Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་གི་ཆུ་བོའི་རྣམ་བཤད།
   
   
   
   


 
previousམཁའ་འགྲོ་སྙན་བརྒྱུད་ཀྱི་དབང་གི་ཆུ་བོའི་རྣམ་བཤད།next

མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་གི་ཆུ་བོའི་རྣམ་བཤད།

མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་གི་ཆུ་བོའི་རྣམ་བཤད་བཞུགས་སོ། །སྒྱུ་འཕྲུལ་ཆེན་པོ་ལུས་ལ་ཕབ་པས་མཚར་བྱས་མཚར་བ་ཐམས་ཅད་འགོད། །འཇམ་དབྱངས་ཆེན་པོ་ངག་ལ་ཕབ་པས་སྙན་ཅིང་སྙན་ཀུན་སྨྲ་བ་པོ། །བདེ་བ་ཆེན་པོ་ཡིད་ལ་ཕབ་པས་དགའ་བའི་དགའ་སྟོན་ལ་འབྱམས་པའི། །བཀའ་དྲིན་ཞུ་བའི་གེ་སར་གཡོ་དེས་ཆོས་རྗེའི་ཞབས་མཐིལ་ལ་གཏུགས་སོ། །གཙུག་ལག་མ་དྲོས་ཚིག་རེངས་རུམ་མནལ་བ། །སློང་ལ་དཔྱིད་ཀྱི་བཞོན་པ་འདི་ཡོངས་ཕྱིར། །འཁྲུལ་མེད་ཤེས་པའི་དབྱར་གྱིས་རྗེས་འཛིན་པས། །དབང་གི་ཆུ་བོ་འབེབས་ལ་ཐོགས་པ་ཅི། །འདིར་སྙན་བརྒྱུད་ཡིད་བཞིན་གྱི་ནོར་བུའི་ནང་ཉམས་ལེན་ལོངས་སྤྱོད་རྫོགས་པ་སྐུའི་གདམས་ངག་སྨིན་ལམ་དབང་གི་བྱ་བ་མདོར་བསྡུས་དཔལ་ཆེན་པོ་ནཱ་རོ་པས་མཛད་པའི་རྡོ་རྗེའི་ཚིག་ཁ་འབྱེད་པར་འདོད་དོ། །དེ་ལ་ལུས་དང་མཐུན་པར་མཆོད་བརྗོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་ཀུན་སྤྱོད་ཀྱི་རྒྱུད་ལས་གསུངས་པ་འདི་བཀོད་དོ། །ཅིའི་ཕྱིར་དེ་བཤད་བྱའི་ལུས་དང་མཐུན་ཞེ་ན། བླ་མ་བསྟེན་པ་ལ་མཁས་པ་རྣམས་སྨིན་ལམ་དབང་གི་དུས་མཚོན་བྱ་དོན་དམ་པའི་ཡེ་ཤེས་བསྐྱེད་པར་བྱེད་པས་ཏེ། དགྱེས་རྡོར་ལས། བླ་མའི་དུས་ཐབས་བསྟན་པ་དང་། ཞེས་གསུངས་ཤིང་། དེ་ལྟ་བུའི་བླ་མ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་སྟེ། བདག་ཅག་གི་འདོད་པ་ཐམས་ཅད་རྫོགས་པར་བྱེད་ནུས་པས་སོ། །དེས་ན་གང་ལ་དབང་ཐོབ་པའི་བླ་མ་དེ་ཉིད་ལ་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་ཅན་ཏེ། བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་ཞེས་པས་སོ། །ཁ་ཅིག་དེ་རྡོ་རྗེ་འཆང་མིན་ཡང་དབང་ཐོབ་པ་ནས་བདག་རང་གི་མོས་པ་དེ་ལྟ་བུར་བསྒྱུར་ནས་ལྟའོ་སྙམ་མོ། །དེ་དག་ནི་རྨོངས་པ་ཆེན་པོ་སྟེ། །རྡོ་རྗེ་གུར་ལས། །གང་ཕྱིར་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་གཟུང་སྟེ། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ལུང་འདིའི་མི་མཐུན་ཕྱོགས་སུ་གནས་པས་སོ། །དེས་ན་སངས་རྒྱས་ཆོས་ཀྱི་སྐུ་ནི་མེ་ལོང་དྭངས་པོ། གདུལ་བྱ་ནི་དེའི་གོ་ན་གཟུགས་འདུ་བ། འདུལ་བྱེད་གཟུགས་ཀྱི་སྐུ་ནི་དེ་མི་གཡོ་བར་གཟུགས་ཇི་ལྟ་བར་ཤར་བའི་བརྙན་པོ། འཆར་བཞིན་པ་མེ་ལོང་ཉིད་ཡིན་པ་ལྟ་བུར་གོ་བར་བྱའོ། །དེ་ལྟར་མཆོད་པར་བརྗོད་ནས་རྩོམ་པར་དམ་བཅའ་བ། དང་པོའི་ལས་ཅན་རྣམས་དགའ་བའི། །དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །ཞེས་པས་ཏེ། དང་པོའི་ལས་ཅན་ནི། རྡོ་རྗེ་སྙིང་འགྲེལ་ལས། །ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ། །སྐལ་པ་བྲལ་བའི་བདག་ཉིད་ལ། །ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་གང་། །ཡིད་འོང་བདག་གིས་བསྟན་པ་ཡིན། །ཞེས་པ་དེ་ཡིན་ལ། གང་ཟག་དེ་ལ་རྡུལ་ཚོན་དཀྱིལ་འཁོར་དུ་བྱས་ནས་དབང་བསྐུར་དགོས་པ་སློབ་དཔོན་ཆེན་པོ་ཀླུའི་བྱང་ཆུབ་ཀྱིས། གསང་སྔགས་སྒྲར་གནས་རྣལ་འབྱོར་པ། །ལྷ་ལ་དམིགས་པ་ལྷུར་ལེན་པས། །དེ་ལས་མཚན་མ་རྙེད་འགྱུར་ཏེ། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱ། །ཞེས་པས་སོ། །དེ་ཡང་ལས་རིམ་རྒྱས་པ་ཕྱིའི་བྱ་བ་གཙོ་བོར་བཏོན་པས་བཤད་ལ། དེས་དེ་དག་མགུ་བས། རྡོ་རྗེ་མཁའ་འགྲོར། དཀྱིལ་འཁོར་ལ་སོགས་ལས་གང་གི །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་མངགས། །ཞེས་གསུངས་སོ། །ད་ནི་གཞུང་གི་དོན་སྡོམས་སུ་མཛད་པ། གསོལ་བ་གདབ་དང་བསྙེན་པ་དང་། །ས་དང་སྟ་གོན་ཐིག་དང་ཚོན། །དཀྱིལ་འཁོར་སྒྲུབ་དང་མཆོད་པ་དང་། །བདག་ཉིད་འཇུག་དང་དབང་བསྐུར་དང་། །ཡོན་འབུལ་བ་དང་བཅུ་གཅིག་གོ །ཞེས་པའོ། །དེ་ལས་དང་པོ། གསོལ་བ་བཏབ་པས་སློབ་དཔོན་གྱི་འབྲེལ་བསྟན་ཏེ། རྡོ་རྗེ་མཁའ་འགྲོར། སྔར་བསྟན་མཚན་ཉིད་ལྡན་པ་དང་། །ཡེ་ཤེས་ཡོངས་སུ་རྫོགས་པའི་ལུས། །ཞེས་བཤད་ནས། དེ་མ་ཐག་ཏུ། འདི་ནས་འབྱུང་བ་བཞིན། སེམས་ཅན་དོན་བརྩོན་སེམས་ཀྱིས་ནི། །དངོས་པོ་ཀུན་གྱིས་གསོལ་བ་བཏབ། །དེའི་སྔར་བསྟན་ནི། གང་ལ་གསོལ་བ་གདབ་པའི་རྡོ་རྗེའི་སློབ་དཔོན་ཏེ། རྒྱུད་དེ་ཉིད་ལས་བཤད་པའམ། རྩ་བའི་རྒྱུད་ལས། སློབ་དཔོན་དགེ་བའི་མཚན་ཉིད་ཅན། །ཡང་དག་ཤེས་ཤིང་རྒྱུད་ཤེས་པ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། །ཁྲོ་མེད་གཙང་ཞིང་མཁས་པ་དང་། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། །ཞེས་གསུངས་ཤིང་སྤྱིར། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་གྱི་སྦྱོར་བ་ཤེས། །སྙིང་རྗེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དད་པའི་བདག་ཉིད་དབང་པོ་ཐུལ། །གསང་སྔགས་འཆད་བྱེད་སློབ་དཔོན་ནོ། །ཞེས་གསུངས་སོ། །གང་གིས་གསོལ་བ་འདེབས་པ། དག་དང་མ་དག་འདྲེས་མ་སྟེ། །སྒྲུབ་པ་པོ་ནི་གསུམ་དུ་གནས། །མཉམ་བྱེད་རྣམ་པར་དག་པ་སྟེ། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །དང་། འདིར། ཡེ་ཤེས་ཡོངས་སུ་རྫོགས་པའི་ལུས། །ཞེས་པས་ཉོན་མོངས་པ་ཆེས་རགས་པ་སྟེ། དེ་ནི་ཆགས་བྲལ་གྱི་ལམ་གྱིས་འདུལ་མི་ཐུབ་པ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་བཞིན་དེ་དག་འདུལ་བ་ལ་རྡོ་རྗེའི་ཐེག་པ་གསུངས་པ་ཡིན་པས། དུས་ཀྱི་འཁོར་ལོར་ཡང་འདིའི་གདུལ་བྱ་ལ་ངེས་པ་དང་བྲལ་བ་ཞེས་གསུངས་སོ། །གདུལ་བྱ་དེ་ཡང་སེམས་ཅན་དོན་བརྩོན་ཏེ་སྔགས་ཀྱི་སྒོར་སྨོན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེ་སྒྲུབ་པ་སྨིན་ལམ་སྔོན་དུ་བཏང་བའི་ལམ་གྱི་ངོ་ཏི་རིམ་གཉིས། གྲོགས་དམ་ཚིག བོགས་སྤྱོད་པས་འདོན་པར་འདོད་ནས་དབང་བསྐུར་ཞུ་བའི་ཆེད་དུ་གསོལ་བ་འདེབས་པའོ། །དེ་ལ་རྡོ་རྗེ་མཁའ་འགྲོར། བླ་མས་སྨྲ་བྱ་སྟེ། །ཡོ་བྱད་ཐམས་ཅད་འབྱོར་རམ་ཅི། །ཞེས་དང་། ལན་ལ། ཅུང་ཟད་ཅིག་ནི་འབྱོར་གྱུར་ལ། །ཁ་ཅིག་དག་ནི་མ་འབྱོར་ཅེས། །སྨྲ་ན་སློབ་དཔོན་བདག་ཉིད་ཆེས། །དེ་ཡི་སེམས་ནི་བརྟག་པར་བྱ། །བརྟན་པ་ལས་ནི་བརྟན་པར་ཏེ། །གཡོ་བ་ལས་ནི་གཡོ་བ་རུ། །འདྲེས་མ་ལས་ནི་འདྲེས་མར་ཤེས། །ཞེས་པས་བརྟགས་ཏེ། དེའི་རྒྱུད་དང་ཁམས་དང་བག་ལ་ཉལ་ཤེས་པར་བྱས་ནས་གང་འཚམས་ཀྱིས་རྗེས་སུ་འཛིན་པར་འོས་པ་དེས་རྗེས་སུ་འཛིན་ཏེ། ནད་ངོ་ཤེས་པས་སྨན་གཏོང་བ་ལྟ་བུའོ། །དེ་ཡང་དབང་བསྐུར་བའི་དབང་དུ་བྱས་ཀྱི། རབ་ཏུ་གནས་པ་ལ་སོགས་པ་བྱ་བ་གཞན་གྱི་ཆེད་དུ། སྦྱིན་བདག་དེས་གསོལ་བ་གདབ་པའང་བཤད་ལ། དེར་དེ་དག་ལ་སྡིག་སྦྱང་ལྷ་བསྐྱེད་བསྲུང་བ་བྱ་བ་གསུངས་ཏེ་དུས་འགྱངས་ན་བར་ཆད་བྱུང་དོགས་པའོ། །སྡོམ་འབྱུང་ལས། འགའ་ཞིག་གསོལ་བ་འདེབས་པའམ། །རང་ཉིད་བསོད་ནམས་འདོད་པ་ཡིས། །ཞེས་པས་དཀྱིལ་འཁོར་གྱི་ལས་རིམ་འདི་ལྟ་བུ་རང་ཉིད་སྔགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་ཡང་འདྲི་དགོས་པས་དེ་ཡང་བཤད་དོ། །དེས་ནཱ་རོ་ཞབས་གཞན་དོན་གྱི་ལས་དང་། རང་དོན་གྱི་ལས་ཞེས་གཉིས་སུ་དབྱེ་བར་མཛད་དོ། །གཉིས་པ་བསྙེན་པ་ལ། བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་རྣམས་མི་བྱའོ། །ཞེས་རྒྱུད་སྡེ་ཕྱི་མ་ལས་བཀག་ལ། །འདིར་སྡོམ་འབྱུང་ལས། །སྔོན་དུ་རང་ལྷའི་བདག་ཉིད་ཀྱིས། །དཀྱིལ་འཁོར་ལ་གནས་བསྙེན་པ་བྱ། །ཞེས་གསུངས་པའི་ཕྱིར་གྲངས་དུས་རྟགས་ཀྱི་བསྙེན་པ་སྔོན་དུ་སོང་བར་བྱ་ལ། ལོང་ཡོད་ན་བསྙེན་པ་ཁ་གསོ་བར་ཡང་བྱ་སྟེ། དེས་བསྙེན་པ་ལ་རྩ་བསྙེན་དང་ཉེ་བསྙེན་གཉིས་སུ་འབྱེད་པའི་སྔ་མ་རྩ་བའི་བསྙེན་པའོ། །དེ་ཡང་ཡི་དམ་གང་ལ་བྱེད་པ་ལ་རྩ་བསྙེན་ཐེམས་པར་བྱས་ཕྱིན་གཞན་དག་ལ་ཉེ་བསྙེན་ཙམ། མ་གྲུབ་ཀྱང་འགལ་བ་མེད་པས་འདིར་རང་ལྷའི་ཞེས་སྦྱར་ལ། དེ་ཡང་རྡོ་རྗེ་མཁའ་འགྲོར། དཀྱིལ་འཁོར་ཆོ་ག་ཇི་བཞིན་དུ། །བརྟག་པ་རུ་ནི་སུ་ཡིས་ནུས། །རང་གི་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་དག་ནི་བརྟགས་ན་འགྲུབ། །ཞེས་སོ། །གསུམ་པ། དེ་ནས་སའི་ཆོ་ག་བརྩམ། །དེ་ལ་སྡོམ་འབྱུང་ལས། སྔོན་དུ་བསྙེན་པའི་དབང་བྱས་ནས། །དེར་ནི་གཏོར་མ་སྦྱིན་པར་བྱ། །དེ་ནས་ས་བརྟག་པ་ས་བསླང་བ། ས་སྦྱང་བ། ས་གཟུང་ཞིང་བསྲུང་བ་བཞི། དང་པོ་ལ་གཞི་རུང་བ། རྩ་རྒྱུད་ལས། རི་བོ་ཚང་ཚིང་སྨན་ལྗོངས་དང་། །ཆུ་བོ་ཆེན་པོའི་ངོགས་དག་པར། །ཞེས་སམ། །རྡོ་རྗེ་མཁའ་འགྲོར། གྲོང་དང་དུར་ཁྲོད་ཚོང་འདུས་དང་། །ཚལ་དང་ལྷ་ཁང་གྲོང་ཁྱེར་གྱི། །དང་། སྡོམ་འབྱུང་ལས། གཙུག་ལག་ཁང་དང་མཆོད་རྟེན་གནས། །གནས་ཁང་འདུན་ཁང་ས་ཕྱོགས་གཙང་། །དང་། རྩ་བཤད་གཉིས་ཀར། གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ། །ཞེས་མཆོག་ཏུ་གྱུར་པ་ནི་དེར་རོ། །ཕྱོགས་རྡོ་རྗེ་མཁའ་འགྲོར། ཤར་དང་བྱང་གི་ས་གཞི་ཤིས། །ལྷོ་དང་ནུབ་ཕྱོགས་དེ་ལྟ་མིན། །དང་། ལྟོ་འཕྱེ་བརྟག་སོགས་རིམ་པ་ཡི། །དེར། ལྟོ་འཕྱེ་དེ་དག་ལ་ནི་དེར། །ཞེས་པ་ལ། འཇིག་རྟེན་ན་ཁྲུམས་ནས་བརྩམས་པའི་ཟླ་བ་གསུམ་གསུམ་ལ་གོ་རིམ་བཞིན་ཤར་ལྷོ་ནུབ་བྱང་དུ་དེའི་མགོ་བསྟན། གདོང་ལྷོ་ལ་ཕྱོགས་པས་ས་གཞི་དེའི་ནང་དུ་ས་བདག་ཀླུ་གནས་སོ་ཞེས་གྲགས་པས་སོ། །ལྟོ་འཕྱེའི་ལྟོ་བར་བརྐོ་བ་དང་། །ཞེས་པས་གང་དུ་བྱེད་པའི་དཀྱིལ་བཙལ་ཏེ་དེའི་ལྟོ་བ་ནས་བརྐོ་བར་བྱའོ། །བརྐོ་ཞིང་རོ་བསལ་བའང་དེར། །པུས་མོ་ཆུ་སོ་ལྟེ་བའི་བར། །བརྐོས་ལ་ཕུག་མ་རྡོ་དང་ནི། །གྱོ་མོ་སོལ་བ་ཟུག་རྔུ་དང་། །ཚེར་མ་ལ་སོགས་བསལ་བ་བཅག ས་པྲ་བརྟག་པ། ཕྱི་ནས་མཐོ་གང་ཙམ་དུ་བརྐོ། དེ་ནི་ཆུ་ཡིས་རབ་བཀང་ལ། །ཤར་དུ་བལྟས་ཏེ་གོམ་བརྒྱར་འགྲོ། །སླར་ལོག་ནས་ནི་བརྟག་པར་བྱ། །ཆུ་ཡིས་གང་བར་གནས་ན་ཤིས། །བསྐམས་ན་སྔགས་པས་སྤངས་བར་བྱ། །གཏེར་འཇུག་པ། སྔོན་དུ་འབྲུ་ལ་སོགས་པ་འཇུག ལྟོ་འཕྱེ་བརྟག་པ་ནས་འདིའི་བར། །དཀྱིལ་འཁོར་ཁང་པ་ཡིད་འོང་བྱ། །ཞེས་དཀྱིལ་འཁོར་གྱི་ཁང་པ་གསར་དུ་འཆའ་བའི་དབང་དུ་མཛད་ཀྱི། །ཐམས་ཅད་དུ་མ་ཡིན་ཏེ་སྡོམ་འབྱུང་ལས། སྔོན་དུ་ལས་ནི་བྱས་པའི་སར། །བརྐོ་བ་ལ་སོགས་མི་བྱ་སྟེ། །རྡོ་རྗེ་མཁའ་འགྲོར། ཁང་བཟང་རྡོ་ལེབ་ཤིང་དང་ནི། །གཙུག་ལག་ཁང་དང་ཞབས་ཀྱིས་བཅགས། །བ་ལང་ལྷས་དང་རྒྱ་མཚོའི་འགྲམ། །ཞེས་གསུངས་པས་སྔགས་ཀྱི་སྦྱང་བ་ཙམ་གྱིས་ཆོག་པར་གསུངས་པས་སོ། །གཉིས་པ་ས་བསླང་བ་ནི། དེ་དབུས་ལྕི་བ་མ་ལྷུང་བས། །དཀྱིལ་འཁོར་ས་ནི་ཉིས་འགྱུར་བྱུག །དེ་ཡང་རྩ་རྒྱུད་ལས། དེར་ནི་ལྕི་བ་མ་ལྷུང་བས། །དཀྱིལ་འཁོར་ས་ནི་བྱུག་པར་བྱ། །ཞེས་བསྟན་ལ། དེར་ནི་ས་ལྷ། རྡོ་རྗེ་མཁའ་འགྲོར། ལམ་གྱི་ས་བོན་ལས་བྱུང་བའི། །དང་། རྒྱན་གྱིས་རྣམ་པར་ཀླུབས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །འོད་ཟེར་སེར་པོ་ཀུན་ཏུ་འགྱུར། །ས་ཡི་ལྷ་མོ་ལག་པ་ན། །གསེར་གྱི་བུམ་པ་ཐོགས་པ་ནི། ལུས་ཕྱེད་ས་ལ་གནས་པར་བལྟས་ཏེ་ལག་པ་གཡས་པ་ས་ལ་རེག་ནས་བསྐུལ་བར་བྱ་ཞེས་སོ། །ཞིང་སྐྱོང་མཆོད་ནི། བྱེ་བྲག་གི་སའི་བདག་པོ་ལ་བསླང་བ་རྒྱུད་ནས་ཞོར་ལ་ཤེས་པར་དགོངས་སོ། །གནང་བ་ཐོབ་ནས། སའི་ལྷ་མོ་དང་ཡུལ་བདག་གིས་དེར་དཀྱིལ་འཁོར་བྱས་ཆོག་པར་གནང་བ་སྦྱིན་པའོ། །གསུམ་པ་སྦྱང་བ་ནི། སྔགས་པ་ཡི། རྡོ་རྗེ་མཁའ་འགྲོར། ལག་པ་ས་ལ་བཞག་ནས་སུ། །རང་གི་སྙིང་པོ་བརྒྱ་བརྒྱར་བཟླས། །རྩ་རྒྱུད་ལས། དུར་ཁྲོད་ཐལ་བར་ལྡན་པ་དང་། །ཞེས་པས་བཤད་ལ། སྡོམ་འབྱུང་ལས། ལག་པ་རེག་ནས་ཧཱུྃ་ཡིག་གི །སྔགས་བཟླས་པས་ནི་ས་སྦྱང་བྱ། །དཀྱིལ་འཁོར་གྱི་ནི་ས་ཡི་ཆའི། །གཉིས་འགྱུར་ས་ནི་སྦྱང་བར་བྱ། །བཞི་པ་བཟུང་ཞིང་བསྲུང་བ་ནི། རྩ་རྒྱུད་ལས། བདག་ཉིད་དེ་ལྟར་གོ་བགོས་ནས། །སློབ་དཔོན་སངས་རྒྱས་ཀུན་རང་བཞིན། །ལྷ་ཡི་སྐུ་ཡི་བདག་ཉིད་ཅན། །དཔའ་བོ་རྡོ་རྗེ་དྲིལ་འཆང་བ། །མཁའ་འགྲོར་བཅས་པས་གསོལ་བ་གདབ། །དེ་ནི་སྡོམ་འབྱུང་ལས་སོ། །བསྲུང་བ། བདག་བསྐྱེད་བསྡུས་ནས་རྩ་རྒྱུད་ལས། ར་བ་རྣམས་ནི་ཕྱོགས་སུ་དགོད། ནས། སུམ་ཅུ་པས་ཀྱང་མི་ཕྱེད་དོ། །ཞེས་པའི་བར་གྱིས་བསྟན། །སྡོམ་འབྱུང་ནས། བློ་ལྡན་རྡོ་རྗེ་གསོར་བྱེད་ཅིང་། །དྲིལ་བུ་འཁྲོལ་བར་བརྩོན་པ་ཡིས། །ལྷ་དང་ལྷ་མིན་གསང་བ་པ། །རབ་ཏུ་གདུག་པའི་བགེགས་ཚོགས་བསྐྲད། །དང་། ཡང་། ས་ནི་ཡོངས་སུ་གཟུང་བྱས་ནས། །ར་བས་མཚམས་ནི་བཅིང་བར་བྱ། །འདི་རྡོ་རྗེ་མཁའ་འགྲོར། རྒྱལ་པོ་ཆེན་པོ་འགྱིངས་བྱས་ལ། །དཀྱིལ་འཁོར་ས་ལ་ཧཱུྃ་ཞེས་བརྗོད། །རྡོ་རྗེས་འགྲོས་ཀྱི་ཀུན་ཏུ་སྤྱོད། །ཅེས་རྒྱས་པར་གོམ་པ་བརྒྱད་པའི་གར་བསྡུས་པ་འགྲོས་དེ་ཙམ། ཕུར་བཏབ། རྡོ་རྗེ་མཁའ་འགྲོར། དེ་དབུས་ཁྲོ་བོ་ཆེན་པོ་ནི། བསྐལ་པའི་མེ་ལྟར་འབར་བ་བསྒོམ། །དེ་ནས་ཁྭ་ཡི་གདོང་སོགས་ནི། །སྟོང་གི་མཁའ་འགྲོའི་གཟུགས་ཅན་ལ། །ལྟེ་བ་མན་ཆད་རྩེ་གཅིག་པ། །རྡོ་རྗེ་ཡི་ནི་གཟུགས་སུ་སྤྲོ། །བགེགས་ཀྱི་ཚོགས་ལ་འོག་གཟིགས་པའི། །འགྱིང་བཅས་སྔགས་ནི་ཟློས་བཞིན་དུ། །དེ་རྣམས་སྙིང་གར་གདབ་པར་བྱ། །དང་། འདིར། རྭ་བ་རྣམས་ནི་ཕྱོགས་སུ་བྱ། །རྡོ་རྗེའི་གུར་ནི་སྟེང་དུ་དང་། །རྡོ་རྗེ་རང་བཞིན་ས་རུ་བྱ། །ཞེས་གསུངས་ལ། དེ་དག་རྒྱུད་གཞན་ལས། །རྣམ་དཔྱད་དང་པོ་ས་གཞི་གཟུང་། །ཞེས་པའི་དོན། འགའ་ཞིག་ཏུ་གསོལ་གདབ་མན་ཉིན་གཉིས་པར་གསུངས་ཏེ། ཕན་ཚུན་མི་བསྲེ་བར་རང་རང་གི་ལུང་གི་བསྟན་པ་བཞིན་བྱའོ། །བཞི་པ། དེ་ནས་ཕྱི་དེ་ཉིན་བར་ནི། །སྟ་གོན་དག་ནི་བྱ་བ་ཡིན། །ལྷ་དང་བུམ་པ་སློབ་མའོ། །ཞེས་མདོར་བསྟན། རྒྱས་པར་བཤད་པ་ལ་ལྷ་སྟ་གོན་ནི། བདག་ཉིད་རྡོ་རྗེ་འཛིན་བྱས་ནས། །ཞེས་པས་བདག་བསྐྱེད། ནག་པོ་སྤྱོད་པ་ལས་ཐིག་འདིར་འདེབས་པར་མར་དོ་གསུང་། གང་དུ་དཀྱིལ་འཁོར་བྱ་བ་དེར། །རྩ་རྒྱུད་ལས། བདུད་རྩི་ལྔ་དང་བཅས་པ་ཡིས། །དཀྱིལ་འཁོར་ས་ནི་ཉེར་བྱུགས་ཏེ། །དེར་ནི་དཀྱིལ་འཁོར་ཡང་དག་བརྩམ། །ཞེས་གསུངས། རྡོ་རྗེ་མཁའ་འགྲོར། བདུད་རྩི་ལྔས་ནི་ཀུན་ཏུ་བྱུག །དེ་བཞིན་གཤེགས་པའི་གནས་རྣམས་སུ། །ཙན་དན་སོགས་པས་གྲུ་བཞི་བྱ། །ཕལ་པ་ཡིས་ནི་གནས་རྣམས་སུ། །སོར་མོས་ཟླུམ་པོར་བྱས་ནས་སུ། །ལྷ་མོའི་འཁོར་ལོ་ཆོ་ག་བཞིན། །མེ་ཏོག་སོགས་པས་མཆོད་པར་བྱ། །གཉིས་པ་བུམ་པ་སྟ་གོན་ནི། རྒྱུ་རྡོ་རྗེ་མཁའ་འགྲོར། དེ་ནས་རིན་ཆེན་གསེར་དང་དངུལ། །ཟངས་སམ་འཇིམ་པ་དག་ཀྱང་རུང་། །ཇི་ལྟར་སྦྱོར་བ་རྗེས་མཐུན་པར། །བུམ་པ་དག་གི་བྱ་བ་སྟེ། །མཚན་ཉིད་རྩ་རྒྱུད་ལས། བཙའ་བ་ནག་པོ་ལ་སོགས་མེད། །དང་། དེར། བཙའ་བ་ནག་པོ་སོགས་པ་མེད། །ལྟོ་ཡངས་བུམ་པ་བཟང་པོའི་དབྱིབས། །ནང་རྫས་ལྔ་ཚན་ལྔ་སྟེ། རྩ་རྒྱུད་དུ། མུ་ཏིག་གསེར་དང་རིན་ཆེན་དང་། །བྱུ་རུ་དངུལ་དང་ཟངས་མ་སྟེ། །བཟའ་བ་ཀུན་གྱིས་ལེགས་བཀང་བའི། །དང་། དེར། བྱ་གྲི་སེང་གྲི་ལ་སོགས་པ། །སྨན་དང་རྒྱུན་བཅས་ཆུ་ཡིས་བཀང་། །རྣམ་རྒྱལ་ཆེན་པོ་ཐོད་པའམ་དུང་ཆོས། རྩ་རྒྱུད་དུ། སྣོད་ནི་སྟེང་དུ་བཞག་པར་བྱ། དང་། དེར། དེ་སྟེང་དམ་ཚིག་ཆེན་པོ་ནི། །མེ་ཏོག་ཆུ་དང་ལྡན་པ་བྱ། །རྩ་རྒྱུད་ལས། མགྲིན་པ་སྲད་བུས་དཀྲི་བ་དང་། །ཁ་ནི་འདབ་མས་བརྒྱན་པར་བྱ། །གོས་གཟུང་གིས་ནི་ལེགས་དཀྲིས་པ། དང་། དེར། མཚན་མ་རང་རང་མདོག་ཏུ་བྱ། །མགྲིན་པར་རས་གཟུང་གསར་པ་དཀྲི། །ཁ་ནི་ཤིང་ལོ་གསར་པས་དགང་། །ཀུ་ཤའི་ཆུན་པོ་འོག་ཏུ་བཏིང་། །ཁ་དོག་བཅོས་མའི་སྐུད་པས་བརྒྱན། །ལྷག་པར་གནས་ཤིང་མཆོད་བྱས་ནས། །ཞེས་པའི་ཀུ་ཤའི་ཆུན་པོ་བཏིངས་པའི་སྟེང་དུ་བཞག་པ་ནི་སྟ་གོན་གྱི་ཚེ་ཡིན་ལ། ལྷག་པར་གནས་པས་དེར་ལྷ་བསྐྱེད་པ་དང་བཟླས་ཏེ་ཞུ་བ་སོགས་བསྟན་ནོ། །གསུམ་པ་ནི། སློབ་མ་རྣམས་ནི་ལྷག་གནས་བྱ། །ཇི་ལྟ་བུས། གསོལ་གདབ་གདམས་དང་སྤྲོ་བ་བསྐྱེད། །སྡོམ་པ་གསུམ་ལ་ལེགས་བཀོད་ནས། །བུར་བྱ་གནས་གསུམ་བྱིན་བརླབ་ཅིང་། །སོ་ཤིང་གཏད་ནས་ཁྲུས་བྱས་ཏེ། །སྲད་བུ་དམར་པོས་ཁྱད་པར་དུ། །དཔུང་པ་བཅིངས་ཏེ་རྟག་ཏུ་བསྲུངས། །ཡི་གེ་དྷཱིཿཡི་སྔགས་བཟླས་པའི། །ཀུ་ཤ་དེ་ལ་རབ་ཏུ་སྦྱིན། །ཆོས་བཤད་ཆོ་གའི་རིམ་པའོ། །ཞེས་གསུངས་པའི་དང་པོ་སྡོམ་འབྱུང་ལས། ཐལ་མོ་སྦྱར་བར་བྱས་ནས་ནི། །གུས་པའི་ཡིད་ཀྱིས་གསོལ་གདབ་བྱ། །སྟོན་པའི་བསྟན་པ་སྤྱོད་པས་རྣམ་པར་ཕྱེ་བ་ནི། ཆགས་བྲལ་གྱི་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། འདོད་ཆགས་ཀྱི་སྤྱོད་པ་གསུམ་ལས་འདིར་ཕྱི་མ། དེ་ལ་རྒྱུད་སྡེ་ཕྱི་ནང་གཉིས་སུ་ཡོད་པའི་འདི་ནང་མ། དེ་ལ་རྣལ་འབྱོར། རྣལ་འབྱོར་བླ་མ། རྣལ་འབྱོར་བླ་མེད་ཅེས་གསུམ་དུ་དབྱེ་བའི་ཚེ། འདི་རྣལ་འབྱོར་བླ་ན་མེད་པ། དེའི་ནང་ཚན་དཔལ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་སྟ་གོན་གྱི་རིམ་པ་ཞུ་སྙམ་པས་གསོལ་བ་བཏབ་པའི་རྗེས་ཟློས་གྱིས། །རྣལ་འབྱོར་མ་མཆོག་ཁ་སྦྱོར་བའི། །སོགས་སྡོམ་འབྱུང་ལས་སོ། །དེ་ཡང་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ཏུ་བསྒྲལ་བའི་ཕྱིར་ཞུ་སྙམ་པ་དགོས་ཀྱིས། གཞན་དུ་ཐེག་པ་ཆེན་པོའི་ཆེན་པོ་འདིའི་སྣོད་དུ་མི་འགྱུར་བས་སོ། །དེ་ལྟར་ཡང་། གསང་སྔགས་དངོས་གྲུབ་སོགས་སོ། །དེ་རྒྱུད་གཞན་ནས་སོ། །དེ་ལྟར་ཁྱེད་རྣམས་ཐེག་པ་ཆེན་པོ་འདི་དང་མཇལ་བ་ནི་ཆེས་འཚེངས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་གསང་སྔགས་མཁྱེན་པས་བདུད་བཏུལ། མངོན་པར་སངས་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ། །ཞེས་བརྡ་སྤྲད་ནས། བུ་ཚུར་སོགས་སྡོམ་འབྱུང་དང་སྤྱི་ལ་རྒྱས་བསྡུས་ཙམ་མོ། །བཤད་རྒྱུད་རྡོ་རྗེ་རྩེ་མོར་སློབ་མ་སྡོམ་པ་གསུམ་ལ་འགོད་པར་གསུངས་ཤིང་། སྡོམ་པ་གསུམ་དེར། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་སྡོམ་པའོ། །ཞེས་པས་རྡོ་རྗེ་མཁའ་འགྲོ་ལས་གསུངས་པའི་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་འདིས་སོ་ཐར་མ་སྐྱེས་པ་སྐྱེ། སྐྱེས་ཟིན་འཕེལ་བ་དང་ཡངས་པར་འགྱུར་བ་ཡིན་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། སངས་རྒྱས་ཆོས་དང་དགེ་འདུན་ལ། ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་བཞིན་བདག་གིས་ཀྱང་བསྐྱེད་པར་བགྱི་ཞིང་། སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་བསླབས་པ་ལྟར། བདག་གིས་ཀྱང་དེ་གསུམ་ལ་བསླབ་པར་བྱའོ་སྙམ་པས་འདིའི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །རྡོ་རྗེ་མཁའ་འགྲོ་ལས་སོ། །སྡོམ་འབྱུང་ལས། སྐུ་གསུང་ཐུགས་ཀྱི་སྡོམ་པའང་སྦྱིན། །ཞེས། བྱང་ཆུབ་སེམས་དཔས་མི་སློབ་པའི། །དེ་ནི་གང་ཡང་ཡོད་མ་ཡིན། །ཞེས་སྤྱིར་བྱང་ཆུབ་སེམས་དཔའ། སྒོས་རྡོ་རྗེ་ཐེག་པའི་སྤྱད་པ་སྤྱོད་པ་དག་གིས་བསླབ་བར་བྱ་བ་ཐམས་ཅད་ལ་སློབ་དགོས་པ་བཞིན། བདག་གིས་ཀྱང་བསླབ་པར་བྱའོ་སྙམ་པས་འདིའི། བླ་མ་མཆོད་དང་། སྡོམ་འབྱུང་ལས་སོ། །དེས་སྔགས་ཀྱི་སྡོམ་པ་ལེན་པ་ལ་འདུན་ཞིང་དོན་དུ་གཉེར་བ་ཙམ་ཞིག་ཐོབ་པས་དེ་ལ་ཀུན་ནས་སློང་བའི་སྡོམ་པ་ཞེས་བྱའོ། །དེས་ཁྱེད་སྣོད་རུང་དུ་གྱུར་པས་ནང་གི་དབང་བསྐུར་རམ་བུར་བྱ་བ་འདི་སྦྱིན་པར་བྱ་བས་སེམས་མ་ཡེངས་པར་གྱིས་ཤིག་ཅེས་བརྗོད་དེ་གནས་གསུམ་ལྷག་གནས་མཆོད་པའི་བར་བྱ། དེ་ནི་སྡོམ་འབྱུང་ལས། སློབ་མ་རྣམས་ནི་ལྷག་གནས་བྱ། །ཞེས་པས་སོ། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ནས་དངོས་གྲུབ་ཇི་ལྟ་བུ་ཐོབ་བརྟག་པའི་པྲ། ཚོམ་བུ་ལྔ་ཚོམས་བྱས། ལས་ཐམས་ཅད་པས་བསངས་པའི་མཆོད་སྦྱིན་གྱི་ཤིང་གསར་པ། ལས་མ་བྱས་པ། རྩེ་མེ་ཏོག་གིས་བཅིངས་པ། སོར་བཅུ་གཉིས་པའི་ཚད་མཐེ་བོང་དང་གུང་མོའི་བར་དུ་བཅུག རྩ་བ་སོ་ལ་དྲུད་དེ་སྔགས་ཀྱིས་དོར་བས་ཤར་དུ་རྩེ་བལྟས་ན་ཞི་བ། ལྷོ་རྒྱས་པ། ནུབ་དབང་། བྱང་དྲག་པོ། མཚམས་ཕྲན་ཚེགས། རྩེ་འོག་ཏུ་བལྟ་ན་ས་སྤྱོད། སྟེང་དུ་བལྟ་ན་མཁའ་སྤྱོད། ཕྱིར་ལྷུང་ན་ལན་གསུམ་འདོར་དུ་བཅུག དེ་ནས་ཀྱང་མ་བྱུང་ན་སྤོགས་པའི་ཆོ་ག་ཞི་བའི་སྦྱིན་སྲེག་བྱས་ནས་སླར་སྟ་གོན་ཞུའོ། །དེ་སྡོམ་འབྱུང་དུ། བསངས་བྱས་སོ་ཤིང་སྦྱིན་པར་བྱ། །དེ་ནས་ལས་ཐམས་ཅད་པ་བཟླས་པའི་དྲིའི་ཆུ་ཨོཾ་སརྦ་པཱ་པཾ་སོགས་ཀྱིས་སྦྱིན། ཧུབ་ཧུབ་པ་གསུམ་འཐུང་། ལྷག་མ་ཕྱིར་དོར་དུས་སྡིག་པ་ཐམས་ཅད་བསྐྱུར་བར་སོམས་ཤིག དེ་ཡང་དེར། ཆོ་ག་ཇི་བཞིན་ཁྲུས་དང་ནི། །ཞེས་པས་སོ། །སྲུང་སྐུད་སྔོ་དམར་རྡོ་རྗེའི་མདུད་པ་ཅན་རྩ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་འདིས་རྨི་ལམ་གདོན་གྱིས་བྱས་པ་བསྲུང་བའི་ཕྱིར་ཡིན་པས་གདོན་གང་ནས་འཇུག་པའི་སྒོ་བཅིང་། དེར། སྲད་བུ་དམར་པོས་ཁྱད་པར་དུ། །དཔུང་པར་བཅིངས་ཏེ་རྟག་ཏུ་བསྲུང་། ཀུ་ཤ་འདི་ནི་ཚངས་པ་སོགས་དག་བྱེད་ཀྱི་རྩར་འདོད། སངས་རྒྱས་ཀྱིས་ཀྱང་བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱ་བའི་ཚེ་འདི་གདན་དུ་གདིང་བར་མཛད་པས་ཆེ་བ་མལ། ཆུང་བ་སྔས་སུ་གྱིས་ལ་རྨི་ལམ་ལེགས་ཉེས་རྟོགས་ཤིག དེར། ཡི་གེ་དྷཱིཿཡི་སྔགས་བཟླས་པའི། །ཀུ་ཤ་དེ་ལ་རབ་ཏུ་སྦྱིན། །རྨི་ལམ་དགེའམ་མི་དགེ་བརྟག །ཅེས་གསུངས། ཆོས་བཤད་པ་ནི་རྒྱུད་གཞན་ལས་ཏེ། འཇིག་རྟེན་ན་སངས་རྒྱས་འབྱོན་པ་བརྒྱ་ལམ་ན་རེས་འགའ་སྟེ། ཨུ་དུམ་ཝ་རའི་ཤིང་ལ་མེ་ཏོག་ཆགས་པ་ལྟ་བུའོ། །སངས་རྒྱས་འབྱོན་པ་ལས་ཀྱང་གསང་སྔགས་ཀྱི་བསྟན་པ་འབྱུང་བ་དཀོན་ཏེ། དུས་འཁོར་དང་གསང་བ་འདུས་པར། སྔོན་གྱི་སངས་རྒྱས་མར་མེ་མཛད། ད་ལྟའི་ཤཱཀྱ་ཐུབ་པ། མ་འོངས་པ་གཅུང་མོས་པ་གསུམ་མ་གཏོགས་པ་དེའི་བར་གྱི་སངས་རྒྱས་གང་གི་བསྟན་པ་ལ་མ་བྱུང་ཞིང་མི་འབྱུང་བར་གསུངས་པས། སྤྱིར་སངས་རྒྱས་བྱོན་པའི་འཇིག་རྟེན་དུ་སྐྱེ་བ་དཀའ། སྒོས་གསང་སྔགས་ཀྱི་བསྟན་པ་རྙེད་དཀའ་ཞིང་། དེ་དང་མཇལ་བས་བསྐལ་པ་དཔག་ཏུ་མེད་པར་བསགས་པའི་སྡིག་པ་ཐམས་ཅད་དཀྱིལ་འཁོར་ཆེན་པོ་མཐོང་བས་འདག་པར་འགྱུར་ན། དེའི་སྒོར་སྨིན་ལམ་དབང་། གྲོལ་ལམ་རིམ་གཉིས། གྲོགས་དམ་ཚིག བོགས་སྤྱོད་པས་བཏོན་ན་ཅིའི་ཕྱིར་ལམ་ཏུ་ཞུགས་པའི་རྟེན་འདི་ཁ་ལ་སངས་རྒྱས་ཅིས་མི་ཐོབ་ཏེ་ཐོབ་པར་ངེས་པ་ཡིན་ནོ། །ཞེས་བསྟན། སློབ་མ་དཀྱིལ་འཁོར་གྱི་ཁང་པར་སེང་གེའི་ཉལ་སྟབས་སུ་ཉལ་རྨི་ལམ་དགེ་ན་དེས་ཆོག ངན་ན་སྔར་བཤད་པའི་བཟློག་པའི་ཆོ་ག་བྱའོ། །དེ་ནི། གཉིས་པ་ལ་ནི་སྟ་གོན་བྱ། །ཞེས་པ་དང་མཐུན་པ། ནུབ་གཉིས་པར་བྱ་བའི་ཆོ་གའོ། །ལྔ་པ་ཐིག་དང་ཞེས་པ་ལ། སྟ་གོན་གྱི་ལྷ་ལ། མཁྱེན་པར་གསོལ་ཏེ་སྙན་གསན་དབབ། །འདེགས་པ། ཡིད་ཀྱིས་ཐམས་ཅད་ནམ་མཁར་དགོད། སྡོམ་འབྱུང་ལས། མཁས་པས་མཆོད་ཡོན་ཕུལ་བྱས་ལ། །བཅོམ་ལྡན་ཁྲོ་མཆོག་རྡོ་རྗེ་ཅན། །དེ་བཞིན་གཤེགས་ལ་གསོལ་བ་གདབ། །སོགས་ཀྱིས་བསྟན་ནོ། །ཐིག་རྩ་རྒྱུད་ལས། དེ་ནས་སེམས་མེད་སྲད་བུའམ། །རུ་དྷི་ར་ནི་ཆེན་པོས་བརླན། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །དཀྱིལ་འཁོར་འཇིགས་པ་ཐིག་གདབ་བྱ། །གཞུང་འདི་དང་དེ་གཉིས་ཀར། སྲད་བུ་ཡེ་ཤེས་ལྔ་ལྡན་ཞིང་། །ཉི་ཤུ་རྩ་ལྔར་རྣམ་ཕྱེ་བས། །ཞེས་ཁ་དོག་ལྔ་པ་ལྔ། རིང་ཐུང་དཀྱུས་སུ་འཁོར་ལོའི་ཉིས་འགྱུར་ལ། །སྦོམས་སུ་སྒོ་ཡི་ཉི་ཤུ་ཆ། །འདིས་ལས་ཐིག་གི་སྦོམ་ཕྲའང་བཤད་དོ། །དེ་ནས་ཆོ་ག་བཞིན་དུ་མཆོད། ཐིག་སྐུད་བྱིན་རླབས། ཆོས་ཀུན་ངོ་བོ་ཉིད་ཀྱིས་ནི། །སྲད་བུ་ཕན་ཚུན་བསྒྲིལ་བར་བྱ། །སྔགས་ཀྱིས་གཅིག་ཏུ་བསྒྲིལ་བ་ལ། ཇི་ལྟར་འདེབས་པ། རུ་དྷི་ར་ནི་ཆེན་པོས་བརླན། །སྡོམ་འབྱུང་ལས། སྒྲུབ་པོས་ཡི་གེ་ཧཱུྃ་བརྗོད་པས། །བདུད་རྩི་ལྔས་ནི་བྱུག་པར་བྱ། །ཇི་ལྟར་འདེབས་པ། རྡོ་རྗེ་མཁའ་འགྲོར། ཕྱེད་ནི་ལག་པར་བསྡོགས་ནས་སུ། །ཐིག་གདབ་ཆོ་ག་བརྩམ་པར་བྱ། །འདི་སྡོམ་འབྱུང་གཉིས་ཀར། ཛྫཿགསུམ་བརྗོད་ནས་ལྟེ་བར་ནི། །གཡོན་པའི་ཁུ་ཚུར་གྱིས་བཟུང་ནས། །བློ་ལྡན་ནམ་མཁར་ཐིག་བཏབ་སྟེ། །དེ་བཞིན་ས་ལའང་གདབ་པར་བྱ། །དཀྱིལ་འཁོར་གྱི་རྒྱ་ཁྱོན་རྩ་རྒྱུད་ལས། ཁྲུ་གང་ཁྲུ་བཞིའམ་ཁྲུ་བརྒྱད་པ། །དང་། འདི་སྡོམ་འབྱུང་ལས། ཁྲུ་ཕྱེད་ལ་སོགས་ནས་བརྩམས་ཏེ། །ཇི་སྲིད་ཁྲུ་ནི་བརྒྱ་ཡི་བར། །ཕྱོགས་འཁྲུལ་འཛེམ་པ། འདི་སྡོམ་འབྱུང་གཉིས། ནུབ་དང་ལྷོ་ཡི་ཕྱོགས་སུ་ནི། །སློབ་དཔོན་ངེས་པར་ཡང་དག་གནས། །ཤར་དང་བྱང་གི་ཕྱོགས་གནས་སུ། །སློབ་མ་གནས་ཏེ་མཉམ་བཞག་པས། །ཐིག་པྲ། རྡོ་རྗེ་མཁའ་འགྲོར། ཐིག་སྐུད་ཆད་ན་སློབ་དཔོན་འཆི། །དམན་དང་ལྷག་ན་ནད་འབྱུང་སྟེ། །ཕྱོགས་ལ་འཁྲུལ་ན་སློབ་མ་མྱོས། །དེ་བས་ཤེས་རབ་སྐྱོན་མེད་བྱ། །འདེབས་བྱ། ཚངས་སོགས་ལེགས་པར་ཕྱེ་ཏེ་གདབ། །ཞེས་པ་སྡོམ་འབྱུང་ལས། དང་པོར་ཚངས་པའི་ཐིག་ཡིན་ཏེ། །གཉིས་པ་ལ་ནི་ཟུར་ཐིག་གདབ། །ལས་ཐིག སྡོམ་འབྱུང་ལས། ཐིག་སྐུད་མཚན་མ་དྲུག་ཅུ་བཞི། །དཀྱིལ་འཁོར་ཐིག་གི་མཚན་ཉིད་དོ། །འཁོར་ལོའི་ཕྱི་རོལ་མཐར་ཐུག་པར། །ཆོ་ག་གསུངས་བཞིན་ཐིག་གདབ་བྱ། །དང་། དང་པོ་བཞི་འགྱུར་བདག་ཉིད་དོ། །སོགས་ཀྱིས་འཁྲུགས་བསྡེབས་པས་རྟ་བབས་སྣམ་བཞི་ཐོན། རེ་མིག་དྲུག་ཅུ་རྩ་བཞིར་བྱས་པའི་ཐིག་ལ་རྒྱུད་ལུགས་ཟེར་བའང་གཞུང་འདིར་བསྟན་པས་ཡིན་ནོ། །རྡོ་རྗེ་མཁའ་འགྲོར། སྒོ་ཡི་གསུམ་འགྱུར་ཏྭ་ར་ན། །ཞེས་པ་ལ་བརྟེན་ནས་ཨ་བྷ་ཡས་སྣམ་བུ་བཅུ་གཅིག་མ་བཤད། དེ་ཉིད་ཀྱི་སྒོའི་སུམ་འགྱུར་ཀ་བ་ནས་ཀ་བའི་བར་ཞེང་ལ་བཞག་པའང་མཛད་པས་གང་ལྟར་བྱས་ཀྱང་ཆོག་པའི་དོན་ནོ། །ལས་ཚར་ནས། རྡོ་རྗེ་མཁའ་འགྲོར། ཡེ་ཤེས་ཐིག་སྐུད་གཤེགས་གསོལ་ནས། དྲུག་པ་ཚོན་ནི། རྩ་རྒྱུད་ལས། རོ་བསྲེགས་སོལ་བའི་ཕྱེ་མ་དང་། །དུར་ཁྲོད་སོ་ཕག་ལྡན་པ་ཡི། །གཞུང་འདི་སྡོམ་འབྱུང་གཉིས་ཀར། རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་འབྲས་ལ་སོགས་པ་སྟེ། །དཀར་དང་སེར་དང་དེ་བཞིན་དམར། །ལྗང་ཁུ་ནག་པོ་དེ་བཞིན་ཏེ། །ཞེས་པས་ཐིག་སྐུད་བཞིན་དུ་བྱིན་གྱིས་བརླབ་པ། དེ་ཡང་དཀྱིལ་འཁོར་ལ་དགོས་པའི་ཚོན་ཁ་དོག་རིགས་མཐུན་བསྡེབས་ཐམས་ཅད་བྱིན་གྱིས་བརླབ། བྲི་བ་རྩ་རྒྱུད་ལས། དཀྱིལ་འཁོར་བཟང་པོ་བྲི་བར་བྱ། །གཉིས་ཀར། སློབ་དཔོན་དབང་ལྡན་མཚམས་སུ་ནི། སོང་སྟེ་མཉམ་པར་བཞག་ནས་སུ། །ལེགས་སྦས་གཡོན་པའི་ཁུ་ཚུར་གྱིས། །རི་མོ་ལྔ་ནི་དབྱེ་བར་བྱ། །ཕན་ཚུན་བར་དུ་ནས་རེ་ཙམ། །ཤོང་བའི་ཚད་དུ་བྲི་བ་སྟེ། །རི་མོ་སྦོམ་ན་ནད་དུ་འགྱུར། །ཕྲ་བས་ནོར་ནི་ཉམས་པར་འགྱུར། །ཡོན་པོས་འདིར་ནི་རྩོད་པར་འགྱུར། །ཆད་པས་འཆི་བ་འབྱུང་བར་འགྱུར། །ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆར་ནི་དམར་པོ་སྟེ། །བྱང་དུ་མརྒད་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཨིནྡྲ་ནཱི་ལ་འོད་འབར་བའོ། །དེ་ཡང་རྩ་རྒྱུད་ལས། སྒོ་བཞི་ཀུན་ནས་ཟུར་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། དང་། སྔ་མ་དང་གཞུང་གཉིས་ཀར། །གྲྭ་ཡི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པར། །མཉམ་པར་བཞག་སྟེ་ཡང་དག་བྲི། །རྡོ་རྗེ་རྭ་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་སྟེ། །པྲ་བརྟག རྡོ་རྗེ་མཁའ་འགྲོར། སྔར་བཤད་པ་ཡི་མཚན་ཉིད་ལ། །དབུས་སུ་མཐོ་བ་བྲི་བར་བྱ། །ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་པ་རྣམས་ཀྱི་དངོས་གྲུབ་འགྱུར། །དབུས་སུ་མཐོ་བས་རྒྱལ་སྲིད་དང་། །རིག་པ་འཛིན་པའི་གནས་དག་ཐོབ། །བྱང་དུ་མཐོ་བས་འཆི་འགྱུར་རམ། །རྣལ་འབྱོར་བརླག་པར་འགྱུར་བ་སྟེ། །ཡང་ན་ནད་ཀྱིས་འདེབས་པར་འགྱུར། །ཇི་སྐད་བཤད་པའི་ཤར་མཐོ་བས། །མྱུར་དུ་རིགས་རྣམས་ཟད་པར་འགྱུར་དབུས་སུ་དམའ་བའི་རང་བཞིན་ས། །སྒྲུབ་པ་པོ་ནི་འཇོམས་དང་ལྡན། །ཞེས་སོ། །དཀྱིལ་འཁོར་གྱི་ནང་དུ། དེར། ལྷ་ཡི་གནས་ནི་དེ་ཉིད་དུ། །དབུས་སུ་སྣ་ཚོགས་པདྨ་བྲི། །གེ་སར་དང་ནི་ལྡན་པ་ལ། །མཚམས་རྣམས་སུ་ནི་ཐོད་པ་སྟེ། །སངས་རྒྱས་བཞི་ཡི་གདན་བཞུགས་ལ། །རྡོ་རྗེ་ལ་སོགས་དཔའ་རྣལ་འབྱོར། །འདབ་མའི་མཁའ་འགྲོ་ལ་སོགས་པས། །ཁྭ་གདོང་ལ་སོགས་དབྱེ་བར་བྱ། །ཞེས་གསུངས་པ་བཞིན་གཞན་མཚན་མ་ལག་བདེའི་དབང་གིས་བྲིས་ན་བདུད་ཀྱི་བར་ཆད་དུ་འགྱུར་བར་བཤད་དོ། །བདུན་པ་དཀྱིལ་འཁོར་སྒྲུབ་དང་ཞེས་པ་ལ། །དཀྱིལ་འཁོར་ཉེ་བར་བརྒྱན་པ་དང་། སྒྲུབ་པ་གཉིས། དང་པོ། དཀྱིལ་འཁོར་ཀུན་ཏུ་རིན་ཆེན་དང་། །དེའི་མཐར་རྩ་རྒྱུད་ལས། གསེར་གྱིས་མཛེས་པར་སྤྲས་པར་བྱ། །འདིར། མཆོད་རྫས་ཀུན་གྱིས་བརྒྱན་པར་བྱ། དཀྱིལ་འཁོར་དེར་བུམ་པ་དགོད་པ། བརྒྱད་ནི་སྒོ་རུ་རྣམ་པར་དགོད། །བུམ་པ་བརྒྱད་ལས་རྒྱལ་བ་དང་བཀྲ་ཤིས་ཤར་སྒོའི་གཡས་གཡོན་དུ་བཞག དངོས་གྲུབ་དང་རྫུ་འཕྲུལ་གཉིས་བྱང་སྒོ་གཡས་གཡོན་དུ་བཞག རྒྱལ་བ་དང་ཞི་བ་གཉིས་ནུབ་སྒོའི་གཡས་གཡོན་དུ་བཞག གྲུབ་པ་དང་བསྲུང་བ་གཉིས་ལྷོ་སྒོ་གཡས་གཡོན་དུ་བཞག དངོས་གྲུབ་རྣམ་པར་རྒྱལ་བ་དབུས་སུ་སྟེ། །དེར། གོས་ཟུངས་ཀྱི་ནི་ལེགས་དཀྲིས་པའི། །བུམ་པ་དགུ་པ་དབུས་སུ་བཞག །ཞེས་གསུངས་པས་ཐམས་ཅད་མཉྫྱིའི་ཁར་བཞག དེར། གསེར་རམ་དངུལ་ལམ་རིན་ཆེན་ནམ། །མུ་ཏིག་རྣམས་ཀྱིས་མཛེས་པར་བྱ། །ལས་ཐམས་ཅད་པ་ཤར་སྒོ་དང་ཉེ་བར། །རྣམ་རྒྱལ་གྱི་སྟེང་དུ་རྣམ་རྒྱལ་ཆེན་པོ། །རྡོ་རྗེ་གཟུངས་ཐག་དང་བཅས་པ་ལེགས་པར་དགོད་དོ། །གཉིས་པ་སྒྲུབ་པ་ནི་འདིར་རྣམ་པ་གཉིས་གསུངས་ཏེ། །དང་པོ་དྲུག་ཅུ་མའི་དབང་དུ་མཛད་ནས་རྩ་རྒྱུད་ལེའུ་གཉིས་པ་བཞིན། བདག་ཉིད་ཁྲག་འཐུང་དཔལ་བྱས་ནས། །དེ་འོག་ཁྲག་འཐུང་དཔལ་དྲན་བྱ། །འཁོར་ལོ་འདི་ནི་སྙིང་གར་དགོད། །རྐང་པ་དང་པོས་བདག་བསྐྱེད། །གཉིས་པས་དཀྱིལ་འཁོར་བསྐྱེད་མཆོད། གསུམ་པ་བདག་མདུན་བསྲེ་བ་ཆོ་ག་ཇི་ལྟ་བ་བསྟན་ལ། ཆོ་ག་ལ་འཇུག་དུས། ཐོད་པས་སྤྱི་བོ་བརྒྱན་བྱས་ཤིང་། ནས། ཁ་ཊྶཱཾ་ག་ནི་ལག་ན་གནས། །ཞེས་པའི་བར་ཧེ་རུ་ཀའི་ཆས་སུ་ཞུགས་ནས་ཆོ་ག་ལ་འཇུག་པར་བསྟན་ནོ། །གཉིས་པ་རྩ་རྒྱུད་ལས། དེ་ལྟར་བདག་ཉིད་རབ་བསྲུངས་ཤིང་། །སྔགས་དང་ཕྱག་རྒྱས་རྣམ་བརྒྱན་ནས། །དངོས་གྲུབ་ཆེན་པོར་རབ་སྟེར་བའི། །དཀྱིལ་འཁོར་འཇིག་པ་བྲི་བར་བྱ། །དེ་ནས་སེམས་མེད་སྲད་བུ་འམ། །རུ་དྷི་ར་ནི་ཆེན་པོས་བརླན། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །ཅེས་པའི་དོན་སྔར་བཤད་ལ། སྤྱི་དོན་དུ་བསྲུང་འཁོར་བྱས། །པཱུ་ཛ་སོགས་སྔགས་དང་། དེ་ཡུལ་ཉི་ཤུ་རྩ་བཞིར་ཕྱག་རྒྱས་བཏབ་ནས་གདོད་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད། །སེམས་མེད་སོགས་ཀྱིས་བདག་མདུན་གཉིས་མེད་དུ་བསྲེ་བ་བསྟན་པས་བཅུ་གསུམ་མ་འདི་དང་མཐུན། དེ་གཞུང་འདི་དང་བཤད་རྒྱུད་ཀུན་སྤྱོད་ལས། པུ་ལ་སོགས་པས་ཡང་དག་བསྡུ། །ཡུལ་དང་ཡུལ་དུ་རྣམ་པར་གནས། །ཧེ་རུ་ཀ་དཔལ་བདག་ཉིད་འགོད། །ཡི་གེ་ཉི་ཤུ་རྩ་བཞི་ནི། །ལོངས་སྤྱོད་རྫོགས་པར་ཤེས་བྱ་སྟེ། །རྣལ་འབྱོར་ཆེ་ལ་གནས་པ་ཡིན། །མདོར་བསྡུས་ནས་ནི་རབ་འཇུག་པ། །བློ་གྲོས་བརྩོན་པས་ཤེས་པར་བྱ། །ཞེས་གསུངས་པའི་རྐང་པ་དང་པོ་གཉིས་ཀྱིས་དཀྱིལ་འཁོར་དེ་པཱུ་ཛ་ལ་སོགས་པའི་ས་བོན་ལས་ཡུལ་ཉི་ཤུ་རྩ་བཞི། །མཁའ་འགྲོ་མ་དང་བཅས་པ་འཇིག་རྟེན་ཇི་ལྟར་གནས་པ་ལྟར་དུ་བསྐྱེད་པ་སྤྲུལ་པའི་སྐུ། དེ་ནས་རྐང་པ་བཞིས་དེ་བསོད་ནམས་བརྒྱས་འདུས་བྱས་ཀྱི་མཚན་དང་དཔེ་བྱད་བཟང་པོས་སྤྲས་པ་ལོངས་སྤྱོད་རྫོགས་སྐུར་བསྒྱུར། །ལྷག་མའི་ཚིགས་བཅད་གཉིས་ཀྱིས་བདག་མདུན་རོ་གཅིག་ཏུ་བསྲེ་བས་ཆོས་ཀྱི་སྐུ། །དེས་བློ་སྣང་གི་དཀྱིལ་འཁོར་སྐུ་གསུམ་གྱི་ལམ་དུ་ཁྱེར་བ་བཤད་པས་རྩ་རྒྱུད་ལེའུ་བཅུ་པའི། ཆོས་ཀྱི་སྐུ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་གྱུར་པ། །ནས། ཡེ་ཤེས་ལོངས་སྤྱོད་རྫོགས་དང་སྤྲུལ། །ཡང་དག་ཐོབ་པར་གདོན་མི་ཟ། །བདག་ཉིད་ཤྲཱི་ཧེ་རུ་ཀར། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །རྩ་རྒྱུད་དུ་གོ་རིམ་དཀྲུགས་ལ། །ཀུན་སྤྱོད་ནས་རགས་པ་ནས་ཕྲ་བ་ལ་འཇུག་རིམ་ལུགས་ལས་འབྱུང་བ་ཉིད་བཤད་པ་ཡིན་ནོ། །མདོར་བསྡུས་ནས་ནི་སྒོམ་བྱེད་པ། །ཞེས་པའི་དོན་ཡང་བཤད་རྒྱུད་དེ་ཉིད་དུ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་བྲལ་བ་ཡིན། །རུ་ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པ། །དེ་ནི་རང་བཞིན་སྟོང་པ་སྟེ། །ཀུན་ཏུ་འགྲོ་ཞིང་མི་ཤིགས་ལ། །མདོར་བསྡུས་ནས་ནི་སྒོམ་བྱེད་པ། །འདོད་པས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པས་ཆོས་སྐུ་ལམ་ཁྱེར་དུ་འགྲོ་བའི་གནད་ཀྱང་དེའོ། །བརྒྱད་པ་མཆོད་པ་དང་། མཆོད་པ་བཞི་ཡིས་མཉེས་པར་བྱ། །རྩ་རྒྱུད་ལས། མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཡིད་ལ་འདོད་པ་བྱེད་པ་སྟེ། །ཞེས་དང་། ཕྱི་མཆོད་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །མར་མེ་བརྒྱ་ནི་དབུལ་བར་བྱ། །དྲི་དང་མེ་ཏོག་དེ་བཞིན་སྤོས། །དེ་རྩ་རྒྱུད་ལས། མར་མེ་བརྒྱ་ཡང་དབུལ་བྱ་ཞིང་། །ནས། མཛེས་པ་ཇི་ལྟ་དེ་བཞིན་ཏེ། །བར་གྱིས། འདི་དང་རྩ་རྒྱུད་མཐུན་པར། དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་བཞག་སྟེ་མཆོད་པར་བྱ། །ཚོགས་སམ་དཔའ་བོ་འམ་དཔའ་མོའི་སྟོན་མོ་དུས་དེར། གླུ་དང་གར་གྱི་དགའ་བདེས་ཀྱང་། །དེར་ནི་གཏོར་མ་སྤྱིན་པར་བྱ། །སྡོམ་འབྱུང་ལས། ཆང་དང་གཏོར་མ་མེད་པར་ནི། །ལས་རྣམས་ཐམས་ཅད་འགྲུབ་མི་འགྱུར། །འདོད་ན་སྦྱིན་སྲེག་གིས་ཀྱང་མཆོད། །དེ་ལྟར་ཆོ་ག་བཞིན་དཀྱིལ་འཁོར། །འདོད་པ་ཀུན་ལྡན་མཆོད་ནས་སུ། །དགུ་པ་བདག་ཉིད་གཞུག་པ། རྩ་རྒྱུད་ལས། བདག་ཉིད་ཀུན་ནས་བསྒོ་ལ་ནི། །དྲི་ཡི་ཆུ་ཡིས་ལེགས་པར་གདབ། །འདི་སྤྱི་དོན་དུ་བཤད་པས་ཐོན། །བཤད་རྒྱུད་སམ་པུ་ཊ་ལས། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཇི་ཙམ་བསྐུར་བ་དེ་ཙམ་བླང་བར་བྱ་ལ། །དེ་ཚང་ནས་སློབ་མ་གཞུག་པའི་ཕྱིར་ཡིན་ན་བདེན་པ་བརྗོད་དོ། །བཅུ་པ་དབང་བསྐུར་བ་ལ་དཀྱིལ་འཁོར་དུ་འཇུག་པ་དང་དབང་གཉིས། དང་པོ། ཡོལ་བའི་ཕྱིར་སློབ་མ་བསགས། །ཁྲུས་ལ་སོགས་པ་ཆོ་ག་བཞིན་དུ་བྱའོ། །དེ་ལ་ཡོལ་བའམ་ཁང་པའི་སྒོའི་ཕྱིར་འཇུག་པའི་སྔོན་དུ་འགྲོ་བའི་བྱ་བ། །རྩ་རྒྱུད་ལས། བུ་སྡུག་དེ་དག་གདོང་པ་ལ། །དར་རས་ལེགས་པར་བཀབ་ནས་སུ། །ཐལ་མོ་མེ་ཏོག་གིས་བཀང་སྟེ། །སྡོམ་འབྱུང་ལས། །ཡོན་དང་ལྷན་ཅིག་མཉམ་ལྡན་པའི། །མེ་ཏོག་གསིལ་མ་རབ་བཟུང་ནས། །དེར་ནི་གདོང་གཡོགས་བཅིངས་ནས་སུ། །དང་། ཀྱེ་ཁྱོད་སུ་ཞེས་དྲི་བྱ་སྟེ། །བདག་ནི་སྐལ་བཟང་ཞེས་ཀྱང་སྨྲ། །དེ་ཙམ་གྱིས་ཕྱི་འཇུག་ཅེས་བྱས་ཀྱང་འགལ་བ་མེད་ལ། །དོན་ལ་ཕྱིར་གནས་པ་ཡིན་པས་འཇུག་པ་མིན། །རྩ་རྒྱུད་ལས། དེ་ནས་བསྐོར་བ་བྱས་ནས་ནི། །བློ་བཟང་ཡིད་ནི་མཉམ་བཞག་པས། །ཕོ་བྲང་ཉམས་དགར་འཇུག་པར་བྱ། །ཞེས་དཀྱིལ་འཁོར་ནང་དུ་བཅུག བསྐོར་བ་ཕྱག་བྱས་ཤར་ཁྱམས་སུ་འདུག་པའི་མོས་པ་བགྱིས་བྱས། བདེ་མཆོག་གི་དཀའ་འགྲེལ་པདྨ་ཅན་ལས། བཅོམ་ལྡན་འདས་ཀྱི་མོས་པ་དམན་པ་རྣམས་ཀྱི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ཉེ་བར་བསྟན་ལ། ཟབ་མོ་ལ་མོས་པ་རྣམས་ཀྱི་ཕྱིར་དང་འོད་ཆགས་དང་བྲལ་བའི་བསམ་པ་རྣམས་ཀྱི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་ཚུལ་རབ་ཏུ་གསལ་བར་མཛད་ནས། མཆོག་ཏུ་ཟབ་པའི་སྣོད་རྣམས་ཀྱི་ཕྱིར། དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་དུ་ནག་པ་ཟླ་བའི་ཉ་ལ། དཔལ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་བཞེངས་ཏེ་སྔགས་ཀྱི་ཚུལ་གྱི་བསྟན་ཆོས་མཐའ་དག་གསལ་བར་མཛད་དོ། །ཞེས་གསུངས་པ་ཉིད་ཆོས་ཀྱི་འཁོར་ལོ་དང་པོ་དང་བར་པ་དང་། ཐ་མར་བཞག་ལ། དེ་ལྟར་འཐད་པ་རྒྱུད་འདི་ཉིད་དུ། །བྱ་བ་སྤྱོད་པ་མདོ་སྡེ་རྣམས། །རྣལ་འབྱོར་གསང་མཐའི་དབྱེ་བ་ཉིད། །སེམས་ཅན་མོས་པས་འཇུག་པ་རྣམས། །དེ་དང་དེ་ལ་དགའ་བ་སྦྱིན། །ཞེས་གསུངས་ལ། །ལུང་འདིའི་དོན་ཆེས་གསལ་བ་སྡོམ་པ་འབྱུང་བར། འདུལ་བའི་གནས་ལ་སོགས་པ་ཀུན། །ཉན་ཐོས་བདག་ཉིད་བསྟན་པའོ། །སྣ་ཚོགས་མདོ་སྡེའི་རྣམ་བཤད་ཆེ། །བྱང་ཆུབ་སེམས་དཔའི་བསྟན་པའོ། །རྣལ་འབྱོར་རྣལ་འབྱོར་མ་ཡི་རྒྱུད། །གསང་བ་སངས་རྒྱས་སྤྱོད་ཡུལ་ཏེ། །ཞེས་པས་གསུངས་ཤིང་། །རྩ་རྒྱུད་ཀྱི་བྱ་བ་ཞེས་གསུངས་པ་ཉན་ཐོས་ཀྱི། འདུལ། མདོ། སྤྱོད་པ་དེ་དག་གི་མངོན་པར་འགྲེལ་པ་མཁན་རྣམས་ཀྱིས་གསུངས་སོ། །ཉན་ཐོས་རྣམས་ཀྱི་ཐོབ་བྱ་འབྲས་བུ་ཞི་བ་མྱང་འདས་ཏེ། །དེ་ལ་ཐར་པ་ཞེས་མིང་ཐོབ་ཀྱང་ཐམས་ཅད་མཁྱེན་པ་ཞེས་མི་ཐོབ། དེས་དམན་པའང་དེར་བགྲོད་པར་བྱེད་པའི་ཐབས་ཞན་པ་ཏེ། དཔེར་བགྱི་ན། མི་འཁོས་ཆུང་བའི་ཁུར་པོ་ཆུང་བ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྲས་བུ་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་པས་ཐམས་ཅད་མཁྱེན་པ་སྟེ་མི་ཤེས་པ་ཐམས་ཅད་དྲུང་ནས་ཕྱུང་བས་སོ། །དེ་ལྟར་འབྲས་བུ་ཆེ་བ་ཡང་། ཐོབ་བྱེད་ཀྱི་ཐབས་སམ་རྒྱུའི་སྦྱོར་བ་ཕུན་སུམ་ཚོགས་པས་ཡིན་ཏེ། སྟོབས་ཆེན་པོའི་ཁུར་པོ་ཆེ་བ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྒྱུའི་ཐེག་པ་ལ་ཞུགས་པ་དང་། སྔགས་ཀྱི་ཐེག་པ་ལ་ཞུགས་པ་དེ་གཉིས་ལ་ཐོབ་བྱ་འབྲས་བུ་ལ་ཁྱད་པར་མེད་དེ་རྟོགས་བྱའི་ལྟ་བ་རྣམ་པར་དབྱེ་བ་མ་མཆིས་པས་སོ། །འོན་ཀྱང་རྟོགས་བྱེད་ཐབས་ཀྱི་སྦྱོར་བ་ལ་ཁྱད་པར་ཡོད་དེ། ཚུལ་གསུམ་གྱི་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་ལ། དེ་བཞིན་དཔལ་ནཱ་རོ་པའི་ཞལ་སྔ་ནས། དེ་གཉིས་ཀྱི་ཁྱད་པར་བདེ་བས་སྐྱོབ་པ་དང་མྱུར་བས་སྐྱོབ་པ་གཉིས་ཀྱིས་འབྱེད་པར་མཛད་ལ། དེ་གཉིས་ཀྱི་དོན་ལོ་ཙཱ་བ་ཆེན་པོ་མར་པའི་གསུངས་ལས། དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་ཚོར་བ་སྡུག་བསྔལ་ལམ་དུ་བྱེད་པ་དང་། སྔགས་ནི་བདེ་བ་ལམ་དུ་ཁྱེར་བ་ཞེས་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི། བསྐལ་པ་གྲངས་མེད་པ་གསུམ་ན་འཚང་རྒྱ་བར་འདོད་ལ། འདིར་ཚེ་གཅིག་གིས་འཚང་རྒྱ་བར་འགྱུར་ཏེ་ཞེས་པའོ། །རྣམ་པ་འདིས་ན་མཚན་བརྗོད་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཞེས་བྱུང་། ཡང་། སམྤུ་ཊར། ཐར་པ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཞེས་པས་དོན་དུ་ཉན་རང་གི་མྱང་འདས་དེ་གཉིས་ཞི་བ་ཕྱོགས་གཅིག་ལ་དེ་སྐད་བཏགས་པ་སྟེ། དེ་ལྟར་འདོགས་པའང་དེ་དག་དབུགས་འབྱིན་པའི་ཕྱིར་ཡིན་གྱི། དོན་ལ་ཐར་པ་ནི་སངས་རྒྱས་ཀྱིས་གཟིགས་ཤིང་མཁྱེན་པའམ་མངོན་དུ་མཛད་པ་དེ་གཅིག་པུ་ཡིན་པས། དེ་ནི་སྲིད་པ་དང་ཞི་བའི་ཕྱོགས་གར་ཡང་མི་གནས་པས་མི་གནས་པའི་མྱ་ངན་ལས་འདས་པའམ། མཐའ་དང་བྲལ་བ་དབུས་མ་ལ་མི་གནས་པས་རབ་ཏུ་མི་གནས་པའོ། །དེ་ཕྱིར་ཉན་རང་གཉིས་ཀྱི་ངལ་བསོས་ནས་གདོད་ཐེག་པ་ཆེན་པོ་ལ་འཇུག དེ་ནས་གསང་སྔགས་ཀྱི་སྒོར་སྤྱོད་པ་ཟབ་མོ་སྤྱད་དེ་རྫོགས་པའི་སངས་རྒྱས་སུ་འགྱུར་བས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་བྱའོ། །མདོར་བསྡུ་ན། རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ། སྤང་བྱ་ཉོན་མོངས་པའི་ས་བོན་ལ་གནོད་པ་བྱེད་པ་ཙམ་དང་། མངོན་སུམ་དུ་གྱུར་པ་ལམ་དུ་ཁྱེར་བའི་ཁྱད་ཡོད་པས་སངས་རྒྱས་ཐོབ་པ་ལ་བུལ་མྱུར་བྱུང་། གདུལ་བྱ་ཡང་ཉོན་མོངས་པ་རགས་པོ་ཅན་འདུ་མི་ནུས་པ་དང་ནུས་པའི་ཁྱད་ཞུགས་ཏེ། དང་པོ་ཉོན་མོངས་སྤོང་བར་བསྟན་པས་དེ་དག་ལ་བྱ་དཀའ། གཉིས་པས་ཉོན་མོངས་པ་ཉིད་ལམ་དུ་ཁྱེར་བར་བཤད་པས་དེ་དེ་དག་ལ་བྱ་སླ་བར་བྱུང་བ་ཡིན་ནོ། །འདི་ལ་དགོངས་ནས་བདག་གི་རྡོ་རྗེ་སློབ་དཔོན་ཡོན་ཏན་ཡེ་ཤེས་ཀྱི་གསུང་ལས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་མཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་མཚན་ཉིད་ཀྱི་ཐེག་པ་མན་ནི་དུག་གསུམ་ཆ་མཉམ། སྔགས་ནི་འདོད་ཆགས་ལ་སྤྱོད་པ་དེ་བཞིན་ཞེ་སྡང་གཏི་མུག་ལ་སྤྱོད་པའི་གཉེན་པོར་གསུངས་པ་དེའོ་གསུངས། དེ་ཡང་ཆ་མཉམ་པ་ནི་ཆགས་བྲལ་གྱི་ལམ་གྱིས་གཞོམ་ནུས། འདུ་བ་ཆ་སྙོམས་པའི་ལུས་ཟས་སྤྱོད་ཀྱིས་ནད་ཟད་པར་བྱེད་ནུས་པ་ལྟ་བུ། འདོད་ཆགས་ཅན་སོགས་ལ་དེ་རགས་པོར་གྱུར་པ། འདུ་བ་འཕེལ་ཟད་འཁྲུགས་པ་སྨན་གྱིས་མིན་པ་གཞོམ་མི་ནུས་པ་ལྟ་བུའོ། །དེ་ལྟ་བུའི་སྔགས་ཀྱི་རྒྱུད་ལ་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མེད་བཞིར་འབྱེད་པའི་ཚེ་འདི་བླ་མེད། དེ་ཐབས་ཤེས་ཟུང་དུ་འཇུག་པ་ཉིད་ཀྱི་རྒྱུད་དུ་བཤད་པའི་སྟེང་དུ་ཁྱད་པར་མེད་ཀྱང་གནས་སྐབས་ཀྱི་དགོས་པ་ལས་ཕ་དང་མ་བླ་ན་མེད་པ་གཉིས་སུ་དབྱེ་ལ། དེའི་ཕ་རྒྱུད་ཀྱང་གསལ་པོར་རྣལ་འབྱོར་མའི་རྒྱུད་ལ་བརྟེན་ནས་རྟོགས་དགོས་པ་མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་མ་ཡི་རྒྱུད་ཤེས་ནས། །རྣལ་འབྱོར་རྒྱུད་ལ་ཡིད་ཆེས་བྱ། །ཞེས་གསུངས། དེས་མའི་དངོས་བསྟན་ཟབ། མ་ཉིད་ལའང་། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བརྩམ། །ཞེས་པས། དེ་ཟབ་ལ། རྗེ་མར་པས། སྙིང་པོ་དགྱེས་པའི་རྡོ་རྗེ་ཐོབ། །ཡང་སྙིང་བདེ་མཆོག་འཁོར་ལོ་ཞུས། །ཞེས་གསུངས་པས། དེ་བས་ཀྱང་འདི་ཟབ་པའི་ཕྱིར་ཡང་སྙིང་། རྒྱུད་སྡེ་ཐམས་ཅད་ཀྱི་མཐར་སྟོན་རྒྱུ་ཡིན་པས་རྒྱུད་འདི་ལ་རྣལ་འབྱོར་གསང་མཐའ་ཞེས་པར་གྲགས་སོ། །དེ་ལྟ་བུའི་རྒྱུད་འདི་གསུངས་ཚུལ་ལ་འཛམ་བུའི་གླིང་ཡོན་ཏན་གྱི་རྒྱལ་མཚན་འདི་ཆགས་ནས་རིང་པོར་མ་ལོན་པ་ན། ནམ་མཁའི་ལྷ་བཞི་དང་དྲི་ཟ་བཞིས་མཁའ་སྤྱོད་ཀྱི་ཡུལ་བརྒྱད། ས་སྟེང་ནས་གནོད་སྦྱིན་བཞི་དང་སྲིན་པོ་བཞི་བྱུང་ནས་ས་སྤྱོད་བརྒྱད། ས་འོག་ནས་ཀླུ་བཞི་དང་ལྷ་མ་ཡིན་བཞི་བྱུང་ནས་ས་འོག་གི་ཡུལ་བརྒྱད་གཟུང་། མིའམ་ཅི་བཞིའམ་ཕྲ་མེན་མའམ་མ་མོ་བཞི་སྟེ་བརྒྱད་ཀྱིས་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་གཟུང་། དེ་ཐམས་ཅད་སྲིད་པ་གསུམ་ལ་དབང་བསྒྱུར་བའི་བདག་པོ་འདོད་ནས་འཇིགས་བྱེད་དུས་མཚན་སྤྱན་དྲངས་ཏེ་མཆོད་པར་བྱེད་ལ། དེ་གཉིས་འཁྲིག་པ་ལ་ཆགས་ནས་འགྲོར་མི་ཁོམ་པས་སྤྲུལ་པ་རྡོའི་ལིངྒ་མགོ་ལྟ་བུ་སོགས་པ་སུམ་ཅུ་རྩ་གཉིས་སྤྲུལ་ཏེ་ཡུལ་རེར་རྟེན་དུ་བཞག དེ་རྣམས་དེ་ལ་དམིགས་ཏེ་མཆོད། དེ་དག་ཀྱང་འདོད་ཆགས་ཤས་ཆེ་བས་དུས་བཞིར་ཆུང་མ་གཉིས་གཉིས་དང་རོལ། ཞེ་སྡང་ཤས་ཆེ་བས་མི་མང་པོ་བསད་ནས་ཟ། གཏི་མུག་ཤས་ཆེ་བས་ལམ་ལོག་པ་ལ་ཞུགས་ཤིང་རེ་རེའང་འཁོར་གདུག་པ་ཅན་མང་པོས་བསྐོར། དེ་དག་འདུལ་བའི་དུས་ལ་བབ་པར་གཟིགས་ནས། བཤད་རྒྱུད་མངོན་བརྗོད་བླ་མ་ལས། དེ་ནས་དགོངས་པ་སྣ་ཚོགས་པའི་དམ་ཚིག་ཆེན་པོས་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཆོས་ཀྱི་དབྱིངས་ཀུན་ཏུ་གང་བར་གཟིགས་ནས་རང་གི་བ་སྤུའི་བུ་ག་ནས་འཁོར་གྱི་ཚོགས་སྣ་ཚོགས་པ་སྤྲོས་ཏེ་སྣ་ཚོགས་པས་འདུལ་བའི་ཐབས་ཀྱིས་ནམ་མཁའི་ཁམས་ཡོངས་སུ་གང་བར་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བདག་པོ་སྣ་ཚོགས་པའི་སྐུ་འཛིན་པ་སེམས་ཅན་ལ་ཕན་པར་རྗེས་སུ་དགོངས་ལ། ཐུགས་རྗེ་ཆེན་པོ་དང་། ཁྲོ་བོའི་ཉམས་གཉིས་སུ་མེད་པར་སྦྱོར་བས་ངོ་མཚར་སྣ་ཚོགས་ཤིང་མཐའ་ཡས་པའི་ཆོ་འཕྲུལ་ཆེན་པོས་རྡུལ་ཕྲ་རབ་དང་མཉམ་པའི་ཁམས་གསུམ་གྱི་བདག་པོ་ཉིད་དུ་ཡང་དག་པར་བསྟན་ནས། ཆུ་དང་མེ་དང་རླུང་དང་དབང་ཆེན་གྱི་སྟེང་དུ་སྣ་ཚོགས་པ་རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་སྣ་ཚོགས་པའི་གཟི་བརྗིད་ཀྱིས་མཛེས་པ་དེའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་ལས་སྤྲོས་པའི་རྡོ་རྗེ་ཁྲོ་བོ་ཆེན་པོ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་གཞལ་ཡས་ཁང་། དཀྱིལ་འཁོར་རྒྱལ་པོ་སྤྲུལ་པ་ལ་ཀུན་ཏུ་བཟང་པོ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་འཁོར་རྣམས་འདུས་ཤིང་འཁོད་པར་གྱུར་ཏེ། ཞེས་གསུངས་ལ། དེ་ལྟ་བུའི་བཅོམ་ལྡན་འདས་ཡབ་ཡུམ་གྱིས་འཇིགས་བྱེད་ཁྱོ་ཤུག ཐུགས་འཁོར་བས་མཁའ་སྤྱོད། གསུང་འཁོར་བས་ས་སྤྱོད། སྐུ་འཁོར་བས་ས་འོག་སྤྱོད་སྒོ་མཚམས་མས་དུར་ཁྲོད་དུ་གནས་པ་བརྒྱད། དབང་བྱེད་པ། ལོངས་སྤྱོད་པ། ཐིམ་པའི་ཆོ་འཕྲུལ་གྱིས་བཏུལ་ཏེ། མཉམ་སྦྱོར་ལས། སྡིག་མེད་སྟོབས་ཀྱི་ངོ་འཐོན་དུ། །དབང་ཕྱུག་དམ་པ་རབ་མནན་ནས། ལྷ་མོ་བྷི་མོ་ཕྲོགས་ནས་ནི། །དེ་ཚེ་ལོངས་སྤྱོད་རང་གིར་སྤྱོད། །ཅེས་གསུངས་པས་དུས་དེའི་ཚེ་རྩ་བའི་རྒྱུད་རྒྱས་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་ལེའུ་གསུམ་འབུམ་པ་གསུངས་ལ། གདུལ་བྱ་དེ་དག་ཀྱང་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་དང་། རྣལ་འབྱོར་མའི་བདག་ཉིད་དུ་གྱུར་པས་དམ་པའི་ཆོས་ཐམས་ཅད་འཛིན་ནུས་པ་ཤ་སྟག་སྟེ། དེས་ཉམས་པ་མེད་ཀྱང་། མིའི་འགྲོ་བ་དག་གི་སྤྱོད་ཡུལ་དུ་མ་གྱུར་པས་ཤཱཀྱ་ཐུབ་པས་དཔལ་འབྲས་སྤུངས་སུ་དེ་དག་ལ་བསྟན་ཏེ། དེ་དུས་ཀྱི་ཉན་པ་པོའི་མི་ནི་ཤམྦྷ་ལའི་རྒྱལ་པོ་འཁོར་དང་བཅས་པ་ཡིན་ལ། དེ་དག་ཕྱག་ན་རྡོ་རྗེས་བསྡུས་གསེར་གྱི་གྲོ་ག་ལ་བཻཌཱུརྻ་ཞུན་མས་བྲིས་གླེགས་བམ་ཨོ་ཌི་ཡཱ་ཎ་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་དུ་བཞག རྒྱ་རིམ་པ་བདུན་བཏབ་སྟེ་རྣལ་འབྱོར་མ་དེ་དག་བཀའི་བྱ་ར་བར་བཀོད་པ་ཡིན་ཏེ། བཤད་རྒྱུད་མཁའ་འགྲོ་རྒྱ་མཚོ་ལས། །ཤེས་རབ་རྒྱུད་ནི་རང་བྱུང་ཉིད། །རང་གི་རང་བཞིན་རྟག་ཏུ་གནས། །དང་། བསྡུ་བར་མཛད་པ་སོགས་རྣམས་ཀྱིས། །བདག་ལ་བགྲོད་པ་དེ་ཐོབ་བོ། །མ་མོ་ཐམས་ཅད་འདུས་རྣམས་ཀྱིས། རྡོ་རྗེའི་གནས་རྣམས་སུ་བསྡུས་སོ། །ཞེས་གསུངས་པའོ། །དེ་ལས་གྲུབ་ཐོབ་རྣམས་ཀྱི་སྤྱོད་ཡུལ་ལོ་དྲིལ་ནག་གསུམ་ཤ་ཝ་རའི་ལུགས་སུ་གྲགས་པ་ནི་ཕལ་ཆེར་ལ་ཡོད་ལ། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ལུགས་ཡིན་པས་མཁའ་འགྲོ་སྙན་བརྒྱུད་དུ་གྲགས་པ་ནི་མར་པ་མིན་པའི་ལོ་ཙཱ་བ་གཞན་ལ་མེད་དོ། །དེ་ཡང་རྩ་བའི་རྒྱུད་ལས། མན་ངག་ཤིན་ཏུ་རྙེད་དཀའ་སྟེ། །དཔའ་བོའི་བརྡ་ཡི་སྐད་དུ་ནི། །ང་ཡིས་རྒྱུད་དུ་སྦས་པ་ཡིན། །ཞེས་གསུངས་པའི་སྦས་པ་མིག་ཕྱེ་བ་ལྟ་བུར་སྟོན་པས་དཀོན་ཞིང་རིན་ཐང་ཆེ་ལ་འདོད་པ་ཐམས་ཅད་རྫོགས་པར་བྱེད་པས་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་དེའི་སྒོ་ནས་སྨིན་ལམ་དབང་བསྐུར་དེ་ལ། རྩ་རྒྱུད་ལས། སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་བ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་རྡེག་དང་། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་པས་དབང་བསྐུར་བ་ལ་དཀྱིལ་འཁོར་དུ་ཞུགས་པ་དགོས་པས། འདི་དེའི་སྔོན་འགྲོ་བའི་དཀྱིལ་འཁོར་ཆེན་པོའི་ནང་དུ་འཇུག་པ་ཡིན་ནོ། །འདི་ལ་གསང་བ་སྤྱི་རྒྱུད་དུ། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔ་འམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་བསྟེན། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་གཟུང་བ་མི་ཤིས་སོ། །ཞེས་གསུངས་པ་དེ་ནི་གསང་སྔགས་ཀྱི་སྒོར་འཇུག་འོས་པ་ཉུང་བ་ཙམ་དང་། བྱ་བའི་རྒྱུད་ནི་དྲང་བའི་དོན་ཤས་ཆེ་བས་དེའི་དབང་དུ་མཛད་པ་ཡིན་ནོ། །དེ་ལྟ་མིན་ན། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་དུ། །བཅུའམ་བརྒྱད་དམ་བདུན་ནམ་ལྔ། །དཔྱད་མི་དགོས་པས་གཟུང་བར་བྱ། །ཞེས་དང་། རྣལ་འབྱོར་རྒྱུད་ཀྱི་ནང་ཚན་རྡོ་རྗེ་རྩེ་མོ་ལས། དེ་ནས་སློབ་མ་འཇུག་པར་བྱ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་ཆེན་པོ་དེར་ནི་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་གཞུག་ཏུ་རུང་ངོ་། །སྣོད་དང་སྣོད་མ་ཡིན་པ་བརྟག་པར་མི་བྱ་སྟེ་ཞེས་དང་། བླ་མེད་དུས་ཀྱི་འཁོར་ལོ་རིགས་ལྡན་གྲགས་པས་ཚངས་པའི་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པ་བྱེ་བ་ཕྲག་ཕྱེད་དང་བཞི་གྲོང་ཁྱེར་ཆེན་པོ་དགུ་བཅུ་རྩ་དྲུག་ཀ་ལཱ་པའི་གྲོང་ཁྱེར་དུ་གནས་པ་ཐམས་ཅད་ལ་ནུབ་གཅིག་ལ་དབང་བསྐུར་བ་གསལ་བར་གསུངས་པས་སོ། །དམིགས་བསལ་ཡོད་པ་ལ་དེ་ལྟར་ཡིན་དུ་ཆུག མེད་པ་ལ་གསང་བ་སྤྱི་རྒྱུད་བཞིན་དགོས་ཏེ། དེ་ཉིད་ལས། གང་དུ་ལས་ནི་ཡོད་གྱུར་ལ། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ནི་སྤྱི་ཡི་རྒྱུད་དག་ལས། །གསུངས་པའི་ཆོ་ག་མཁས་པས་བརྟེན། །ཞེས་གསུངས་པས་སོ་སྙམ་ན། ལུང་དེའི་དོན་དེ་ཉིད་དུ། གཞན་གྱིས་མི་ཐུབ་ལ་སོགས་གང་། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །རབ་ཏུ་གནས་པ་ལ་སོགས་གང་། །པདྨ་རིགས་ཀྱིས་བཤད་པ་དག །རྣམ་པར་གནོན་པ་ལ་སོགས་པ། །དཀྱིལ་འཁོར་སུམ་སྟོང་དག་དང་ནི། །ལྔ་བརྒྱར་བཤད་པ་གང་ཡིན་པ། །དཀྱིལ་འཁོར་དེ་དག་རྣམས་ཀྱི་སྤྱིའི། །ཆོ་ག་དེ་ནི་ངས་བཤད་དེ། །དེ་ལྟ་བས་ན་ཆོ་ག་འདིས། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །ཞེས་གསུངས་པའི་ལས་ཡོད་ལ་ཆོ་ག་མེད་པ་དེ་དག་ཁོ་ནར་བཤད་པའི་ཕྱིར་རྒྱུད་སྡེ་དེ་ནི་བྱ་བ་སྤྱིའི་རྒྱུད་ཡིན། བྱ་རྒྱུད་བཤད་པའི་ཚེ་དེ་ཁོ་ན་ལས་དེའི་གོང་དུ་འགྲོ་བའི་རྒྱུད་ཡོད་པར་མི་སྟོན་པས་སོ། །དེ་ལྟར་དཀྱིལ་འཁོར་གྱི་ནང་དུ་ཞུགས་པ་ལ་ཕྱིར་མི་ལྡོག་པའི་དབང་བསྐུར་ཞུ་ན་གསང་བའི་འཇུག་པ་བྱ་དགོས་ལ། དབང་ལྔ་ཙམ་ལས་མི་ཞུ་ན་མི་དགོས། །གང་ལ་གསང་བའི་འཇུག་པ་བྱ་བ་དེ་ལ། །སྔོན་དུ་སྡོམ་པ་བསྒྲག་གཟུང་། དམ་བཞག་བཞི་སྦྱིན་པར་གསུངས་པས་ཁྱེད་དབང་བསྐུར་དེ་འདོད་པས། དེའི་ཆེད་དུ་སྡོམ་པ་འཛིན་དགོས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས་བྱས་ལ། མི་ལྡོག་འཁོར་ལོའི་དབང་བསྐུར་མཆོག དེ་ལ་བསྒྲག་རྒྱུ་ནི་རྡོ་རྗེ་རྩེ་མོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། སོགས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་རྣམ་སྣང་གི་དམ་ཚིག རྡོ་རྗེ་དྲིལ་བུ་ཕྱག་རྒྱ་སློབ་དཔོན་གཟུང་བ་བཞི་རྡོ་རྗེའི་རིགས་ཀྱི། ཆོས་ཟང་ཟིང་མི་འཇིགས་པ་བྱམས་པ་སྦྱིན་པ་བཞི་རིན་ཆེན་རིགས་ཀྱི། ཕྱི་དང་གསང་བ་ཐེག་གསུམ་འཛིན་པ་གསུམ་པདྨའི་རིགས་ཀྱི། འདིར་ཕྱི་ནི་རྒྱུད་སྡེ་ཕྱི་མ། གསང་བ་རྣལ་འབྱོར། དེ་ཡང་རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་བླ་མ། རྣལ་འབྱོར་བླ་མེད་གསུམ་ལ་བྱ་བ་ཡིན། སྡོམ་པ་འཛིན་པ་དང་མཆོད་པ་གཉིས་ལས་རིགས་ཀྱི་དམ་ཚིག འདིར་འཛིན་རྒྱུའི་སྡོམ་པ་སོ་ཐར་དང་ཀུན་རྫོབ་བྱང་སེམས་གཉིས། དྲན་པས་དབང་པོ་སྡོམ་པ་དང་། ཤེས་བཞིན་གྱིས་ཡིད་སྡོམ་པ་བྱེད་དགོས་པ་ནི་དེ་གཉིས་ཞར་ལ་འབྱུང་། དེ་ལྟར་མཐུན་ཕྱོགས་ལ་བཅུ་བཞི་བྱུང་བ། དེ་ལས་གཞན་པ་བཅུ་བཞི་ནི། ཕས་ཕམ་པར་ནི་རབ་ཏུ་བཤད་དོ། །ཇི་ཙམ་གྱིས་སྤངས་ཤིང་དོར་བར་མི་བྱ་སྟེ། བྱས་ན། རྩ་བའི་ལྟུང་བ་ཞེས་བརྗོད་དོ། །སློབ་དཔོན་ཀུན་དགའ་སྙིང་པོའི་དེ་ཉིད་བསྡུས་པ་དུམ་བུ་དང་པོའི་འགྲེལ་ཆེན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་ཕས་ཕམ་བཅུ་བཞི་ལས་ཟློག་པའི་མཚན་ཉིད་ཅན་ནོ་ཞེས་དང་། དཔལ་མཆོག་དུམ་བུ་གཉིས་པའི་འགྲེལ་པར། ཕྱག་རྒྱ་ལ་སོགས་པ་འདི་དག་གིས་ཅི་ཞིག་བྱ་ཞེས་བྱ་བས། འདི་ཡོངས་སུ་སྤངས་ན་ཕམ་པར་འགྱུར་རོ་ཞེས་གསུངས་སོ། །ཁས་བླངས་པ་དང་པོ་ཚར་ནས། འདིར་སྔགས་ཀྱི་སྡོམ་པ་ལུས་ངག་ཡིད་ཐབས་ཤེས་ཟབ་མོའི་རང་བཞིན་དུ་སྡོམ་པའི་ཚུལ་ཁྲིམས་དེ་ཐོབ་པ་ཡིན་ནམ་ཞེ་ན། དེ་ལ་འཇུག་པས་བསྡུས་པ་ཙམ་ཞིག་ཐོབ་ཀྱི། གཞན་ནི་མ་ཡིན་ཏེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། ཨེ་ཝཾ་རྣམ་པར་རབ་ཏུ་གནས། །དབང་ལས་ཡང་དག་ཤེས་པར་འགྱུར། །རང་ལུགས་ལ་དབང་ཐོབ་པ་དང་སྔགས་སྡོམ་ཐོབ་པ་དོན་གཅིག་པ་ལུང་དེ་ལྟ་བུ་ལ་སོགས་པས་བསྟན་པར་འདོད་དོ། །རིགས་གང་དང་གང་གི་དབང་ཐོབ་པ་ནས། དེ་དང་དེའི་རིགས་ཅན་དུ་གྲུབ་པ་ཡིན་ལ། དེ་ནས་རིགས་དང་མཐུན་པའི་ལས་བྱ་དགོས་པ་ཡིན་གྱི། གཞན་དུ་གདོལ་པ་ལ་རྒྱལ་རིགས་ཀྱི་བྱ་བ་མི་རིགས་པ་བཞིན་ནོ། །དམ་ལ་བཞག་པ་བཞི། ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག ཉེས་དམིགས་བསྟན་པའི་སྒོ་ནས། གཉིས་ཀའི་སྒོ་ནས། དེ་ལྟར་གསུམ་ནི་གསང་བའི་འཇུག་པར་རྒྱུད་ལ་ཡེ་ཤེས་བབས་པ་དེ་གསང་ན་དངོས་གྲུབ་དུ་འགྱུར་ལ། མ་གསང་ན་ཡལ་བས་གསང་བར་མནའ་བཀག་པ། སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་བཞག་ནི། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་པས་གསང་བར་མ་ཟད་བྱིན་རླབས་དེ་གང་ལས་བྱུང་བའི་བླ་མ་བརྙས་པས་ཀྱང་ཡལ་བར་འགྱུར་བས་བརྙས་པ་དེ་དགག་པའི་ཕྱིར་རོ། །གསང་བའི་འཇུག་པ་རང་ནི་རྩ་རྒྱུད་ལས། །མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །དེ་རྣམས་སུ་ནི་ཐིག་ལེ་བྱ། །ཞེས་པས། བྱིན་དབབ་རྒྱུ་རྡོ་རྗེ་སེམས་དཔའ། དེ་སློབ་མ་ལ་བརླམས་སུ་འཇུག་པ་སྟེ། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། དེ་ནས་བབས་པར་གྱུར་པ་ཉིད། །མངོན་པར་ཤེས་པ་དྲུག་ཐོབ་ཅིང་། །ཡེ་ཤེས་དམ་པ་ཐང་གཅིག་གིས། །སྔོན་བྱུང་མིན་པའི་དགའ་བདེ་དང་། །དགའ་དང་མགུ་བ་མཆོག་དག་དང་། །རིག་པ་ཐམས་ཅད་མངོན་དུ་འགྱུར། །རྫུ་འཕྲུལ་དག་ནི་རྫོགས་པར་འགྱུར། །དང་། དེ་ཉིད་བསྡུས་པར། ལྷ་ཡི་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་ཤིང་། དེའི་འགྲེལ་ཆེན་དུ། ལྷའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། ཞེས་པ་རྡོ་རྗེ་སེམས་དཔའ་དེ་ཞུགས་པས་བབས་པ་དེ་ལ་མངོན་པར་ཤེས་པ་ལྔ་ལ་སོགས་པ་ཡེ་ཤེས་ཁྱད་པར་ཅན་ཉེ་བར་སྐྱེ་བར་འགྱུར་རོ་ཞེས་གསུངས་ན་རྣལ་འབྱོར་བླ་མེད་དུ་ལྟ་ཅི་སྨོས་སོ། །རྒྱུད་འདིར་མཚལ་ཆེན། མངོན་བརྗོད་ལས། རྗེས་སུ་ཆགས་པ་དམར་པོའི་མདོག ལན་གསུམ་ཞེས་སྐུ་གསུང་ཐུགས་རྡོ་རྗེ། བཟླས་པ་བསྐུལ་བ། འཁུལ་བས་སློབ་མའི་གནས་གསུམ་དུ་གཞུག་པ། ཐིག་ལེར་བྱ་ནི་གོང་བུར་བསྲེ་བའི་དོན་ཏེ། །རྗེ་བཙུན་མི་ལས། ཕ་བླ་མའི་བྱིན་རླབས་ལུས་ལ་ཞུགས། །ལུས་ཐ་མལ་དུ་སྡོད་པའི་སྒོམ་ཆེན་མིན། །རྫུ་འཕྲུལ་ལུས་ཀྱི་བཀོད་པ་ལ། །ཞེས་དང་ངག་ཡིད་ལའང་སྦྱར་ཏེ་གསུངས། དཔལ་དུས་ཀྱི་འཁོར་ལོ་ལས། །སྐུ་གསུང་ཐུགས་སུ་མ་ཟད་ཡེ་ཤེས་ཕེབས་པས་དེ་ཉིད་དུ་སངས་རྒྱ་བར་གསུངས་པ་ཡིན་ནོ། །གསང་སྔགས་བྱིན་རླབས་ཀྱི་ལམ། བྱིན་རླབས་མོས་གུས་ཀྱི་ལམ་ཡིན་པ་བྱིན་གྱིས་ལོབས་མི་ལོབས་མོས་གུས་ལ་རག་པས་བླ་མ་དང་ཡི་དམ་ལ་རྩེ་གཅིག་པའི་མོས་པ་གྱིས་ཤིག་ཅེས་བསྒོ། དེ་ནས་མེ་ཏོག་དོར་བ་ལ་རྩ་རྒྱུད་ལས། ལྷོ་ཡི་ཕྱོགས་སུ་ལུས་བརྟེན་ལ། །ཐལ་མོ་མེ་ཏོག་དེ་ནས་དོར། །གར་དོར་ན། དཀྱིལ་འཁོར་སྟེང་དུ་དོར་བར་བྱ། །ཞེས་བཤད་ཀྱང་། དུས་འཁོར་འགྲེལ་ཆེན་ནས། མེ་ཏོག་བྲིས་པའི་དཀྱིལ་འཁོར་དུ་དོར་བ་ལ་ལྷའི་མཚན་མ་བསུབས་པ་དང་། དཀྱིལ་འཁོར་ཆེན་པོ་ཞིག་ན་མི་སྙོགས་པ་ལ་སོགས་པའི་ཉེས་པ་གསུངས་ནས་བུམ་པའི་མཚན་མའམ་ཚོམ་བུ་ལ་སོགས་པ་འགོད་པར་གསུངས་པས། དེ་ལྟར་བྱས་པའི་ཚོམ་བུ་འདི་ལྷའི་འཁོར་ལོར་ཤེས་པར་བྱོས་བདག་གི་ལྷ་གང་ཡིན་དམོད་དོར་ལ་སྔགས་འདིས་མེ་ཏོག་དོར་ཅིག གང་དུ་མེ་ཏོག་དེ་ལྷུང་བ་དང་། དེ་ཡི་རིགས་ནི་རྣམ་བསྟན་ཏེ། ཞེས་པ་འདིར། དེ་ཡི་རིགས་སུ་ཤེས་བྱའོ། །འདི་ལ་སློབ་དཔོན་སངས་རྒྱས་གསང་བས། སྔར་དཀྱིལ་འཁོར་འདིར་ཞུགས་པ་ཡིན་ན། གདོང་གཡོགས་ཕྱེ་སྟེ་རང་གི་སྔར་གྱི་ལྷ་གང་ཡིན་ལ་མེ་ཏོག་བཞག་གི