Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
སྙན་རྒྱུད་ལས་ལུས་དཀྱིལ་གྱི་དབང་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྙན་རྒྱུད་ལས་ལུས་དཀྱིལ་གྱི་དབང་ཆོགnext

སྙན་རྒྱུད་ལས་ལུས་དཀྱིལ་གྱི་དབང་ཆོག

སྙན་རྒྱུད་ལས་ལུས་དཀྱིལ་གྱི་དབང་ཆོག་བཞུགས་སོ། །གཉིས་པ་དབང་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་རྣམས་ལ་བདག་ཕྱག་འཚལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིང་། །ཕྱི་དཀྱིལ་གྱི་ལྷོ་སྒོ་ནས་གཡོན་བསྐོར་གྱིས་ཤར་ཁྱམས་སུ་ཞུགས་པ། །གཙོ་བོའི་ཐུགས་ཀ་ནས་འོད་ཟེར་གྱིས་ཐུགས་ཀར་བཀུག་སྟེ་པདྨ་འདབ་མ་བརྒྱད་པའི་ཕྱིའི་ཤར་ཁྱམས་སུ་གཞག་པ་སྐད་ཅིག་གིས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་གྱུར། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏོཏྟ་ཀ་ཧཱུྃ། མནའ་ཆུ་བླུད། དེ་ནས་དཔའ་བོ་དང་རྣལ་འབྱོོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་དཔལ་ཧེ་རུ་ཀ་བདག་ལ་ཕོབ་ཅིག །བླ་མ་དང་གཙོ་བོ་གཉིས་སུ་མེད་པའི་གནས་གསུམ་ལས་འོད་ཟེར་འཕྲོོས། སློབ་མའི་གནས་གསུམ་དུ་ཞུགས་པས་ལུས་མེར་ཞུ་བར་བསམ། ཏིཥྛ་མ་ཧཱ་ཀྲོ་ཏ་ཨ་བེ་ཤ་ཡ་ཧཱུྃ། ཨོཾ་ཤྲཱི་ཧེ་རུ་ཀ་བིདྱཱ་མ་ཧཱ་བིདྱཱ་རཱ་ཛ་དྷི་མ་ཧེ་སྭཱ་ཧཱ། ཞེས་དཔའ་བོ་བསྐུལ་བའི་སྔགས་བགྲང་། བདུད་རྩི་ལྔའི་རྡུལ་གྱིས་སྦགས་པའི་བུ་མོའི་འདོམས་དཀྲིས་བྱི་ལའི་བྲུན་གུ་གུལ་བསྲེས་པ་ཐོད་པར་བཅུག་པ་ཡི་དགས་ཀྱི་མེ་ལ་བསྲེགས་ཏེ་བདུག །རོལ་མོའི་སྒྲ་དྲག་པོ་བསྒྲགས་པས། སློབ་དཔོན་ནུས་པ་ཆེ་ན་དེ་ལ་དཔལ་ཧེ་རུ་ཀ་དངོས་སུ་འབེབས་པར་འགྱུར་ལ། གཞན་དུ་ཆ་ཤས་ཙམ་མོ། །བདག་གི་རིགས་གང་ཡིན་པའི་ལྷ་དེ་ལ་ཕོག་པར་གྱུར་ཅིག་སྙམ་པས། པྲ་ཏིཙྪ་བཛྭ་ཧོཿ ཞེས་པས་མེ་ཏོག་གི་འཕྲེང་བ་དོར་བས་གང་ལ་ཕོག་པ་ལྷག་པའི་ལྷར་བརྡའ་སྤྲད། པྲ་ཏཱི་གྲྀ་་ཧྶཾ་མི་མཾ་སྭཱ་ཧཱ་མ་ཧཱ་བ་ལ། ཞེས་དངོས་གྲུབ་ཀྱི་ཚུལ་ལམ་ལྷ་དེས་རྗེས་སུ་འཛིན་པར་དགོངས་པས་འཕྲེང་བ་སློབ་མའི་སྤྱི་བོར་བཅིངས་པར་མོས། མིག་དར། ཨོཾ་ནེ་ཏྲ་ཨ་པ་ཧ་ཏྲ་པ་ཏྲ་ལཾ་སྲི། བཀྲོལ། དེ་ནས། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོན་ནི་རྣལ་འབྱོར་མ་རིགས་གྱུར། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབ། །ཅེས་བརྗོད་པས་མངོན་སུམ་དུ་མཐོང་བར་བལྟའོ། །འཇུག་པའོ། །དེ་ནས་མཎྜྻལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། མཆོད་སྦྱིན་ཇི་ལྟར་བསྩལ་བ་ལྟར། བདག་ཀྱང་རབ་ཏུ་སྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་རྩོལ། །རྣམ་རྒྱལ་ཀྱི་བུམ་པ་དང་སློབ་མ་སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་དེ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་ཅིང་ཕྱག་རྒྱ་དྲུག་གིས་བརྒྱན་ཞིང་དར་དང་རིན་པོ་ཆེས་སྤྲས