Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
བདེ་མཆོག་དྲུག་ཅུ་མའི་མཆོད་འཕྲེང་།
   


 
previousབདེ་མཆོག་དྲུག་ཅུ་མའི་མཆོད་འཕྲེང་།next

བདེ་མཆོག་དྲུག་ཅུ་མའི་མཆོད་འཕྲེང་།

བདེ་མཆོག་དྲུག་ཅུ་མའི་མཆོད་འཕྲེང་བཞུགས་སོ། །དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པ། །གཟུགས་མཛེས་དཀར་མོ་རྡོ་རྗེ་དྲིལ་བུ་དང་། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཚིགས་བཅད་ཀྱི་ཐོག་མཐའ་གཉིས་དང་སྔགས་ཀྱི་ཐོག་མཐའ་གཉིས་འགྲེའོ། །ཡིད་འོང་དུད་ཁ་རྡོ་རྗེ་དྲིལ་བུ་དང་། །བདུག་སྤོས་འཐུལ་བའི་རིན་ཆེན་སྣོད་འཛིན་མ། །དྷཱུ་པེ། ཀུན་སྣང་དམར་སེར་རྡོ་རྗེ་དྲིལ་བུ་དང་། །མར་མེས་གང་བའི་རིན་ཆེན་སྣོད་འཛིན་མ། །ཨཱ་ལོ་ཀེ གདུང་སེལ་ལྗང་ཁུ་རྡོ་རྗེ་དྲིལ་བུ་དང་། །དྲི་མཆོག་བྱུག་པའི་རིན་ཆེན་སྣོད་འཛིན་མ། །གནྡྷེ། ཞལ་ཟས་སྣ་ཚོགས་རྡོ་རྗེ་དྲིལ་བུ་དང་། །བདུད་རྩིས་གང་བའི་རིན་ཆེན་སྣོད་འཛིན་མ། །ནཻ་ཝི་དྱཱ། སྒྲ་སྙན་སྣ་ཚོགས་རྡོ་རྗེ་དྲིལ་བུ་དང་། །པི་ཝཾ་གླིང་བུ་རྔ་ཆེན་སོགས་འཛིན་མ། །ཤཔྟ། མཐོན་མཐིང་འོད་ཆགས་རྡོ་རྗེ་པི་ཝཾ་མ། །རྒྱུད་མངས་སྙན་པའི་སྐད་ཀྱི་ཡིད་སྒྱུར་བྱེད། །རྡོ་རྗེ་རིག་མ་དགའ་བའི་རོལ་པ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་བཛྭ་ཝཱི་ནེ་ཧཱུྃ་ཧཱུྃ་ཕཊ྄། རྐང་པ་འོག་མ་གཉིས་དང་། སྔགས་ཀྱི་ཐོག་མཐའ་འདྲ། མཆོག་གི་གསེར་མཚུངས་རྡོ་རྗེ་གླིང་བུ་མ། །སྙན་འགྱུར་རིན་ཆེན་གླིང་བུའི་སྒྲ་དབྱངས་ཅན། །རྡོ་རྗེ་རིག་མ། ཝཾ་ཤེ། བིམ་པ་ལྟར་དམར་རྡོ་རྗེ་རྫ་རྔ་མ། །སྐད་སྙན་ལྷ་རྫས་བཟང་པོའི་རྫ་རྔ་འཁྲོལ། །རྡོ་རྗེ་རིག་མ། མུརཉྫྱེ། མརྒད་མདོག་མཚུངས་རྡོ་རྗེ་རྔ་ཆེན་མ། །རྔ་ཆེན་ཆེར་སྒྲོགས་ནམ་མཁའི་ཕྱོགས་ཀུན་འགེངས། །རྡོ་རྗེ། མྲྀ་ཏཾ་གེ པདྨ་རཱ་གའི་མདངས་ལྡན་བཞད་པ་མོ། །འཛུམ་ཞལ་དགྱེས་པའི་བཞིན་གྱིས་ཀུན་དགའ་བསྐྱེད། །རྡོ་རྗེ། ཧཱ་ཀྵྼེ། མཐོན་ཀ་ཆེན་མའི་འོད་འཛིན་རབ་སྒེག་མ། །རྡོ་རྗེ་དྲིལ་འཆང་དཀུར་བརྟེན་སྙེམས་པའི་ཚུལ། །རྡོ་རྗེ། ལཱ་ཀྵྼེ། བཙོ་མའི་གསེར་མདོག་རྡོ་རྗེ་གླུ་དབྱངས་མ། །ཤེས་རབ་དབྱངས་སྙན་རྣ་བའི་བཅུད་ལེན་མཁན། །རྡོ་རྗེ། གཱིརཏཱི། རྨ་བྱའི་སྤུ་ལྟར་སྔོ་ལྗང་གར་མཁན་མ། །མཉེན་ལྕུག་ཡན་ལག་མཆོག་གིས་བྲོ་གར་སྒྱུར། །རྡོ་རྗེ། ནྲྀ་ཏྱེ། སྟོན་ཟླ་ལྟར་དཀར་རྡོ་རྗེ་མེ་ཏོག་མ། །ལྷ་རྫས་མེ་ཏོག་བྱེ་བའི་ཆར་འབེབས་བྱེད། །རྡོ་རྗེ། པུཥྤེ། སྔོ་སྐྱ་དུད་སྤྲིན་རྡོ་རྗེ་བདུག་པ་མ། །མཁའ་ཁྱབ་དྲི་ཞིམ་བདུག་པའི་སྤོས་དྲི་ཅན། །རྡོ་རྗེ། དྷཱུ་པེ། གུར་ཀུམ་གཞོན་ནུའི་ལུས་ཅན་སྣང་གསལ་མ། །རིན་ཆེན་སྣང་བས་ཕྱོགས་བཅུའི་མུན་སེལ་བྱེད། །རྡོ་རྗེ། ཨཱ་ལོ་ཀེ འཆར་ཀའི་མདངས་ལྟར་དམར་སྐྱ་བྱུག་པ་མ། །ལེགས་སྦྱར་དྲི་མཆོག་དགེ་བས་རྙོག་པས་སེལ། །རྡོ་རྗེ། གནྡྷེ། ཁ་བ་དུང་ལྟར་རྣམ་དཀར་གཟུགས་ཅན་མ། །རྣམ་དག་རིན་ཆེན་དངུལ་དཀར་མེ་ལོང་གཡོབ། །རྡོ་རྗེ། རཱུ་པ། ལེ་བརྒན་རྩི་ལྟར་ལུས་དམར་རོ་ལྡན་མ། །བདུད་རྩིའི་བཅུད་ལྡན་ལྷ་ཡི་ཞལ་ཟས་འཛིན། །རྡོ་རྗེ། རཱ་ས། དུར་བའི་འདབ་ལྟར་ལྗང་སེར་རེག་བྱ་མ། །རེག་པའི་བདེ་བ་མཆོག་སྟེར་ན་བཟའ་འཛིན། །རྡོ་རྗེ། སྤརྵེ། ཀུན་ད་ཀུ་མུཏ་རྒྱས་འདྲ་ཆོས་དབྱིངས་མ། །རྒྱལ་བ་ཀུན་བསྐྱེད་སྐྱེ་གནས་ཕྱག་རྒྱ་ཅན། །རྡོ་རྗེ་རིག་མ་དགའ་བའི་རོལ་པ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་བཛྭ་དྷརྨཱ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག རིགས་ཐམས་ཅད་ཀྱི་དབང་ཕྱུག དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། རྩ་རྒྱུད་ཀྱི་རྗེ་བཙུན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་ཤྲཱི་བཛྭ་ཧེ་ཧེ་ནས། ཡ་མ་མ་ཐཱ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། པཉྩྨ་སོགས་སྦྱར། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ་བྱ་རོག་མིང་ཅན་ལེགས་ལྡན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། གཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་པའི་ལྷ་མ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། གསང་མཆོད། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འཕེལ་བའི་མི་འགྱུར་བདེ་བས་མཆོད། །དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །བསྟོད་པ། ཧཱུྃ། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་ཅིང་། །ཆོས་དབྱིངས་རྣམ་དག་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོ་མ་དང་མཉམ་པར་སྦྱོར། །ཞེ་སྡང་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ་མཆོད་རྡོ་རྗེ་ལས་བྱུང་ཆར་སྤྲིན་མདོག །དགའ་བ་རྣམ་དག་དྲག་པོའི་ཞལ་བཞིར་སྣང་། །གར་གྱི་ཉམས་དགུས་གདུག་པ་འདུལ་མཛད་པའི། །ཧཱུྃ་མཆོག་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད། །རྟེན་འབྲེལ་བཅུ་གཉིས་དག་ཅིང་ས་རྣམས་རྫོགས། །བཅུ་གཉིས་ཕྱག་གིས་མཚོན་ཆ་སྣ་ཚོགས་འཛིན། །ཡུལ་དང་ཡུལ་ཅན་རྣམ་རྟོག་གཅོད་མཛད་པའི། །ངོ་མཚར་མཚོན་ཆ་བསྣམས་ལ་ཕྱག་འཚལ་བསྟོད། །ཧཱུྃ་གི་ང་རོས་སྲིད་གསུམ་སྐྲག་མཛད་ཅིང་། །རྔམ་པའི་རྐན་སྒྲ་ཕཊ྄་ཅེས་སྒྲ་སྒྲོག་པ། །བདུད་དང་བགེགས་སོགས་གདུག་པ་མ་ལུས་འདུལ། །རྣམ་རྟོག་བདུད་བགེགས་འཇོམས་ལ་ཕྱག་འཚལ་བསྟོད། །སྤྲོས་བྲལ་བདེ་ཆེན་པདྨ་རཱ་གའི་མདོག །སྟོང་ཉིད་འོད་གསལ་དུས་གསུམ་བདེ་གཤེགས་ཀློང་། །རྣམ་རྟོག་དྲ་བ་མ་ལུས་འཇོམས་མཛད་པའི། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ས་ཆུ་མེ་རླུང་འབྱུང་བ་རྣམ་པར་དག །དག་པའི་ཞལ་བཞི་རིགས་ཀྱི་ཡུམ་དུ་སྣང་། །དྲན་པ་ཉེར་བཞག་ཡེ་ཤེས་ངོ་བོ་ཉིད། །མཁའ་འགྲོ་མ་སོགས་ཡུམ་ལ་ཕྱག་འཚལ་བསྟོད། །སེམས་ཀྱི་རྣམ་དག་ས་བླའི་སྲིད་པ་སྦྱོང་། །ཞེ་སྡང་རྣམ་དག་ཐུགས་ཀྱི་འཁོར་ལོ་སྣང་། །ཐོད་པའི་དུམ་བུ་རབ་གཏུམ་མ་ལ་སོགས། །གནས་དང་ཉེ་གནས་བཞུགས་ལ་ཕྱག་འཚལ་བསྟོད། །གསུང་གི་ང་རོས་ས་ཡི་སྲིད་པ་བཅོམ། །འདོད་ཆགས་རྣམ་དག་གསུང་གི་འཁོར་ལོ་སྣང་། །མྱུ་གུ་ཅན་དང་ས་སྲུང་མ་ལ་སོགས། །ཞིང་དང་ཉེ་ཞིང་བཞུགས་ལ་ཕྱག་འཚལ་བསྟོད། །སྐུ་ཡི་ང་རོས་ས་འོག་སྲིད་པ་བཅོམ། །གཏི་མུག་རྣམ་དག་སྐུ་ཡི་འཁོར་ལོ་སྣང་། །སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་སོགས། །འདུས་སོགས་གནས་ན་བཞུགས་ལ་ཕྱག་འཚལ་བསྟོད། །ཡང་དག་ལས་མཐའ་འཚོ་བ་རྩོལ་དང་བྲལ། །བདེ་ཆེན་དག་ལ་མོས་དང་གཙོ་ལ་ཕྱོགས། །གདུག་པའི་ཚོགས་རྣམས་མ་ལུས་འདུལ་མཛད་པའི། །སྒོ་བཞིའི་མ་མོར་སྣང་ལ་ཕྱག་འཚལ་བསྟོད། །བརྩོན་འགྲུས་རྣམ་དག་ཡང་དག་སྤོང་བ་བཞི། །གཤིན་རྗེ་སྲེག་མ་ལ་སོགས་མ་མོར་སྣང་། །ཕྱོགས་གཉིས་འཛིན་པའི་སྐུ་མདོག་མ་མོའི་མཆོག །རྒྱལ་བའི་ཡུམ་དུ་སྣང་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་བརྒྱད་ནི་རྒྱལ་བའི་སྤྲུལ་པར་བསྟན། །བདག་མེད་འཁོར་ལོ་སྤྲུལ་པ་བརྒྱད་དུ་སྣང་། །བྱང་ཆུབ་རྟེན་དུ་ཤིང་བརྒྱད་མངོན་པར་བྱུང་། །འཇིག་རྟེན་ཆོས་བརྒྱད་སྲེག་ལ་ཕྱག་འཚལ་བསྟོད། །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་བའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨ་ལ་ནི་རྡོ་རྗེས་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཕྱོགས་ཀྱི་པདྨའི་འདབ་མ་ལ། །རིགས་ཀྱི་ཡུམ་བཞི་དཔའ་བོའི་ཕྱོགས་ཀྱི་ཞལ་ལ་གཟིགས། །པདྨའི་མུ་ཁྱུད་གྲི་གུག་འཕྲེང་བས་རྣམ་པར་བརྒྱན། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཚམས་ཀྱི་པདྨའི་འདབ་མ་ལ། །བྱང་ཆུབ་སེམས་དང་ཙནྡན་གུར་ཀུམ་དྲི་ཆེན་ཆུས། །གང་བའི་སྣོད་བཞི་ཞལ་གྱི་རེག་པས་རྣམ་པར་སྤྱོད། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ནམ་མཁའི་དབྱིངས་ན་ལེགས་སྤྱོད་པའི། །འཁོར་ལོ་སྔོན་པོ་རྩིབས་བརྒྱད་མུ་ཁྱུད་རྡོ་རྗེའི་འཕྲེང་། །གནས་དང་ཉེ་གནས་ལ་སོགས་དཔའ་བོ་རྣལ་འབྱོར་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ས་སྟེང་དག་ན་ལེགས་སྤྱོད་པའི། །འཁོར་ལོ་དམར་པོ་རྩིབས་བརྒྱད་མུ་ཁྱུད་པདྨའི་འཕྲེང་། །ཞིང་དང་ཉེ་ཞིང་ལ་སོགས་དཔའ་བོ་རྣལ་འབྱོར་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ངན་འགྲོའི་གནས་ན་ལེགས་སྤྱོད་པའི། འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་འཁོར་ལོའི་འཕྲེང་། །འདུས་དང་ཉེ་འདུས་ལ་སོགས་དཔའ་བོ་རྣལ་འབྱོར་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དཀྱིལ་འཁོར་སྒོ་བཞི་མཚམས་རྣམས་སུ། །ཁཱ་གདོང་ལ་སོགས་ལྷ་མོ་ཡིད་འོང་གཟུགས་གཉིས་ལྡན། །ཐུགས་རྗེས་འགྲོ་བའི་དོན་མཛད་གདུག་པ་ཀུན་འདུལ་བའི། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དྲན་པ་ཉེ་བར་བཞག་པ་བཞི་རྣམས་དང་། །ཡང་དག་སྤོང་བ་རྫུ་འཕྲུལ་དབང་པོ་སྟོབས་ལ་སོགས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཡོངས་རྫོགས་པའི། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རིན་ཆེན་ཕ་གུས་མཛེས་པའི་གཞལ་ཡས་ཁང་། །འདོད་པ་ལྔ་ཡི་ལོངས་སྤྱོད་མཆོག་ནི་རབ་ཏུ་བཀོད་པ་དང་། །མུ་ཏིག་དྲ་བ་རིན་ཆེན་ཉི་ཟླ་གསེར་གྱི་དྲིལ་བུ་དཔྱངས། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྟ་བབས་ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་ཕུབ། །མཛེས་པའི་རི་དྭགས་བ་དན་བཅུ་དྲུག་ལེགས་འཕྱར་བའི། །རླུང་གིས་བསྐྱོད་པའི་དྲིལ་བུ་དག་ལས་ཆོས་ཀྱི་སྒྲ་ཆེན་སྒྲོག །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དུར་ཁྲོད་བརྒྱད་ཀྱིས་ཡོངས་བསྐོར་ཞིང་། །བྱང་ཆུབ་ཤིང་མཆོག་བརྒྱད་ནི་རབ་ཏུ་བྱུང་བ་ལས། །ཤ་ཟའི་གདོང་ཅན་བརྒྱད་པོ་དག་ནི་ལེགས་གནས་པའི། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡེ་ཤེས་མེ་ཆེན་བརྒྱད་ནི་འབར་བར་གྱུར་པ་དང་། །བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲིན་ཆེན་བརྒྱད་ནི་འདུས་པར་གྱུར་པ་ལ། །དགའ་བོ་ལ་སོགས་ཀླུ་ཆེན་སྡེ་བཅས་བརྒྱད་པོ་དག་ནི་ལེགས་གནས་པའི། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཐུགས་རྗེའི་རང་བཞིན་ཆུ་ཆེན་བརྒྱད་ནི་འབབ་པར་གྱུར་པ་དང་། །བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