱོད་པ་ཇི་ལྟར་བྱ་བ་ནི། སྒྲུབ་པ་པོ་ཡི་བདེ་བའི་ཆུ། །འཐུང་བ་གཉིས་མེད་སྦྱོར་བདག་ཉིད། །དག་བྱེད་སྡིག་པ་འཇོམས་བྱེད་པ། །རེག་པ་དང་ནི་སྨྲ་བས་ཀྱང་། །སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར། །ལུས་དག་པ་ལ་སྐྱོན་མེད་པའི། །མི་མཆོག་ཀུན་ནས་སྤྱོད་བྱེད་པ། །ཞེས་པ་སྟེ། འཚང་རྒྱ་ཁར་རྩོམ་ཞིང་། མཚན་དཔེས་སྤྲས་ནི། །སྡིག་པ་ཐམས་ཅད་རྣམ་དག་སྟེ། །དེ་བཞིན་གཤེགས་པའི་ས་འཐོབ་བོ། །སྡིག་པ་ཐམས་ཅད་རྣམ་དག་པ། །དེ་བཞིན་གཤེགས་པའི་རིགས་སྐྱེས་ཤིང་། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །འདིས་ཕྱོགས་ལས་རྣམ་རྒྱལ། དེ་དག་འབྱུང་བ་རོ་སྙོམས་ཀྱི་རྣམ་བཤད་དུ་རྒྱས་པར་བཤད་པ་བཞིན་ནོ། །ཡང་སྤྱོད་པ་དེ་དག་དང་མ་འབྲེལ་ན་ཞི་སོགས་ཀྱི་ལས་རབ་འབྱམས་གང་འདོད་དང་། གཞན་དོན་དུ་རབ་ཏུ་གནས་པ། དེ་ཡང་ལྷ་རབ་ཏུ་གནས་པ་དང་། སློབ་མ་རབ་ཏུ་གནས་པ་གཉིས། ཕྱི་མ་དབང་བསྐུར་རོ། །འདི་ཡང་མདོར། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བསམ་གཏན་པ་ཞེས་སམ། གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་པའི་ཚུལ་གྱིས་མདོ་ཙམ་བསྟན་ན། །གསུམ་པ་ག་བརྡར་གྱི་དོན་བསྡུ་བ་ནི། གོ་རིམ་ཇི་བཞིན་ཉམས་སུ་བླངས་གྱུར་ན། །འགྲེལ་བར། འདི་དོན་རིམ་བརྒྱུད་བླ་མ་ལ་བརྟེན་གུས་པས་བླང་ཕྱིར་ལམ་ཁྱེར་ཞལ་ནས་སྙན་དུ་བརྒྱུད། །འདི་བརྒྱུད་པ་ཡིད་བཞིན་བཞིན་བུའི་དོན་བསྡུའོ། །མཆོག་གི་བློ་ཅན་བརྩེ་བ་ཆེན་པོས་ཐེག་གཞན་སྤངས་ལ་སྨིན་དང་གྲོལ་བ་རིམ་པ་གཉིས་ལ་འབད། །སྨིན་གྲོལ་གཉིས་ཀྱི་དོན་བསྡུའོ། །སྣོད་བཅུད་ལ་སོགས་གཞལ་ཡས་ཁང་དུ་ཕུང་པོ་ཁམས་སོགས་ལྷ་རུ་དག་པས་རྒྱལ་བ་ཐམས་ཅད་བསྡུ། །ཞེས་པ་བསྐྱེད་རིམ་གྱི་འབྲས་བུས། རྒྱལ་བ་ཐམས་ཅད་བསྡུ་བ་གྲུབ་པ་བདུན་ཏེ། མི་སྣང་བ་མ་གཏོགས་པའོ། །དེ་ནི་ལས་ཚོགས་བཞིན་འགྲུབ་སླ་བས་སོ། །རྡོ་རྗེའི་ལུས་ལ་བདེ་ཆེན་གནས་པས་ཕོ་ཉ་ལ་སོགས་སྤྲོས་དང་སྤྲོས་མེད་འཁོར་ལོ་ཟུང་དུ་འཇུག །ཅེས་རྫོགས་རིམ་གྱི་འབྲས་བུ་སྟེ། མཆོག་གི་དངོས་གྲུབ། འདི་ལ་འདོད་པའི་དངོས་གྲུབ་ཅེས་གསུངས་ཤིང་། འདོད་པ་ནི་འདོད་ཆགས་ཆེན་པོ་སྟེ། མཆོག་ཏུ་མི་འགྱུར་བའོ། །དངོས་གྲུབ་ནི་རྣམ་པ་ཐམས་ཅད་པ་སྟེ། སྐུ་གཉིས་ཟུང་འཇུག་གོ །རིམ་པ་འདི་ལ་མོས་པ་བརྟན་པས་སྤྲུལ་པ་མཐོང་ཞིང་སྐྱོན་ཡོན་དང་བཅས་ཆུང་ངུ་ཡིན་ཕྱིར་ཚོགས། །རླུང་ཟིན་པས་རྩའི་འཁོར་ལོ་ཁམས་རླུང་གི་བཞོན་པ་ཅན་ཚོགས་པས་ཚོགས་ཀྱིས་འདི་ལ་གསལ་བ་བསམ་གྱིས་མི་ཁྱབ་པ་ཡོད་པས་སྤྲུལ་སྐུ་མཐོང་བ་ཞེས་བཤད། དེ་ལ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཞེས་བྱའོ། །སྐད་ཅིག་བཞི་ལ་དགའ་བ་གསུམ་སོན་ཏེ། །དྭངས་མ་ཡས་བྱོན། ཡས་བརྟན་གྱི་དགའ་བ་གནས་སོ་སོ་དང་ནོར་བུའི་རྩེ་གང་བ་འཛིན་ནུས་པ་སྦྱོར་ལམ་སྟེ་མས་སྤྱོད་ཀྱི་ས་སྟེ། འགྲེལ་བར། སྐད་ཅིག་བཞི་ཡི་དགའ་བ་གསུམ་སོན་འབྲིང་པོའི་དྲོད་དེ་ལྷན་ཅིག་སྐྱེས་པ་དྷཱུ་ཏཱིའི་ལམ་ཞུགས་ནས། །ཞེས་སོ། །འགྱུར་མེད་མས་བརྟན་པས། རྩ་མདུད་རིམ་པས་དྲལ་ནས་དྷཱུ་ཏཱིར་འགྱུར། །འདིར་རྩ་མདུད་ནི། རྡོར་འཕྲེང་ལས། སྒྲ་དང་ཐིག་ལེ་མིང་དུ་བྱས། །རླུང་གཉིས་ཀྱིས་ནི་ཕྱི་ནས་ནི། །མ་རིག་མདུད་པ་འབྱེད་པར་བྱེད། །ཅེས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་བཞག་པའི་བག་ཆགས་ཏེ་ཤེས་བྱའི་སྒྲིབ་པ་དེ་དང་དེར་དབྱེ་བའོ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྩ་བ་ལྔ། །རླུང་དང་། འདིར་རླུང་ནི་ཕྲ་བ་སྟེ། དེ་དབུ་མར་ཐིམ་པའོ། །ཉོན་མོངས་འགགས་ནས་ཡེ་ཤེས་མངོན་དུ་འགྱུར། །ཉོན་མོངས་པའང་རྣམ་ཤེས་ཐིག་ལེར་བཞག་པ་དེ་ཀ་ཡིན་པས་མི་ཤིགས་པའི་ཐིག་ལེའོ། །གསང་གནས་ཀྱི་འཁོར་ལོའི་ཕྱེད་དུ་བྱང་སེམས་བརྟན། དུས་སྦྱོར་རམ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ངོ་བོའི་རླུང་གཅིག་དག རིམ་པ་དེས་ས་གཉིས་པ་སོགས་ཏེ། འཁོར་ལོ་ཕྱེད་པའང་ཐབས་ཤེས་ཀྱི་འཁོར་ལོ་དྲུག་ཅུ་གཉིས་སུ་ཕྱེད་པ་གནས་ལ་སོགས་པའི་མིང་གིས་བསྙད་པ། དོན་འཁོར་ལོ་རེར་རྐྱང་མ་ལས་ཕྱེ་བ་འོག་གི་སྒོ་ཅན། རོ་མ་ལས་ཕྱེ་བ་སྟེང་གི་སྒོ་ཅན་གཉིས་གཉིས་ཡོད་པ་དེའོ། །དེའི་ཕྱིར་གནས་དང་ཉེ་གནས་ཞེས་གསུངས་ཤིང་། དེའི་ཉེ་བའང་ཕན་ཚུན་ཕན་གདགས་བྱ་འདོགས་བྱེད་དུ་གྲུབ་པས་ན་བློ་ཉེ་བ་ལྟ་བུའོ། །ཉི་ཤུ་རྩ་བཞི་ལ་སོགས། པུ་ལི་ར་མ་མན་ཆད་གང་བར་འགྱུར། ལུས་རིལ་གྱིས་གང་བ། སྤྲུལ་སྐུ་ལོངས་སྐུ་ལ་སོགས་ཞལ་སྟོན་ཅིང་། མངོན་ཤེས་ཡོན་ཏན་བརྒྱ་དང་ཐེར་འབུམ་འཐོབ། དུས་འདིར་ས་ལམ་རིམ་པས་བགྲོད་བྱས་ཏེ། རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་འགྱུར། བྱང་སེམས་ལུས་ཀྱི་གནས་སོ་སོར་བརྟན་པས་ལུས་སོ་སོའི་མཚན་དཔེ་འགྲུབ་པ་དང་། བྱང་སེམས་དཀར་པོ་མས་བརྟན་པས་སྦ་བ་སྦུབས་སུ་ནུབ་པ་དང་། དམར་པོ་ཡས་མནན་པས་གཙུག་ཏོར་བལྟར་མི་མངོན་པ་གྲུབ་སྟེ། དེར་མས་བརྟན་གྱིས་གང་བས་འགྲོས་བཞི་ཐིམ། འདིར་འགྲོས་བཞིའི་མིང་བཏགས་ཀྱང་། ཐིམ་རྒྱུ་མི་ཤིགས་པའི་ཐིག་ལེ་གཅིག་པུའོ། །དེ་ཡང་ས་བཅུ་གཉིས། རྩ་བའི་རྒྱུད་རང་དུ་སློབ་ས་བཅུ་སྟེ། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། ཞིང་ནི་འོད་བྱེད་ཅེས་བྱ་སྟེ། །ཉེ་བའི་ཞིང་ནི་འོད་འཕྲོབ། །ཚནྡོ་ཧ་ནི་མངོན་གྱུར་ཉིད། །ཉེ་བའི་ཚནྡོ་སྦྱང་དཀའ་བ། །འདུས་པ་རིང་དུ་སོང་བ་ཡིན། །ཉེ་བའི་འདུས་པ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །དང་། ཕ་རོལ་ཕྱིན་བཅུ་ས་རྣམས་ཉིད། །ཅེས་གསུངས་ལ། མི་སློབ་པ། དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། །འདོད་པ་ཀུན་གྱི་དབང་ཕྱུག་གཙོ། །ཞེས་པས་བཅུ་གཅིག་མདོ་དང་བསྟུན། བཤད་རྒྱུད་མངོན་བརྗོད་ལས། དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེའི་ས་ནི་བཅུ་གསུམ་པ། །ཞེས་གསུངས་པ་དང་། དོན་གནས་སོགས་ཀྱི་བཅུ་གཉིས་དང་། དགའ་བའི་དབྱེ་བས་བཅུ་དྲུག་ཏུ་འགྱུར་རོ། །ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བདུན་སོགས་ནི་ས་བཅུ་པའི་མདོ་ལས་བྱུང་བ་བཞིན་ལ། འོན་ཀྱང་ལོངས་སྐུའི་ཞིང་གི་དབང་དུ་བྱས་སོ། །དེ་ཡང་འགྲེལ་པར། འཇིག་རྟེན་ལས་འདས་བརྒྱ་ཕྲག་བདུན་པོ་ཡོན་ཏན་གྱིས་སྤྲས་གནས་དང་ཉེ་གནས་ཉི་ཤུ་བཞི་ལ་སོགས། །དྭངས་མ་ཡས་བྱོན་པུ་ལི་སོགས་ཁྱབ་རྒྱུ་བ་མས་བརྟན་བདེ་ཆེན་བརྟོལ་ནས་མ་ཆགས་པདྨའི་ས། །རབ་བཀྲམ་ཆེན་པོ་ཕྲག་བདུན་ཡོན་ཏན་གསལ་བྱེད་ཆོས་སྐུའི་བདག་ཉིད་རྡོ་རྗེ་འཛིན་པར་འགྱུར། །མ་ཆགས་པདྨའི་སའང་། འདིར། མཉམ་སྦྱོར་འགྲེལ་པར། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དང་། པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། རྡོ་རྗེ་འཆང་བ་དང་། ཡེ་ཤེས་བླ་མའི་ས་དང་། བདེ་བ་ཆེན་པོའི་ས་རྣམས་རིམ་པ་བཞིན་དུ་སྦྱངས་ནས་ཅིག་ཅར་འཐོབ་པའོ་ཞེས་པའི་པདྨོ་ཅན་དོན་གཅིག འདི་ལུས་རྩ་དག་པ་སྐུ་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར། པདྨའི་འདབ་མ་རྒྱས་པའི་སྤྱན་ནོ། །དེ་བཞིན་ངག་དག་པ་གསུང་རྣམ་པ་ཐམས་ཅད་པ་ཉིན་མོར་བྱེད་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས། ཡིད་ཐིག་ལེ་དག་པ་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་བ་དང་། རྣམ་ཤེས་སམ་ཡེ་ཤེས་དག་པས་བདེ་བ་དང་ལྷན་ཅིག་སྐྱེས་པའི་སྐུ། ཡེ་ཤེས་བླ་མ་དང་བདེ་བ་ཆེན་པོའི་ས། རིམ་པ་བཞིན་དུ་སྦྱང་བ་ནི་དབང་བཞིའི་འགྲོས་ལ་བསླབ་པ་དང་། མངོན་དུ་བྱེད་པ་ནི་ཅིག་ཅར་ཏེ། དེ་ལྔ་རྣམ་པར་མི་ཕྱེད་པས་སོ། །དེ་དག་ཀུན་སྤྱོད་ལས། སླར་རྒྱས་བསྟན་པ་མ་ལུས་ཉིད། །མྱ་ངན་འདས་པ་དེ་ཉིད་བསྟན། །ཞེས་པས་ཤིན་ཏུ་རྒྱས་བཤད་ཡིན་པས་ཆོས་