Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
ནཱ་རོ་ལུགས་ཀྱི་བདེ་མཆོག་བཅུ་གསུམ་གྱི་འཁོར་ལོའི་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནཱ་རོ་ལུགས་ཀྱི་བདེ་མཆོག་བཅུ་གསུམ་གྱི་འཁོར་ལོའི་ཁྲིད།next

ནཱ་རོ་ལུགས་ཀྱི་བདེ་མཆོག་བཅུ་གསུམ་གྱི་འཁོར་ལོའི་ཁྲིད།

ནཱ་རོ་ལུགས་ཀྱི་བདེ་མཆོག་བཅུ་གསུམ་གྱི་འཁོར་ལོའི་ཁྲིད་བཞུགས་སོ། །ན་མོ་གུ་རུ་ཥཙ་ཙཀྲ་སཾ་ཝ་རཱ་ཡ། འདིར་བཅུ་གསུམ་གྱི་ལྷའི་འཁོར་ལོ་བསྒོམ་པར་འདོད་པ་ལ། བསྙེན་སྒྲུབ་ལས་སྦྱོར་གསུམ་ལས། བསྙེན་པ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ། སྔོན་འགྲོ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ་གནས། རི་བོ་ཚང་ཚིང་སྨན་ལྗོངས་དང་། །ཆུ་བོ་ཆེན་པོའི་ངོགས་དག་དང་། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །ཞེས་སོ། །ཡོ་བྱད་ནི། གོས་དང་ཕྱག་རྒྱ་སྔགས་ལ་སོགས། །ཞེས་པས་སོ། །སྐྱབས་སེམས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་གསུམ་གྱི་དང་པོ་ལ། གང་ལས་ལེན། ཇི་སྲིད་དུ། གང་ལས་སྐྱབས། གང་སྐྱོབ་པ། སྐྱབས་ཡུལ། སྐྱབས་སུ་འགྲོ་བ་རང་བཤད་པ་དྲུག དང་པོ་ནི། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། སོགས། དེ་ཡང་དེ་དག་མདུན་དུ་སྤྱན་དྲངས་པ་ལྟ་བུ་མིན། དེ་ཐམས་ཅད་ལ་དམིགས་པ་ཡིན། གཉིས་པ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ། དེང་ནས་བརྩམས་ཏེ་སོགས། གང་ལས་སྐྱབས་ན། འཁོར་བའི་སྡུག་བསྔལ་ཆེན་པོ་ལས། ཞེས་སོ། །གང་སྐྱོབ་ན། བདག་དང་འགྲོ་རྣམས་སྐྱོབ་པའི་ཕྱིར། །ཞེས་སོ། །སྐྱབས་ཡུལ་ལའང་ཕྱི་ནང་གསང་གསུམ་ལས། ཕྱི་ནི། རྐང་གཉིས་ནས་ཕྱིར་མི་ལྡོག་ལ་སྐྱབས་སུ་མཆིའི་བར་གྱིས་བསྟན། ནང་། སངས་རྒྱས་ཀུན་གྱི་ནས། མཁའ་འགྲོའི་ཚོགས་ཀྱི་བར་གྱིས་བསྟན། འདིའི་དངོས་གྲུབ་སྟེར་བའི་ཡི་དམ་ལྷ་ཞེས་པ་ལ། དབྱིབས་ཀྱི་ལྷ། སྔགས་སམ་ཡི་གེའི་ལྷ། ཏིང་འཛིན་དང་ཕྱག་རྒྱའི་ལྷ། ཞེས་ཕྱེ་བས་ཆོས་དཀོན་མཆོག་འདིར་འདུས། གསང་བ། སྟོང་ཉིད་སྙིང་རྗེ་སོགས་ཚིགས་རྐང་གཉིས་ཀྱིས་བསྟན་ཏེ། བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ནས། སངས་རྒྱས་ཆོས་དང་དགེ་འདུན་ལ་ནས། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཞེས་དབང་ཆོག་ཏུ་འབྱུང་བ་ལྟར་གྱིས་བཤད། འདིའི་བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ་ནི་བྱང་ཆུབ་ཀྱི་སེམས་ཡིན། དེ་ཀ་ཐོག་མཐའ་མེད་པའི་སེམས་དཔའོ། འཁོར་ལོ་གསུམ་གྱི་བདག་ཉིད་ལ། ཞེས་པའི་འཁོར་ལོ་གསུམ་ཡང་ཆོས་འཁོར་རིམ་པ་གསུམ་མངོན་རྟོག་དང་བཅས་པ་སྟེ། འགྱུར་འགར། ཐེག་པ་གསུམ་གྱི་བདག་ཉིད་ཅན། །ཞེས་འབྱུང་བས་སོ། །དྲུག་པ་སྐྱབས་སུ་འགྲོ་ཚུལ་ལ། ངོ་བོ་དང་། འགྲོ་ཁྱེར་གཉིས་ལས། དང་པོ་ནི། གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདུན་པའམ་འདོད་པ་སྟེ། བསྙེན་པར་རྫོགས་པའི་དུས་ན། བསྙེན་པར་རྫོགས་འདོད་སྔོན་དུ་སོང་བ་དེ་ཀ་སྐྱབས་སུ་སོང་བ་ཡིན་པར་བསྒྲུབས་པས་ཤེས། དེ་ལ་ངེས་པར་འབྱུང་བའི་བསམ་པ་ཟེར། སྨོན་པའི་སེམས་བསྐྱེད་དང་འདི་ལ་ཁྱད་པར་མེད་དམ་སྙམ་ན་ཡོད་དེ། སྨོན་པ་ལ་ཐོབ་པར་བྱའོ་སྙམ་དམ་བཅའ་བས་ཟིན་པ་ཞིག་ངེས་པར་དགོས། དེས་ཕྱི་མ་དེ་སེམས་བསྐྱེད་དུ་འགྲོ་བ་དང་། དེ་ཡང་ཡིད་ཀྱི་རྣམ་ཤེས་ཀྱི་ངོ་བོར་འགྱུར་བའི་ཁྱད་པར་ཐོན་པ་ཡིན། གཉིས་པ་སྐྱབས་སུ་འགྲོ་ཁྱེར་ལ། ཚིག་ངག་ཏུ་འདོན་པ་ལ། སྐྱབས་སུ་འགྲོ་བ་རྩོམ་བྱེད་དུ་བྱེད་པ་ཟེར། དེ་ཡང་ཡིན་ལ། དོན་སྐྱབས་དེ་དག་གི་འབངས་སུ་ཞུགས་ནས། དེ་ལས་གཞན་པའི་སྐྱབས་མི་འཚོལ་བའོ། །དེའི་འབངས་སུ་ཞུགས་ཕྱིན། དེ་མི་དགྱེས་པ་སྤོང་དགོས་པས་སྡིག་པ་སྤོང་། དེའི་སྤོང་བ་དེ་ཀ་སོར་སྡོམ་ཡིན་པས། དེས་སྐྱབས་སུ་སོང་བ་ཁོ་ན་ལ་སོ་སོ་ཐར་པའི་སྡོམ་པ་ཡོད་པའི་ཤེས་བྱེད་ཀྱང་ཐོན། དེ་འདིའི་བདག་གིས་སོགས་ཚིགས་བཅད་གཅིག་གིས་བསྟན། འབངས་སུ་ཞུགས་ནས་དེ་མཉེས་པར་བྱེད་དགོས་པས་སྐྱབས་འགྲོའི་བསླབ་བྱ་ལ་སློབ་པ་སྟེ། སྐྱབས་སོ་སོའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱ་དགེ་བའི་བཤེས་གཉེན་བསྟེན། དམ་པའི་ཆོས་ཉན། དམ་པའི་ཆོས་དང་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ་བསླབ་པ་སྟེ། འདི་ལས་སྐྱབས་འགྲོ་ལ་ཆོས་ཀུན་འདུ་བའི་གནད་ཀྱང་ཐོན། དེ་དག་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཁོ་ནར་འདུ་མོད་ཀྱང་། སྐྱབས་ལ་རྣམ་པར་དབྱེ་ནས་སོ་སོར་བསྐྱབས་པས་ཡོན་ཏན་ལྷག་འགྱུར་དུ་ཐོབ་པ་ཡིན། དེ་དག་འདི་ནས། དེང་ནས་ཁྱེད་ཀྱི་སོགས་ཀྱིས་བསྟན། གཉིས་པ་སེམས་བསྐྱེད་ནི། ཇི་ལྟར་དུས་གསུམ་ཞེས་པའི་ཚིགས་བཅད་ཀྱིས་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། དེ་ཡང་འབྲས་བུ་ལ་དམ་བཅའ་བ། སྡོམ་པ་ཡི་ནི་སོགས་ཀྱིས་འཇུག་པའི་སེམས་བསྐྱེད་པ་སྟེ། དེ་ཡང་སེམས་བསྐྱེད་པ་སྔ་མ་དེ་བྱང་སེམས་ཀྱི་བསླབ་པའི་གྲོགས་ཀྱིས་ཟིན་པར་བྱ་བའི་ཕྱིར་བསྐྱེད་པ་སྟེ། དོན་རྒྱུ་ལ་དམ་བཅའ་བ་ཡིན། དེ་ལྟ་བུའི་སེམས་བསྐྱེད་པ་གཉིས་ཀྱི་དངོས་དང་ཆེད་དུ་བྱ་བའི་དམིགས་པ་གཉིས་ཀ་ཀུན་རྫོབ་ལ་དམིགས་པ་ཡིན་པའི་ཕྱིར་ཀུན་རྫོབ་སེམས་བསྐྱེད་དོ། །བླ་ན་མེད་པའི་ཞེས་ཚིགས་བཅད་ཕྱེད་ཀྱིས་འཁོར་གསུམ་དག་པའི་དོན་དམ་པའི་སེམས་བསྐྱེད་པ་བསྟན། འདིའི་དམིགས་རྣམ་གཉིས་ཀ་སྟོང་པ་ཉིད་ཡིན་པས་དོན་དམ་སེམས་བསྐྱེད་དོ། །སེམས་ཅན་ཞེས་སོགས་རྐང་པ་ཕྱེད་ཀྱིས་སེམས་བསྐྱེད་གཉིས་ཀ་སྡོམ་པ་ཡིན་པར་བསྟན་ཅིང་། སླར་མ་བསྒྲལ་བ་སོགས་ཚིག་བཅད་ཀྱིས་དེ་ལྟ་བུའི་སེམས་བསྐྱེད་གཉིས་ཀ་ཁྱད་པར་བཞི་ལྡན་གྱི་བྱམས་པ་ཆེན་པོར་བསྒྲུབས་སོ། །གསུམ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། དེ་ལྟར་རང་གི་སྤྱི་བོར་པཾ་ལས་ཞེས་པ་ནས། དག་པར་མཛད་དུ་གསོལ་ཞེས་པའི་བར་གྱིས་རྡོ་རྗེ་སེམས་དཔའི་བསྐྱེད་ཆོག་བསྟན་ལ། དེ་ཡང་ཆོ་ག་གསུམ་གྱི་སྒོ་ནས་བསྐྱེད་པ་ཡིན་ཏེ། ས་བོན་དང་། ཕྱག་མཚན་ས་བོན་གྱིས་མཚན་པ་དང་། སྐུ་ཡོངས་སུ་རྫོགས་པ་གསུམ་ནི་ཆོ་ག་གསུམ་མོ། །དེ་དག་ཐམས་ཅད་ཕྱིའི་རྡོ་རྗེ་སེམས་དཔའ་ཞེས་གསུངས་ཏེ་དབྱིབས་ཀྱི་ལྷ་སྐུ་རྡོ་རྗེའི་རྣལ་འབྱོར། དེ་ནས་ལྷ་བསྐྱེད་པ་དེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་རིང་པོ་ཡེ་ཤེས་ལྔ་ལྡན། དེའི་མཐར་ཨོཾ་བཛྭ་ས་ཏྭ་སོགས་ཡི་གེ་བརྒྱ་པས་བསྐོར་བ། ཡི་གེ་བརྒྱ་ཡང་སྲོག་བསྒྲངས་པ་ཡིན་ཞིང་། ངེས་དོན་དུ་དམ་པ་རིགས་བརྒྱ་སྟེ། དེ་ལ་དམིགས་ནས་བཟླས་བརྗོད་བྱེད་པ་ནི་ནང་གི་རྡོར་སེམས་སྔགས་ཀྱི་ལྷ་གསུང་རྡོ་རྗེའི་རྣལ་འབྱོར་ཡིན། དེ་དུས་སྔགས་འཕྲེང་དང་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བྱང་ཆུབ་སེམས་ཀྱི་རང་བཞིན་བབས་པས་རང་གི་གཞི་ལུས་ཕྱི་ནང་མེད་པ་བཀྲུས་ཤིང་། སྡིག་སྒྲིབ་དུད་ཁུ་དང་གདོན་བགེགས་སྲོག་ཆགས་ཀྱི་གཟུགས་སུ་ཐོན་ནས། །དྲི་མ་མེད་པའི་བྱང་ཆུབ་སེམས་ཀྱིས་གང་བ་ནི་གསང་བའི་རྡོར་སེམས་གོང་བུའི་ལྷ་ཐུགས་རྡོ་རྗེའི་རྣལ་འབྱོར་རོ། །བཟླས་བརྗོད་ཟིན་ནས། མགོན་པོ་མན་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ནས་རང་ལ་གཉིས་སུ་མེད་པར་ཐིམ་པ་ནི། དེ་ཁོ་ན་ཉིད་ཀྱི་རྡོར་སེམས། དོན་དམ་པའི་ལྷ་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །གཉིས་པ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། སྲུང་འཁོར། ཚོགས་བསག