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ས་བོན་དེ་ལས་རང་འདྲ་བའི་ཡེ་ཤེས་པ་ཆ་གཉིས་གདན་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བུམ་རྫས་དང་སློབ་མ་ལ་ཡེ་ཤེས་པ་ཐིམ། བུམ་པའི་ལྷ་འོད་དུ་ཞུ་བའི་བུམ་ཆུར་གྱུར། །དེ་བཞིན་གཤེགས་པ་རྣམས་ཀྱི་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱི་རིན་པོ་ཆེའི་བུམ་པ་དམ་ཚིག་གི་ཆུས་གང་བས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི་བགེགས་རིང་དུ་སྐོད་པར་མཛད་དེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། མི་བསྐྱོད་པའི་རང་བཞིན་ཆུའི་རྒྱུན་ཀྱིས་ལུས་བཀྲུས་པས་རྣམ་པར་ཤེས་པའི་ཕུང་པོ་དང་ཆུའི་ཁམས་ཉོན་མོངས་པ་གཏི་མུག །དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། དེ་བཞིན་སློབ་མ་དང་ཅོད་པན་ཏྲཾ་ལས་རིན་ཆེན། དེ་ལས་རྡོ་རྗེ་ཉི་མ་དམར་པོ་རིན་པོ་ཆེ་དང་རིན་ཆེན་རྡོ་རྗེ་དྲིལ་བུ་འཛིན་པ་ཅོད་པན་དང་སློབ་མ་ལ་ཐིམ། དབང་རྫས་ཀྱི་རིན་འབྱུང་འོད་དུ་ཞུ་བ་ཅོད་པན་དུ་གྱུར། དེ་བཞིན་གཤེགས་པ་ནས། རིག་པའི་ལྷ་མོ་རྣམས་ཀྱིས་དར་དཔྱངས་དང་བཅས་པའི་རིན་པོ་ཆེའི་ཅོད་པན་གྱིས་དབང་སྐུར། ཙམ་ལས་གཞན་འདྲ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའི། སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་བརྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནི་ཡེ་ཧཱུྃ། ཞེས་བཀོན། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཅོད་པན་གྱིས་དབང་བསྐུར་བས། ཚོར་བའི་ཕུང་པོ་དང་། ནམ་མཁའི་ཁམས་དང་། ཉོན་མོང་པ་ང་རྒྱལ་ལོ། དེའི་དབང་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། །རྡོ་རྗེ་དང་སློབ་མ་སྲཱིཿལས་པདྨ་དེ་ལས་སྣང་བ་མཐའ་ཡས་མཐིང་ཀ་པདྨ་དང་པདྨའི་དྲིལ་བུ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་རྡོ་རྗེ་ལགས་གཡས་སུ་སྦྱིན། །སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེའི་དབང་བསྐུར་བས་འདུ་ཤེས་ཀྱི་ཕུང་པོ་དང་། མེའི་ཁམས། ཉོན་མོངས་པ་འདོད་ཆགས། སོ་སོར་རྟོག་པའི་ཡེ་ཤེས། སློབ་མ་དང་དྲིལ་བུ་ཁཾ་ལས་སྣ་ཚོགས་རྡོ་རྗེ། དེ་ལས་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེའི་དྲིལ་བུ་འཛིན་པ། འདི་ནི་རྣལ་འབྱོར་མ་ཀུན་གྱི། ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །གཡོན་དུ་སྦྱིན། དོན་ཡོད་གྲུབ་པའི་རང་བཞིན་དྲིལ་བུའི་དབང་བསྐུར་བས་འདུ་བྱེད་ཀྱི་ཕུང་པོ་དང་། རླུང་གི་ཁམས། ཉོན་མོངས་པ་ཕྲག་དོག །བྱ་བ་གྲུབ་པའི་ཡེ་ཤེས། དེ་ནས་སློབ་མ་བྷྲུཾ་ལས་འཁོར་ལོ་དེ་ལས་རྣམ་པར་སྣང་མཛད་སེར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ། དཔའ་བོ་ལག་ཏུ་རྡོ་རྗེ་དྲིལ། །བཟུང་ངོ་འཁོར་ལོ་གསུམ་བདག་ཉིད། །རང་བཞིན་གྱིས་མཛེས་དགའ་བ་ནི། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། །དེས་རྡོར་དྲིལ་བསྣོལ་ཐབས་སུ་བཟུང་བཅུག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཆེ་གེ་མོ་བཛྭ་ཧྶཾ་ཨ་བྷི་ཥིཉྩྨ་མཱི་སྭཱ་ཧཱ། རྣམ་པར་སྣང་མཛད་ཀྱི་རང་བཞིན་མིང་གི་དབང་བསྐུར་བས། གཟུགས་ཀྱི་ཕུང་པོ་དང་སའི་ཁམས། །ཉོན་མོངས་པ་གཏི་མུག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་གཉིས་སུ་མེད་པའི་ཐུགས་ཀ་ནས་སྔགས་ཀྱི་འཕྲེེང་བ་བྱུང་། ཞལ་ནས་ཐོན་སློབ་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བའི་ཞལ་ནས་ཞུགས་ཏེ་སྙིང་གའི་ས་བོན་དང་སྔགས་ཀྱི་འཕྲེང་བ་ལ་རིིམ་པ་བཞིན་ཐིམ་པའི་མོས་པ་གྱིས་བྱས་ལ་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་རྩ་བའི་སྔགས་སམ་འཕྲེང་བའི་སྔགས་ཀྱི་བཟླས་ལུང་སྦྱིན། རྡོ་རྗེ་དང་མེ་ཏོག་སྤྱི་བོར་བཀོད་དེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་ཡི་ནི་ཡེ་ཤེས་མཆོག །སངས་རྒྱས་ཐམས་ཅད་བསྡུས་པ་ནི། །ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཅང་། །ཞེས་སྔགས་དབང་བསྐུར། །རྡོ་རྗེ་གཏད། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་ཡི་བརཏལ་ཞུགས་བསྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྭ་ས་མ་ཡ་ཧྶཾ །ཏིཥྛ་ཨེ་ཀ་ཡ་ཧྶཾ་དྷ་ར་ཡ་མི་ཨོཾ་ཧ་ཧ་ཧ་ཧི། རྡོ་རྗེའི་བརཏལ་བཞུགས །དེ་ནས་ཁ་ཏྭཾ་ཐོད་པ་ཅང་ཏེའུ་ཕྱག་རྒྱ་དྲུག་སྦྱིན་ནས། སྣ་ཚོགས་བསམ་པའི་བྱེ་བྲག་གིས། །གང་གིས་སྤྱོད་པ་རྣམ་དག་པ། །འདོད་ལ་ཐུགས་རྗེའི་གཙོ་བོ་ཡིས། །སེམས་ཅན་དོན་ནི་བྱེད་པའི་ཐབས། །ང་ཡིས་སྤྱོད་པའི་བརཏལ་ཞུགས་སྦྱིན། །ལག་པ་གཡོན་པས་ཆོས་གོས་ཀྱི་སྣ་རི་དགས་ཀྱི་རྣ་བ་ལྟར་བྱས་ཏེ་བཟུང་གཡས་མི་འཇིགས་པ་སྦྱིན་པས། འདི་ལྟར་ང་ཡིས་ལུང་བསྟན་ཏེ། །འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད། །རང་ཉིད་སངས་རྒྱས་ཀུན་རང་བཞིན། །ཧེ་རུ་ཀ་དཔལ་ཞེས་བྱ་བའི། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ཌཱ་ཀི་ནཱ་མ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧྶཾ་བྷུར་བྷུ་ཝཿསྭཿལུང་བསྟན། ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་རྣམ་རྒྱལ་བའི། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་དབུགས་དབྱུང་། །དེ་ནས་མཎྜྻལ་ཕུལ། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་སྩོོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་དེ་རིང་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། སློབ་མ་སེངྒེའི་ཁྲི་ལ་བཀོད། གདུགས་ཕུབ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་བསྐྱེད། གནས་གསུམ་བྱིན་གྱིས་བརླབ་གོ་བསྐོན་སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོོས། འཁོར་ལོོ་སྡོམ་པའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