སྐུའོ། །གསུམ་པ་གཏད་རྒྱས་དེ་ལས་འདོད་དགུ་བབས་ཚུལ་ནི། བཅུ་གསུམ་བར་དུ་ཆིག་བརྒྱུད་རྒྱ་ཡིས་བཏབ། །འདི་ཐུན་མོང་མིའི་དབང་དུ་བྱས་ཀྱི། གཞན་བཅོམ་ལྡན་འདས་ཡབ་ཡུམ་གྱིས་བསམ་གྱིས་མི་ཁྱབ་པའི་འཁོར་གྱི་དབུས་སུ་བཤད་པས་སོ། །ཇི་སྲིད་འཛམ་བུའི་གླིང་དུ་གནས་ན། ཐབས་ཤེས་ཟླ་ཚེས་གྲངས་ངེས་ཚེ་སྟེ། དཔོན་སློབ་ཀྱི་རབ་སུམ་ཅུའི་བར་དུ་སྟེ། བདག་ནི་བཅུ་དྲུག་པའོ། །འདིར་འགྲེལ་པ་བྱེད་པར་ཏིལླི་པས་བདག་ལུང་བསྟན་ནོ་ཞེས་གནས་གསུམ་གྱི་ཌཱ་ཀི་ནཱིའི་ཚིག་གིས་བསྐུལ་བ། ཧི་མ་ལ་ཡར་གསལ་བར་ཐོས་མོད་ཀྱི། སྐྱེ་བོས་ལོགས་པར་རྟོག་དོགས་ནས། དེའི་ཚུལ་རྒྱས་པ་གཞན་དུ་བརྗོད་དོ། །མདོ་རྒྱུད་ཀུན་གྱི་སྙིང་པོ་འདི་ཡིན་པས། །ཞེས་གསུང་པ་ཉིད་ཀྱིས་མདོ་དང་ཡང་སྦྱར་ལ། གཞན་མདོ་ནི་མདོར་བསྟན་ཙམ་དང་། སྔགས་ནི་ཤིན་ཏུ་རྒྱས་བཤད་དུ་འདོད་པ་ཉིད་ཀྱིས་མ་སྨྲས་ཀྱང་གོ་བར་འགྱུར་རོ། །སྐལ་ལྡན་གྲོལ་ཕྱིར་གསང་བའི་ངེས་དོན་མཛོད། །སྐལ་ལྡན་ནི་སློབ་མ་ལ་བཤད་པའི་སྣོད་དེ་གྲོལ་བར་བྱེད་པའི་རྡོ་རྗེ་སེམས་དཔའི་གསང་ལམ་དེའང་ཚུལ་གཅིག་ཏུ་མ་ཆད་པས་མང་པོ་འདུས་པའི་ཕྱིར་མཛོད་ལྟ་བུའོ། །ཡེ་ཤེས་ཀྱི་མཁའ་འགྲོ་ལ་གདམས་པ་སྙན་རྒྱུད་ཡིད་བཞིན་གྱི་ནོར་བུ་རྫོགས་སོ།། །།འདི་སྦས་བཤད་ཡིན་པར་ཡང་འགྲེལ་པར། འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་ལ་སོགས་གཏིང་དཔག་དཀའ་བ་གསལ་པོར་རབ་ཕྱེ་སྙན་རྒྱུད་མཁའ་འགྲོའི་གསང་། །ཞེས་པས་སོ། །དྲི་མེད་བསགས་པའི་དགེ་བ་དེས་ནི་ས་གསུམ་གནས་པ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་ཤོག །ཅེས་འགྲེལ་པ་མཛད་པ་པོ་ཉིད་ཀྱིས་དགེ་བ་གཞན་ཕྱིར་བསྔོ་བའོ། །རྩ་འགྲེལ་གཉིས་ཀ་རྒྱ་གར་གྱི་པཎྜྻི་ཏ་ཆེན་པོ་ནཱ་རོ་པ་དང་། བོད་ཀྱི་ལོ་ཙཱ་བ་མར་པ་ལོ་ཙཱས་པུཥྤ་ཧ་རིར་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དད་པ་ཀླུ་དབང་གིས་སྦྱར་བྱིན་རླབས་སྤྲིན། །བརྒྱུད་བཟང་འབིགས་བྱེད་རི་ངོས་ལ་འཁྱུད་ནས། །ཐུབ་བསྟན་དབྱར་ཀའི་ལང་ཚོ་སྤེལ་བྱེད་པ། །སྐལ་ལྡན་མྱུ་གུའི་སྡེ་ལ་ཡིད་བཞིན་ནོར། །གནས་སྐབས་མི་ཟད་ཁ་རླངས་འཕྲོ་བའི་རུམ། །མི་ཤིགས་ཐིག་ལེའི་གདེངས་ཀར་མལ་འཆའ་མཁན། །བླ་མའི་མཐུས་ལོན་སྨིན་ལམ་རྒྱལ་མཚན་རྩེར། །སད་པས་དངོས་གྲུབ་མ་ལུས་ཆར་དུ་བསྙིལ། །དངོས་ཞེན་སྐྱེ་བོ་མ་དག་འཛིན་པའི་ལྕགས། །དག་པའི་གསེར་དུ་སྒྱུར་བའི་གྲོལ་བྱེད་རྩི། །གྲངས་རིང་བགྲོད་དཀའི་ཆོས་མཛོད་ཁེངས་བཏུང་བ། །སྙན་རྒྱུད་ཀུན་བཟང་སྒྱུ་འཕྲུལ་རྒྱ་མཚོའི་དཔྱིད། །མི་ཤེས་མུན་པའི་དགྲ་བོ་མ་ལུས་པ། །ལེགས་བཤད་དཔུང་པས་གནོན་པར་ཁྱོད་འོས་ཞེས། །མཁའ་འགྲོའི་བསྐུལ་ཚིག་སྐྱ་རེངས་རིམ་གསུམ་མཐར། །ངེས་གསང་ཚ་ཟེར་འབུམ་སྡེའི་སྙིང་པོ་བསྟན། །ནམ་ཡང་སྐྱེ་དགུ་རྣམས་ཀྱིས་འདི་ཇི་བཞིན། །གོ་བར་གྱུར་ཅིག་ཅེས་སྨོན་པད་དཀར་ཚིག །རྣམ་གྲོལ་བདེ་བ་འགྱེད་པའི་མཆོད་སྦྱིན་འདིར། །མ་ལུས་མགྲོན་གཉེར་གེགས་མེད་མཁའ་འགྲོས་མཛོད། །ཨུ་རྒྱན་ཆོས་ཀྱི་གན་མཛོད་ནས་ཕྱུང་བ། སྙན་རྒྱུད་ཡིད་བཞིན་གྱི་ནོར་བུ་ལེགས་པར་བཤད་པའི་རྒྱལ་མཚན་གྱི་རྩེར་བཏོན་པ་དངོས་གྲུབ་ཀྱི་ཆར་འབེབས་ཞེས་བྱ་བ། རྟ་སྡིངས་ནས་ཆོས་ཀྱི་རྗེ་ཡེ་ཤེས་རྒྱལ་མཚན་པས་རིང་མོ་ནས་བསྐུལ་ཞིང་། རྗེ་དམ་པ་ཨ་ཝ་དྷཱུ་ཏཱི་པའི་རིགས་དབོན་གཉལ་རོང་པཎྜྻི་ཏ་དང་། བྱང་རབ་འབྱམས་པ་བྱམས་པའི་རྒྱལ་མཚན་སོགས་འགའ་དང་། ལྷག་པར་གནས་གསུམ་གྱི་ཌཱ་ཀིས་བསྐུལ་བའི་ངོར། རྡོ་རྗེ་ཐེག་པའི་གསང་བ་ཀུན་སྟེར་བ་ལ་འཇིགས་པ་མེད་པ་པདྨ་དཀར་པོས་ཕོ་བྲང་ཆེན་པོ་ཡང་རྩེའི་འདབ་ཆོས་ཀྱི་རྒྱལ་པོའི་གླིང་ཆེན་པོར་སྦྱར་པ་རྫོགས་སོ།། །།


previousཨུ་རྒྱན་ཆོས་ཀྱི་གན་མཛོད་ནས་ཕྱུང་བ། སྙན་རྒྱུད་ཡིད་བཞིན་གྱི་ནོར་བུ་ལེགས་པར་བཤད་པའི་རྒྱལ་མཚན་གྱི་རྩེར་བཏོན་པ་དངོས་གྲུབ་ཀྱི་ཆར་འབེབས།next