བརྒྱད་པོ་རྣམས་ཀྱིས་རབ་ཏུ་བསྐོར་གྱུར་ཅིང་། །རྣལ་འབྱོར་པ་དང་རྣལ་འབྱོར་མ་ནི་དུར་ཁྲོད་རྣམས་ཀྱི་ནང་ན་མཛེས། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །ཡིད་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས། ཨོཾ་ཤྲཱི་ཧེ་རུ་ཀ་པྲ་ཝ་ར་སཏྐྲ་རཱ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞབས་བསིལ་ཕུལ། ཧཱ་ཡན་འདྲ། ཨརྒྷཾ་མ་མ་ཏཏྟྲཾ། གྲྀ་སིདྡྷི་མེ་པྲ། མཆོད་ཡོན། ཧི་ས་ཏུངྐ། ལྷ་ཡི་མེ་ཏོག་ཤིན་ཏུ་འབར། །ལྷ་ཡི་དྲི་ཡིས་ཉེ་བར་བྱུགས། །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་དུ་བཞུགས་སུ་གསོལ། །པུཥྤེ། ཙནྡན་གུར་ཀུམ་སྦྱར་བ་ཡི། །དྲི་མཆོག་བདུག་སྤོས་དམ་པ་འདི། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །དྷཱུ་པེ། མར་མེ་འོད་བཟང་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་བྱེད་ཅིང་། །ལྷ་ཡི་མིག་འབྱེད་དམ་པ་འདི། །བདག་ལ་དགོངས་ཏེ་བཞེས་སུ་གསོལ། །དཱི་པཾ། སྣ་ཚོགས་ལྷ་ཡི་དྲི་དང་ལྡན། །སྣ་ཚོགས་ག་པུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུྃ་ལས་ཡང་དག་བྱུང་། །དྲི་མཆོག་འདི་དག་བཞེས་སུ་གསོལ། །གནྡྷེ། ཁ་དོག་དྲི་དང་རོ་ལྡན་པ། །བཟའ་བའི་བྱེ་བྲག་སྣ་ཚོགས་པ། །ཞལ་ཟས་ཐམས་ཅད་ཕུན་སུམ་ཚོགས། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ནཻ་ཝི་དྱེ། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་པའི་འཕྲུལ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །བརྒྱད་གཉིས་ལང་ཚོ་དཔལ་འབྲས་ནུ་འབུར་མ། །བཅུ་དྲུག་དགའ་བའི་ཆ་ཤས་ཡོངས་རྫོགས་མ། །ཉ་རྒྱས་ཟླ་བ་དག་པའི་བཞིན་རས་མ། །ཚིམ་ཞིང་གསལ་བ་བདུད་རྩིའི་འོད་ལྡན་མ། །རྡོ་རྗེ་རིག་མ་ལྷ་མོས་དེང་མཆོད་ན། །མཆོག་ཏུ་བདེ་བ་དམ་པའི་མཆོག་སྦྱིན་མཛོད། །ཝཱི་ནེ་སོགས་འགྲེ། བདེ་མཆོག རྒོད་དང་དྲེགས་ལྡན་གླུ་དབྱངས་བྲོ་གར་མཁན། །ཟུར་མིག་འཕེན་མཁས་འདོད་པའི་མདའ་འཕེན་མ། །འཆི་མེད་ན་ཆུང་སྒྱུ་མའི་འཇོ་སྒེག་མ། །ཡིད་འཕྲོག་དཔའ་མོ་རྡོ་རྗེའི་གླུ་དབྱངས་མ། །འགྱིང་གཟུགས་གློག་འདྲ་གར་དགུའི་རྩེད་འཇོ་མ། །རྡོ་རྗེ། བདེ་མཆོག མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་འཛིན། །རྣམ་རྒྱས་པད་དཀར་གཞོན་ནུའི་ཞལ་མཛེས་མ། །དྲི་ཞིམ་མ་ལི་གསར་པའི་དྲི་ལྡན་མ། །མཚར་སྡུག་འོད་ཀྱིས་ཕྱོགས་ཆ་རྣམས་འགེངས་མ། །ག་པུར་ཙནྡན་ཤིང་ལྟར་གདུང་སེལ་མ། །རྡོ་རྗེ། བདེ་མཆོག