འབྱུང་བརྩེགས། པདྨ་སྒོམ་པ་བཞི་ལས། སྲུང་འཁོར་ནི། རྩ་རྒྱུད་ལས། དེ་ཉིད་བསྡུས་དང་དཔལ་མཆོག་དང་། །བདེ་མཆོག་རྡོ་རྗེ་འཇིགས་བྱེད་དུ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐད་ཅིག་གིས་ནི་སྐུ་བརྒྱད་འགྱུར། །བདེ་བའི་དཀྱིལ་འཁོར་བསྲུང་དོན་དུ། །གདུག་པ་ཐམས་ཅད་ཁྱད་པར་གྱིས། །འདི་ནི་རྙེད་པ་ཙམ་གྱིས་ཀྱང་། །བརྟག་མི་དགོས་པར་འཆི་བར་འགྱུར། །འཁོར་ལོའི་སྦྱོར་བདག་ཉིད་ཀྱིས་བཟླ། །དངོས་གྲུབ་ཀུན་གྱི་འབྲས་བསྐྱེད་པའོ། །ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ་ཧཱུྃ་ཕཊ྄་ནས། བཛྭ་ཧཱུྃ་ཧཱུྃ་ཕཊ྄། ཅེས་གསུངས། ཕུར་བཏབ་ཀྱི་སྔགས་འདི་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བཤད། སྔགས་འདི་བཟླས་པ་སྔགས་སྟོབས་ཀྱིས་བསྲུང་བ། ཁྲོ་མོ་བརྒྱད་སྤྲོ་བ། ལྷའི་སྟོབས་ཀྱིས་བསྲུང་བ། སྟོང་པ་ཉིད་ལ་བཞག་པ་ནི་ཏིང་ངེ་འཛིན་གྱིས་བསྲུང་བ། སྟོང་པ་དེ་ལས། ཨོཾ་མེ་དི་ནི་སོགས་ཀུན་རྫོབ་རྡོ་རྗེ་གུར་ཁང་གིས་བསྲུང་བ། དེ་ལ་རྡོ་རྗེའི་ས་གཞི་ནི་སྣ་ཚོགས་རྡོ་རྗེ་མང་པོ་སྒྲིགས་པ་རྡོ་རྗེ་ཡུངས་འབྲུ་ཙམ་གྱིས་བར་མཚམས་མེད་པར་བྱས་པའི་ཁ་ཡར་བལྟ་བ་དེའི་ངོས་ཞལ་བ་འདྲ་བ། འོག་ཏུ་ལྟ་བ་དེ་མཚོན་གྱི་གྲུ་གུ་གཟིངས་པ་ལྟ་བུ། རྡོ་རྗེའི་ས་གཞི་དེའི་སྟེང་རྡོ་རྗེའི་ར་བ་ཟླུམ་པོས་བསྐོར་བ། སྟེང་དུ་རྡོ་རྗེའི་གུར་ཟླུམ་པོ་རྣམས་བར་མཚམས་མེད་པ་ཅིས་ཀྱང་མི་ཤིགས་པ་སྒོ་ང་ཕྱེད་བཀས་པ་ལྟ་བུའམ་རྒྱ་གུར་ཟླུམ་པོ་ཕུབ་པ་འདྲ་ཞིག་བསྒོམ་རྒྱུ་ཡིན། གུར་དེའི་ནང་དུ་རྡོ་རྗེ་བླ་བྲེ་དང་། ཕྱིའི་ཤམ་བུ་ཡོད་ས་ཙམ་ནས་རྡོ་རྗེ་མདའི་དྲ་བ་ཁོར་ཡུག་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་མེ་ཁ་དོག་ལྔ་འབར་བ། ཕྱི་ནས་བལྟས་ན་མེའི་ཕུང་པོ་ཆེན་པོ་ཞིག་མཐོང་བར་སྒོམ་པ་ཡིན་ཏེ། རྩ་རྒྱུད་ལས། བདག་ཉིད་དེ་ལྟར་གོ་བགོས་ནས། །ར་བ་རྣམས་ནི་ཕྱོགས་སུ་དགོད། །འོག་ཏུ་ཡང་ནི་མཚོན་ཆ་དགོད། །འཁོར་ལོ་མཚོན་ཆའི་འཕྲེང་བ་དག །སྟེང་དུ་མདའ་ཡི་དྲ་བ་ཉིད། །སླར་ཡང་བདག་ཉིད་མཁའ་སྤྱོད་དུ། །གུར་བྱས་དེ་ནི་གོ་ཆར་འགྱུར། །དེ་ལྟར་གོ་ཆ་དེ་བགོས་ན། །སུམ་ཅུ་པས་ཀྱང་མི་ཕྱེད་དོ། །ཞེས་སོ། །རྩ་རྒྱུད་ཀྱི་ཆིངས་ལ་དེ་ཉིད་བཅུ་བཞི་བཤད། དེ་ཉིད་བཅུ་བཞི་ནི་རྣལ་འབྱོར་གྱི་ཡོ་བྱད། གནས་པ། ལྡང་བ། འཇུག་པ། ཡོངས་སུ་རྫོགས་པ། བྱིན་རླབས། གོ་བགོ་བ། དགུག་པའི་སྦྱོར་བ་སྟེ་ཡེ་ཤེས་པ་དགུག་པ། དབང་བསྐུར་བ། མཆོད་པ། བདུད་རྩི་མྱང་བ། ལག་མཆོད། སྔགས་བཟླ་བ། ཉེར་བསྡུ་རྣམས་སུ་འགྲེལ་བ་མཛད་པ་རྣམས་འཆད་དོ། །བཤད་རྒྱུད་ཀུན་སྤྱོད་ལ་སོགས་པ་མང་པོ་ནས། གནས་དང་ལྡང་བ་ཉིད་དང་ནི། །འཇུག་དང་ཡོངས་སུ་རྫོགས་པ་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་ཉེ་བར་བསྡུ། །ཞེས་པའི་རྐང་པ་མཐའ་མ་རྒྱུད་དུ་དཀྲུགས། འཁྲུགས་སྡེབས་ནས། མཆོད་དང་ཏིང་འཛིན་ཉེ་བར་བསྡུ། །ཞེས་བསྒྱུར་ནས་ཆིངས་དགུར་མཛད། དེ་གཉིས་ཀའི་གནས་པ་ནི་འདིའི་ཚོགས་བསག་ཡིན། དེ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པ་གཉིས་ལས། དང་པོ་རྩ་རྒྱུད་ལས། བདག་ཉིད་ཁྲག་འཐུང་དཔལ་བྱས་ནས། །དེ་འོག་ཁྲག་འཐུང་དཔལ་དྲན་བྱ། །འཁོར་ལོ་འདི་ནི་སྙིང་གར་དགོད། །ཞེས་པས་བདག་ཉིད་བཅོམ་ལྡན་འདས་སུ་གསལ་བཞིན་པར་ཡོད་པ་དེའི་འོག་ཏུ་ཧེ་རུ་ཀ་དྲན་པར་བྱ་བ་ནི། སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུའི་ནས། ཛ་ཞེས་པའི་བར་གྱིས་བསྟན། འཁོར་ལོ་འདི་ནི་ཞེས་པ་ནི། དེ་གང་གིས་མཆོད་པ་བསྟན་ཏེ། གང་གི་འཁོར་བའི་ནས། བགྱིད་པར་ཤོག་ཅེས་པའི་བར། འདིར་ཡན་ལག་བདུན་པ་ནི། ཕྱག་འཚལ་བ་དང་། མཆོད་པ་དང་། བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྔོ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་བདུན་ལ་བྱེད་པ་ཡིན། སྙིང་གར་དགོད་ཅེས་པ་ནི། བཛྭ་མུཿཞེས་པས་འཁོར་ལོ་དེ་སྙིང་གར་བསྡུ་བ་བསྟན་པ་ཡིན་ནོ། །དེ་ནས་སེམས་ཅན་ཐམས་ཅད་མན། ཚད་མེད་པ་བཞི་སྒོམ་པ་སྟེ། ཚད་མེད་བཞི་ནི། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །དེ་དག་དམིགས་པ་སེམས་ཅན་ཚད་མེད་པ་ལ་དམིགས་པས་ཚད་མེད་པ་དང་། འབྲས་བུ་ལ་ལྟོས་ནས་ཚངས་པའི་གནས་པ་ཞེས་ཀྱང་བྱའོ། །དེ་ལ་སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་དམིགས་པ། བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པ་ནི་བྱམས་པ། དེ་བཞིན་ལྷག་མ་རྣམས་ལ་ཡང་རིགས་འདྲ་ལ་དེ་དག་རེ་རེ་ལ་ཡང་རྣམ་པར་ཕྱེ་ན། སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་པ་མེད་པ་གསུམ་གསུམ། ཚོགས་བསག་གིས་སྦྱང་གཞི་གང་སྦྱོང་ན། ལུས་ཅན་རྣམས་སྐྱེ་བ་སྔར་སྤྱད་པ་དེའི་བག་ཆགས་ཚེ་འདི་སྤྱོད། དེར་དགེ་སྡིག་གང་ཤུགས་ཆེ་བ་དེ་འཆི་ཁར་འཆར། དེའི་ཤུགས་ཀྱིས་འོད་གསལ་ལ་སྒྲིབ་པའི་བག་ཆགས་ལྡང་བ་དེ་སྦྱོང་བ་ཡིན་ཏེ། འདིར་ཡང་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཚོགས་གཉིས་ཀྱིས་བསྒྲུབས། དེ་བསོད་ནམས་ཀྱི་ཚོགས་བསག་ཏུ་སླར་གསལ་བཏབ་པས་སྟོང་ཉིད་ལ་འཇུག་ཁར་བག་ཆགས་བཞག དེས་སྟོང་ཉིད་ལས་གཞན་དོན་དུ་ལྡང་བའི་རྒྱུ་བྱེད་པ་ཡིན་ནོ། །དེའི་ཕྱིར་འདིར། རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །ཞེས་པའི་སྲིད་པ་ལུགས་ཟློག་གོ །དེ་ཐམས་ཅད་ནི་བསོད་ནམས་ཀྱི་ཚོགས་སོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་ནི་རྩ་རྒྱུད་ལས། རྒྱུ་ལ་སོགས་སྟོང་སྔོན་འགྲོ་བ། །ཞེས་པས། རྒྱས་པར་རྣམ་པར་ཐར་པའི་སྒོ་གསུམ་མམ་བཞི་སྒོམ་པར་བསྟན་ཏེ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སོ། །འདིར་བསྡུས་ཏེ་དང་པོར་ཕྱི་རོལ་གྱི་དོན་མེད་པ་ཐམས་ཅད་སེམས་ཙམ་དུ་གཏན་ལ་འབེབས་པ། སེམས་ཙམ་རྣམ་བདེན་པའི་ལྟ་བར་འོང་། ཨོཾ་ཤཱུ་ནྱ་སོགས་སྔགས་དོན་དཔྱད་ན་བཟུང་བ་ཕྱི་རོལ་གྱི་དོན་མེད་པས་ནང་འཛིན་པའི་སེམས་ཀྱང་མེད་པ་གྲུབ། དེས་ན་བཟུང་འཛིན་གཉིས་མེད་པའི་ཤུལ་ན་རང་རིག་རང་གསལ་བ་ཞིག་ལུས་པ། དེ་ལ་སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཞེས་བཞག་པ་སེམས་ཙམ་རྣམ་རྫུན་པའི་ལྟ་བར་སོང་། དེས་ན་འདིའི་སྦྱང་གཞི་འཆི་སྲིད་ཡིན་པས་སྲིད་པའི་ཐིམ་རིམ་སྦྱོང་། སྦྱོང་ཚུལ་ཕྱི་དོན་དུ་བཟུང་བ་ཞིག་ནས་སེམས་ཙམ་གྱི་སྣང་བ་དེ་ཡང་མཆེད་པ་ལ་ཐིམ་པ་དང་། དེ་ཐོབ་པ་ལ་ཐིམ། དེ་འོད་གསལ་ལ་ཐིམ་པ། སྔར་གྱི་སྟོང་པ་ཆེན་པོ་དེ་ལ་བག་ཆགས་ལང་རྒྱུ་ཡོད་པས་བར་སྲིད་གྲུབ་པ་བཞིན། འདིར་ནཱ་ད་ཙམ་ལུས་པ་ཡིན་ནོ། །གསུམ་པ་འབྱུང་བརྩེགས་ནི། བླ་མ་གོང་མ་འགའ་ཡཾ་རཾ་ཞེས་ནས་པདྨ་སྒོམ་པའི་བར་ལྡང་བའི་རྣལ་འབྱོར་དུ་བཞེད་ཀྱང་། རྩ་རྒྱུད་རང་ནས། འཇུག་པ་སྒྲ་ལ་སོགས་པ་ནས། ཇི་སྲིད་བསྡུས་པའི་ཞེས་པས་ནཱ་ད་ཙམ་དམིགས་པ་དེ་ནས་རྗེས་སུ་རྣལ་འབྱོར་ཚུན་འཇུག་པར་བཤད། དེ་ཡང་སྟོང་པ་ལས་སླར་ནཱ་ད་ལ་དམིགས་པས་རགས་སུ་སོང་བ་དེ་ཡིན། དེ་ཡང་སྔར་སེམས་བསྐྱེད་པ་དེའི་འཕེན་པས་ཡིན། འཇུག་པ་ཡཾ་རཾ་སོགས་སུ་བསྒོམ་པ་ནས་འདི་རྩ་རྒྱུད་ལས། བ་ལང་གནས་དང་ལྡིང་བ་ཉིད། །ལྷག་མ་སྐམ་པོ་རྩ་དེ་ནས། །བདེ་བ་ཆེན་པོའི་ངོ་བོར་བྱ། །ཡང་ན་རུས་སྦལ་དག་གིའོ། །ཞེས་འགྱུར་འགའ་ཞིག་ཏུ་འབྱུང་། མར་འགྱུར་ལས། བ་ལང་གནས་དང་སྟེང་དུ་ལྡིང་། །ལྷག་མ་སྐམ་པོ་རྩ་དེ་ནས། །བདེ་བ་ཆེན་པོའི་ངོ་བོར་བྱ། །མི་ཕྱེད་པ་དང་རུས་སྦལ་ལོ། །གོ་རིམ་སློག་ནས། རྩ་དེ་ནས་ཞེས་པས། རྩའི་ནང་ནས་རྒྱུ་བ་རླུང་ཡིན་པས་རླུང་གི་དཀྱིལ་འཁོར་སྒོམ་པ་བསྟན། རླུང་གི་དཀྱིལ་འཁོར་ཡང་མདོག་ནག་པོ། ཟླུམ་པོ་དང་ཟླ་གམ་དང་། གཞུ་ལྟ་བུའི་དབྱིབས་བཤད་པ་ཐམས་ཅད་མི་འགལ་བ་ནི། ཏིང་གཡག་མིག་མའི་ནང་གི་འཁྱག་པ་ལྟ་བུ་བསྒོམ་རྒྱུ་ཡིན། དེ་ལ་སྟེང་ནས་བལྟས་ན་ཟླུམ་པོ། འོག་ནས་བལྟས་ན་ཟླ་གམ། ཐད་ཀ་ནས་བལྟས་ན་གཞུ་ལྟ་བུ་ཡོད་པའི་སྣ་རྩེར་བ་དན་བཞིས་མཚན་པ། ལྷག་མ་སྐམ་པོ་ཞེས་གཞན་སྐེམ་པར་བྱེད་པ་མེ་ཡིན་དེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། གཞན་སྟེང་དུ་ལྡིང་བ་ཆུ། དེ་དཀར་པོ་ཟླུམ་པོ། བ་ལང་གནས་ནི། གོ་ཞེས་སྒྲ་མཚུངས་པས་ས་སེར་པོ་གྲུ་བཞི། ཉེར་སྒྱུར་སུ་བདེ་བ་དང་། སུ་མེ་རུ་སྒྲ་མཚུངས་པས་ལྷུན་པོ། མི་ཕྱེད་པ་སྣ་ཚོགས་རྡོ་རྗེ། བཞི་པ་པདྨ་སྒོམ་པ་ནི། རི་སྟེང་སྣ་ཚོགས་པདྨ་ཞེས་འོག་ཏུ་སྨོས་པར་འགྱུར་བས་འདིར་མ་བཤད། རུས་སྦལ་ལོ་ཞེས་པས་རུས་སྦལ་ལྷའི་བསྐྱེད་ཆོག་ཡིན་པས་འོག་ཏུ་འཆད་དེ། འདིར་ནཱ་ད་ལས་ཡཾ་རཾ་སོགས་འོག་ཏུ་མཆེད་པར་བཤད་པ་ནི། ནཱ་ད་ཤེས་པ་རང་རིག་རང་གསལ་ཙམ་གྱི་མཚོན་བྱེད་དུ་བྱས། དེ་ལས་འཁོར་བ་སྣང་བ་གསུམ་གྱིས་ལངས་པ་ན་རགས་པ་ཐམས་ཅད་སེམས་ཀྱིས་བྱས་པར་སྟོན་པ་ཡིན། འདི་འབུམ་ལྔར། ཚངས་པའི་སྒོ་ང་སྒོང་སྐྱེས་བརྗོད། །ཅེས་པས་སྣོད་ཀྱི་འཇིག་རྟེན་ལ་ཚངས་པའི་སྒོ་ང་ཞེས་བཞག་ནས། དེ་སྦྱོང་བྱེད་དུ་འདོད་པའི་ཁྱད་པར་ཡིན། ཚངས་པའི་སྒོ་ང་ཞེས་པ་མུ་སྟེགས་ཀྱི་འདོད་པ་ཡིན་པས་དེ་དག་དྲང་བའི་ཕྱིར་ཡིན་ནོ། །གཉིས་པ་དངོས་གཞི་ལ། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་བཞི་ལས། དང་པོ། ཨ་ཨཱ་ཞེས་པ་ནས། ཟླ་བ་དཀར་པོ་དང་དམར་པོ་ཞེས་པའི་བར། འདི་ནི་སྤྱིར་བསྐྱེད་རིམ་ལ། རྒྱས་པ་མངལ་སྐྱེས་སྦྱོང་བྱེད། འབྲིང་སྒོང་སྐྱེས་སྦྱོང་བྱེད། བསྡུས་པ་དྲོད་གཤེར་སྐྱེས་སྦྱོང་བྱེད། ཤིན་ཏུ་བསྡུས་པ་རྫུས་སྐྱེས་སྦྱོང་བྱེད་བཞིར་བཤད་པའི་ནང་ནས། འདི་སྒོང་སྐྱེས་སྦྱོང་བྱེད་ཡིན། དེ་ཡང་རྩ་རྒྱུད་ནས། རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་ལི་སྐྱེས། །དཀར་མོ་བདག་པོ་རྣམ་གནོན་ཞིང་། །རྡོ་རྗེ་དྲིལ་བུ་སྐུ་ལ་འཁྱུད། །ཉི་ཤུ་རྩ་བཞིའི་ཕྱེད་ལྡན་པའི། །དཔའ་བོ་རྣལ་འབྱོར་མ་ཚོགས་བསྐོར། །ཧེ་རུ་ཀ་དཔལ་རྒྱལ་པོ་ཆེའི། །གོ་འཕང་མཆོག་ནི་བསྒོམ་པར་བྱ། །ཞེས་པའི་གཞུང་གིས་བསྟན། དེའི་དོན་ཡང་། རིའི་སྟེང་དུ་སྣ་ཚོགས་པདྨ་རི་རབ་ཀྱི་ཁ་རྒྱ་དང་མཉམ་པ། འདིས་རི་རབ་ཀྱང་ཟླུམ་པོར་སྒོམ་པ་ཡིན་ནམ་སྙམ་ན་མ་ཡིན། དེ་ནི་གྲུ་དང་བང་རིམ་བཞི་རྩེ་མོ་བརྒྱད་དུ་སྡོམ་འབྱུང་ལས་བཤད་དོ། །ལྟེ་བ་ཞེས་པས་པདྨ་ནང་མ་བཤད། འདིའི་བར་དུ་སྣ་ཚོགས་རྡོ་རྗེ་འཆད་དགོས་རྒྱུ་ལ། འདིར་མ་བཤད་པས་སྔར་གྱི་ལུང་། མི་ཕྱེད་པ་དང་རུས་སྦལ་ལོ། །ཞེས་བསྒྱུར་བ་འཐད་པ་ཡིན། ཨཱ་ལི་ཀཱ་ལི་སྐྱེས་ཞེས་པ། ཨཱ་ལི་དབྱངས་སོ་གཉིས་མཚན་སུམ་ཅུ་སོ་གཉིས་ཀྱི་ངོ་བོར་གྱུར་པ་གཡོན་སྐོར་དང་། ཀཱ་ལི་གསལ་བྱེད་བརྒྱད་ཅུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོར་གྱུར་པ། དེའི་དང་པོ་ལས་སྐྱེས་པ་ཟླ་བ་དཀར་པོ་དང་། གཉིས་པ་ལས་ཟླ་བ་དམར་པོ་སྒོམ་པ་ཡིན། ཟླ་བ་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བྱང་ཆུབ་པ། ཟླ་བ་དམར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བྱང་ཆུབ་པ་ཡིན། འདིར་དཀར་དམར་གཉིས་ཀ་ཟླ་བར་བྱེད་པ་ནི། རྒྱུད་སམྤུ་ཊར་དངོས་སུ་བཤད། སྒྲུབ་ཐབས་ལོ་ཧི་པ་དང་འདི་ཉིད་ལས་གཉིས་ཀ་བྱུང་སྟེ་ཟླ་བའམ་ཟླ་ཉི་ཞེས་གསུངས་པས་སོ། །གཞན་རྗེ་བཙུན་མཻ་ཏྲི་པ་དང་། ཇོ་བོའི་བཅུ་གསུམ་མ་གཉིས་ཀར་དཀར་པོ་ཟླ་བ་དང་། དམར་པོ་ཉི་མར་བྱུང་། དོན་ཟླ་བ་རང་གཉིས་བྱེད་པ་མཉམ་སྦྱོར། ཟླ་ཉིར་བྱེད་པ་མི་མཉམ་སྦྱོར། གདམ་ང་ཡིན་པས་གང་བྱས་འདྲ་ལ་འདིར་མཉམ་སྦྱོར་བྱས་པ་ནི་འདི་གོ་བར་བྱ་བའི་ཕྱིར་རོ། །ཁ་ཅིག་ཟླ་བ་དཀར་པོ་དེ་ལ་ཀཱ་ལིའི་ནུས་པས་དམར་པོའི་གདངས་ཆགས་པ་དོན་ཟླ་བ་གཅིག་ཀའོ་ཟེར་བ་ནི་མི་འཐད་དེ། སམྤུ་ཊར། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་པ་ཅན། །ཞེས་བཤད་པ་དང་འགལ་བ་ཡིན་ནོ། །འགའ་ཞིག་ཟླ་བ་གཉིས་ཀ་དབྱིབས་གྲུ་གསུམ་ཡིན། རྒྱུ་མཚན། མཁའ་ཁམས་ཨེ་ལ་རྣམ་པར་གནས་ཟེར། གཉིས་པ་ནི། ཁ་སྦྱར་གྱི་ནས། དགའ་བའི་རང་བཞིན་དུ་གྱུར་ཞེས་པའི་བར་གྱིས་བསྟན། འདི་མངོན་བྱང་གསུམ་པ་སོ་སོར་རྟོག་པའི་ཡེ་ཤེས་བྱང་ཆུབ་པའོ། །གསུམ་པ་ཤིན་ཏུ་རྣལ་འབྱོར་ནི། ཡོངས་སུ་རྫོགས་པ་རྩ་རྒྱུད་ལས། སྦྱོར་ལྡན་པ་ཞེས་གསུངས། སྦྱོར་བ་དེ་སྡོམ་འབྱུང་འགྱུར་རྙིང་ལས། དེ་དབུས་རྣལ་འབྱོར་བསྒོམ་པར་བྱ། །ཞེས་པས་ཤིན་ཏུ་རྣལ་འབྱོར་ལ་བྱེད་པ་ཡིན་ནོ། །དེ་ཡང་ཟླ་བ་ཁ་སྦྱོར་ཞེས་པ་ནས་བསྐྱེད་རིམ་རྫོགས་པའི་བར་ལ་བྱེད། མངོན་བྱང་བཞི་པ་བྱ་གྲུབ་ཡེ་ཤེས་སུ་བྱང་ཆུབ་པ་ནི། འདི་སྒྲ་ཚུལ་གྱིས་བསྐྱེད་པ་ཡིན་པས་ཐིག་ལེར་མི་བཞུ་ཡོངས་སུ་འགྱུར་པ་ཙམ་ལ་བྱེད་པའོ། །མངོན་བྱང་ལྔ་པ་ཆོས་ཀྱི་དབྱིངས་སུ་བྱང་ཆུབ་པ་ནི། སྒོ་ང་ལས་སེམས་ཅན་སྐྱེ་ཚུལ་གཉིས་ཡོད་པའི། བྱ་ཡི་སྒོ་ང་ལ་ལྐོག་སྣོད་ལྟར་དང་པོར་གྲུབ། དེའི་ནང་དུ་བྱ་ཕྲུག་སེམས་ཅན་ཕྱིས་ཆགས་པ་ལྟ་བུ་གཞལ་ཡས་ཁང་སྔར་བསྒོམ་པ་དེའི་ནང་དུ་མངོན་བྱང་ལྔ་བསྐྱེད་ཀྱི་ལྷར་སློང་བ་ཞིག་དང་། རུས་སྦལ་སྒོ་ང་ལས་ཁོག་པ་དང་། ནང་གི་སྲོག་ཆགས་ཅིག་ཅར་དུ་གྲུབ་པ་ལྟ་བུ། ཟླ་བ་ཁ་སྦྱོར་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་གཙོ་འཁོར་ཐམས་ཅད་ཅིག་ཅར་དུ་དཀྲོངས་བསྐྱེད་པ་གཟུགས་ཁམས་ན་སེམས་ཅན་དང་གཞལ་ཡས་ཁང་ཅིག་ཅར་དུ་གྲུབ་པ་ལྟ་བུའོ། །དེ་སླར་གསལ་བཏབ་པའི་ཕྱིར་བརྗོད་པའི་དུས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ནས། དྲག་མོའི་གཟུགས་ཅན་དུ་གྱུར་ཞེས་པའི་བར་འདོན་པ་ཡིན། དེས་ན། བློས་ཅིག་ཅར་བསྐྱེད་པ་དང་བརྗོད་པ་ལ་གོ་རིམ་ཡོང་བ་འདྲ་ཞིག་འབྱུང་བ་མི་འགལ་ལོ། །ཡང་ན་རུ་སྦལ་དག་གིའོ། །ཞེས་པའི་ཡང་ན་བར་བསྒྱུར་བའང་ངེས་སོ་ཞེས་ཟེར། བསྒོམ་བྱ་གཞལ་ཡས་ཁང་ཀྱང་། རྩ་རྒྱུད་ནས། གྲུ་བཞི་ཀུན་ནས་ཟུར་བཞི་པ། རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཞེས་བཤད་པས། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དེའི་ལྟེ་བ་ལ། ཕྱོགས་རེ་ནས་ཆ་ཆེན་རེ་བསྐོར་བ་ལྟེ་བའི་ས། ཆ་ཕྲན་གཅིག་ནང་དུ་བྱས་པ་འོད་ཟེར་འཕྲེང་བ། རི་མོ་ཕྱི་མ་དེ་ནས་ཆ་ཆེན་གཉིས་ཀྱི་མཚམས་ནས་བསྐོར་བ་འདབ་མའི་ས། དེའི་རི་མོ་ཟླུམ་སྐོར་ནས་ཆ་ཕྲན་གཅིག་ནང་དུ་བྱས་པ་གྲི་གུག་འཕྲེང་བ། འདི་པདྨའི་ཁ་ཁྱེར་ཡིན། རྩིག་པ་ལྟ་བུ་མིན་པས་འོག་ནས་ཟླུམ་པོར་ཡོད་པར་མི་འདོད། པདྨ་དེ་ཡང་འོག་གི་གཞི་ལས་སྡོང་པོ་ལྟར་གྱེན་དུ་འཕགས་པ་ཡིན། དེ་ནས་ཆ་ཆེན་གཅིག་ལྷའི་སྣམ་བུ་ཡིན། སྣམ་བུའི་ཆའི་ཕྱི་མཚམས་ནས་ཕྱིར་ཚོན་སའམ་རྩིག་པ་སློང་བ་ཡིན་པས་དེའི་ཞེང་ཆ་ཕྲན་གཅིག དེའི་རྨང་གི་ཕྱིར་འདོད་པའི་སྣམ་བུ་རིན་པོ་ཆེ་པདྨ་རཱ་གའི་རང་བཞིན་ཆ་ཕྲན་གཉིས་ཀྱི་ཞེང་ཡོད་པ་སྒོ་ཁྱུད་ཚུན་སླེབ་པ། སྒོ་ཁྱུད་ཀྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེ་དང་། དེའི་ཟུར་བཞི་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས་བརྒྱན་པ་འདོད་སྣམ་དེའི་རྔམས་ཚད་སྣ་ཚོགས་རྡོ་རྗེའི་སྟེང་ནས་ཆ་ཕྲན་གཅིག