Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
སྙན་བརྒྱུད་ཡབ་བཀའ་བདེ་མཆོག་ལུས་དཀྱིལ་དུ་དབང་བསྐུར་བའི་ཟིན་བྲིས་འཇུག་བདེའི་ལམ་བཟང་།
   
   
   
   
   
   
   
   
   
   
   
   
   


 
previousསྙན་བརྒྱུད་ཡབ་བཀའ་བདེ་མཆོག་ལུས་དཀྱིལ་དུ་དབང་བསྐུར་བའི་ཟིན་བྲིས་འཇུག་བདེའི་ལམ་བཟང་།next

སྙན་བརྒྱུད་ཡབ་བཀའ་བདེ་མཆོག་ལུས་དཀྱིལ་དུ་དབང་བསྐུར་བའི་ཟིན་བྲིས་འཇུག་བདེའི་ལམ་བཟང་།

སྙན་བརྒྱུད་ཡབ་བཀའ་བདེ་མཆོག་ལུས་དཀྱིལ་དུ་དབང་བསྐུར་བའི་ཟིན་བྲིས་འཇུག་བདེའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །བླ་མ་དང་གཉིས་སུ་མེད་པའི་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །ནམ་མཁའི་རྡོ་རྗེ་བདེ་ཆེན་འགྱུར་མེད་སྐུ། །སྲིད་ཞིའི་དངོས་ཀུན་སྟོང་ཆེན་འཁོར་ལོ་རུ། །སྡོམ་མཛད་བླ་མ་ཧེ་རུ་ཀར་བཏུད་ནས། །ལུས་དཀྱིལ་སྨིན་བྱེད་ལག་ལེན་འདིར་དབྱེའོ། འདིར་དཔལ་ཧེ་རུ་ཀ་ལུས་ཀྱི་དཀྱིལ་འཁོར་དུ་སྒྲུབ་པར་བྱ་བའི་འཇུག་སྒོ་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ཅུང་ཟད་གསལ་བར་བྱ་བ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ཡོ་བྱད་ཀྱི་རིམ་པ། དཀྱིལ་འཁོར་གང་དུ་བྱ་བའི་གནས་ཉེ་བར་བརྒྱན་ལ། དམ་ཚིག་གི་བྲིས་སྐུ་སོགས་བཀྲམ་པའི་མདུན་དུ་བདེ་མཆོག་གཙོ་བོ་ལྔ་པའི་བདག་ཉིད་ཅན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་རམ། ཡང་ན་གཙོ་བོ་ལྔའི་འབྲུ་ཚོམ་བཀོད་པ་བཤམས་པས་ཀྱང་འཐུས་པར་གསུངས། དེའི་མདུན་དུ་རྣམ་བུམ། དུང་ཆོས་གཟུངས་རྡོར་ལྡན་པ་དང་། ཤར་སྒོའི་གཡོན་དུ་ལས་བུམ། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། ལྷོར་བདུད་རྩི་རིལ་བུ་སྦྱར་བའི་གསང་དབང་གི་ཐོད་ཆང་། ནུབ་ཏུ་རིག་ཙཀ་དང་། གཞན་ཡང་མེ་ལོང་མིག་ཐུར་སོགས་དབང་གི་རྫས་རྣམས་གང་བདེར་བཤམས། འཇིག་རྟེན་འདས་མ་འདས་ཀྱི་གཏོར་མ་དང་། ཚོགས་ཀྱི་ཡོ་བྱད་ཕྱི་གཏོར་སོགས་དགོས་པའི་ཡོ་བྱད་ཚོགས་པར་བྱས་ལ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ། ཅང་ཏེའུ། བདུད་རྩི་རིལ་བུ་སྦྱར་བའི་ནང་མཆོད་སོགས་འདུ་བྱ། སྟན་བདེ་བར་འཁོད་ལ། དངོས་གཞི་བདག་མདུན་ཕྱི་གཏོར། བུམ་བསྐྱེད། བདག་འཇུག