སྤྱན་དྲངས། རྡོ་རྗེ་སེམས་དཔའ་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ལྔས་རྣམ་པར་རྒྱལ་བའི་བུམ་པ་ཧེ་རུ་ཀའི་རང་བཞིན་གྱི་ཆུས་དབང་བསྐུར། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱིས་མཆོད་པ་འབུལ། སྒོ་མཚམས་ཀྱི་ཁྲོ་མོ་རྣམས་ཀྱིས་གེགས་སྐྲོད་པའི་བྱ་བ་མཛད་བཞིན་པས། རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་རྣམ་རྒྱལ་གྱི་བུམ་པ་སྤྱི་བོར་བཀོད། །བདུད་རྩིའི་རང་བཞིན་གྱི་ཆུའི་རྒྱུན་ལུད་པ་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ལུས་ཀྱི་དྲི་མ་བག་ཆགས་དང་བཅས་པ་དག །བུམ་པའི་དབང་ཐོབ། ལམ་བསྐྱེད་རིིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཆུ་ལྷག་མ་གྱེན་དུ་འཁྱིལ་བ་མི་བསྐྱོད་པའི་དབུ་རྒྱན་དུ་གྱུར། །ལྷ་ཚོགས་ཐམས་ཅད་དེ་དང་གཉིས་སུ་མེེད་པར་ཐིིམ་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོོར་གྱུར་པར་བསམས་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྭ་ཡེ་སྭཱ་ཧཱ། དེ་ལ་སྣ་ཚོགས་པའི་མཆོད་པས་མཆོད་པར་བྱའོ། །དེ་ནས། དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་ཉིད་ཤེས་པ་དེ་ནས་ནི། །དཔའ་བོ་འདོད་པ་ལྔ་སྤྱོད་དོ། །བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་ཀུན་གྱི་དངོས། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་མཆོད་བྱ། །རྟེན་ཅིང་འབྲེལ་པར་འབྱུང་ཆོས་ཅན། །སེམས་ཅན་རྒྱུ་ཡི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་ཕྱིར་མི་ལྡོག་པའི་དབང་ངོ་། །དེ་ནས། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱབས། །དཔལ་ལྡན་འཁོར་ལོ་སྡོམ་པ་ནི། ལྟོས་མེད་ཐུགས་རྗེ་ཆེན་པོ་ཡིས། །བདག་ཅག་རྣམས་ཀྱི་མགོན་མཛོད་ཅིག །ཀྱེ་ཧོ་མགོན་གཙོ་ཁྱེད་རྣམས་ཀྱིས། །ཐེག་ཆེན་ཏིང་འཛིན་ཇི་ལྟ་བ། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །དེ་ནས་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པས་ཡབ་ཡུམ་གྱི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ལ་ཁྱབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ལྷ་ཐམས་ཅད་གསང་གནས་སུ་འདུས་རྡོ་རྗེའི་ལམ་དང་ཟེ་བ་ནས་བྷ་གར་བབས་པ་གསང་བ་དེ་ནས་ལྕེ་ཐོག་ཏུ་སྦྱིན་པར་མོས་ཏེ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེ་རིང་བུ་ཁྱོད་དབང་བསྐུར་རོ། །ཞེས་ཁས་ཨ་ཧོ་མ་ཧཱ་སུ་ཁ་ཞེས་མྱང་ངོ་། །དེ་ནས་བླ་མས། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་ཆེན་པོ་རྨད་བྱུང་བ། །ཁམས་ལྔ་ལས་བྱུང་བཅུད་ཀྱི་ལེན། །བདེ་བ་ཆེན་པོས་མྱང་བར་གྱིས། །ཞེས་དམ་ཚིག་ཕོག །དེས་ངག་གི་དྲི་མ་དག །ལམ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསང་དབང་ངོ་། །དེ་ནས་མཎྜྻལ་དང་། །སྔར་བཞིན་གསོོལ་བ་བཏབ། །སློབ་མ་གཙོ་བོར་བསྐྱེད། །ཕྱག་རྒྱ་རྡོ་རྗེ་ཕག་མོ། དེའི་ལག་པ་ནས་བླ་མས་བཟུང་སྟེ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། བདེ་བ་མཐའ་ཡས་སྟེར་བྱེད་མ། །བླངས་ནས་བུ་ཡིས་དུས་ཀུན་ཏུ། །བླ་ན་མེད་པའི་མཆོད་པ་གྱིས། །ཞེས་གཏད། །ཕྱག་རྒྱ་དེས། དཔའ་བོ་བུ་ཁྱོད་ཅི་ལ་སྤྲོ། །བྱང་ཆུབ་སེམས་ནི་བཟའ་བ་དང་། །རིགས་ལྔ་ལས་ནི་རབ་ཏུ་བྱུང་། རིག་མ་གུས་པས་ཡང་དག་མཆོད། །གཤང་གཅི་སྟོབས་དང་དྲི་ཆེན་སོགས། །དེ་ནི་སོ་སོར་བཟའ་བ་དང་། །གཞན་ཡང་མཛེས་པའི་དམ་ཚིིག་རྣམས། །ཇི་ལྟར་སྤྲོོ་བ་བུ་ཡིས་སྨྲོས། །ཞེས་དྲི་བ་ལ། ཇི་ལྟར་གསུངས་པའི་དམ་ཚིག་རྣམས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །དམ་ཚིག་ཐམས་ཅད་བསྐྱང་བའི་ཕྱིར། །པདྨ་རྟག་ཏུ་ཅིས་མི་མཆོད། །དེ་ནས་དེ་རང་གི་བྷ་ག་རྒྱས་པ་ལག་གིས་ཕྱེ་སྟེ་བྷཉྫྱ་མོ་ཀྵ་ཧོ་ཞེས་བརྗོད་ཅིང་། དེའི་ནང་གི་རྩ་སོར་མོས་བསྐུལ་ཏེ། མཁའ་སྲཱིཿལས་པདྨ་དང་། ཟེའུ་འབྲུ་ཨཿམཚན་པ། རྟགས་ཧཱུྃ་ལས་རྡོ་རྗེ་དང་ནོར་བུ་ཨོཾ་གྱིས་མཚན་པ། ཕཊ྄་ཀྱིས་གཉིས་ཀའི་ཐིག་ལེ་རྒྱུ་བའི་བུ་ག་བཀག་པར་བསམས་ཏེ། སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱའོ། དེས་དབང་གསུམ་པ་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བླ་མས། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །མི་འདྲ་སེམས་ཅན་ཐམས་ཅད་ཀྱི། །དོན་གྱི་བདག་ཉིད་ཀུན་གྱིས་ཤིག །གསུམ་པའོ། །དེ་ནས་ཁྱོད་ཞབས་པདྨའི་བཀྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། དེ་རིང་རིན་ཆེན་བཞི་པ་ཡང་། །བཀྲིན་གྱིས་ནི་བསྐྱང་དུ་གསོལ། །གསོལ་བ་གདབ། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །སྐུ་དང་གསུམ་དང་ཐུགས་ཀྱི་ལས། །རྣམ་ཀུན་མཆོག་གི་སྡོམ་པའོ། །སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །ལྟར་མེད་བརྗོད་དུ་མེད་པའོ། །ཞེས་ཚིག་གིས་བརྡ་སྤྲད་པ་བཞི་པའོ། །དབང་བཞི་པ་ཐོབ། ཡེ་ཤེས་ཤེས་ཀྱི་དྲི་མ་དག ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། །འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་ནས། འདི་ནི་རང་ཉིད་མཛེས་པ་སྟེ། །བསྐྱེད་པའི་རིིམ་པའི་བསྒོམ་པ་ཡི། །མན་ངག་ལས་ནི་འདི་མི་ཤེས། །རིག་པ་འདི་ནི་དོར་བྱས་ནས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །བརཏལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །རིག་མའི་བརཏལ་ཞུགས་བུ་ཡིས་སྤྱོད། །རིག་མའི་བརཏལ་ཞུགས་སོ། །དེ་ནས་ཡོན་ཕུལ་དགའ་བ་བརྗོད་པར་བྱའོ། །དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་སོ། །སྟ་དགོན་དང་འཇུག་པ་དཀྱིལ་འཁོར་རྒྱས་པས་ཁ་བསྐང་ནས། །བཅུ་གསུམ་མའི་དབང་བསྡུས་པར་ཡང་འགྱུར་རོ། །ཞེས་པདྨ་དཀར་པོས་སྦྱར་བའོ།། །།


previousསྙན་རྒྱུད་ལས་ལུས་དཀྱིལ་གྱི་དབང་ཆོགnext