Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས།next

བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས།

བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་བཞུགས་སོ། །བདེ་མཆོག་ལྷན་སྐྱེས་ཀྱི་རང་བྱིན་གྱིས་བརླབ་པའི་སྒྲུབ་ཐབས། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །དངོས་མིན་དངོས་མེད་མ་ཡིན་མཁའ་ལྟར་རོ་མཉམ་རྟོགས་པར་དཀའ་བའི་རང་བཞིན་ཅན། །གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕུན་ཚོགས་ཕན་པ་འབྱུང་བའི་གནས། །གཉིས་མེད་བདེ་མིན་བཅོམ་ལྡན་ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཐུབ་པའི་དབང་པོ་ཐུགས་རྗེ་རྒྱས་ཤིང་བར་ཆད་མེད་པར་གཞན་དོན་རྫོགས་མཛད་རྒྱལ། །འདིར་འཁོར་ལོ་སྡོམ་པ་ལྷན་སྐྱེས་ཀྱི་རང་བྱིན་བརླབ་བསྒོམ་པར་འདོད་པའི་རྣལ་འབྱོར་པས་དབང་བསྐུར་བ་ལེགས་པར་ཐོབ་ཅིང་། དམ་ཚིག་དང་ལྡན་པས་དུར་ཁྲོད་ཆེན་པོའམ། དབེན་ཞིང་ཡིད་དུ་འོང་བར་སྟན་བདེ་བ་ལ་བསམ་གཏན་གྱི་བྱེད་ཆིངས་ཀྱིས་འདུག་སྟེ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་ཁམས་གསུམ་སྲིད་པ་ཐམས་ཅད་ཀྱི་མི་བཟད་པའི་སྡུག་བསྔལ་རྣམས་བསལ་ནས་བདེ་བ་ཆེན་པོ་ལ་དགོད་པའི་ཕྱིར་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ། །དེའི་ཆེད་དུ་བདག་གིས་དཔལ་བདེ་མཆོག་གི་རང་བྱིན་གྱིས་བརླབ་པའི་མན་ངག་བསྒོམ་པར་བགྱིའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་བྱ། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་བྱ་སྙམ་པའི་གནས་བཞི་རིང་དུ་བསྒོམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦདྷརྨཱཿསྭ་བྷ་ཝ་ཤུདྡྷཱོཧཾ། ཞེས་བྱ་བའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས། གཟུང་བ་མེད་པར་དེར་འཛིན་པའི་སེམས་ཀྱང་མེད་དོ། །ཞེས་ཆོས་ཐམས་ཅད་ཐོག་མ་མེད་པ་ནས་རང་བཞིན་གྱི་རྣམ་པར་དག་པའི་སྟོང་པ་ཉིད་དུ་ཡུད་ཙམ་གྱིས་སྔོན་དུ་བྱའོ། །དེའི་རྗེས་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཉིད་ཀྱི་ངང་ལས། སྐད་ཅིག་གིས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རིའི་རྒྱལ་པོ་རི་རབ་ཟུར་བཞི་པའི་སྟེང་དུ་སྣ་ཚོགས་པདྨ། ལྟེ་བ་དང་ཟེའུ་འབྲུར་ལྡན་པའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བཅོམ་ལྡན་འདས་རྗེ་བཙུན་དཔལ་ཧེ་རུ་ཀ་སྐུ་མདོག་ཟར་མའི་མེ་ཏོག་གསལ་བ་ལྟ་བུ། ཞལ་གཅིག་པ། སྤྱན་གསུམ་པ་ཤེས་རབ་མ་ལ་འཁྱུད་པའི་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། གཡས་བརྐྱང་བས་འཇིགས་བྱེད་ཆེན་པོ་དང་དུས་མཚན་མ་མནན་པ། མཆེ་བ་གཙིགས་ཤིང་ཞལ་རྣམ་པར་འགྱུར་བ། རལ་པའི་ཅོད་པན་དང་སྤྱི་གཙུག་ནོར་བུས་བརྒྱན་པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དབུ་ལ་འཛིན་པ། མི་བསྐྱོད་པའི་དབུ་རྒྱན་ཅན། གསུམ་ཁུགས་སུ་འཁྱོག་ཅིང་དགྱེས་པའི་ཆ་བྱད་ཅན་གྱི་དར་དཔྱངས་ཀྱི་ཅོད་པན་ཅན་གྱིས་མཛེས་པར་བྱས་པ་ཐོད་པའི་འཕྲེང་བའི་ཐོད་ཅན། སྒེག་པ་ལ་སོགས་པའི་གར་གྱི་ཉམས་དགུ་དང་ལྡན་པ། སྟག་གི་པགས་པའི་ན་བཟའ་འཛིན་པའི་མཆོག མི་མགོ་རློན་པའི་དོ་ཤལ་གྱིས་སྐུ་ལ་བརྒྱན་པ། དྲི་མ་མེད་པའི་འོད་ཀྱི་འཕྲེང་བ་ཅན་ཕྱག་རྒྱ་དྲུག་དང་ལྡན་པའོ། །དེའི་མདུན་ན་བཅོམ་ལྡན་འདས་མ་དཔལ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཞོན་ཞིང་མཛེས་པ་ལང་ཚོ་དང་ལྡན་པ་ཞལ་གཅིག་སྤྱན་གསུམ་མ། ཕྱག་གཡས་པས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཀྱིས་གདུག་པ་ཅན་ཐམས་ཅད་བསྡིགས་པ། ཕྱག་གཡོན་ཡབ་ལ་འཁྱུད་པས་བདུད་བཞི་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། དཔྲལ་བའི་མཚམས་སུ་ཐོད་པ་ལྔས་བརྒྱན་པ། དབུ་སྐྲ་ནག་པོའི་ཚོགས་གྲོལ་བ། ནམ་མཁའི་ན་བཟའ་མནབས་པ། ཕྱག་རྒྱ་ལྔ་དང་ལྡན་པ་མི་མགོ་སྐམ་པོའི་འཕྲེང་བ་ཅན་གཡས་ཀྱི་བྱིན་པས་བཅོམ་ལྡན་འདས་ལ་འཁྱུད་ཅིང་གཡོན་བརྐྱང་བ། བདེ་བ་ཆེན་པོའི་བདག་ཉིད་ཅན། དེ་ལྟ་བུ་དང་སྙོམས་པར་ཞུགས་པའི་དགའ་བས་བརྒྱན་པའི་བཅོམ་ལྡན་འདས་བསྐལ་པའི་མེ་འབར་བའི་གཟི་བརྗིད་ཆེན་པོ་དང་ལྡན་པ། ཐུགས་ཀའི་ཆུ་སྐྱེས་དང་ཉི་མ་ལ་བཞུགས་པའི་ཧཱུྃ་གི་དེ་ཉིད་ཁ་དོག་སྔོན་པོ་རྡོ་རྗེ་སེམས་དཔའི་རང་བཞིན་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་ཅན་དང་ལྡན་པའི་སྐུར་བདག་ཉིད་བསྒོམ་པར་བྱའོ། །དེ་ཡང་སྒྱུ་མ་བཞིན་དུ་རབ་ཏུ་གསལ་བར་ཡུན་རིང་དུ་བལྟ་བར་བྱའོ། །དེ་ལས་སྐྱོ་བར་གྱུར་ན་ས་བོན་ལ་བསྐོར་བའི་སྔགས། ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄། ཅེས་བྱ་བ་མང་དུ་བཟླའོ། །དེའི་ཚེ་ཡིད་ཀྱི་ས་བོན་སྔགས་འཕྲེང་གི་འོད་ཟེར་ལས་བདེ་མཆོག་དཔག་ཏུ་མེད་པ་སྤྲོས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་སེམས་ཅན་གྱི་དོན་བྱས། སླར་ཡང་རང་ལ་བསྡུས་ཤིང་བསྒོམ་མོ། །གཞན་དུ་བཤད་པ་བཞིན་གྱི་དོ་ལིའི་བཟླས་པ་ཡང་འགལ་བ་མེད་པར་བསམ་མོ། །དེ་ནས་རང་གི་ཐུགས་ཀ་འདི་ནི་བསམ་བྱར་བགྱིས་ཀྱང་རུང་གི ཡིན་ཀྱང་ངག་འདོན་ཡང་རུང་ངོ་།། ན་གནས་པའི་ཧཱུྃ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་དེའི་སྣང་བས་བརྟན་པ་དང་གཡོ་བའི་རང་བཞིན་ཅན་གྱི་འཇིག་རྟེན་གྱི་ཁམས་མཐའ་དག་འོད་ཀྱི་རང་བཞིན་དུ་བྱས་པ་བཅོམ་ལྡན་འདས་མ་ལ་ཐིམ། དེ་སྙིང་རྗེ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་ལའོ། །དེ་གདན་དང་བཅས་པ་སྙིང་གའི་ཉི་མའི་ཧཱུྃ་ལའོ། །དེ་དོན་ཡོད་གྲུབ་པའི་ངོ་བོ་ཨཱུའི་ཡི་གེ་ལའོ། །དེ་སྣང་བ་མཐའ་ཡས་ཀྱི་ངོ་བོ་ཧ་ཡི་གེ་ལའོ། །དེ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་མགོ་བོའི་རི་མོ་ལའོ། །དེ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཟླ་ཚེས་ལའོ། །དེ་མི་བསྐྱོད་པའི་ངོ་བོ་ནཱ་ད་དང་བཅས་པའི་ཐིག་ལེ་ལའོ། །དེ་ནཱ་ད་ལའོ། །དེ་ཡང་རིམ་གྱི་ཕྲ་བར་གྱུར་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་ཆོས་ཀྱི་སྐུ་འོད་གསལ་བ་སྟོང་པ་ཉིད་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་ལྟ་བར་བྱའོ། །སླར་ཡང་གདུལ་བྱའི་བསོད་ནམས་དང་རང་གི་སྨོན་ལམ་གྱི་ཤུགས་ཀྱིས་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་བཞེངས་ཏེ། དེ་ལས་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་འཕྲོས་ནས་སེམས་ཅན་གྱི་ཁམས་མཐའ་ཡས་པའི་དོན་བསྒྲུབ་བར་བྱའོ། །མཆོག་གི་བསྐྱེད་པའི་རིམ་པ་ལ་གནས་པའི་ལས་དང་པོ་པས། དེ་ཐམས་ཅད་ཡང་དང་ཡང་དུ་བསྒོམ་པར་བྱའོ། །འབྲིང་གིས་ཟུང་དུ་འཇུག་པའི་ལོངས་སྤྱོད་རྫོགས་པའི་སྐུར་སྐད་ཅིག་གིས་འོད་གསལ་དུ་ཞུགས་པ་ལས་ལྡང་བར་བྱའོ། །མཆོག་གིས་ནི་ལངས་པ་ཉིད་ན་ཟུང་དུ་འཇུག་པའི་བདག་ཉིད་དུའོ། །འདི་ཉིད་ལྷུན་གྱི་གྲུབ་པར་བསྒོམ་པ་ན་མཆོག་གི་མཆོག་སྟེ། འདིས་རབ་ཀྱི་མཐར་ཐུག་པ་ཟུང་དུ་འཇུག་པའི་ངོ་བོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཐུན་མཚམས་གཏོར་མའི་རྣལ་འབྱོར་བྱེད་ན་འདི་ལྟར། གཏོར་མ་སྭ་བྷ་ཝས་སྦྱངས་ལ། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཨཱཿཧཱུྃ་ལས་ཐོད་པའི་སྒྱེད་བུ་གསུམ་གྱི་ཁར། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར། ཧཱུྃ་ཨོཾ་ཁཾ་ཨཾ་ཏྲཾ་དང་། བཱཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རང་རང་གི་ས་བོན་གྱིས་མཚན་པ། རླུང་གིས་བསྐྱོད། མེ་སྦར། སྐོལ་བས་ས་བོན་དང་བཅས་པའི་རྫས་རྣམས་བཞུ། དེའི་ཁར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་གྱུར་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་ཧཱུྃ་གིས་མཚན་པ། དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་པ་དེ་དག་ཀྱང་འོད་དུ་ཞུ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར། རང་གི་སྙིང་གའི་འོད་ཀྱིས་བདེ་མཆོག་ལྷན་ཅིག་སྐྱེས་པ་ལ་དུར་ཁྲོད་བརྒྱད་ཀྱི་བསྐོར་བ་སྤྱན་དྲངས།བཛྭ་ས་མ་ཡ་ཛཿ མགྲོན་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པའི་རྣམ་པའི་འོད་ཟེར་གྱི་བུ་གུས་གསོལ་བར་གྱུར། ཨོཾ་བཛྭ་ཨཱ་ར་ལི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྭ་ཌཱ་ཀི་ནཱི་ས་མ་ཡ་ཧྶཾ་དྲྀཥྱ་ཧོཿཞེས་པས། འཇིག་རྟེན་ལས་འདས་པ་རྣམས་ལ་འབུལ་ལ། སྲིད་དང་ཞི་བ་མཉམ་པར་ཆགས་པ་བཅོམ་ཞིང་ཀུན་ཏུ་རྟོག་པ་འཇོམས། །ཁྱོད་ཀྱིས་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་དཔྱིད་ཀྱིས་བརླན་པར་གྱུར་བའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ས། བྷུ་ཏ། པྲེ་ཏ། པི་ཤཱ། ཙོནྨ་དཱ། པསྨཱ་ར། ཌཱ་ཀ་ཌཱ་ཀི་ནྱ་ད་ཡཿཨི་དཾ་བ་ལིཾ་གྲྀནྟུ། ས་མ་ཡ་རཀྵནྟུ། སརྦ་སིདྡྷི་མྨེ། པྲ་ཡཙྪནྟུ། ཡ་ཐཻ་བཾ། ཨ་ཐེཥྚཾ། བྷུཉྫྱ་ཐ། ཁཱ་ད་ཐ། པི་པ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀྵརྟ་ཡཱ་སཏྶུ་ཁཾ་བི་ཤུདྡྷ་ཡེ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ྄་སྭཱཧཱ། དུར་ཁྲོད་པ་རྣམས་ལའོ། །དེ་ནས་ཡིག་བརྒྱའི་སྔགས་ཀྱིས་ལྷག་ཆད་བསྐང་། མགྲོན་རྣམས་བཛྭ་མུཿགཤེགས་པར་བྱེད། རྣལ་འབྱོར་གཞན་རྣམས་རྗེ་གྲུབ་ཐོབ་གླིང་གི་དེ་ཉིད་བཅུ་པར་བལྟའོ། །སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ལུགས་ཀྱི་རང་བྱིན་གྱིས་བརླབ་པའི་མན་ངག ཨ་བྷ་ཡ་དང་། དཔལ་རྒྭ་ལོའི་གསུང་། རྗེ་གྲུབ་ཐོབ་ཆེན་པོ་དང་། འགྲོ་བའི་མགོན་པོ་ཡབ་སྲས་ཀྱི་ཕྱག་བཞེས་གཙང་མ་འདི་ཉིད། དགེ་སློང་པདྨ་དཀར་པོས་ས་སྐྱོང་ཆེན་པོ་དོན་གྲུབ་རྡོ་རྗེ་དཔལ་བཟང་པོའི་ཐུགས་དམ་དུ་ཕུན་ཚོགས་ནོར་བུའི་གླིང་དུ་སྦྱར་བ་རེ་ཞིག་རྫོགས་སོ། །མངྒ་ལཾ།། །།


previousབདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས།next