ཚོགས་མཆོད་བཅས་སྒྲུབ་མཆོད་ལྟར་ལེགས་པར་གྲུབ་ནས། གསོལ་བ་གདབ་ཅིང་གནང་བ་ནོད་པ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་བ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །དེ་བཞིན་ཁོ་ན་ཉིད་ལས་སྐྱེས། །བདེན་པ་དེ་ཡི་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་བརྗོད། དེ་ནས་དབང་བསྐུར་བ་ལ་སྔོན་དུ་དཀྱིལ་འཁོར་དུ་འཇུག་པ་དང་། ཕྱིས་ནས་དབང་བསྐུར་བ་གཉིས་ལས། དང་པོ་དཀྱིལ་འཁོར་ཡོལ་བས་བཅད་པའི་ཕྱི་རོལ་དུ་གཞུག་པར་འོས་པའི་སློབ་མ་རྣམས་བོས་ལ། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པས་ཁྲུས་བྱ། ནང་དུ་འོངས་ནས་ཕྱག་བཙལ་ཞིང་གུས་པས་འཁོད་པ་ལ་མཎྜྻལ་བཀྱེ་བསྡུ་བྱ། བགེགས་ཀྱི་གཏོར་མ་ཆབ་ཀྱིས་བྲན་ལ། གཏོར་མ་ཨོཾ་གྱིས་སྦྱངས། ཨཱཿས་ཡིད་དང་མཐུན་པར་མང་པོར་སྤེལ། ཧཱུྃ་གིས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབས། ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། སྲུང་བའི་འཁོར་ལོ་རབ་སྦྱོར་བས། །ལུས་སྲུལ་ལ་སོགས་གང་ཅི་ཡང་། །བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། །ཅི་སྟེ་ངས་བསྒོ་སུ་ཞིག་འདའ། །རྡོ་རྗེ་བདག་པོ་སྐུ་ཡིས་ནི། །ལུས་སྲུལ་ལས་སྐྱེས་འགས་བྱས་ཏེ། །འདིར་ནི་བརླག་འགྱུར་གཞན་དུ་མིན། །ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་དཔལ་ཧེ་རུ་ཀ་མངོན་པར་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོར་འཇུག་ཅིང་དབང་ཞུ་བར་བྱེད་པ་ལ་བར་དུ་གཅོད་པར་བརྩམ་པ་གང་སུ་ཡང་རུང་བ་ས་ཕྱོགས་འདི་ན་གནས་པའི་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། རྗེད་བྱེད་དང་། འབྱུང་པོ་དང་། ནམ་མཁའ་ལྡིང་དང་མིའམ་ཅི་དང་རིག་པ་འཛིན་པ་ལ་སོགས་པ་རྒན་པོ་དང་རྒན་མོ་དང་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག འདི་ལྟར་རྡོ་རྗེ་འཛིན་པའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག གང་དག་མི་འགྲོ་བ་དེ་དག་ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ་ཧཱུྃ་ཀ་ར་ཤིན་ཏུ་ཁྲོས་པ་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་ནས་རབ་ཏུ་འབར་བས་མགོ་བོ་ཚལ་བ་བརྒྱར་འགས་པར་གྱུར་ཏ་རེ། ཅེས་བརྗོད། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་བཞིན་ཞལ་བཞི་པའི་སྔགས་ཀྱིས་བསྐྲད། ཡུངས་ཐུན་འཐོར་ཞིང་། གུ་གུལ་བདུག