ལྷ་གཞན་གཟུང་བ་ན་དམ་ཚིག་ཉམས་པར་འགྱུར་རོ་ཞེས་པ་ལེགས་པར་གསུངས་པ་དེ་ལྷ་ལ་སྤོང་ལེན་བྱས་པ་དེ་དགག་པའི་ཕྱིར་རོ། །ཨ་བྷ་ཡས། མེ་ཏོག་གང་ལ་ཕོག་པ་རང་འདོད་པའི་ལྷའམ་ལྷག་པའི་ལྷར་གསུངས་པ་ཡིན་པས། དེ་བསྙེན་པས་དངོས་གྲུབ་ཐམས་ཅད་འགྲུབ་པ་སྟེ། རིགས་མ་འཆོལ་བས་སོ། །མེ་ཏོག་དེས་སླར་དངོས་གྲུབ་ཀྱི་རྗེས་སུ་གཟུང་བའི་དོན་དུ་མགོར་དཀྲི་བར་འདིར་བསམ་པ་དང་། དེ་ཉིད་འཕྲེང་བའི་དབང་དུ་བཞག་པ་སོ་སོའི་ལུགས་བཞིན་དུ་བྱའོ། །དེ་ནས་དཀྱིལ་འཁོར་སྟོན་པ་ལ་གདོང་གཡོགས་ཕྱེ་སྟེ་དཀྱིལ་འཁོར་བསྟན། འདི་རྩ་རྒྱུད་ལས། ཤྲཱི་ཧེ་རུ་ཀ་ཡི་གནས་སོགས་བསྟན། དང་། སློབ་མ་བཟང་པོའི་གདོང་ཕྱེ་ལ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ལྷ་གང་གི་ནི་གནས་གང་ཡིན། །དེ་དེར་ཡང་དག་བསྟན་པར་བྱ། ཞེས་གཉིས་གསུངས་པའི་དང་པོ་ནང་འཇུག་བྱས་པ་ལ་སྟོན་པའི་དབང་གིས་དཀྱིལ་འཁོར་འདི། བརྟེན་པ་ལྷ་འདི་ཞེས་པས་ལྷ་ངོ་བསྟན་པ་ཙམ། གཉིས་པ་གསང་བར་ཞུགས་པ་ལ། རྟེན་དཀྱིལ་འཁོར་དག་པ་དང་བཅས་པ། དེ་བཞིན་བརྟེན་པ་ལྷ་དག་པ་དང་བཅས་པ་སྟོན་པའི་ཕྱིར་ཡིན་པས་དཀྱིལ་འཁོར་གྱི་རྣམ་དག་སྟོན་པ་ཞེས་བྱའོ། །དེ་ལྟར་གཉིས་ལས་འདི་ཕྱི་མ། དེ་ཡང་། རི་མོ་ཉི་ཤུ་ནི་རྩིག་པ། ཚིག་རྐང་དྲུག་གིས་རྟེན་བརྟེན་པ་ཐ་མི་དད་པ། ལྷག་མའི་རྐང་པ་གཉིས་ཀྱི་དཀྱིལ་འཁོར་དེ་ཡུལ། ས་བྱང་ཆུབ་ཀྱི་ཕྱོགས་སོ་བདུན་དུ་བཤད་པས་ཆོས་ཐམས་ཅད་གཉིས་སུ་མི་བྱེད་གཅིག་ཏུ་བྱ་བའི་སྡོམ་པ་བསྟན། དེ་ནས་མན་གྱི་རྐང་པ་བཞིས། སེམས་དྲི་མ་མེད་པ་ཧེ་རུ་ཀ དེའི་གོ་མི་དགག་པས་གང་དུའང་རུང་བའི་ཆ་ཕག་མོ། །ཐབས་ཤེས་དེ་གཉིས་ཟུང་དུ་འཇུག་པ་ལས་ཆོས་ཐམས་ཅད་འབྱུང་བར་བསྟན་པ། ཀུན་སྤྱོད་ཀྱི། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་པའི་དོན་བསྟན་མེ་ལོང་ལ་སོགས་རྣམ་པ་བཞི། པདྨའི་འདབ་གནས་ཞེས་པ་མཚམས་ཀྱི་མཆོད་པ་བཞི། སངས་རྒྱས་བཞི་དང་ཡེ་ཤེས་བཞི། རྣལ་འབྱོར་མ། རྐང་པ་གཉིས་ཀྱིས་མཁའ་འགྲོ་མ་སོགས་བཞི། མཱ་མ་ཀི་སོགས་བཞི། ཐོད་པའི་དུམ་བུ་སོགས་ཡུལ་ཉེར་བཞི་དག་པ་དང་། སེམས་དཔའ། ཁྲོ་བོ་རྣམ་རྒྱལ་ལ་སོགས་ཀུན་གྱིས་སྒོ་མ་བཞི་རྣམ་པར་རྒྱལ་བ་ལ་སོགས་པའི་ཁྲོ་བོ་ཡབ་ཡུམ་ཡིན་པ་ལ། འདིར་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པའམ། གདུལ་བྱ་མོ་རིགས་འདུལ་བའི་དབང་གིས་མ་རྒྱུད་དུ་བཞག་པའི་སྐབས་ཡིན་པས་ཐབས་རྣམ་རྒྱལ་མགོ་བརྙན་གྱིས་སྦས། ལུས་བུད་མེད་དམ་གཽ་རཱི་མ་ཡིན་པ་དེ་མངོན་དུ་རྒྱུར་མཛད་པ་བཞིན་གཞན་གསུམ་གྱིས་ཡང་ཡིན་ལ། མཚམས་མ། ལུས་གཡས་ཀྱི་ཆ་ཐབས་སྦས་གཡོན་གྱི་ཆ་ཤེས་རབ་ཉིད་དེ། དེའི་ཕྱིར་གཟུགས་གཉིས་འཛིན་ལ་ལྷ་མོ་བཅུ་གཉིས་ཀྱང་གཙོ་བོའི་སྤྱན་བཅུ་གཉིས་དང་སྦྱར་བས་གཙོ་བོའི་ཡུམ་ཡིན། དེས་རྩ་རྒྱུད་ལས། ཕག་མོ་ཡི་ནི་རིགས་ལས་བྱུང་། །རྣལ་འབྱོར་མ་ནི་བཅུ་གཉིས་དང་། །ཞེས་གསུངས་ཤིང་རྒྱུ་མཚན་འདིས་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་ཚེ། དེ་དང་དེ་རྡོ་རྗེ་ཕག་མོ་རིགས་ལྡན་མའི་གནས་སུ་འབྱོན། རྡོ་རྗེ་ཕག་མོ་ཕོ་ཉ་མོ་དེ་དང་དེའི་ཚབ་ཏུ་འོང་བ་ཡིན་ནོ། །དེ་ལྟར་དཀྱིལ་འཁོར་མཐོང་བ་ལ། མཚོན་བྱེད་དཔེའི་དཀྱིལ་འཁོར་བྲིས་བསྒོམ་བྱས་ལ། མཚོན་བྱ་དོན་གསང་བའི་འཇུག་པ་ལས་རྟོགས་པ་མར་པས་མི་ལ་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་འདི་ན་ཞེས་བསྟན་པས་དེས་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་པ་ལྟ་བུའོ། །གང་གིས་མཐོང་ཡང་། སྐྱེ་བ་སྔོན་བསགས་སྡིག་པ་རྣམས། །དཀྱིལ་འཁོར་མཐོང་བས་བྱང་འགྱུར་ཏེ། །རྩ་རྒྱུད་ལས། མཐོང་བ་དང་ནི། སྡིག་པ་ཀུན་ལས་གྲོལ་འགྱུར་བ། །དེ་ལྟ་ཉིད་དུ་ཐེ་ཚོམ་མེད། །རྡོ་རྗེ་རྩེ་མོ་ལས་ཀྱང་། གཞུག་པ་ལ་མངོན་པར་ཞེན་པ་ཡོངས་སུ་གཟུང་བར་བྱའོ། །དེ་ཅིའི་ཞེ་ན་སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་མོད་ལ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་རོ་དང་། ཡང་སེམས་ཅན་ཁ་ཅིག་ནི་སྡིག་པ་ཆེན་པོ་བགྱིད་པ་ཡང་མཆིས་ཏེ། དེ་དག་གིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན་ངན་སོང་ཐམས་ཅད་བྲལ་བར་འགྱུར་རོ་སོགས་རྒྱ་ཆེར་གསུངས་པས་སོ། །བཅུ་པ་དབང་བསྐུར་དང་། ད་ནི་ཁྱེད་རྣམས་ལ་དབང་བསྐུར་བ་སྦྱིན་པར་བྱེད་དོ། །དེ་ལ་དབང་གི་ངོ་བོ་ནི་ཚུལ་བཞིན་མ་ཡིན་པར་བལྟ་བ་ལས་བཟློག་ནས་ཚུལ་བཞིན་དུ་བལྟ་བ་ཞིག་སྟེ། ངེས་ཚིག་ལ། གཏོར་དང་བླུགས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཨ་བྷི་ཥིཉྩྨའི་སྒྲ་ལས་དྲངས་པའི་ཚེ། མངོན་པར་གཏོར་བ། འདིས་དྲི་མ་དག ཨ་བྷི་ཥེ་ཀའི་སྒྲ་ལས་མངོན་པར་བླུགས་པ། དྲི་མ་དག་ན་འབྲས་བུ་རྡོ་རྗེ་འཆང་ཐོབ་བྱེད་ཀྱི་ནུས་པ་སད་པས་སོ། །འདིས་སེམས་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོ་བཞུགས་པས་འཚང་རྒྱ་བའི་སྐལ་བ་ཅན་ཡིན་ཀྱང་། གློ་བུར་དྲི་མའི་སྦུབས་ན་གནས་པས་དེ་རང་གིས་སངས་རྒྱ་མ་ནུས། ནུས་ན་སེམས་ཅན་ཐམས་ཅད་སངས་ཅི་ལ་མི་རྒྱ། དྲི་མ་དེ་སྦྱངས་ན་དེ་ཡོད་པའི་རྒྱུས་སངས་རྒྱ་བ་ཡིན་པས། དྲི་མ་གཏོར་བས་ཁོ་རང་གི་ནུས་པ་མཐོང་བ་ཙམ་ཞིག་སྟེ། དེ་བས་ན་ནུས་པ། སྔར་མེད་གསར་བྱུང་མ་ཡིན་ཏེ། །སངས་རྒྱས་རྣམས་ནི་བྱུང་གྱུར་ཏམ། །མ་བྱུང་ན་ཡང་རྣམ་ཀུན་ཏུ། །བསམ་མི་ཁྱབ་པའི་ཆོས་ཉིད་ནི། །འཕེལ་འགྲིབ་སྤངས་པས་གནས་པ་ཡིན། །དེས་སློབ་དཔོན་ཨ་བྷ་ཡས། །སྔར་མི་དབང་ལ་དབང་བས་དབང་ཞེས་བྱ་སྟེ། དབུལ་པོའི་སྒྱེད་པུ་གསེར་དུ་ཡོད་པ་ངོ་ཤེས་པ་ལྟ་བུའམ། རྒྱལ་བུ་རྒྱལ་སར་བཏོན་པ་ལྟ་བུར་གསུངས་པ་ཡིན་ནོ། །དེ་ལྟ་བུའི་དབང་རྩ་རྒྱུད་འདིར། རྒོད་དང་བལྟ་དང་ལག་འཛིན་གྱིས། །འཁྱུད་དང་གཉིས་སྤྲད་ལ་སོགས་པ། །དབང་བསྐུར་བར་ནི་འགྱུར་བ་ཡིན། །དེ་ཡང་། བུམ་པ་གསང་བ་ཤེས་རབ་དང་། །བཞི་པ་ཞེས་བྱར་བླ་མ་གསུངས། །དེ་བརྟག་གཉིས་ལས། རྒོད་པ་དག་པ་སློབ་དཔོན་ཉིད། །བལྟ་བ་གསང་བ་དེ་བཞིན་ཏེ། །ལག་བཅངས་ནས་ནི་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་པས་དེ་བཞིན་ཉིད། །ཅེས་གསུངས། སྔ་མར་ལ་སོགས་པ་ཞེས་པ་ལ་དུས་འཁོར་བཞིན་བཞི་ཀར་གོང་ཆེན་གོང་ཆུང་ཕྱེ་བ་དང་། ཡང་བཞི་པ་ཉིད་ལ་འཇིག་རྟེན་ཀུན་རྫོབ་པའི་བཞི་པ་དང་། འཇིག་རྟེན་ལས་འདས་པ་དོན་དམ་པའི་བཞི་པ་གཉིས་སུ་འབྱེད་པར་དགོངས། དེ་ལ་བུམ་གསང་ཤེས་རབ་བཞི་པ་བྱས་པ་དང་། སློབ་དཔོན་གསང་བ་ཤེས་རབ་དེ་བཞིན་བྱས་པ་འདྲ། ཕྱི་མ་དབང་མདོར་བསྟན་དུ། སླར་ཡང་ཤེས་རབ་ཆེན་པོ་ཉིད། །ཅེས་གསུངས་སོ། །དེ་ལྟར་འདོད་པའི་ཆགས་པ་རིགས་བཞིའི་སྦྱོང་བྱེད་ཀྱིས་སམ། གཞིའི་དུས་ན། ལུས་ངག་ཡིད་ཡེ་ཤེས་བཞི་ཡོད་པས་ལམ་དུས་སུ་སྦྱོང་བྱེད་དབང་བཞི། འབྲས་དུས་ན་ཐོབ་བྱ་སྐུ་བཞིར་འགྱུར་བའི་ཕྱིར་གྱིས་སོ། །དེས་ན། དྲི་མ་བཞི་དག་ནུས་པ་བཞི་སྨིན་ལ། །ཡོངས་སུ་སྨིན་པར་བཞག་པས་གང་གིས་དེ། །བྱེད་ནུས་ཐབས་ལ་རྒྱལ་བས་དབང་བསྐུར་གསུངས། །དེ་ཕྱིར་དབང་བསྐུར་དེ་མེད་དངོས་གྲུབ་མེད། །ཅེས་བྱའོ། །དེ་ནི་འཇམ་པའི་དབྱངས་ས་སྐྱ་པས་ཀྱང་། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བོན་ལེགས་བཏབ་ནས། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་གསུངས། །ཞེས་པ་དང་། རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་བསྐུར་ལས་གཞན་ཆོས་མེད་དོ། །ཞེས་གསུངས་སོ། །དབང་མདོར་བསྟན་ལས། ལུས་ངག་སེམས་ནི་ལེགས་དག་པས། །མངོན་པར་དབང་བསྐུར་གཉིས་གཉིས་སོ། །དང་། དབང་བསྐུར་གསུམ་པོ་རིམ་པ་ཡིས། །བཞི་པ་ཡེ་ཤེས་དག་པ་སྟེ། །ལུས་ངག་ཡིད་རྣམས་དག་པ་ཅན། །དང་། རྒྱུད་མང་པོར། དགའ་བ་ལ་སོགས་བཞི་ཡིས་ནི། །དབང་ནི་རྣམ་པ་བཞི་ཞེས་བརྗོད། དེ་ཡང་རྡོ་རྗེ་འཕྲེང་བ་ལས། །དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་དོན་ནི་དམ་པའོ། །གཙོ་བོའི་དབྱེ་བས་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེའོ། །ཞེས་བཤད། འདི་ལ་བུ་སྟོན་གྱིས་ཕྱིར་མི་ལྡོག་པའི་དབང་། གསང་བའི་དབང་། རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་དྲུག་སློབ་དཔོན་གྱི་དབང་ལ་ཕྱེ། སློབ་མའི་དབང་ལྔ་བསྣན་ནས་བཅུ་གཅིག་མཛད་དོ། །ཕྱག་ཐིག་ལས། སློབ་དཔོན་དབང་ལ་བཅུ་གཅིག་ཕྱེ། །འདིར་སྤྱི་འགྲོས་ཀྱི་དབང་དུ་མཛད་པའི་ཚེ་དེ་བཞེད་ལ། ཡེ་ཤེས་ཐིག་ལེ་ལས་ཀྱང་། བདུན་གཉིས་བྱེ་བྲག་ཏུ་ནི་ཡོད། །ཅེས་བཅུ་བཞི་བཤད་པས་བཤད་ཚོད་དེ་མང་བས་དེའི་རྗེས་སུ་འབྲངས་པ་ཡིན་ནོ། །དེ་ལྟར་བུམ་དབང་གི་སློབ་མའི་དབང་ལྔ་རྩ་རྒྱུད་འདི་ལས་འགྲེལ་པ་མཁན་པོས། དྲིལ་བུ་སྒྲ་ལྡན་དཔྱངས་པ་དང་། །མེ་ཏོག་སྤོས་རྣམས་ཀྱིས་བརྒྱན་ཞིང་། །ཤིང་ཏུ་སྒྲ་སྙན་དྲིལ་བུ་འཁྲོལ། །སྒྲུབ་པ་པོ་ཡིས་རྔ་བརྡུང་ཞིང་། །ཧ་ཧ་ཞེས་ནི་བརྗོད་པར་བྱ། །ཞེས་པས་བསྟན་པར་བཞེད། །དེ་སྡོམ་འབྱུང་ལས། ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་གི་དབང་བསྐུར་ཏེ། །དབང་ལྔ་དེ་བཞིན་གཤེགས་བདག་ཉིད། །ཅེས་པས་དབང་དེ་དག་དེ་བཞིན་གཤེགས་པ་ལྔ་དང་དག་པ་སྦྱར་ནས་གསུངས་ལ། དེའི་དང་པོ་མི་བསྐྱོད་པ་ཆུའི་དབང་བསྐུར་བ་ཡིན། དེ་ཡང་གང་ལ་བསྐུར་ན་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ཕུང་པོ་ལ། གང་གིས་བསྐུར་ན། བུམ་པ་རྣམས་ཀྱི་བདུད་རྩི་བསྡུས་པའི་རྣམ་རྒྱལ་གྱིས། སུས་བསྐུར་ན་དཀྱིལ་འཁོར་ཆེན་པོ་ན་བཞུགས་པའི་ལྷའི་ཚོགས་འདིས། ཅི་སྦྱོང་ན་རྣམ་ཤེས་མ་རིག་པ་སྦྱོང་། དགོས་པ་ཅི་ན་རྣམ་ཤེས་ལྷ་མི་བསྐྱོད་པ། ཆུ་མཱ་མ་ཀཱི། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པ་ཁོང་དུ་ཆུད་པའི་ཆེད་དུའོ། །དེ་ལྟ་བུའི་དབང་འདི་ཐོབ་ཕྱིན་རྣམ་ཤེས་ཀྱི་ཕུང་པོ་ཆུ་ཞེ་སྡང་ཐམས་ཅད་སྤོང་མི་དགོས་པར་ལམ་གྱི་རྩལ་ཆེན་པོར་འགྲོ་བ་སྟེ་བུད་ཤིང་མང་ན་མེ་ཆེ་བས་སམ། རྟ་བཟང་པོ་འཆུན་ན་ལམ་ཆོད་ཆེ་བ་ལྟ་བུའོ། །དེ་བཞིན་ལྷག་མ་རྣམས་ལའང་སྦྱར་ཏེ་བཤད་པར་བྱའོ། །གང་དང་གང་ལ་ལྷག་མོས་པ། །ཞེས་པ་སྒྲུབ་པ་པོ་ཙམ་ཞིག་ཏུ་མོས་ན་སློབ་མའི་དབང་བྱ། སློབ་དཔོན་དུ་འོས་ན་བུམ་དབང་རྫོགས་པར་སྟེར་བས་དེ་དང་དེའི་དབང་བསྐུར་བྱ། སློབ་དཔོན་གྱི་དབང་རྩ་རྒྱུད་ལས་བཤད་པའི་སྔགས་ཞེས་པའི་ལེའུ་བཞི་བཅུ་རྩ་གཉིས་པར་རྒྱས་པར་བཤད། སྡོམ་འབྱུང་ལས། གདུགས་དང་གདན་དང་རིག་པ་སོགས། །རྡོ་རྗེ་དྲིལ་སོགས་ཡང་དག་ལྡན། །ཡང་དག་རྫོགས་པའི་སློབ་དཔོན་དབང་། །རྡོ་རྗེ་སེམས་དཔའ་ཕྱིར་མི་ལྡོག །སྦྱིན་བྱ་བུམ་པ་ཡང་དག་ལྡན། །དབང་འདི་ལ་སྔར་དབྱེ་བར་ཕྱིར་མི་ལྡོག་པའི་དབང་ཞེས་པ་རྐང་པ་དང་པོས་བཤད་དེ་རྒྱལ་བུ་རྒྱལ་སར་དབང་བསྐུར་བ་ན་སྟེང་དུ་གདུགས། འོག་ཏུ་གདན་ཁྲི། བྲམ་ཟེ་ལ་སོགས་པས་དབང་བསྐུར་བའི་བུམ་པས་འཁྲུད་པ་ལྟ་བུར། དེ་ཡང་གང་ལ་བསྐུར་ན་ཡེ་ཤེས་ཀྱི་ཕུང་པོ་ལ། གང་གིས་བསྐུར་ན་རིག་པའི་དབང་དུ་བཤད་པ་ལྟ་བུའི་ཆུའི་དབང་གིས། གང་གིས་བསྐུར་ན་དཀྱིལ་འཁོར་ཆེན་པོ་ན་བཞུགས་པའི་ལྷ་ཚོགས་འདིས། ཅི་སྦྱོང་ན་ཡེ་ཤེས་ཀྱི་ཕུང་པོ་མ་རིག་པ་སྦྱོང་། དགོས་པ་ཅི་ན་ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ་རོ་ཆེན་པོ་ཁམས་རྡོ་རྗེ་དབྱིངས་དང་ཤེར་ཕྱིན་མ། མ་རིག་པ་ཐམས་ཅད་སྟོང་ཉིད་ཡེ་ཤེས་རྡོ་རྗེ་དག་པའི་སླད་དུའོ། །སྔར་དབྱེ་བར་གསང་བ་ཞེས་པ་རྡོ་རྗེ་དྲིལ་སོགས་སྒྲས་སྔགས་དབང་སྟེ། དཔལ་མཆོག་དང་པོ་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་པས། དེ་ཡང་རྡོ་རྗེ་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ནམ་ཆོས་ཉིད་དེ། ཆོས་ཐམས་ཅད་ལ་ཁྱབ་པར་ཞུགས་པ། དྲིལ་བུ་རྣམ་པ་ཐམས་ཅད་པའི་སྟོང་ཉིད། ཆོས་ཏེ་ཁྱབ་བྱ། ཁྱབ་བྱེད་བདེ་སྟོང་ཟུང་འཇུག ཁྱབ་བྱ་ཁྱབ་བྱེད་མེ་ཏོག་དང་མེ་ཏོག་གི་དྲི་ལྟ་བུར་གཉིས་སུ་འབྱེད་རྒྱུ་མེད་པས་ཕྱག་རྒྱའོ། །དེ་ལ། རིག་པ་ཆེ་ཡང་ལེགས་སྦྱིན་ནས། སྟེར་རྒྱུའི་རིག་པ། ས་སྟེང་ན་ནི་རིན་ཆེན་བཞི། ཞེས་པས། སྙིང་པོ་ཉེ་སྙིང་། འཕྲེང་སྔགས་གོ་ཆ་འཕྲེང་སྔགས་ནི་རྐང་པ་བརྒྱད་པ་སྔོན་དུ་བཏང་བའི་རྐང་པ་ཉི་ཤུ་རྩ་བཞི་པ་ཡིན་པར་རྩ་སྔགས་སམ་འཕྲེང་སྔགས་སུ་རྩ་བའི་རྒྱུད་ཀྱི་སྔགས་བཏུ་བ་ལས་བཤད་དོ། །བརཏལ་ཞུགས་ལས། རྡོ་རྗེའི་བརཏལ་ཞུགས་འདི་ནི་སྔོན་ཕྱག་ན་རྡོ་རྗེ་སངས་རྒྱས་རྣམས་ཀྱི་མཐུ་སྟོབས་ཀྱི་རྡོ་རྗེ་ལག་ཏུ་གཏད། གསང་བའི་བདག་པོར་བསྐོས་པས་དེ་ནས་རྡོ་རྗེ་འཛིན་པར་གྲགས་པ་བཞིན་དུ། དེ་ནས་ཁྱེད་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་སྦྱིན་པ་ཡིན་པས་ཁྱེད་རྣམས་ཀྱང་རྡོ་རྗེ་འཛིན་པར་འགྱུར་བ་ཡིན་ནོ། །སྤྱོད་པའི་བརཏལ་ཞུགས་ནི་རིག་པའི་བརཏལ་ཞུགས་བྱ་བར་གདམས་པ་སྟེ། རྡོ་རྗེ་སྤྱོད་པའི་དབང་ངོ་། །རིག་མའི་བརཏལ་ཞུགས་ནི་ཕྱོགས་ལས་རྣམ་རྒྱལ་གྱི་ཕྱིར་ཡིན་ཏེ། འདིར། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །སོགས་བཤད་པས་སོ། །སྔར་གྱི་སོགས་སྒྲ་དང་། ཡང་དག་རྫོགས་པའི་ཞེས་པས་རྗེས་སུ་གནང་བ་སྟེ་བརྟག་གཉིས་ལས། སློབ་མ་ཆེར་འགྱུར་ཤེས་ནས་ནི། །སྟོན་པས་དེ་ལ་གནང་བ་སྦྱིན། །ཞེས་པ་ལྟར་གཞན་རྗེས་སུ་འཛིན་པར་ནུས་པས། འདི་དང་འདི་ལྟ་བུས་རྗེས་སུ་གཟུང་ཞིག་པར་གདམས་པའོ། །ལུང་བསྟན་པ་ནི། སངས་རྒྱས་རྣམས་ལུང་སྟོན་པ་ལ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོས་འོ་སྐོལ་གྱི་སྟོན་པ་ལུང་བསྟན་པ་ལྟ་བུ་ཚོགས་སྦྱོར་དུ་སྟོན་པ་ཡོད་དེ། རིགས་ངེས་པ་ཚོགས་ལམ་ནས་མི་ལྡོག་པས་དེའི་ལམ་ལ་ཕར་ཕྱིན་ནས་ཚོགས་ལམ་ཁྱད་པར་ཅན་ཞེས་བྱ། གཞན་དག་སྦྱོར་ལམ་ནས་མི་ལྡོག་པས་དེར་དང་། གཉིས་པ་མར་མེ་མཛད་ཀྱིས་བྲམ་ཟེ་རྒྱ་མཚོའི་སྤྲིན་ལུང་བསྟན་པ་ས་བརྒྱད་པ་ནས་ཏེ། མཚན་མ་མེད་པ་ལྷུན་གྱིས་གྲུབ་པས་ཉན་རང་དུ་མི་ལྡོག་འདིའི་ཉན་རང་མཚན་འཛིན་ཅན་གྱི་བྱང་སེམས་ལ་བཏགས་པས་སམ། འགོག་པ་ལས་སློང་དགོས་པ་སྐད་བཤད་པ་ལ་དགོངས། ས་བཅུ་ཐ་མ་ལ་ལུང་སྟོན་པ་ཡོད་དེ། སྟོན་པ་འོད་སྲུང་གྱི་རྫ་མཁན་གྱི་ཁྱེའུ་སྣང་བྱེད་ལུང་བསྟན་པ་ལྟ་བུ། དེ་བས་བརཏལ་ཞུགས། ལུང་བསྟན་རིགས་ལྔའི་དབང་གི་མཐར་དང་། བུམ་དབང་གི་མཐར་དང་། གསུམ་པ་དང་བཞི་པའི་མཐའ་བརྟེན་དུ་བཤད་པ་ཅི་རིགས་པ་བྱུང་བའི་སྤྱི་འགྲོས་བུམ་དབང་གི་མཐའ་རྟེན་དུ། རྡོ་རྗེ་སློབ་དཔོན་ཉིད་སངས་རྒྱས་ཡིན་པས་ལུང་བསྟན་པ་ཇི་ལྟ་བ་ཐོག་ཏུ་འབབ་བོ། །གཟེངས་བསྟོད་པ་ནི་སྔར་ཕན་ཆད་འཁོར་བ་ན་འཁོར། ད་རེས་འཁོར་བའི་མཚམས་བཅད་པས། ཚེ་འདིའམ་སྐྱེ་བ་བཅུ་དྲུག་པ་ཚུན་ལ་སངས་རྒྱ་ངེས་པས་སོ་སྙམ་དགའ་བ་བསྒོམ་པ་ཡིན་ནོ། །དེ་ལྟར་བུམ་དབང་གིས་ལུས་ཐ་མལ་དུ་ལྟ་བའི་དྲི་མ་དག་པས་ཕུང་པོ་ཁམས་སྐྱེ་མཆེད་ལྷའི་རང་བཞིན་དུ་ཤེས་པར་འགྱུར་ཞིང་། བསྐྱེད་རིམ་དུ་དེ་ལྟར་མཐོང་བ་ལ་སྒོམ་པར་བྱེད་པས་ལམ། གཞན་ལ་དེ་ཙམ་གྱིས་དབང་བསྐུར་བ་དང་། ཚོགས་པ་ལ་བཤད་པ་དང་ཚོགས་ཀྱི་འདུས་པ་རྣམས་ལ་རྡོ་རྗེ་སློབ་དཔོན་དུ་འགྲོ། ལུས་དག་སྤྲུལ་པའི་སྐུ་ཐོབ་བོ། །ཞེས་པས་འབྲས་བུ་དབྱིབས་ཀྱི་སྐུའམ། སྤྲུལ་པའི་སྐུར་འགྱུར་རོ། །གཉིས་པ་གསང་བའི་དབང་ལ་ཇོ་བོས། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། མི་གང་དགེ་སློང་དངོས་གནས་ལ། །དེ་ཉིད་བསྟན་པར་མི་བྱའོ། །ཞེས་གསུངས་པ། དངོས་དབང་མི་བྱ་བར་དགོངས་པ་ཡིན་ལ་ཡིད་ཀྱིས་བསྒོམ་པ་ཙམ་ནི་སློབ་མ་ལ་བཤད་པའི་སྣོད་དུ་རུང་བའི་ཕྱིར་བྱ་བ་ཡིན་ནོ། །རྩ་རྒྱུད་བཞིན། དེ་ནས་སློབ་དཔོན་ལེགས་པར་ནི། །མཉམ་པར་བཞག་ལ་ཕྱག་རྒྱ་མཆོད། །ཞེས་པ་ཙམ་ལས་འདིར་མ་གསུངས་ལ། རྩ་རྒྱུད་ལས་སྤྱན་རས་གཟིགས་བཤད་དེ། སོགས་ཀྱི་རྒྱས་པར་བསྟན་ནོ། །འདིའི་དབང་དུ་མཛད་ནས། །དཀྱིལ་འཁོར་ལུས་དང་། སྒྲུབ་པའི་གསང་བ་སྦྱིན་པས། གསང་དབང་གི་དྲི་མ་དག་སྟེ་རླུང་། །རྩ་རླུང་གཏུམ་མོ་སྒྱུ་ལུས་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ཐོབ་པར་འགྱུར་བ་ཡིན་ནོ། །དབང་གསུམ་པ་ནི། རྩ་རྒྱུད་ལས། དེ་ནས་སློབ་མ་ཕྱི་དེ་ཉིད། །ལས་ནི་ཡང་དག་སྤྱད་པར་བྱ། །ཞེས་པ་ལས་འདིར་མ་བྱུང་། རྩ་རྒྱུད་དུ། དེ་ལ་ཧ་ལྔའི་ལས་ཀྱི་རྒྱས་པར་བཤད། དེ་ལ་དཀྱིལ་འཁོར་ཕྱག་རྒྱའི་བྷ་ག་ཤེས་རབ་མ་ལས་སྐྱེས་པའི་ཡེ་ཤེས་ཡིན་པས་ཤེས་རབ། ཡིད་ཀྱི་དྲི་མ་སྦྱོང་ཕོ་ཉའི་ལམ་འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པར་བྱེད་དོ། །དབང་བཞི་པ་ལ་གཉིས་སུ་བྱས་ནས། འཇིག་རྟེན་ཀུན་རྫོབ་ཀྱི་བཞི་པ། དེ་ལ་དཀྱིལ་འཁོར་ཀུནྡ་ལྟ་བུའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འཇིག་རྟེན་པའི་ཆོས་ལས་མཆོག་ཡིན་པའི་ཕྱིར་ཤེས་རབ་ཆེན་པོའི་མིང་ཐོབ། དྲི་མ་རོའི་ཁམས་འཁྲུད་ཀྱི་རོ་ཆེན་པོ་ནི་མིན་ཏེ། དེ་ཉིད་རང་རོ་ཆེན་པོར་འཇོག་པས་སོ། །ཕུགས་འབྲས་དག་པའི་སྐུ་དངོས་འབྲས་བུ་མ་ཡིན། འཇིག་རྟེན་ལས་འདས་པའི་དབང་བཞི་པ་ནི་དཀྱིལ་འཁོར་སེམས་ཀྱི་རྡོ་རྗེ་ལ་བྱང་ཆུབ་སེམས་སུ་བཞག་པ་དེ་ཡིན། དྲི་མ་མེད་པའི་ཤེར་ཕྱིན་ཡིན་པས། ཤེས་རབ་ཆེན་པོ། དེས་རྣམ་ཤེས་ལ་རོ་ཆེན་པོ་འམ་ཡེ་ཤེས་ཀྱི་ཁམས་སུ་བཞག་པ་སྦྱངས་པས་དེ་རྣམ་པར་ཤེས་པའི་ཚུལ་ལས་འདས་པ། ཡེ་ཤེས་གཉིས་མེད་ཚུལ་འཆང་བར་སོང་། བསྒོམ་བྱ་ཕྱག་རྒྱ་ཆེན་པོ། འབྲས་བུ་དག་པའི་སྐུར་བསྒྱུར་བས་ན་གྲུབ་པའི་དངུལ་ཆུ་ཆེན་པོའོ་ཞེས་པ་ནི་གསུམ་པའི་དུས་ཀྱི་རྟེན་ཅན་ལས་བཞི་པའི་ཡེ་ཤེས་རྙེད་པ་ཟུར་ཙམ་གྱི་སྟོན་པ་དེའི་ཕྱིར་དབང་བསྐུར་བཅུ་བཞིས། དབང་བསྐུར་རེ་རེ་ས་རེའོ། །དབང་དུས་སུ་གྲོལ་བའང་འདིས་བསྟན། དེས་སྦྱོར་བ་ཀུན་གྱི་དམ་པ་ཡིན། །གང་ཞིག་རྟག་ཏུ་འདོད་གྱུར་པ། །ལྷ་དང་ལྷ་མིན་མི་རྣམས་ཏེ། །འདི་དག་ཟིལ་གྱིས་གནོན་པར་འགྱུར། །དེས་ན་རྒྱུད་འདི་རུ་ནི་དབང་བསྐུར་བས། །ཐམས་ཅད་ཀྱི་ནི་སྒྲུབ་པ་པོ། །ལྷ་ཐམས་ཅད་ངོ་བོ་གཅིག་པའི་གནད་ཀྱིས་འདིར་དབང་བསྐུར་བ་ཐོབ་ནས། སླར་དགྱེས་རྡོར་ལ་སོགས་པ་མ་ཐོབ་བོ་སྙམ་མི་དགོས་ཏེ། ཐོབ་པ་ཡིན་ནོ་ཞེས་པའི་དོན་ནོ། །བཅུ་གཅིག་པ་ཡོན་འབུལ་བ་ནི། གང་གི་བླ་མ་མཉེས་བྱེད་པ། །དེ་ཡིས་དོན་ཀུན་འགྲུབ་པའི་ཕྱིར། །བདག་གི་སྲོག་ཀྱང་འབུལ་རིགས་ན། །དངོས་པོ་གཞན་དག་ལྟ་ཅི་སྨོས། །རྩ་རྒྱུད་ལས། དེ་ནས་བླ་མ་དག་ལ་ཡོན། །དེ་བཞིན་གཤེགས་པས་གསུངས་པ་དབུལ། །སོགས་ཀྱིས་སོ། །དཔལ་ནཱ་རོ་པས་མཛད་པ་རྫོགས་སོ། །མར་པ་ཆོས་ཀྱི་བློ་གྲོས་ཀྱིས་དེ་ཉིད་ཀྱི་སྤྱན་སྔར་ཞུས་ཏེ་བསྒྱུར་བའོ། །ནམ་མཁའ་མཛོད་ཀྱི་རྒྱུད་སྡེའི་དཔལ། །མཆོག་བགྲོད་ཆ་རྐྱེན་ལ་སྦྱོར་བས། །བདག་ཉིད་ཆེ་གཞུང་འདིས་བཤད་པའི། །གཏོང་ཕོད་དབྱར་དཔེ་བསམ་འཕེལ་ཀ །ནམ་ཡང་དེ་ནི་གུད་མིན་པས། །འཇིག་རྟེན་གསུམ་འདི་རྣམ་ཀུན་ཏུ། །ཡོངས་འཛིན་བགྱིད་ཕྱིར་བདག་དགེ་ཡི། །འབྱོར་པ་རྣམ་ཐོས་བུ་མཉམ་བསྔོ། །བླ་མ་མཛད་བཞེད་པ་དག་ལ་ཕན་པའི་ཕྱིར་པདྨ་དཀར་པོས་དཀར་བརྒྱུད་ཆོས་སྡིངས་སུ་སྦྱར་བའོ། །སརྦ་གངྒ་ལཾ།། །།


previousམཁའ་འགྲོ་སྙན་བརྒྱུད་ཀྱི་དབང་གི་ཆུ་བོའི་རྣམ་བཤད།next