སྣ་ཚོགས་རྡོ་རྗེ་རང་ཆ་ཆེན་གཅིག་འཕར་རྡོ་རྗེའི་ལྟེ་བ་ལ་འདོད་སྣམ་དོར་ནས་ཀྱང་ཆ་ཕྲན་ལྔ་ཡོད། དེ་ཡང་གྲུ་བཞི་པ་ཡིན། དེས་ན་བྲིས་པའི་ཚེ་མདའ་ཡབ་དང་། སློང་བའི་ཚེ་རྡོ་རྗེའི་ལྟེ་བའི་ཕྱི་མཐའ་རྒྱ་མཉམ་ཡིན་ནོ། །རྡོ་རྗེའི་ལྟེ་བ་ལ་ཆ་ཆེན་བཅུ་གཉིས་ཡོད་པ་ཨ་བྷ་ཡའི་རྡོ་རྗེ་འཕྲེང་བར་བཤད་པ་ཡིན། སྣ་ཚོགས་རྡོ་རྗེའི་ར་ཡང་བྲིས་པ་དང་མཐུན་ལ། དབུས་ལ་རྩ་བ་ནས་རྩེ་མོའི་བར་ལ་ཆ་ཆེན་གཉིས་ཡོད། འདི་རྟ་བབས་སྣམ་བཞི་མའི་དབང་དུ་བྱས་པ་ཡིན། སྡོམ་འབྱུང་ནས་རེ་མིག་དྲུག་ཅུ་རྩ་བཞི་བཤད་པ། དེ་ཡང་ཚངས་ཐིག་གི་རྒྱབ་མདུན་དུ་ཆ་ཆེན་བརྒྱད་བརྒྱད་ཡོད་པ་དེ་ཡིན་དེར་དེ་ཡང་གསིལ་བ་ཀུན་བཤད་པས་འདི་ལ་རྟ་བབས་ལ་ཆ་ཆེན་གཅིག དེ་བཞིར་གསིལ་བ་བྱུང་བས་སྣམ་བཞི་མ་ལ་རྒྱུད་ལུགས་ཞེས་བྱ། ཐིག་དེ་ལ་ཡང་རྒྱུད་ཐིག་ཏུ་གྲགས་སོ། །རྡོ་རྗེ་མཁའ་འགྲོར། སྒོ་ཡི་སུམ་འགྱུར་ཏྭ་ར་ཎ། །ཞེས་འབྱུང་བ་ལ་ཀ་བའི་རྩེ་ནས་ཆ་ཆེན་གསུམ་སྟེང་དུ་ཁྱེར་བ་དེ་ལ་རྟ་བབས་སྣམ་བུ་བཅུ་གཅིག་འདོད་པ་དང་། སྣམ་བཞི་མར་འདོད་པའི་ལུགས་ལ། ཀ་བའི་བར་དེ་ཕན་ནས་རྟ་བབས་བརྩམ་རྒྱུ་ཡིན་པར་འདོད་པས་གང་བྱས་ཀྱང་རྒྱུད་ཀྱི་ལུང་དང་འགྲིག སྣམ་བུ་བཅུ་གཅིག་མའི་ཚེ་ཀ་བའི་དཔངས་ཚད་ལ་ཆ་ཕྲན་དྲུག་ཡིན། བྲིས་པ་ལ་ལྔ་ལས་མེད་དེ། སློང་བའི་ཚེ་འདོད་སྣམ་གྱི་དཔངས་ཚད་ཀ་བ་ལ་ཡོད་པས་སོ། །སྣམ་བཞི་མ་བྱེད་པའི་ཚེ་ཀ་བའི་རིང་ཐུང་ལ་ཆ་ཆེན་གསུམ་དང་ཆ་ཕྲན་གཅིག ཆ་ཕྲན་དེ་གཞུ་འགྱོགས་ཀྱི་ཡུལ་ལོ། །རྟ་བབས་དེ་ཡང་སྒོའི་རྩིག་པའི་ཡ་སྟེང་ནས་ཆ་ཕྲན་གཅིག་མུན་པར་བཏང་བྱས་ཀྱང་བར་སྟོངས་སུ་བཞག་པ་ཡིན། རྩིག་པ་ནས་བྲེ་འགྱོགས་ཡོད། དེའི་སྟེང་ནས་གསེར་གདུང་བཏང་བའི་སྣ་ཕྱོགས་ཀྱི་ཀ་བ་ཀ་རྒྱན་གྱིས་བཏེག་པ་ཡིན། གསེར་གདུང་ཡང་ཤར་ནས་ནུབ་བཞིན་དུ་ལྷོ་ནས་བྱང་དུ་ཡང་དེ་ཡོད་པས། དེ་ཡང་འདེགས་པའི་ཀ་བ་ཀ་རྒྱན་རེ་ཡོད་པས་རྟ་བབས་རེ་ལ་ཀ་བ་བཞི་ཡོད་པ་དེ་ལ་ཐུག་གོ །རྡོ་རྗེ་མཁའ་འགྲོར། མུ་ཁྱུད་མེད་པར་འདོད་པ་ཡིན་ཞེས་པ་སྒོ་ཁྱུད་སྒོ་ལོགས་སྒོ་ཁྱམས་ལ་སྟེང་དུ་རིན་ཆེན་ཕ་གུ་དང་། འོག་ཏུ་འདོད་སྣམ་མི་སྐོར་བ་བསྟན་པ་ཡིན། དེ་ལྟ་བུའི་རྟ་བབས་དེ་སྒོ་ཁྱམས་ཀྱི་སྟེང་ཁོ་ནར་ཡོད། སྒོ་ཁྱམས་ཀྱང་ཀ་བ་གཉིས་སྟེང་དུ་གདུང་སྣ་བཞི་བཞི་འཛོམ་པ། དེའི་ཡང་གཡས་གཡོན་གྱི་ཤར་ནུབ་ཀྱི་སྟེང་གི་ཕུབས་ལ་ལྕམ་བརྒྱད། དབུས་ཀྱི་ཤབ་ཁོངས་གཉིས་ལ་ཤབ་སྣ་དྲུག་དྲུག་ཡོད་པས་ཡོངས་དྲིལ་ལྕམ་ཉི་ཤུ་རྩ་བརྒྱད་ཡོད་པར་སློབ་དཔོན་སངས་རྒྱས་གསང་བས་བཤད། དོན་ལ་རྟ་བབས་རང་དང་བཅས་པ་ཐོག་གཉིས་སྟེང་མར་གླང་རྒྱབ་སྐར་གསལ་གྱི་ཚུལ་དུ་བྱེད། སྒོ་རང་ཚུན་གཞལ་ཡས་ཁང་གི་བྱ་འདབ་ཀྱིས་ནོན་དེ་ལ་ཐོག་གཅིག སྣམ་བུ་བཅུ་གཅིག་མ་ལ་ཐོག་འོག་མ་མེད་པས་ཧར་སྒོ་ཟེར། གཞན་དག་སྒོ་ཁྱམས་ཀྱི་ཕྱི་རྩིག་པ་མེད་པ་འདོད་པ་ནོར་བ་ཡིན་ཏེ། ཐིག་རྩ་ཀུན་ལ་སྒོ་ཁྱམས་ཀྱི་རྩིག་པ་འཁོར་མོར་ཡོད་པ་དང་འགལ་བས་སོ། །དེས་ན་སྒོ་ཁྱམས་ཀྱི་ཕྱི་མའི་རྩིག་པ་འདི་གཡས་གཡོན་གྱི་ཀ་བའི་ཐད་ཚུན་འོང་། རྩིག་པ་གཞན་ལས་ཆ་ཕྲན་གཅིག་གིས་དམའོ། །ཀ་ཡུལ་དབུས་མའི་ཐད་འདའ་གཡབས། དེས་རྩིག་པ་གཡས་གཡོན་དང་དབུས་ཀྱི་གདུང་སྟེང་དུ་རྩིག་པ་ཡོད་པས་བྲིས་པའི་ཚེ་རྩིག་པ་ཁོར་ཡུག་ཏུ་ཡོད་པ་འདྲ་ཞིག་བྱུང་། དཀྱིལ་འཁོར་ཀུན་ལ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་ཞེས་པའི་ཀ་བ་བརྒྱད་གསུངས་པ་དེ་ཡིན། ནང་གི་ཀ་བ་བརྒྱད་ལ་འདོད་ན་མི་རིགས་ཏེ། བདེ་མཆོག་འཁོར་ལོ་སོགས་ལ་དེ་མེད་ཅེས་ཨ་བྷ་ཡ་ཀ་རས་བཤད་དོ། །སྣམ་བུ་བཅུ་གཅིག་མའི་ཀ་བ་དེ་གཉིས་སྒོ་ཁྱམས་ཀྱི་རྩིག་པ་ཕྱི་མའི་ཐད་ལ་འདོན་དོ། །སྒོ་འགྲམ་གྱི་ཐད་གཞལ་ཡས་ཁང་གི་སྒོ་བཅད་རྒྱུ་དེ་ཡོང་བ་ཡིན། སྒོ་དཔངས་ཐོག་དང་མཉམ་གཞལ་ཡས་ཁང་གི་ནང་དང་འདོད་སྣམ་གྱི་ཁ་མཉམ་པས་སྒོ་ཁང་ནས་ཆ་ཕྲན་གཅིག་ལ་ཐེམ་སྐས་བྱའོ། །སྒོ་ཁྱུད་ཀྱི་ནང་དེ། སྒོ་སྲུང་ལ་སོགས་པ་ཡོད་ན་དེ་བཞུགས་ས་ཡིན། དེ་དང་ལྷ་སྣམ་གྱི་བར་དུ་བཅད་གཞན་མེད། འདིར་ཁྭ་གདོང་མ་ལྷ་སྣམ་གྱི་ཤར་སྒོའི་ཐད་དུ་འཇོག་པ་ཡིན། རྩིག་པ་རིན་པོ་ཆེ་ལྔ་རེག་ལ་མ་འབྱར་བ་གྱང་གཞིབས་པ་ལྟ་བུ་འདི་ཡང་དབུས་ཀྱི་གཙོ་བོའི་ཁ་དོག་གི་དབྱེ་བས་ནང་མ་སྔོན་པོ་ལ་སོགས་པར་འགྱུར་པ་ཡིན། ཤེལ་དྭངས་པོ་བཞིན་ཕྱི་གསལ་ནང་གསལ་འདོད་སྣམ་གྱི་ཁ་ཐད་ནས་ཆ་ཆེན་གསུམ་སྟེང་དུ་ལངས་པའི་སྟེང་གི་ཆ་ཕྲན་གཅིག་གི་ཕྱིར་གསེར་གྱི་ཕ་གུ་རིན་པོ་ཆེ་འཕྱང་བས་རྣམ་པར་སྤྲས་པ་སྒོ་ཁྱུད་ལ་རེག་པ་ཙམ་དེ་དང་རྩིག་པའི་སྟེང་ཐད་མཉམ་དུ་ཡོད། དེ་ནས་མུན་པ་བར་སྟོང་བྲེ་ཕུལ་གྱི་ས་ཞེས་བྱ་བ་བྲེ་འགྱོགས་རྔམས་ཆ་ཕྲན་གཉིས་དེས་བཏེག་པའི་གསེར་གྱི་གདུང་དེ་ལ་དྲྭ་བ་དྲྭ་ཕྱེད་འདོགས་པ་དང་དར་དཔྱངས་ཡོད་པས། དར་དཔྱངས་ཀྱི་སྣམ་བུ་དང་དྲ་བའི་སྣམ་བུ་ཡང་ཟེར། འགའ་ཞིག་ཏུ་དྲྭ་བ་དྲྭ་ཕྱེད་ཕ་གུ་ལ་བཏགས་ནས་རྩིག་པའི་རྒྱན་དུ་བྱས་པ་ཡང་ཡོད་དོ། །བྱ་འདབ་འདོད་སྣམ་ལས་ཕྱིར་ཡིད་ཙམ་ཐོན་པ་དེ་ཀ་རྒྱ་ཕུབས་ཀྱི་སྣ་ཡིན། དེའི་མར་སྣ་ལ་ཤར་བུ་རིལ་བ་སྤྱི་ལུགས་ལྟ་བུ་ཆ་ཕྲན་གཅིག་འཐུར་དུ་འཕྱང་བ་དཀར་པོ། ནང་དུ་ཐོག་ལྷ་སྣམ་ནོན་ཙམ། རྡོ་རྗེའི་གདུང་གྲུ་བཞིར་ཡོད་པའི་གདུང་སྟེང་ནས་ཐོག་སྟེང་མའི་དྲྭ་མིག་འདོན་རྒྱུ་ཡིན། རྩིག་པའི་སྟེང་ཐད། རྒྱ་ཕུབས་ཀྱི་སྟེང་དུ་མདའ་ཡབ་དཀར་པོ་པདྨ་ཕྱེད་པའི་དབྱིབས་ཅན་དཔངས་ཆ་ཕྲན་གཅིག་ཀུན་ནས་བསྐོར་བས་རྟ་བབས་ཀྱི་མདའ་ཡབ་དང་འབྲེལ། རྟ་བབས་རང་གི་ཐོག་སྟེང་དུ་པདྨ། དེའི་སྟེང་དུ་གསེར་གྱི་འཁོར་ལོ། དེའི་སྟེང་དུ་གདུགས། གཡས་གཡོན་དུ་རི་དྭགས། མདའ་ཡབ་ལ་གདུགས་རྒྱལ་མཚན་བ་དན་ལ་སོགས་པ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་འགོད་པ་ཡིན། བར་མའི་རྒྱ་ཕུབས་ཀྱི་གདུང་ཟླུམ་པོའི་སྟེང་ནས་སྔར་བཞིན་དབུས་འཕྱུར་བུ་འདོན་རྒྱུ། སྟེང་དུ་རྡོ་རྗེ་རིན་པོ་ཆེའི་ཏོག དེ་དབྱིབས་རྡོ་རྗེ་མིན་རིན་པོ་ཆེའི་གཙོ་བོའི་མིང་ཡིན། ཕྱི་ནས་བལྟས་ན་ཁང་པ་གསུམ་རྩེགས་ཀྱི་རྣམ་པ་ནང་ནས་བལྟས་ན་ཁོང་སྟོང་གནམ་ཡངས་འཕར་བ་ལྟ་བུ། འགའ་ཞིག་བཅུ་གསུམ་མ་ལྟ་བུ་ལ་འཁོར་ལོའི་རིམ་པ་མེད་པས་གཞལ་ཡས། ཁང་རྩེགས་མི་འཐད་ཟེར་བ་རྨོངས་པའི་བཤད་པ་ཡིན། སློབ་དཔོན་ལྭ་བ་པའི་བཅུ་གསུམ་མར་ཁང་པ་རྩེགས་མ་ཞེས་དངོས་སུ་བཤད་དོ། །འདི་ལྟ་བུ་རྩིག་པའི་རྒྱ་ནང་གི་གཞི་ནས་ཏོག་གི་རྩེའི་བར་མཉམ་པར་ཡོད་པ་ཡིན། གཞན་དུ་རྒྱ་ཕུབས་བཅུ་གསུམ་རྩེགས་སོགས་ཇི་ཙམ་འདོད་པ་རྩེགས་པས་ཆོག དེ་ལ་མཁར་སྟབས་ཟེར། གཞལ་ཡས་ཁང་ཕྱི་མ་ཕྱི་མའི་ནང་དུ་ནང་མ་ནང་མ་ཆུག་པ། དཔེར་ན་སྟོན་པ་མའི་རུམ་ན་བཞུགས་པའི་དུས་ཡོངས་སུ་སྤྱོད་པའི་ཁང་རྩེགས་བཞིན་ནམ། དྲག་པོ་ལ་སྲིན་པོའི་གྲོང་ཁྱེར་ལྟ་བུ་འདི་ལ་གུར་ལྟ་བུ་ཞེས་བཤད། ཡང་དཀྱིལ་འཁོར་དབུས་སུ་སའི་སྟེགས་གར་བུ་ལྟ་བུ་ལ་གཞལ་ཡས་ཁང་རིམ་པ་བཞིན་བཀོད་པ་ལ་རི་བོ་ལྟ་བུ་ཟེར། ཡང་གསང་སྔགས་རྙིང་མ་སོགས་མང་པོར་རྟ་བབས་རིམ་བཞི་མཆོད་རྟེན་གྱི་བང་རིམ་དུ་བྱས། འཁོར་ལོ་པདྨ་དང་བཅས་པ་བུམ་པར་བྱས། དེའི་སྟེང་དུ་བྲེ་གདུགས་བཀོད། དེ་བཞིན་དབུས་ཀྱི་ཐོག་ལའང་དེ་འདྲ་བ་ཞིག་བཟོས་པས། ཕྱི་ནས་བལྟས་ན་མཆོད་རྟེན་མགོ་ལྔ་པ་ལྟ་བུ། འདི་ལ་མཆོད་རྟེན་གྱི་དབྱིབས་ཞེས་བཤད་པ་འདི་རྣམས་སློབ་དཔོན་སངས་རྒྱས་གསང་བའི་བློས་བསླངས་རྣམ་བཤད་ལས་བྱུང་། དཀྱིལ་འཁོར་གྱི་ཕྱོགས་མདོག་ལ་ཁ་ཅིག་གཙོ་བོ་ཞལ་སྔོན་པོར་ཡོད་པས་ཕྱོགས་མདོག་སྔོན་པོ་ཡིན་ཟེར་བ་རྟོག་བཏགས་ཡིན་ཏེ། འོག་ཏུ་འཆད་འགྱུར་གྱི་སྡོམ་འབྱུང་གི་ལུང་གིས་ཤེས། དབུས་མཐིང་གའི་ས་དེ་པདྨས་གང་ནོན་པའི་ས་ལ་བྱེད། རི་རབ་ཀྱི་རྨང་ནས་གླིང་བཅུ་གཉིས་ཀྱི་ས་ལ་འདིར་དུར་ཁྲོད་བཀོད། དེ་ཡང་སྔོན་དཀྱིལ་འཁོར་གྱི་སྤྲུལ་བཤད་ཀྱི་དུས་དེ་ལྟར་ཡོད་པས་དེ་ལ་དགོངས། དེ་མན་དུར་ཁྲོད་ལ་སོགས་པའི་བཤད་པ་རྒྱུད་ཉིད་དུ་གསལ་བས་སྡོམ་བྱུང་ལས། ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆར་ནི་དམར་པོ་སྟེ། །བྱང་དུ་མརྒད་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཨིནྡྲ་ནཱི་ལ་འོད་འབར་བའོ། །གྲྭ་ཡི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། །མཉམ་པར་བཞག་སྟེ་ཡང་དག་བྲི། །རྡོ་རྗེ་ར་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་སྟེ། །གཏུམ་དྲག་དེ་བཞིན་ཚང་ཚིང་དང་། །རྡོ་རྗེ་འབར་བ་ཀེང་རུས་ཅན། །དབང་ལྡན་དུ་ནི་མི་བཟད་བཞེད། །བྱིན་ཟ་རུ་ནི་བཀྲ་ཤིས་མཚོན། །མུན་པ་དྲག་པོ་བདེན་བྲལ་དུ། །རླུང་ཕྱོགས་ཀི་ལི་ཀི་ལའི་སྒྲ། །ཤར་གྱི་ཤྲིརྵུ་ཨ་ཤྭཏ་ཤིང་། །ཀཾ་ཀེལ་ཁྱད་པར་ཙཱུ་ཏའི་ཤིང་། །བྷ་ཊ་དེ་བཞིན་ཀ་རཉྩྨ། །ལ་ཊ་པརྐ་པརྠི་པ། །དབང་པོ་དེ་བཞིན་སྦྱིན་བྱེད་དང་། །ཀླུ་ཡི་དབང་དང་གཤིན་རྗེའི་བདག །དབང་ལྡན་དེ་ནས་བྱིན་ཟ་དང་། །སྲིན་པོའི་དབང་པོ་རླུང་གི་བདག །བཱ་སུ་ཀི་དང་འཇོག་པོ་དང་། །ཀརྐོ་ཊ་དང་པདྨ་ཉིད། །པད་ཆེན་ཧུ་རུ་ཧུ་ལུ་དང་། །རིགས་ལྡན་དང་ནི་དུང་སྐྱོང་དང་། །སྒྲོགས་པ་དང་ནི་ཆེར་སྒྲོགས་དང་། །དྲག་དང་གཡོ་དང་བརྟན་དེ་བཞིན། །གང་བ་དང་ནི་དེ་བཞིན་འབེབས། །གཏུམ་པོ་འདི་དག་སྤྲིན་དབང་ཕྱུག །གཞན་ཡང་སྣ་ཚོགས་དུ་མ་ཡི། །ཁྭ་དང་འུག་དང་བྱ་རྒོད་དང་། །ཅེ་སྤྱང་ཅེ་སྤྱང་མོ་དང་ནི། །འོལ་པ་དང་ནི་འོལ་བ་མོ། །སེང་གེའི་གདོང་དང་སྟག་གི་གདོང་། །དྲག་ཅིང་འཇིགས་པའི་གདོང་ཅན་མ། །སྦྲུལ་གྱི་བ་ལང་མགོ་ཅན་མ། །གདོང་གཉིས་ལ་སོགས་ཕྱོགས་སུ་རྒྱུ། །ཀེང་རུས་དང་ནི་མདུང་རྩེས་ཕུག །འཕྱང་དང་ཕྱེད་ཚིག་པ་དང་མགོ ཐོད་པ་བྱིན་པ་མགོ་རྡུམ་དང་། །གཅིག་པའི་མགོ་དང་རུས་པ་དང་། །རིག་འཛིན་གྲུབ་པ་སྣ་ཚོགས་དང་། །དམ་ཚིག་སྤྱོད་པའི་རྣལ་འབྱོར་པ། །རྣལ་འབྱོར་མ་ཡི་ཚོགས་རྣམས་དང་། །གནོད་སྦྱིན་རོ་ལངས་སྲིན་པོ་སོགས། །ཀི་ལི་ཀི་ལིའི་སྒྲ་ཆེན་དང་། དངོས་གྲུབ་རྫུ་འཕྲུལ་ཡང་དག་པར། །ཐོབ་པའི་སློབ་དཔོན་གྱི་ནི་ཚོགས། །དུར་ཁྲོད་དབུས་སུ་བལྟ་བར་བྱ། །ཞེས་བཤད། འདིར་ཞིང་སྐྱོང་མ་བྱུང་ཀྱང་བཤད་རྒྱུད་གཞན་ནས་གསུངས། དེ་བཞིན་མཆོད་རྟེན། རི་བོ། མེ། ཆུ། བརྒྱད་བརྒྱད་གཞན་ནས་སོ། །གཉིས་པ་རྟེན་པ་ལྷ་སྒོམ་པ་ཡང་། དབུས་ཀྱི་པདྨ་ཆ་ཆེན་ཕྱེད་དང་གསུམ་འཕགས། དེའི་ལྟེ་བའི་ཟེའུ་འབྲུ་ཆ་ཆེན་ཕྱེད་དུ་འཕགས་པའི་ལྟེ་བ་ལ་བཅོམ་ལྡན་འདས་ཆ་ཆེན་གཅིག་གི་སྐུ་ཚད། པདྨ་དང་ལྷ་སྣམ་གྱི་ལྷ་དེ་ལས་ཆ་ཕྲན་གཅིག་གིས་ཆུང་བ། འདིའི་ཕར་ཚད་པདྨ་ལྷ་སྣམ་ལས་གཞན་མེད་པའི་དབང་དུ་བྱས་པ་ཡིན་ནོ། །དེས་གཙོ་འཁོར་ཆེ་ཆུང་ཡོད་པ་ལྭ་བ་པའི་བཞེད་པ་ཡིན། ལེགས་ཀྱང་འདི་ག་ལེགས་སོ། །རྩ་རྒྱུད་ཀྱི། དཀར་མོ་བདག་པོ་རྣམ་གནོན་ཅིང་། །ཞེས་པའི་དཀར་མོ་ནི་ཨུ་མ་ཡིན་ལ། དེའི་བདག་པོ་དབང་ཕྱུག་ཡིན་པས་དེ་ཆུང་མ་དང་བཅས་པ་གཡས་བརྐྱང་བའི་ཞབས་ཀྱིས་མནན་ཅིང་། མནན་ཁྱེར་ཡང་གཡོན་པའི་བྱིན་པ་བསྐུམ། གཡས་པ་མཐོ་ལྔའི་བར་འགྱིང་པ་དང་བཅས་པས་དྲང་པོར་བཞག་པས་ཨུ་མ་གསོན་པོ་གན་རྐྱལ་བའི་སྙིང་ག་དང་། དབང་ཕྱུག་ཤི་བའི་རོ་ཁ་སྦུབ་པ་ལག་པ་བཞི་པ་མགོ་ལྟབ་པའི་དཔྲལ་བ་མནན་པ་ཡིན་ནོ། །རྡོ་རྗེ་དྲིལ་བུས་སྐུ་ལ་འཁྱུད། །ཅེས་པས་ཡུམ་ཅན་ཡིན་པ་དང་། རྡོ་རྗེ་དྲིལ་བུ་ཞེས་པས་ཕྱག་མཚན་དང་འབྲེལ་བས་ཉི་ཤུ་རྩ་བཞིའི་ཕྱེད་ཅེས་པས་ཕྱག་བཅུ་གཉིས་ཡོད་པར་བསྟན་ལ། ཡང་རྣལ་འབྱོར་མ་ཞེས་པའི་ཚིག་དང་སྦྲེལ་ནས་སྤྱན་བཅུ་གཉིས་ཐོན་པས་ཞལ་བཞི་པ་དང་། འཁོར་བཅུ་གཉིས་ཀྱང་བསྟན་པ་ཡིན་ཏེ། སྤྱན་བཅུ་གཉིས་གང་ལ་ཆགས་པའི་ཡུམ་ལྷ་མོ་བཅུ་གཉིས་ཡིན་པ་དང་། ལྷ་མོ་བཅུ་གཉིས་པོ་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལ་རྡོ་རྗེ་ཕག་མོར་གྱུར་པས། རྩ་རྒྱུད་ལས། ཕག་མོ་ཡི་ནི་རིགས་ལས་བྱུང་། །རྣལ་འབྱོར་མ་ནི་བཅུ་གཉིས་དང་། །ཞེས་བཤད། ཆོ་ག་འདི་ག་ནས་བཤད་པའི་གཙོ་བོའི་ཞལ་ཞབས་ཕྱག་མཚན། ཡུམ་གྱི་ཕྱག་མཚན་ཞབས་སྟབས་ཇི་ལྟ་བ་མངོན་སྤྱོད་བླ་མ་ལས་གསུངས། ཞལ་བཞི་ནི་རྩ་ཞལ་སྒེག་པའི་ཉམས་ཅན། ཞལ་གཡོན་པ་ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་འཛིན་འདུལ་བས་རྔམས་པ། རྒྱབ་ཞལ་དམར་པོ་ཚོགས་བདག་འདུལ་བའི་ཕྱིར་མཆེ་བ་གཙིགས་པས་མཉེ་བ། གཡས་ཞལ་ཚངས་པ་འདུལ་བས་བཞད་པ། ཞེས་སློབ་དཔོན་རྡོ་རྗེའི་འགྲེལ་པར་བཤད། ནོར་བུ་དང་ནས། ཐོར་ཚུགས་ཅན་ཞེས་པའི་བར་གྱི་གཙོ་བོ་ཡང་ཞི་བ་ཆགས་ཚུལ་ཁྲོ་བོ་ཅེས་པའི་ཚུལ་གསུམ་ལས་འདི་ཆགས་ཚུལ་དྲང་སྲོང་ཁྲོས་པའི་ཆ་བྱད་ཟེར་བ་ཡིན། དབང་ཕྱུག་ལ་དེ་ལྟར་ཡོད་པས་དེའི་ཚུལ་བཟུང་། དེའི་ལོངས་སྤྱོད་ཕྲོགས་ཏེ་བཞེས་པ་ཡིན། དབུ་རེ་ལ་མི་མགོ་ཞེས་པ་ནས། ཕྱག་རྒྱ་དྲུག་གིས་བརྒྱན་པ་ཞེས་པའི་ཕྱག་རྒྱ་དྲུག་ནི། ཐོད་པས་སྤྱི་བོ་རྒྱན་བྱས་ཤིང་། །ཞེས་ཐོད་པ་ལྔའི་ཅོད་པན། ཡན་ལག་ཐལ་བས་བྱུགས་པ་དང་། ཐལ་ཆེན། གུག་ཀྱེད་དག་གིས་ལུས་བརྒྱན་ཅིང་། །མགོ་བོའི་ག་ཤ །རུས་པའི་འཕྲེང་བ་སོགས་དང་ལྡན་ནི་ཚངས་སྐུད། མགུལ་རྒྱན། རྣ་ཆ། དཔུང་རྒྱན། དམ་ཚིག་སྤྱི་བོར་བརྒྱན་པ་དང་། ཐོད་པའི་དུམ་བུས་སྤྱི་བོ་བརྒྱན་པ། རུས་པའི་ཕྲེང་བ་རྣམ་པར་འཆང་། ཞེས་པ་འོག་པག་གམ་སྐུ་རགས། དེས་ན་ཕྱག་རྒྱ་དྲུག་འདྲེན་ཚུལ་དགྱེས་རྡོར་དང་མི་འདྲ། ཀུན་སྤྱོད་དུ། མགུར་ཆུ་དཔུང་རྒྱན་རྣ་ཆ་དང་། །ཐོད་པའི་འཕྲེང་བས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བ་ནི། །ཕྱག་རྒྱ་དྲུག་པར་རབ་ཏུ་བཤད། །ཅེས་སོ། །གར་གྱི་ཉམས་དགུ་ནི། རང་ལུགས་སྐུ་གསུང་ཐུགས་སོ་སོའི་ཉམས་གསུམ་གསུམ་བཤད། ཇོ་བོ་ལུ་ཧི་པའི་འགྲེལ་པར་སྐུའི་ཉམས་ལ་གཙོ་ཆེར་བཤད། ཡུམ་གྱི་རྒྱན་ཡང་ཐལ་ཆེན་སྤངས་པ་ཕྱག་རྒྱ་ལྔ་ཡིན། འདིས་བསྣམས་པའི་མགོ་འཕྲེང་ཐོད་པ་སྐམ་པོ་ཡིན་ཞེས་ངག་རྒྱུན་ལ་ཡོད། དག་པ་འབུམ་ལྔ་ལས། བདེན་དོན་རྣམ་པ་བཅུ་གཉིས་པ། །བཅུ་གཉིས་ཕྱག་ནི་ཧེ་རུ་ཀ །ཡན་ལག་བཅུ་གཉིས་འགོག་པས་སོ། །གནས་སྐབས་ལས་ནི་ཞལ་བཞི་པའོ། །ཞེས་གསུངས། བུམ་པ་དང་ཐོད་པ་རིགས་བཞིའི་སངས་རྒྱས། འཁོར་རྣམས་ལས་རྡོ་རྗེ་མཁའ་འགྲོ་མ་ནི་མཱ་མ་ཀི །ལཱ་མ་སྒྲོལ་མ། དུམ་སྐྱེས་མ་གོས་དཀར་མོ། གཟུགས་ཅན་མ་སངས་རྒྱས་སྤྱན་མ། ཁྭ་གདོང་མ་སོགས་བཞིའི་ལུས་བུད་མེད་ཀྱི་གཟུགས་ནི། གཽ་རཱི་དང་། ཙཽ་རཱི་དང་། པུཀྐཱ་སི་དང་། བཻཏཱ་ལཱི་བཞིའོ། །ཁྭ་ཏ་ལ་སོགས་པའི་ཞལ་བཞི་ནི་རྣམ་པར་རྒྱལ་བ་དང་། བདུད་རྩི་འཁྱིལ་བ་དང་། རྟ་མཆོག་དང་། གཤིན་རྗེ་གཤེད་དེ། གདོང་གིས་ཐབས་སྦས་པའོ། །གཤིན་རྗེ་བརྟན་མ་སོགས་བཞིའི་གཡོན་གྱི་གཟུགས་ཕྱེད་ནི། གྷསྨ་རཱི། ཤ་བ་རཱི། ཙཎྜྻཱ་ལི། ཌོམྦི་ནཱིའོ། །གཡས་ཀྱི་ཕྱེད་ནི། དབྱུག་སྔོན་ཅན་དང་། འདོད་རྒྱལ་དང་། མི་གཡོ་བ་དང་། སྟོབས་པོ་ཆེ་སྟེ་འདི་ཡང་ཕྱེད་གཟུགས་ཀྱིས་ཐབས་སྦས་པ་སྟེ། ཀུན་སྤྱོད་དུ། མེ་ལོང་ལ་སོགས་རྣམ་པ་བཞི། པདྨའི་འདབ་གནས་རྣལ་འབྱོར་མ། །མཁའ་འགྲོ་མ་སོགས་པདྨར་གནས། །མཱ་མ་ཀི་སོགས་བཟང་མོ་ཡིན། །དང་། ཁྲོ་བོ་རྣམ་རྒྱལ་ལ་སོགས་ཀུན། །སྒོ་དང་མཐའ་ཡི་མཚམས་རྣམས་སུ། །སྣ་ཚོགས་འདུལ་བའི་ཐབས་ཅན་གྱི། །སེམས་ཅན་དོན་ལ་བརྩོན་པར་མཛད། །ཅེས་སོ། །གཞན་ཕྱི་རོལ་གྱི་དུར་ཁྲོད་ལ་སོགས་པ་སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པར་དུར་ཁྲོད་བརྒྱད་ནི་སངས་རྒྱས་ཀྱི་ཞིང་ཁམས། ཤིང་བརྒྱད་བྱང་ཆུབ་ཀྱི་ཤིང་བརྒྱད་