གཟུགས་བཅུད་རེག་བྱ་ཆོས་ཀྱི་ལྷ་མོ་ནི། །མཛེས་སྡུག་དཔེ་བྱད་བཟང་པོའི་དཔལ་ལྡན་མ། །མ་མཆུ་བདུད་རྩིས་གཙང་མའི་རོ་ལྡན་མ། །རེག་བྱས་དབང་པོ་ཀུན་ནས་ཚིམ་བྱེད་མ། །བསམ་ཡས་ལྷན་ཅིག་སྐྱེས་དགའི་འབྱུང་གནས་མ། །རྡོ་རྗེ། བདེ་མཆོག སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། རྐང་པ་བརྒྱད་པས་བསྟོད་དེ་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས། གཞན་རང་རང་གི་སྙིང་པོ་བདུན་བདུན་བཟླ། སྔགས་འཕྲེང་གཟུངས་ཐག་ལ་འཁྲིལ། དེ་རྣམ་རྒྱལ་ཆེན་པོའི་ལྷ་རྣམས་ཀྱི་ཐུགས་ཁར་ཞུགས་པས་ཡེ་ཤེས་ཀྱི་བདུད་རྩིར་ཞུ། དེ་བུམ་པར་བླུགས་པས་དེའི་ལྷ་ཐམས་ཅད་ཀྱང་བདུད་རྩིའི་ངོ་བོར་ལྟེམ་གྱིས་སོང་། བདག་འཇུག་འདིར་ལེན། གཞན་ལ་དབང་བསྐུར་བ་དང་རབ་ཏུ་གནས་པ་སོགས་ཀྱང་མཚམས་འདིར་བྱའོ། །ཚོགས་ཀྱི་འཁོར་ལོའམ་སྟོན་མོ་གཉིས་གང་བྱེད་ཀྱང་རུང་། བདག་བསྐྱེད་བཞིན་གཏོར་མ་བཏང་། ཚོགས་ཀྱི་བདག་པོའི་མདུན་དུ་སྟག་ལ་སོགས་པའི་གཡང་གཞིའི་སྟེང་དུ་ཆང་དང་བཟའ་བ་རྣམས་བཤམས་ཏེ། བདུད་རྩི་རིལ་བུ་བཏབ་པ་བྱིན་གྱིས་བརླབས་པའི་ཆང་གིས་བསང་གཏོར་བྱས་ལ། དེ་ནས་ལག་པ་གཡོན་བཀབ་ཨོཾ་ཡིག་གིས་སྦྱང་བར་བྱའོ། །ལག་པ་གཡས་བཀབ་ཨཱཿཡིག་གིས་རྟོགས་པར་བྱའོ། །སྙིམ་པ་བཀབ་སྟེ་ཧཱུྃ་ཡིག་གིས་སྦར་བར་བྱའོ། །མཁའ་ལྡིང་གི་ཕྱག་རྒྱ་དང་ཧོཿཡིག་གིས་བདུད་རྩིར་བྱ་ཞིང་། ཧཱུྃ དབྱིངས་སྲིད་ཞི་ཀུན་ཏུ་འཆར་བའི་མ། །དཔལ་རྡོ་རྗེ་ཡན་ལག་མ་མོའི་འཕྲུལ། །མཚན་ཀུན་ལྡན་ཡེ་ཤེས་ཀ་པཱ་ལ། །དེ་བསམ་གྱིས་མི་ཁྱབ་ནམ་མཁའ་ཙམ། །ཨཱ་ར་ལི་རྣལ་འབྱོར་གྱི་འདུས་པ་ལ། །འདོད་ཡོན་གྱི་ལོངས་སྤྱོད་མི་ཟད་པ། །ཧ་ཧོཿསྲཱིཿཁ་དོག་དྲི་རོའི་ཚོགས། །མཆོག་རྣམ་པ་ཀུན་ལྡན་སྟོང་པའི་དཔྱིད། །ཨོཾ་ཨཱཿཧཱུྃ་སྦྱངས་རྟོགས་སྦར་བས་ན། །དཔལ་མི་འགྱུར་བདེ་བ་ཆེན་པོའི་གནས། །ས་ཧ་ཛ་སོ་སོ་རང་རིག་གིས། །ཁ་སྦྱོར་གྱི་འཁོར་ལོ་གཅིག་ཏུ་བསྡམ། །ཞེས་བྱིན་གྱིས་བརླབས་ཏེ། ཆང་གི་ཐིག་ལེས་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་ལ་ཆོས་འབྱུང་གྲུ་གསུམ་བྱས་ལ། དེའི་དབུས་སུ་ཐིག་ལེ་ལྟར་ཟླུམ་པོར་བསྐོར་ལ། ཧཱུྃ ཐུགས་ཟུང་འཇུག་རྒྱལ་བ་ཀུན་གྱི་དངོས། །གསུང་ཆོས་ཀྱི་འཁོར་ལོ་ཐམས་ཅད་པ། །སྐུ་རྣམ་པ་ཀུན་ལྡན་ཚོགས་ཀྱི་མཆོག །སྐྱབས་གསུམ་གྱི་འདུས་པ་བླ་མ་རྗེ། །འཁོར་བརྒྱུད་པའི་བླ་མ་ཉི་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུ་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་འདི་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་སྩལ་ནས་ཀྱང་། །ཡབ་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ། །དཀྱིལ་འཁོར་གྱི་པདྨའི་སྙིང་པོ་ཀུན། །རིས་མེད་པ་རྒྱལ་བའི་ཟེའུ་འབྲུས་བཀང་། །དངོས་གྲུབ་ཀྱི་ཟིལ་མངར་ཅི་དང་ཅི། །ཡིད་བཞིན་དུ་འབྱུང་བ་ལྷག་པའི་ལྷ། །འཁོར་ཡི་དམ་ལྷ་ཚོགས་ཉི་ལི་ལི། །ལྷ་ཁྱེད་དང་བསྒྱུར་བ་མ་གཏོགས་འདྲ། །ནང་ཡེ་ཤེས་ཉི་མ་ཟླ་བའི་རྫུ། །བར་ཆད་ཀྱི་མུན་པ་མཐར་བྱེད་ཅིང་། །ཡིད་སྐྱོབ་ཀྱི་སྣང་བ་ཀུན་སྟོན་པ། །ཡུམ་རྡོ་རྗེ་བཙུན་མོ་རིགས་ལྔའི་སྡེ། །འཁོར་དཔའ་བོ་མཁའ་འགྲོ་ཉི་ལི་ལི། །མ། ཁོང་བདུད་བཞིའི་གཡུལ་ངོ་རླག་བྱེད་དུ། །དཔལ་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་སྟོབས། །ལྷ་མི་བཟད་ཁྲོས་པ་དཔའ་བོའི་སྡེ། །མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་ལ། །འཁོར་དྲེགས་པའི་ལྷ་སྲིན་ཉི་ལི་ལི། །མགོན་ཁྱེད་དང་བསྒྱུར་བ་མ་གཏོགས་འདྲ། །ཞེས་སྤྱན་དྲངས་ནས། ཆོས་འབྱུང་ནམ་མཁའི་ཁམས་ཁྱབ་པ་ཙམ་དུ་སོང་བའི་སྟེང་གི་ཆར་བླ་མ། འོག་གི་ཆར་ཡི་དམ་བསྒོམ་པ་བཞིན་ལ་གསང་སྔགས་ཀྱི་ལྷ་ཐམས་ཅད་གནས་གསུམ་གྱི་མཁའ་འགྲོ་དང་མཁའ་འགྲོ་མ། འོག་ཏུ་དམ་པ་ཆོས་སྐྱོང་བའི་སྲུང་མ་ཞིང་སྐྱོང་ཕོ་མོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་བསམ་ལ། ལས་ཀྱི་རྡོ་རྗེས་ཕྱག་གསུམ་བཙལ། ཚོགས་ཕུད་དང་པོ་འབུལ་བ་ལ་ཐུག་གཏད་པར་ཞུ་བྱས་ལ། ཧཱུྃ རྗེ་སྲིད་ཞིའི་ཕན་པ་ཐམས་ཅད་དུ། །ཆུ་ཟླ་བཞིན་འགོག་པ་མེད་ཤར་བ། །དཔལ་དང་པོའི་མགོན་པོ་བླ་མའི་ཞབས། །བཀའ་བརྒྱུད་ཀྱི་རྗེ་བཙུན་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་ཏེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོས་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། །ཚོགས་ཕུད་གཉིས་པ་ལ། ཨོཾ་ཤྲཱི་བཛྭ་ཧེ་ཧེ་སོགས་ལ་ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི་བཏགས་པས་དཀྱིལ་འཁོར་ལ་ཕུལ། གསུམ་པ་ལ། ཧཱུྃ ཞི་བ་དང་ཁྲོ་ཆགས་ཐམས་ཅད་པ། །སྒྱུ་འཕྲུལ་གྱི་ཟློས་གར་ལ་ཤར་ནས། །དཀྱིལ་འཁོར་གྱི་འཁོར་ལོའི་མགོན་མཛད་པ། །ཡི་དམ་གྱི་ལྷ་ཚོགས་རྒྱ་མཚོ་ལ། །དེ་མན་སྔར་བཞིན་གྱིས་ཕུལ། བཞི་པ། ཧཱུྃ འཁོར་འདས་ཀྱི་ངོ་མཚར་མ་ལུས་པ། །གཉིས་མེད་ལས་གཉིས་སུ་སྟོན་བྱེད་པའི། །སྲས་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །དཔའ་བོ་དང་ཌཱ་ཀི་རྒྱ་མཚོ་ལ། །ལྔ་པ་ལ། བདུད་ཚོགས་ལ་བདུད་དང་ཆོས་པར་གཉེན། །སྙིང་རྗེ་ལས་རྣམ་པ་ཐམས་ཅད་པ། །ཁྲག་འཐུང་གི་རྒྱལ་པོ་དགའ་མར་བཅས། །དམ་ཅན་གྱི་ཆོས་སྐྱོང་རྒྱ་མཚོ་ལ། །ཞེས་པས་ཕུལ། །ཡུལ་དེའི་ཞིང་སྐྱོང་དང་གྲོང་གི་བདག་པོ་ལ། །ཨོཾ་ཡིག་དང་དབུས་སུ་མིང་དང་། མཐར་ཨཱཿཧཱུྃ་ཆེ་གེ་མོ་ཨི་དཾ་བ་ལིཾ་ཏ་གྲྀ་སརྦ་ས་ཏྭ་ནཱཾ་ཤཱནྟིཾ་ཙིཏྟ་ཀུ་རུ་ཀུ་རུ་སྭཱ་ཧཱ། དབུས་སུ་མིང་ཞེས་པ། དེ་དག་གི་མིང་འབྲུ་བཞི་ཡོད་ན་མཉམ་པས་ཡི་གེ་དང་པོ་མིང་ཡིན་པས་དེ་འཇུག གསུམ་ན་མི་མཉམ་པ་ལ་གསུམ་པ་མིང་དུ་འགྱུར་བས་དེ་འཇུག་པ་ཡིན་ནོ། །དེས་འགྲེའོ། །ཨོཾ་ཧཱ་རཱི་ཏི་པིཎྜྻ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། འཕྲོག་མའི་ཆངས་བུའི་སྔགས། ཨོཾ་དཱུ་ཏཱི་ཀེ་ཨ་གྲཱ་གྲ་སཾ་པྲ་ཏཱིཙྪ་སྭཱཧཱ། ཨོཾ་ཨཱཿཧཱུྃ་ཞེས་བསྔགས་ནས་བཟའ་བའི་མཐའ་ཇི་སྲིད་པ་ལ་བཞག་གོ །དེ་ནས་ལས་ཀྱི་རྡོ་རྗེས་བཟའ་བ་སྡེར་དུ་འབུལ་ཞིང་བཏུང་བ་པདྨའི་སྣོད་དུ་ཕུལ་ཏེ་བསྐོར་བ་གསུམ་བྱས་ནས། དྲི་དང་། བདུག་པ་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ནས་གསོལ་བ་གདབ་པར་བྱ་སྟེ། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་པར་གྱུར་ཅིག ཅེས་པས་སོ། །དེ་ནས་ལོངས་སྤྱོད། བརྟག་གཉིས་བཞིན་རྡོ་རྗེའི་གླུ་དང་གར་བྱ། ལྷག་མ་བསྡུས། རྡོ་རྗེ་སློབ་དཔོན་གྱིས་འབར་བའི་ཕྱག་རྒྱ་དང་བཅས་པས་ཁ་ཕྲུ་བཏབ་སྟེ། ཧཱུྃ མ་རྡོ་རྗེ་བཙུན་མོ་ཁྲོས་པའི་གཟུགས། །འཁོར་གནས་དང་ཕོ་ཉ་འཇིག་རྟེན་པ། །དམ་ཚིག་དང་ཤ་ཟའི་ཌཱ་ཀི་མ། །མདངས་དཀར་སེར་དམར་ལྗང་སྔོ་དང་ཁྲ། །ལུས་གློག་འཁྱུག་མེ་དཔུང་འུ་རུ་རུ། །ངག་བཤུགས་གླུ་ཞུད་པོ་དི་རི་རི། །ཡིད་སངས་རྒྱས་བསྟན་ལ་དུང་ངེ་ངེ་། །ལས་སྲིད་གསུམ་མྱུལ་ལ་ཤ་ར་ར། །མཐོ་ནམ་མཁའི་དབྱིངས་ནས་བྱ་ར་བྱེད། དམ་ཉམས་པའི་སྟེང་དུ་ཐོག་ཏུ་འབབ། །བར་དུར་ཁྲོད་ཀུན་ཏུ་རྒྱུ་ཞིང་འཕུར། །དགྲ་ཐོ་ལུམ་འབར་བའི་རོ་རུ་ཟ། །དམའ་རྒྱ་མཚོའི་ཀློང་ནས་གྱེན་དུ་རྒྱུག །མི་དམ་ཉམས་བསྒྲལ་ནས་ཁྲག་ལ་འཐུང་། །ནད་བརྒྱད་ཁྲི་བཞི་སྟོང་ཀུན་གྱི་བདག །ཕོ་མཚར་པོ་ཀུན་གྱི་སྙིང་ལ་འཇུག །མོ་མཚར་མོ་ཐམས་ཅད་ཞེ་ཡིས་གནོན། །གནས་དབེན་པར་བསྒོམ་བའི་དྲོད་ཚད་མྱུལ། །ཁྱེད་དགྱེས་པའི་ལྷག་གཏོར་བཤམས་ནས་འབུལ། །ངེད་སྐལ་ལྡན་དགའ་བའི་དངོས་གྲུབ་ཞུ། །ཨོཾ་ཨུཙྪིཥྚ་བྷཀྵ་བྷྱཿསྭཱཧཱ། ཚོགས་ཞིང་གཏོར་མགྲོན་ཡེ་ཤེས་པ། །ཨོཾ ཁྱེད་ཀྱིས་སོགས་རྡོ་རྗེ་བསྡུས་བའི་ཕྱག་རྒྱས་རང་ངམ་རྟེན་ལ་བསྡུ། འཇིག་རྟེན་པ་སརྦ་གཙྪས་སེ་གོལ་བརྡབས་ཏེ་གཤེགས། གཞོན་ནུ་མའི་ཚོགས་མཆོད་པ་ཡང་ནུས་ན་བྱའོ། །སརྦ་མངྒ་ལཾ།། །།


previousབདེ་མཆོག་དྲུག་ཅུ་མའི་མཆོད་འཕྲེང་།next