དང་། ཀླུ་བརྒྱད་ཡོན་གྱི་བདག་པོ་བརྒྱད་དང་། ཕྱོགས་སྐྱོང་བརྒྱད་རྣམ་པར་གཟིགས་པ་ནས་བྱམས་པའི་བར་གྱིས་སངས་རྒྱས་བརྒྱད་དང་། ཕོ་ཉ་བརྒྱད་ཉན་ཐོས་བརྒྱད་དང་། སྤྲིན་བརྒྱད་མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་རང་རྒྱལ་བརྒྱད། ཚིག་པ་དང་མ་ཚིག་པ་ལ་སོགས་པ་ནི་སངས་རྒྱས་ཀྱི་ཞིང་བརྒྱད་དེ། དེ་ལྟར་རྣམ་པར་གཟིགས་ལ་སོགས་པའི་མཚན་ཉིད་ཀྱི་ཐེག་པའི་ཆོས་ཀྱི་འཁོར་ལོ་བརྒྱད་ཀྱིས་མཐའ་བསྐོར་བའི་དབུས་ན་འཁོར་ལོ་བདེ་མཆོག་བཞུགས་པ་ནི་བསྟན་པའི་སྙིང་པོ་མངོན་སུམ་གྱི་ལམ་ཡིན་པས་ས་བཅུ་གཅིག་པ་ལ་ཐམས་ཅད་ཀྱང་མངོན་སུམ་གྱི་ལམ་འཁོར་ལོ་བདེ་མཆོག་ཏུ་སངས་རྒྱས་སོ། །ཞེས་བཤད་པའི་དོན་ཡིན་ནོ། །ཞེས་བཤད་དོ། །དེ་བས་ན་འདིའི་ལྷ་མོ་དགྱེས་རྡོར་གྱི་ལྷ་མོ་དང་དོན་དུ་གཅིག་འདུག་པ་སོགས་ཀྱིས་རྩ་རྒྱུད་ནས། རྒྱུད་འདི་རུ་ནི་དབང་བསྐུར་བས། །ཐམས་ཅད་ཀྱི་ནི་སྒྲུབ་པ་པོ། །ཞེས་གསུངས་པ་བཞིན་གྱིས་སྒྲུབ་ཐབས་འདི་ཉམས་སུ་བླངས་པས་གསང་སྔགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཉམས་སུ་བླངས་པར་འགྱུར་པའི་གནད་གོ་བ་ཡིན། ཀཱ་ཀཱི་གདོང་སོགས་བརྒྱད་པོ་ནི། །གྲོལ་དང་དད་པ་འཕེལ་བྱེད་པ། །རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ། །དམ་ཚིག་རྣམས་ཀྱང་སྐྱོང་བར་བྱེད། །ཅེས་གསུངས་པས་དམ་ཚིག་བརྒྱད་ལྷ་མོ་བརྒྱད་ཡིན་པར་བཤད་པས་ལྷ་མོ་འདི་དག་གནས་པའི་ས་ལ། དམ་ཚིག་གི་འཁོར་ལོ་ཞེས་མིང་བཏགས། དེས་དྲུག་ཅུ་མ་ལྟ་བུ་ལ་འཁོར་ལོ་ལྔ་ཡི་དཀྱིལ་འཁོར་ཞེས་བཞག་སྟེ། ཡེ་ཤེས། ཐུགས། གསུང་། སྐུ། དམ་ཚིག་གི་འཁོར་ལོ་ལས་སོ། །བྱིན་གྱིས་བརླབ་དང་ཞེས་པ་ལ། གནས་གསུམ་བྱིན་རླབས། གོ་ཆ་བགོ་བ་ཡེ་ཤེས་དགུག་པ་ཀུན་བསྡུས་པ་ཞིག་དང་། རྩ་རྒྱུད་ཀྱི་ཆིངས་ལ། བྱིན་རླབས་དགུག་གཞུག་ཐ་དད་དུ་འཇོག་པ་གཉིས་ཡོད་པའི་དང་པོ་ལ་རྩ་རྒྱུད་རང་ནས། སྔགས་དང་ཕྱག་རྒྱས་རྣམ་པར་བརྒྱན། །ཞེས་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ས་བོན་གསུམ་དགོད་པ་སྔགས་ཀྱིས་རྣམ་པར་བརྒྱན་པ་དང་། ཡི་གེ་གསུམ་ལས་འཁོར་ལོ་པདྨ་རྡོ་རྗེ་ས་བོན་སོ་སོས་མཚན་པའི་ཚེ། སྔགས་དང་ཕྱག་རྒྱ་གཉིས་ཀས་རྣམ་པར་བརྒྱན་པ་ཡིན་ནོ། །དེ་ཡང་སྡོམ་འབྱུང་ལས། ཨོཾ་ཨཱཿཧཱུྃ་གི་སྔགས་ཀྱིས་ནི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་སྟེ། །མཐོ་རིས་ས་སྟེང་ས་འོག་ཏུ། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །ཞེས་པས་དཀྱིལ་འཁོར་རྒྱས་པའི་སྐུ་གསུང་ཐུགས་འཁོར་ཡང་འདིར་འདུས་པ་ཡིན་ནོ། །གོ་ཆ་ནི། དེ་ཉིད་བཅུ་བཞིའི་ཆིངས་སུ། གོ་ཆ་ཆེན་པོས་རྣམ་པར་བརྒྱན། །ཞེས་པས། ཡབ་ཀྱི་གོ་ཆ་ལེའུ་དྲུག་པར། ཡན་ལག་དྲུག་ནི་ཧེ་རུ་ཀ །དཔའ་བོ་དྲུག་དང་མཉམ་སྦྱོར་བས། །ཡི་གེ་རེ་རེར་ཡང་དག་གནས། ཨོཾ་ཧ། ན་མ་སོགས་སྔགས་འགོད་པ་དང་། དེ་ཡོངས་སུ་གྱུར་པ་ལས་ལྷ་རྒྱས་བསྡུས་སོ། །ཡུམ་གྱི་གོ་ཆ་ནི་ལེའུ་གཉིས་པར། ཡི་གེ་བཾ་དང་ཡོཾ་དང་ནི། །ཡི་གེ་མོཾ་དང་སྲིཾ་ཉིད་དང་། །ཧཱུྃ་དང་ཕཊ྄་ཅེས་བཤད་པ་ནི། །རྣལ་འབྱོར་མ་ནི་དྲུག་ཏུ་བཤད། །ཞེས་པས་བསྟན། དོན་འཁོར་ལོས་སྒྱུར་བ་དྲུག་ཡུམ་དང་བཅས་པའོ། །སྡོམ་འབྱུང་ལས། དེས་ན་ཆོ་ག་གཉིས་ཤེས་ནས། །ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །དམ་ཚིག་འཁོར་ལོ་རྣམ་པར་གཞུག །ཅེས་པས་སྐྱེ་མཆེད་དམ་བྱིན་རླབས་མ་བཤད། བསྡུས་པ་ལ་དེ་ཁས་འཐུས། །རྒྱས་པ་ལ་སམྤུ་ཊ་ལས་གསུངས་པ་བཞིན་འགོད། དེ་ལ་སྐུ་གསུང་ཐུགས་ཀྱི་ས་བོན་ནི་འཁོར་ལོའི་དབུས་སུ་འགོད། གོ་ཆ་ནི་གནས་སོ་སོར་ཡིན་ལ། སྙིང་གའི་ནི་སྙིང་གི་རྩའི་སྒོར། ཁ་རྐན་ཕུགས། མིག་ལྟ་བུ་ལ། སྐྱེ་མཆེད་དང་གཉིས་འདོམས་ན། གོ་ཆ་རྩའི་ཕུགས་སྐྱེ་མཆེད་མདོར་འགོད་དེ། དེའི་མིང་དེ་དག་ཏུ་བཏགས་པའོ། །ཡང་མེ་ལོང་ལ་ཡི་གེ་ཤར་བ་ལྟ་བུར་བསམ་པ་ཡིན་ཞེས་ཀྱང་ཁ་ཅིག་གོ །ཡན་ལག་གི་གོ་ཆ་རྐང་པའི་པུས་མོ་ལག་པའི་མཁྲིག་མའི་མཚམས། ཉིང་ལག་སོར་མོ་སོ་སོའི་ཚིགས་དབུས་མ་ལ་འགོད། སྤྱན་བཅུ་གཉིས་ལ་ལྷ་བཅུ་གཉིས་ཡོད་པ་ཡིན། ལྷག་མ་རྣམས་ཀྱང་ཤེས་པར་བྱའོ། །ཀུན་སྤྱོད་དུ། ཡེ་ཤེས་འཁོར་ལོ་རྣམས་བསྒོམས་ནས། སྔགས་དང་ཕྱག་རྒྱའི་འཁོར་ལོ་ཡི། །དམ་ཚིག་འཁོར་ལོ་གཞུག་པར་བྱ། །རྐང་པས་མནན་པས་གྱེན་དུ་བལྟ། །དེ་ལྟར་ཕེཾ་གྱི་སྒྲ་སྒྲགས་ལ། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་མཁའ་འགྲོ་མ་རྣམས་དགུག །སྔགས་ཀྱིས་ཡང་དག་བསྐུལ་བ་དང་། །སྐད་ཅིག་དེ་ལ་སྤྱན་དྲངས་བྱ། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པ་ཡང་དག་སྦྱར། །དེ་ནི་དཔྲལ་བའི་དབུས་སུ་རབ་བཞག་སྟེ། །བསྐོར་ཞིང་བསྐོར་ཞིང་ཀུན་ཏུ་བསྒྱུར་བ་ཡི། །སྔགས་པས་དཔའ་བོ་རྣལ་འབྱོར་མ་བྱིན་བརླབ། འདི་ལ་དཔའ་བོ་རྡོ་རྗེས། རྐང་པ་གཡོན་གཡས་པས་མནན། རྐང་པའི་ཕྱག་རྒྱ། སྟེང་དུ་བལྟ་བ་ནི་མིག་གི་ཕྱག་རྒྱ། ཕེཾ་གྱི་སྒྲ་སྒྲོག་པ་ནི་ངག་གི་ཕྱག་རྒྱ། མཛུབ་མོ་མདུད་བྱས་ལག་པའི་ཕྱག་རྒྱའོ། །དེ་ལྟར་ཕྱག་རྒྱ་བཞིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཞེས་བཤད། བྱང་ཆུབ་སེམས་དཔས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ལ་ཕྱག་རྒྱ་བཞིར་བཤད། དུས་ཀྱི་འཁོར་ལོར་ཡེ་ཤེས་པ་བརྩོན་ལྟ་བུར་འཁྲིད་པ་བཤད་དེ། ལྕགས་ཀྱུ་སྙིང་ལ་བཏབ། ཞགས་པས་མགུལ་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུས་རྒྱབ་ནས་མཉེ་བས་སོ། །འདིར་ཕེཾ་གྱིས་ཡེ་ཤེས་པ་ནམ་མཁར་སྤྱན་དྲངས། ཛཿཞེས་དམ་ཚིག་པའི་དཔུང་ཕབ། ཧཱུྃ་གིས་བཅུག བཾ་གྱིས་ལྷན་ཅིག་བཅིང་། ཧོས་གཉིས་སུ་མེད་པར་བྱ་བའོ། །དབང་བསྐུར་བ་ནི། དེ་ནས་སེམས་མེད་སྲད་བུའམ། །རུ་དྷི་ར་ནི་ཆེན་པོ་བརླན། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །དཀྱིལ་འཁོར་འཇིགས་པ་ཐིག་གདབ་བྱ། །ཞེས་པས་དེ་ཉིད་དུ། ཐིག་ལེ་བཅུ་དྲུག་ཐིག་སྐུད་ཀྱི། །སྔགས་པས་ཐིག་གི་ཐིག་གདབ་པའི། །ཞེས་འབྱུང་ལ། ཐིག་སྐུད་ཀྱི་དག་པ་སྡོམ་འབྱུང་དུ། སྲད་བུ་ཡེ་ཤེས་ལྔ་ལྡན་ཞིང་། །ཉི་ཤུ་རྩ་ལྔར་རྣམ་ཕྱེ་བས། །ཞེས་ཡེ་ཤེས་ལྔ་རིགས་ལྔ། ཁམས་ལྔ་ཡུམ་ལྔ། སྐྱེ་མཆེད་ལྔ་སེམས་དཔའ་ལྔ། ཕྱིའི་སྐྱེ་མཆེད་ལྔ་སེམས་མ་ལྔ། ཡན་ལག་ཁྲོ་མོ་ལྔ་ཡིན་པས་གདན་གསུམ་གྱི་ལྷ་སྟེ་དབང་སྐུར་མཁན། རུ་དྷི་ར་ནི་རྡུལ་ཡིན་པས་དེས་མཚོན་པས་དབང་བསྐུར་བའི་རྫས་བདུད་རྩི་ལྔ། ཧེ་རུ་ཀ་དཔལ་སོགས་ཀྱི་བསྐུར་ཡུལ་ཐིག་གདབ་པ་ཞེས་པས་དབང་བསྐུར་བ་བསྟན་ཏོ། །འདིར་བསྐུར་བའི་དབང་རྫས་ཀྱང་ཐོད་པ་དང་བུམ་པ་གཉིས་ཀ་བཤད་རྒྱུད་ལས་བཤད་པ་ལས། འདིར་ཐོད་པར་མཛད་པ་ནི་རྡོ་རྗེ་མཁའ་འགྲོ་ལས་བཤད་པའི་བརྡ་གོ་བར་བྱ་བའི་ཕྱིར་རོ། །དབང་བསྐུར་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པ་ནི། དབང་བསྐུར་བས་རིགས་སུ་སྐྱེས་པ་བསྟན། དེ་ནས་རིགས་ཀྱི་བྱ་བ་ལས་མི་འདའ་བའི་དོན་ཏེ། རྒྱལ་ཚབ་ཏུ་དབང་བསྐུར་ནས་རྒྱལ་ཚབ་ཀྱི་བྱ་བ་བྱེད་དགོས་པ་ལྟ་བུའོ། །རྒྱས་བཏབ་ལ་གཙོ་བོ་མི་བསྐྱོད་པ། ཡུམ་རྣམ་སྣང་བདེ་ཆེན་གྱི་ལྷ་མོ་བཞི་རིན་འབྱུང་། སྒོ་མ་སྣང་མཐའ། མཚམས་མ་དོན་གྲུབ་ཏུ་བཤད་པ་ནི། སྡོམ་འབྱུང་ནས། མཁའ་འགྲོ་དྲ་བའི་བདེ་བ་མཆོག །ཁམས་བཞི་པ་དང་ཕུང་པོ་ལྔ། །དེ་བཞིན་ཡུལ་དྲུག་བདག་ཉིད་ནི། །ཁྲག་འཐུང་ལྷ་མོའི་ཡེ་ཤེས་ཏེ། །དེ་ལ་ཐ་དད་མི་རྟག་གོ །དཀྱིལ་འཁོར་དེ་བཞིན་ཉིད་རྒྱས་གདབ། །ཅེས་པའི་ངེས་དོན་གྱི་རིགས་དང་རིགས་ཅན་མཐའ་གཅིག་ཏུ་ཞེན་པ་དགག་བའི་ཕྱིར་ཡིན་ནོ། །དེས་ན་དེ་ལྟར་བསྐྱེད་པ་ལ་དབང་བསྐུར་བ་འདིས་ལྷའི་བྱ་བ་ཐམས་ཅད་བྱེད་པར་དབང་བ་ཡིན་པས། ལྷའི་བྱ་བ་རྫོགས་པའི་ཕྱིར། གཞན་གྱིས་མཆོད་སོགས་ཀྱི་ཡུལ་དུ་རུང་བར་བསྟན་པས་དེ་ནས་མཆོད་པ་བྱ་བ་ཡིན་གསུངས། མཆོད་པ་ནི་འདོད་པའི་སྣམ་བུ་ལ་གནས་པའི་མཆོད་པའི་ལྷ་མོ་རྣམས་ཀྱི་ནས། ཉེར་མཆོད་ལྔ་རོལ་མོའི་བར་གྱིས་ཕྱི་མཆོད། འདོད་པ་ལྔ་ནང་མཆོད། དེ་ཡང་རྩ་རྒྱུད་ཀྱི་ཆིངས་ལས། བདུད་རྩི་ཚིམ་བྱེད་མྱ་ངན་འདའ། །ཞེས་གསུངས། གསང་མཆོད་བསྟོད་པ་ཡང་མཆོད་པའི་བྱེ་བྲག་ཡིན་པ་དང་། དེ་ནས་བདག་གི་གསང་བ་སོགས་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པར་ཡང་འགྱུར་བས། རྩ་རྒྱུད་ལས། མཆོད་བཞི་དཔའ་བོ་ཆེན་པོ་ནི། །ཡིད་ལ་འདོད་པ་བྱེད་པ་སྟེ། །དབང་གཉིས་སྙོམས་པར་འཇུག་པ་ཡིན། །སྙོམས་པར་ཞུགས་པའང་དེ་ཉིད་འགྱུར། །སོགས་ཀྱིས་བཤད། བདུད་རྩི་མྱང་རྒྱུའི་བདུད་རྩི་ནི། །སྦྲང་རྩི་ཚལ་དང་ག་པུར་བཅས། །ཙན་དན་དམར་པོ་དང་སྦྱར་བ། །ཚོགས་ཀྱི་ནང་དུ་བཞག་པ་ནི། །ཐམས་ཅད་རྡོར་མཚན་མཚན་མ་འཛིན། །ཞེས་པས་བྱིན་བརླབ། འདིས་བདུད་རྩི་རིལ་བུ་སྒྲུབ་པའང་བསྟན། །མིང་མེད་མཐེ་བོང་རྩེར་སྦྱར་ནས། །རྣལ་འབྱོར་རིག་པས་རྟག་ཏུ་དཔྱད། །མྱངས་པས་ཞི་བའི་བཏུང་བ་བཞིན། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་སྦྲང་རྩི་ནི་སྦྲང་བུའི་སྐྱུགས་པའོ། མཚལ་ནི་མི་མོ་དཀར་ཤམ་གྱི་རྡུལ། ག་བུར་ནི་རང་གི་ཁུ་བ། བཅས་ཞེས་པས་བུད་མེད་དམ་རང་གི་དྲི་ཆེན་དྲི་ཆུ་གོ་རོ་ཙ་ནའོ། །ཙན་དན་དམར་པོ་དང་སྦྱར་བ། ཙན་དན་དམར་པོ་ཤ་ཆེན་པོ་སྟེ། མི་རྟ་ཁྱི་གླང་པོ་བ་ལང་དག་གིའོ། །དེ་ཁོ་ན་ཉིད་ཀྱི་མཆོད་པའམ་ཕྲ་ཐིག་གི་གཞུང་འདིར། ཀུན་སྤྱོད་ལས། ཡི་གེ་དམ་ནི་སྣ་རྩེར་ཡང་དག་སྦྱར། །བྱ་ནི་མཚན་གྱི་ལྟེ་བར་རྣམ་པར་བཀོད། །ལྟེ་བ་སྙིང་ག་ཁ་དང་དཔྲལ་བ་རུ། །སྔགས་ཀྱི་ཚོགས་དང་བཅས་པས་བྱིན་གྱིས་བརླབ། །ལྟེ་བ་སྙིང་ག་དག་ཏུ་རྣལ་འབྱོར་མ། །སངས་རྒྱས་མཁའ་འགྲོ་མ་ཡི་སྔགས་ཀྱིས་ནི། །ཨ་བ་དྷཱུ་ཏི་གཉིས་ནི་དཔའ་བྱིན་བརླབ། །དང་པོར་དགའ་བ་དཔའ་བོ་ཡིན། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །རབ་ཏུ་དགའ་བ་མ་ལུས་ཉིད། བདེ་བའི་ཐབས་དེས་ཀུན་རིག་པའོ། །མཐོ་རིས་ས་སྟེང་ས་འོག་རྣམས། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །གཞུང་འདི་ཀུན་སྤྱོད་དུ། ཡེ་ཤེས་དགུག་པའི་དེ་མ་ཐག་ལ་བཤད། པྲཛྙྱཱ་རཀྵི་ཏ་དོན་ཐིག་ལེ་བཅུ་དྲུག་ཐིག་སྐུད་ཀྱི་ཞེས་སྔར་དྲངས་པ་ལྟར། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་སོགས་ཚིགས་བཅད་དང་གནད་གཅིག་པས་དབང་བསྟན་ཡང་། ཏིང་འཛིན་མཆོད་པ་ཉེ་བར་བསྡུ། །ཞེས་པའི་ཆིངས་འཁྲུགས་མེད་ཀྱི་དབང་དུ་མཛད་ནས། ཆགས་ཅན་གྱི་ཏིང་ངེ་འཛིན་ཀྱང་བསྟན་པ་ཡིན་གསུངས། ལུ་ཧི་པ་དང་མ་ན་ཀ་ཤྲཱི་གཞུང་དེ་དེ་ཁོ་ན་ཉིད་ཀྱི་མཆོད་པར་ཡང་མཛད། རྡོ་རྗེའི་བཟླས་པར་ཡང་མཛད། འདི་དང་མཐུན། རྩ་རྒྱུད་ཀྱི་ཆིངས་ལ་ལག་མཆོད་བཤད་པ་འདིར་མ་བསྟན། ལྡང་བ་ནས་འདིའི་བར་གྱིས་སྦྱང་གཞི་གང་སྦྱང་ན་སྲིད་པར་སྐྱེ་བའི་རིམ་པ་སྦྱོང་བ་ཡིན། སྲིད་པའི་སྐྱེ་རིམ་ཡང་། འོད་གསལ་བ་ལས་སྟོང་པ་ཆེ། །དེ་ལས་ཐབས་ཤེས་སྣ་ཚོགས་འབྱུང་། །མངོན་པར་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་རླུང་དང་བྱང་ཆུབ་སེམས། །ཞེས་པའི་རྩ་ཡན་ཆད་བདུད་རྩི་མྱང་བ་ཡན་གྱིས་སྦྱངས། བྱང་ཆུབ་སེམས་ཞེས་པས་ཆགས་ཅན་གྱི་ཏིང་ངེ་འཛིན་འདིས་སྦྱོང་། རླུང་བཟླས་པས་སྦྱང་བ་ཡིན། བཟླས་པ་ལ་བགྲང་འཕྲེང་། དེའི་བྱིན་རླབས། ཇི་ལྟར་བགྲང་ཚུལ་བཟླ་བྱ་སྔགས། དམིགས་པ་ཏིང་ངེ་འཛིན། བསྙེན་པའི་གྲངས་ཚད་བདུན་ལས། དང་པོ་བགྲང་འཕྲེང་ལ་རྒྱུ་ནི། སྡོམ་འབྱུང་ལས། གསེར་དང་དངུལ་དང་ཟངས་མ་དང་། །ཞེས་སོགས་ལས་སོ་སོ་བའི་འཕྲེང་བ་བཤད། རྡོ་རྗེ་མཁའ་འགྲོར། བོ་དྷི་རྩིས་ནི་ལས་ཀུན་བྱེད། །འདི་ལ། པུ་ཏྲ་ཛཱི་བས་ལས་ཀུན་བྱེད། །ཞེས་འབྱུང་། པུ་ཏྲ་ཛཱི་བ་སྒྲ་འཕྱུགས་པས་བོ་དྷི་ཙི་ཏ་བྱུང་ཟེར། བླ་མ་རྣམས་བསྙེན་པ་དུང་ཆེན་ལ་བསྔགས་པར་མཛད། དེ་དག་གི་སྲད་བུ། བོང་བུ་རྔ་མོང་སྤུ་དང་ནི། སོགས་ལས་སོ་སོ་བའི་སྲད་བུ། བསྙེན་སོགས་ལ། དགེ་བའི་ལས་ནི་གཞོན་ནུ་མས། །བཀལ་བའི་སྲད་བུ་རྒྱུ་བར་བྱ། །གྲངས་ནི་རྡོ་རྗེ་མཁའ་འགྲོར། །སྔགས་བརྙེས་པ་ལ་ལྔ་བཅུ་སྟེ། །རྗེས་སུ་ཆགས་པ་དེ་ཡི་ཕྱེད། །ཞི་བ་ལ་ནི་བརྒྱ་ཡིན་ཏེ། །རྒྱས་པ་བརྒྱད་ཀྱིས་ལྷག་པར་བྱ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། །ཞེས་གསུངས་པའི་བསྙེན་པ་རྒྱས་པའི་རྗེས་སུ་འབྲང་། བགྲང་འཕྲེང་བྱིན་རླབས་ནི། སྡོམ་འབྱུང་ལས། རིལ་བུ་དགྲ་བཅོམ་མདོ་འཛིན་ནི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསམ། །ཞེས་དགྲ་བཅོམ་དམ་པ་རིགས་བརྒྱ་དང་། ཆོས་ཀྱི་དབྱིངས་རྡོར་སེམས་སུ་འདོད་པ་ཡིན། །ཞེས་བླ་མས་གསུངས། ཞི་བ་ལ་ནི་མཛུབ་མོར་བཤད། །རྒྱས་པ་གུང་མོར་བཀལ་བར་བྱ། །དབང་དུ་བྱ་བ་སྲིན་ལག་ཏུ། །ཐ་མ་ལ་ནི་མངོན་སྤྱོད་བྱ། །ཞེས་བཤད། བསྙེན་དུས། མཐེ་བོང་ལྕགས་ཀྱུར་བྱས་ནས་ནི། ལྷ་རྣམས་ཐམས་ཅད་འགུགས་པར་བསམ། བཟླ་བྱ་སྔགས་ནི། རྩ་རྒྱུད་དུ། ས་སྟེང་ན་ནི་རིན་ཆེན་བཞི། །འཕྲེང་བའི་སྔགས་ནི་དམ་པ་ཡིན། །རིན་ཆེན་བཞི་ཞེས་པ། སྙིང་པོ་ཉེ་སྙིང་གཉིས། རྩ་སྔགས་དང་གོ་ཆའི་སྔགས་སོ། །རྩ་སྔགས་རྐང་པ་བརྒྱད་པ་རང་ལ་བྱེད་པ་དང་། འཕྲེང་སྔགས་ཀ་ར་ཀ་ར་རང་ལ་བོད་ཕལ་ཆེར་འཆད་ཀྱང་། རང་ལུགས་རྐང་བརྒྱད་ཀྱི་མཐར་ཀ་ར་ཀ་ར་རྐང་པ་ཉི་ཤུ་རྩ་བཞི་པ་ཞེས་བྱ། དེ་བཏགས་པ་རྩ་སྔགས་སམ་འཕྲེང་སྔགས་སུ་འདོད་པ་ཡིན་ཏེ། རྩ་རྒྱུད་ལས་དེ་ནས་དོན་ཀུན་འདོད་པ་ཡི། །སྦས་པ་བརྒྱད་མཐར་སྦྱར་བྱ་སྟེ། །ནས། རྩ་བའི་སྔགས་ཀྱི་གསང་བའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ། །ཞེས་པའི་བར་གྱིས་བཤད་དོ། །ཟླ་དུས་ཀྱི་ཏིང་ངེ་འཛིན་ནི། སྡོམ་འབྱུང་ལས། འདི་ནི་ངག་གི་བཟླས་པ་སྟེ། །ལྷ་ཡི་གཟུགས་སུ་དམིགས་པ་ཡིས། །སྤྲོ་དང་བསྡུ་བའི་བདག་ཉིད་ཅན། སྔགས་ཀྱི་དེ་ཉིད་བརྡ་ཡིས་ནི། །འགྲོ་དང་འོང་བ་ཡང་དག་བསམ། །མཐའ་གསུམ་ལས་ནི་རྣམ་གྲོལ་བ། །དོན་དམ་དེ་བཞིན་ཉིད་ཀྱི་དོན། །འདི་རྣམས་སྔགས་ཀྱི་བཟླས་པ་ཡི། །ཆོ་གའི་མཚན་ཉིད་གསུངས་པ་ཡིན། །འདི་བཞི་རྡོར་བཟླས་ཡིན་པའི་དང་པོ་བསྐྱེད་རིམ་རྐྱང་པ་གཉིས་པ་ཕྲ་ཐིག གསུམ་བཞི་རྫོགས་རིམ་པའི་བཟླས་པ་ཡིན་པས་འདིར་དང་པོ་བརྗོད་པ་རྡོ་རྗེའི་བཟླས་པའམ། ངག་གི་བཟླས་པ་དེ་ལའང་དམིགས་པའི་སྒོ་ནས་དོ་ལིའི་བཟླས་པ་དང་། དམ་ཚིག་གི་བཟླས་པ་དང་། ཁྲོ་བོའི་བཟླས་པ་གསུམ་དུ་ཕྱེ། །ངག་ཏུ་འདོན་མི་འདོན་གྱི་སྒོ་ནས་ཤུབ་བུའི་བཟླས་པ་དང་། ཡིད་ཀྱི་བཟླས་པ་གཉིས་སྤྱིར་གྲགས། གཞུང་འདི་ཁའི་དམིགས་པ་དོ་ལིའི་བཟླས་པ་ཡིན། དམ་ཚིག་གི་བཟླས་པ་ནི། སྙིང་གར་ཉི་མ་ལ་ཧཱུྃ། དེའི་མཐར་སྔགས་འཕྲེང་མཐིང་ནག་གིས་བསྐོར་བ་སྔགས་བཟླས་པའི་དུས་དེ་ལས་འོད་ཟེར་གྱི་སྣ་ལ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་བཞུགས་པ་སྤྲོས་ནས། དེས་སེམས་ཅད་ཐམས་ཅད་ཀྱི་དོན་བྱས། འཁོར་ལོ་སྡོམ་པའི་གོ་འཕང་ལ་བཀོད་དེ། སླར་འདུས་སྔགས་འཕྲེང་ལ་ཐིམ་པར་བསམ་པ་ཡིན། འཁོར་ལ་བྱེད་དུས་རྡོ་རྗེ་མཁའ་འགྲོ་མ་དང་གཙོ་བོ་ཞལ་སྦྱར། མཁའ་འགྲོ་མའི་ཚབ་ཏུ་རྡོ་རྗེ་ཕག་མོ་བཅུག་པ་ཡིན། དེས་རིགས་འདྲེ། ཁྲོ་བོའི་བཟླས་པ་ནི། དམིགས་པ་སྔ་མ་དེ་གོ་ལོག་པ་ཡིན། སྔ་མའི་གེགས་སེལ་དུའང་འགྲོ །དང་པོ་ལ་སྔགས་འཕྲེང་ལྷོད་པ་དང་། ཕྱི་མ་ལ་སྔགས་འཕྲེང་མྱུར་བའི་ཁྱད་ཡོད། གཞན་རྨ་བྱའི་སྒྲོ་ཆུན་ལྟ་བུ་དང་། ལྕགས་སྒྲོག་སྒྲིལ་བ་ལྟ་བུའི་ཁྱད་ཀྱང་སྔགས་འཕྲེང་གིས་འབྱེད། དྲག་པོ་ལ་མེ་ཚ་ཚ་འཕྲོ་བ་ལྟ་བུ་དེའི་འོད་ཟེར་ལས་ཡིན་ནོ། །སྔགས་ཤུབ་བུར་བཟླས་པ་ནི། མཉམ་སྦྱོར་ལས། འཁུན་པ་དབུགས་ཀྱི་རླུང་འབྱིན། སྲིན་པོའི་ངར་སྐད། དེ་ཉིད་བསྡུས་པ་ལས། ཁྲོ་བོའི་འབྲུག་སྒྲ་དང་། ཧེ་རུ་ཀ་འབྱུང་བ་ལས། རིགས་བཞིའི་གླུས་ཟློས་པ་དང་བཞི་ཡིན་ནོ་ཞེས་རྩ་རྒྱུད་ཀྱི་འགྲེལ་པ་འགའ་ཞིག་ཏུ་བྱུང་། དོན་ལ་གཞན་གྱིས་ཐོས་སར་ཤུབ་བུར་འབའ་ཞིག གཞན་སྲོད་ལ་སྲིན་པོའི་ངར་སྐད། ཐོ་རངས་ཁྲོ་བོའི་འབྲུག་སྒྲ། ཉིན་གུང་སོགས་ལ་རིགས་བཞིའི་གླུ་རྣམས་སྐད་གདངས་ཡིན། ཏིང་ངེ་འཛིན་གསལ་ན་ཡིད་བཟླས་བྱས་པས་ཆོག གྲངས་ཚད་ཨ་བྷི་དྷ་ན་ལས། སྔོན་དུ་བསྙེན་པ་བྱ་བ་ནི། །ཆོ་ག་བཞིན་དུ་འབུམ་དུ་བཟླས། །ཞེས་གཙོ་བོ་ལ་འབུམ། རང་གི་ལྷ་ཡང་འབུམ་དུ་བཟླས། །མེ་ཏོག་ཕོག་པའི་ལྷ་དེའོ། །གཞན་ནི་ཁྲི་རུ་བཟླས་པར་བྱ། །ཞེས་འཁོར་རྡོ་རྗེ་མཁའ་འགྲོར། །དུས་བཞི་རུ་ནི་རབ་སྦྱོར་བས། །བདེ་མཆོག་བླ་མ་བསྒོམ་བྱས་ཏེ། །རྡོ་རྗེ་ཆེན་པོ་འབུམ་བཟླས་ན། །ཁྲོ་བོའི་རྒྱལ་པོ་མཚུངས་པར་འགྱུར། །ཞེས་པ་བཞིན་ཡིན་ལ། སྡོམ་འབྱུང་ལས། རྫོགས་ལྡན་དུས་སུ་གཅིག་བཟླས་པ། །གསུམ་ལྡན་དུས་སུ་གཉིས་འགྱུར་བཟླས། །གཉིས་ལྡན་དུས་ན་གསུམ་འགྱུར་བཤད། །རྩོད་ལྡན་བཞི་འགྱུར་དུ་ནི་བཟླས། །ཞེས་པས་ད་ལྟར་འབུམ་ཕྲག་བཞི་ལ་གྲངས་ཚད་བྱེད། དེ་ལྟར་བཟླས་བརྗོད་ལ། དམིགས་པ་གསལ་བ། བཟླས་པའི་གྲངས། སྒྲ་དག་པ་གུས་པ་དང་བཅས་ན་མྱུར་དུ་འགྲུབ། ལྷག་པར་གསང་སྔགས་ཀྱི་དགྲ་ཐེ་ཚོམ་ཡིན་པས་སོམ་ཉི་མ་ཞུགས་པར་ངེས་པར་འགྲུབ་སྙམ་པ་ཞིག་དགོས་པ་ཡིན་ནོ། །ཁ་སྐོང་བཅུ་ཆའི་སྦྱིན་སྲེག་བྱ། །སྦྱིན་སྲེག་ཀྱང་འབྱོར་པ་མེད་ན་ཡིད་ཀྱི་བསམ་པས་འགྲུབ་པར་ཨ་བྷ་ཡ་ཀ་རས་བཞེད། དེ་ནས་གཏོར་མ་ནི་པྲཛྙྱཱ་རཀྵི་ཏའི་ཆོས་གསུམ་ཞེས་པའི་ནང་ཚན་གྱི་གཏོར་མའི་ཆོ་ག་འདི། རྗེ་བཙུན་ནཱ་རོ་པའི་གསུང་རྒྱུན་གཙང་མ་ཡིན། རྒྱུད་ནི་སྡོམ་པ་འབྱུང་བའི་རྗེས་སུ་འབྲངས། ཨོཾ་ཨཱ་ར་ལི་ཧོ་སོགས་ཀྱི་སྔགས་འདི་གས་དཀྱིལ་འཁོར་བ་ལ་གཏོར་མ་འབུལ། ཀ་ར་ཀར་སོགས་ཡེ་ཤེས་ཀྱི་མགྲོན་གཞན་དང་། ཁ་ཁ་སོགས་ཀྱིས་འཇིག་རྟེན་པའི་མགྲོན་རྣམས་ལ། སྲིད་དང་ཞི་བ་སོགས་ཡེ་ཤེས་པ་ལས་དངོས་གྲུབ་ལེན་པ། དམ་ཅན་རྒྱ་མཚོ་སོགས་ནི་འཇིག་རྟེན་པ་ལས་དངོས་གྲུབ་བླང་བའོ། །རྩ་རྒྱུད་ལས། གུས་པ་ཡིས་ནི་གཏོར་མ་སྦྱིན། །རང་འདོད་ལས་ལ་རྣལ་འབྱོར་པས། །ཆོ་ག་ཇི་བཞིན་སྦྱིན་པར་བྱ། །སོགས་ཀྱི་དོན་སྡོམ་འབྱུང་ལས། དེས་ན་གཏོར་མའི་དེ་ཉིད་ནི། །ཇི་བཞིན་གསལ་བར་རབ་ཏུ་བཤད། །སོགས་ཀྱིས་རྒྱས་པར་བསྟན་ཏོ། །དགོས་པ་ནི། དཀྱིལ་འཁོར་སྦྱིན་སྲེག་བཟླས་པ་དང་། །རབ་གནས་དང་ནི་ཞི་རྒྱས་དང་། །དབང་དང་བསྐྲད་དང་བསད་པ་དང་། །འབྱུང་པོ་གནོད་སྦྱིན་མོ་སྒྲུབ་དང་། །གནས་ཀྱི་བསྒྲུབ་པའི་དུས་དག་སྟེ། །ལས་རྣམས་ཀུན་ལ་མཆོག་ཡིན་ནོ། །ཆང་དང་གཏོར་མ་མེད་པར་ནི། །ལས་རྣམས་མྱུར་དུ་འགྲུབ་མི་འགྱུར། །དེས་ན་གཏོར་མ་རབ་བསྔགས་ཏེ། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་སོ། །གཏོར་མ་ཆིངས་ཀྱིས་མ་བསྡུས་ཏེ། ཐུན་མཚམས་ཀྱི་བྱ་བ་ཡིན་པས་སོ། །དེ་ལྟ་བུའི་བསྐྱེད་པའི་རིམ་པ་དེས་སྦྱང་གཞི་སྤྲོས་པ་ཐམས་ཅད་ཟློག་པ་ཡིན་པས། ཀུན་སྤྱོད་ལས། སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པས་སྤྲོས་པ་མེད་པར་བྱ། །ཞེས་གསུངས། སྤྲོས་པ་ཡང་བླ་མ་རྣམས། ཐ་མལ་གྱི་ཆ། སྣང་བའི་ཆ། ཞེན་པའི་ཆ་གསུམ་དུ་ཕྱེ། ཐ་མལ་པ་ནི། མི་ལ་སོགས་པའི་ལུས་སུ་བལྟ་བ་དེ་ལྷར་བསྒོམ་པས་སྦྱོང་། སྣང་ཙམ་འདིར་སྒྱུ་མ་ཙམ་གྱི་རྟེན་བརྟེན་པའི་འཁོར་ལོ་བསྒོམ་པས་སྦྱོང་། ཞེན་པའི་ཆ་ནི་བདག་ཏུ་ལྟ་བ་ཡིན་ལ། དེ་ཟློག་པའི་ཚུལ་ནི། གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་འགྲེལ་པ་རིན་ཆེན་འབྱུང་གནས་ཞི་བས་མཛད་པར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཅན་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེར་སོ་སོར་སྣང་ཏེ་ཡིད་དེའི་རྣམ་པར་སྣང་བར་རྟོག་པ་དེ་སྣང་བར་མི་འགྱུར་ལ། དེའི་ཕྱིར་འགལ་བར་གྲུབ་པ་ནི་སྣང་བ་དང་མུན་པ་དང་འདྲ་བ་ཡིན་ནོ། །འགལ་བར་གྲུབ་པ་ནི་ཡིད་དེ་ཤིན་ཏུ་བསླབས་པ་ལས་སྲིད་པའི་སྡུག་བསྔལ་དེ་བཟློག་པར་འགྱུར་རོ་ཞེས་དང་། ཡང་། འདི་ན་སྐྱེ་བ་ནས་སྐྱེ་བར་བརྒྱུད་པའི་རྒ་བ་དང་འཆི་བ་ལ་སོགས་པ་ནི་སྡུག་བསྔལ་གྱི་བདེན་པའོ། །དེའི་རྒྱུར་གྱུར་པ་བདག་ཏུ་ལྟ་བ་ལ་སོགས་པ་ནི་ཀུན་འབྱུང་གི་བདེན་པའོ། །དེའི་གཉེན་པོར་གྱུར་པ་དཀྱིལ་འཁོར་གྱི་འཁོར་ལོ་ནི་ལམ་གྱི་བདེན་པའོ། །སྡུག་བསྔལ་འབྱུང་བ་ཤིན་ཏུ་མེད་པར་བྱ་བ་རང་སེམས་ཀྱི་རྒྱུན་གྱི་མཚན་ཉིད་གནས་ཡོངས་སུ་གྱུར་པ་ནི་འགོག་པའི་བདེན་པའོ། །ཞེས་གསུངས་སོ། །བཞི་པ་རྣལ་འབྱོར་ཆེན་པོ་ནི། སྣོད་བཅུད་ཀྱི་དངོས་པོ་རྣམས་གཞལ་ཡས་ཁང་ཞེས་ནས། སྣང་ལ་ཞེན་འཛིན་གྱི་བསླད་པ་མེད་པར་མཉམ་པར་བཞག་གོ །ཞེས་པའི་བར་གྱི་རྗེས་གཞིག་གི་རྣལ་འབྱོར་བཤད་པ་ཡིན། རྗེས་གཞིག་ཞེས་པའི་དོན་ཡང་། སྣོད་བཅུད་ཀྱི་དངོས་པོ་རྣམས་བཤིག་པའི་མཐར། བདག་ཉིད་ཀྱི་ལུས་ལྷར་གསལ་བའང་བཤིག་པ་ལ་བྱ་བ་ཡིན་ལ་བཤིག་པའི་ཐིག་ལེ་ཁ་སྦྱར་ཙམ་ཞིག་ལ་དམིགས་ནས། གདོད་རྣམ་ཤེས་ཀྱི་བྱ་བ་བྲལ་བའི་འོད་གསལ་ལ་འཇུག་པ་ཡིན། དེ་ནས་འོད་གསལ་ལ་གནས་མ་ནུས་པར་ལྡང་བའི་ཚེ་ཐིག་ལེ་དཀར་པོ་ལས་ནས་ལྟའོ་ཞེས་པའི་བར་གྱིས་རྫོགས་པའི་རྣལ་འབྱོར་བཤད་པ་ཡིན་ཏེ། སྡོམ་འབྱུང་ལས། སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་སྒོམ་པ་ནི། །ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། སྲོག་ཆགས་རྣམས་ནི་དཀྱིལ་འཁོར་པ། །དེ་དབུས་སྐད་ཅིག་རྣམ་པ་ཡིས། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་པའོ། །འོད་གསལ་ལས་དག་པའི་སྒྱུ་ལུས་སུ་ལངས་པས་དོན་ཟུང་འཇུག་ཏུ་སོང་བ་ཡིན་ནོ། །དེ་ལྟ་བུ་ཡང་ནས་ཡང་དུ་བྱ་བ་ནི་སློབ་པའི་དབང་དུ་བྱས་པ་ཡིན་ཏེ་སྣང་བའི་སྤྲོས་པ་ཞིར་བཅུག་ནས་མཐར་རྣམ་མེད་འོད་གསལ་འབའ་ཞིག་ཏུ་འགྱུར་བའི་ཕྱིར་དུའོ། །འདི་ལ་རྗེ་བཙུན་མི་ལ་རས་པས་སྣོད་བཅུད་བསྡུ་བ་ཙམ་རྫོགས་རིམ་མཚན་ཉིད་པར་མི་འགྲོ་གསུངས་པ་དང་། འདིར་རྫོགས་རིམ་མཚན་ཉིད་པར་བཞག་པ་མི་འགལ་ལམ་སྙམ་ན་མི་འགལ་ཏེ། རྗེ་བཙུན་གྱི་དགོངས་པ་བློས་བཏགས་པའི་བསྡུ་རིམ་གྱི་འོད་གསལ་དེ་བློས་བྱས་སུ་སོང་བ་དང་། འདིར་ཀུན་རྫོབ་ཟད་པའི་བསྡུ་རིམ་ལ་བཞག་པའི་འོད་གསལ་ཞིག་བྱུང་ན་རྫོགས་རིམ་མཚན་ཉིད་པར་འགྲོ་བ་དེ་ལ་དགོངས་པ་ཡིན། གསུམ་པ་རྗེས་ནི་ཉེར་བསྡུ་ཡིན་ཏེ། རྫོགས་རིམ་མི་བསྒོམ་པར་ཉེར་བསྡུ་རང་བྱེད་ན་ཐིག་ལེ་ཙམ་དུ་བསྡུས་ནས་དེ་ལས་སྐད་ཅིག་གིས་ཧེ་རུ་ཀ་ཕྱག་གཉིས་པར་ལྡང་བ་ལ་བྱེད་དོ། །དེ་ནས་དགེ་བ་བྱང་ཆུབ་ཏུ་བསྔོས་ཏེ་རྗེས་སྤྱོད་ལམ་རྣམ་པར་དག་པ་ལ་འཇུག་པར་བྱའོ། །དེ་ལྟར་བཅུ་གསུམ་གྱི་བསྐྱེད་རིམ་གྱི་སྒོམ་རིམ་སྔགས་འཆང་པདྨ་དཀར་པོས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་དབོན་ངག་དབང་བློ་གསལ་ཀུན་དགའ་དངོས་གྲུབ་རྒྱ་མཚོའི་སྡེ་ལ་སོགས་པ་ལ་ཟིན་ཐུན་ཞལ་པོད་མཛད་པའི་ཡི་གེ་པའང་ཉན་པ་པོ་དེ་ཉིད་དོ། །འདིས་སེམས་ཅན་ཐམས་ཅད་འཁོར་ལོ་སྡོམ་པའི་གོ་འཕང་ཐོབ་པར་གྱུར་ཅིག། །།


previousནཱ་རོ་ལུགས་ཀྱི་བདེ་མཆོག་བཅུ་གསུམ་གྱི་འཁོར་ལོའི་ཁྲིད།next