གཏོར་མ་ཕྱིར་དོར་རོ། །དེ་ནས་ཐུགས་ཀ་ནས་སྤྲོས་པའ་ིཧཱུྃ་ཡོངས་སུ་གྱུར་པ་ལས། ཨོཾ་མེ་དཱི་ནི་སོགས། ཅེས་བསྲུང་བའི་འཁོར་ལོས་བཅིང་། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་གསུང་བར་བྱ་སྟེ། འོ་ནམ་མཁའི་མཐའ་དང་མཉམ་པའི་མར་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་ཤྲཱི་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དཔལ་ཧེ་རུ་ཀ་ལུས་ཀྱི་དཀྱིལ་འཁོར་དུ་སྒྲུབ་པའི་ཐབས་ཟབ་མོའི་དཀྱིལ་འཁོར་དུ་འཇུག་ནས་ལམ་གྱི་རིམ་པ་ཐམས་ཅད་མངོན་དུ་བགྱིའོ་སྙམ་པས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ལེགས་པར་གསལ་བཏབ་སྟེ་གསན་པར་ཞུ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ནི། བདེ་མཆོག་སྡོམ་འབྱུང་གི་དཀའ་འགྲེལ་པདྨ་ཅན་ཞེས་བྱ་བ་སློབ་དཔོན་རཏྣ་རཀྵི་ཏས་མཛད་པ་ལས། བཅོམ་ལྡན་འདས་ཀྱིས་མོས་པ་དམན་པ་རྣམས་ཀྱི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ཉེ་བར་བསྟན་ལ། ཟབ་མོ་ལ་མོས་པ་རྣམས་ཀྱི་ཕྱིར་དང་། འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་རབ་ཏུ་གསལ་བར་མཛད་ནས། མཆོག་ཏུ་ཟབ་པའི་སྣོད་རྣམས་ཀྱི་ཕྱིར་དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་དུ་ནག་པ་ཟླ་བའི་ཉ་ལ། དཔལ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་བཞེངས་ཏེ་སྔགས་ཀྱི་ཚུལ་གྱི་བསྟན་བཅོས་མཐའ་དག་གསལ་བར་མཛད་དོ། ཞེས་གསུངས་པ་ཉིད། ཆོས་ཀྱི་འཁོར་ལོ་དང་པོ་དང་བར་པ་དང་ཐ་མར་བཞག་ལ། དེ་ལྟར་བཤད་ཚུལ་འདི་འཐད་ལྡན་ཡིན་པའི་སྒྲུབ་བྱེད་ཀྱང་རྩ་རྒྱུད་ལེའུ་ཐ་མར། བྱ་བ་སྤྱོད་པ་མདོ་སྡེ་དང་། རྣལ་འབྱོར་གསང་མཐའི་དབྱེ་བ་ཉིད། སེམས་ཅན་མོས་པས་འཇུག་པ་རྣམས། དེ་དང་དེ་ལ་དགའ་བ་སྦྱིན། ཞེས་གསུངས་ལ་ལུང་འདིའི་དོན་ཆེས་གསལ་བ་སྡོམ་པ་འབྱུང་བར། འདུལ་བའི་གནས་ལ་སོགས་པ་ཀུན། ཉན་ཐོས་བདག་ཉིད་བསྟན་པའོ། སྣ་ཚོགས་མདོ་སྡེའི་རྣམ་བཤད་ཆེ། བྱང་ཆུབ་སེམས་དཔའི་བསྟན་པའོ། རྣལ་འབྱོར་རྣལ་འབྱོར་མ་ཡི་རྒྱུད། གསང་བ་སངས་རྒྱས་སྤྱོད་ཡུལ་ཏེ། ཞེས་གསུངས་པ་ལྟར་ལས་ཕྱི་མ། དེ་ལས་ཀྱང་རྣལ་འབྱོར་བླ་མེད། དེ་ལས་ཀྱང་ཕྱི་མའི་རྒྱུད། དེའི་ནང་ནས་ཀྱང་དཔལ་འཁོར་ལོ་སྡོམ་པ་རྩ་བའི་རྒྱུད་གཞིར་བཞག་ནས་འཆད་པར་བྱ། རྩ་བའི་རྒྱུད་དེ་ལ་ཡང་རེ་ཤིག་གསུམ་དུ་བཞག་པའི་རྒྱས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ། འབྲིང་པོ་ནི་འོག་མིན་ཆེན་པོར་སྟོན་པ་རྡོ་རྗེ་འཆང་གིས་རྒྱུན་མི་འཆད་པར་གསུང་པ་དེ་ཡིན་ཏེ། རྒྱུད་ལས། འདི་ནི་སངས་རྒྱས་བྱེ་བ་དང་། དཔའ་བོ་བྱེ་བས་ལེགས་པར་གསུངས། ཞེས་བཤད་པ་དང་། བསྡུས་པ་ལའང་གསུམ་སྟེ། རྩ་བའི་རྒྱུད་ནི་རྒྱུད་ཆེན་པོ། ཞེས་པས་རྒྱས་པ་དང་། བསྡུས་པ་རྣམས་པའི་གཟུགས་ཅན་ཏེ། ཞེས་པས་བསྡུས་པ་དང་། ཡི་གེ་ཀུན་གྱི་ཟ་མ་ཏོག །ཅེས་པས་ཤིན་ཏུ་བསྡུས་པ་བསྟན། ཤིན་ཏུ་བསྡུས་པ་དེ་ལ་ཡང་གསུམ་གྱི་དང་པོ་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་དྲུག་ལེའུ་འབུམ་པ་སྟེ་རིགས་པ་རྒྱ་མཚོ། བསྡུས་པ་མངོན་བརྗོད་འབུམ་པ་སྟེ་ནམ་མཁའ་དང་མཉམ་པའི་རྒྱུད། ཤིན་ཏུ་བསྡུས་པ་ཤྭོ་ལོ་ཀ་བདུན་བརྒྱ་པ་བདེ་མཆོག་ཉུང་ངུ་འདི་སྟེ་འདི་གང་ལས་བསྡུས་ཞེ་ན་མཁའ་འགྲོ་རྒྱ་མཚོར། དེ་ལྟར་ངེས་བརྗོད་གསུམ་འབུམ་ལས། ཕྱུང་བ་བདེ་ཆེན་ཉུང་ངུ་སྟེ། ཨ་ཡིག་ལ་སོགས་ཀྵ་ཡིག་མཐར། ལེའུ་རྣམས་ཇི་ལྟའི་རིམ་པ་ཡི། དེ་ཁོ་ན་ཉིད་ལྡན་པར་སྦྱར། ཞེས་རྩ་རྒྱུད་རྒྱས་པ་དེ་ལས་བྱུང་། དེ་ཡང་ཡི་གེ་ཨཱ་ལི་ཀཱ་ལི་ལྔ་བཅུའི་བདག་ཉིད་ཀྱི་ལེའུ་ལྔ་བཅུ་རྩ་གཅིག་ཡོད་པར་བཤད་ལ། ཕྱག་རྡོར་བསྟོད་འགྲེལ་དུ། དེ་ནས་མངོན་བརྗོད་འབུམ་པ་ཡི། རྒྱུད་ལས་སྙིང་པོ་ཕྱུང་བ་ནི། ཅེས་རྩ་རྒྱུད་འབུམ་པ་ལས་ཕྱུང་བར་བཤད་པ་གཉིས་དགོངས་པ་ཅུང་མི་མཐུན་པ་ལྟར་སྣང་ཡང་དོན་ལ་མི་འགལ་ཏེ། ཀུན་སྤྱོད་ལས། ངེས་པར་བརྗོད་པ་འབུམ་སྡེ་ལས། སྡོམ་པ་བཏུས་པར་གྱུར་པ་དང་། ནམ་མཁའ་དང་ནི་མཉམ་པའི་རྒྱུད། འབུམ་གཅིག་ནང་དུ་དེ་ཉིད་བཤད། ཅེས་གསུངས་ཏེ། དེ་ནི་བསྡུས་གཞི་རྒྱས་པ་དང་འབྲིང་པོའི་ནང་དུའང་ཡོད་པས་དེ་ནས་ཀྱང་ཕྱུང་བར་སོང་བ་ལ་དགོངས། རྣམ་པ་གཞན་དུ་ན། རིག་པ་རྒྱ་མཚོ་ལ་དཔའ་བོའི། མདོར་བསྡུས་ནས་ནི་གསུངས་པ་ཡིན། ཞེས་པ་དང་འགལ་བའི་ཉེས་པ་སུ་ཞིག་གིས་སྤོང་བར་ནུས། གཉིས་པ་བཤད་རྒྱུད་ངོས་བཟུང་བ་ལ། སློབ་དཔོན་མི་ཐུབ་ཟླ་བས། མཁའ་འགྲོ་འབྱུང་བ་ཀུན་སྤྱོད་དང་། དེ་བཞིན་མཚན་མཆོག་བླ་མའི་རྒྱུད། ཁ་སྦྱོར་རྒྱུད་དང་བཞི་པོ་ནི། བཤད་པའི་རྒྱུད་དུ་ཤེས་པར་བྱ། ཞེས་དང་། མཁའ་འགྲོ་རྒྱ་མཚོར། མཁའ་འགྲོ་དང་ནི་སྡོམ་རྒྱུད་དང་། ངེས་པར་བརྗོད་པ་ཕྱི་མ་དང་། ཀུན་སྤྱོད་འབྱུང་བའི་རྒྱུད་རྣམས་སུ། ཞེས་བཤད་པའི་མཁའ་འགྲོ་ནི་རྡོ་རྗེ་མཁའ་འགྲོ། སྡོམ་རྒྱུད་དང་། ཁ་སྦྱོར་རམ་སམྦུ་ཊི། འབྱུང་བ་ཀུན་སྤྱོད་དང་། ཀུན་སྤྱོད་འབྱུང་བ་འགྱུར་ཁྱད་དེ་དོན་གཅིག དེ་བཞིན་དུ་ངེས་བརྗོད་བླ་མ་དང་། ངེས་བརྗོད་ཕྱི་མ་དང་། མངོན་བརྗོད་བླ་མའང་འགྱུར་ཁྱད་དེ་དོན་གཅིག །ཇོ་བོ་རྗེས། ངེས་བརྗོད་མངོན་འབྱུང་མཁའ་འགྲོ་མས། སྙིང་པོ་བསྡུས་པ་བདག་གིས་བཤད། ཞེས་ཏེ། མི་ཐུབ་ཟླ་བས་བགྲངས་པ་བཞིའི་ཁར། ཧེ་རུ་ཀ་མངོན་འབྱུང་བསྣན་པ་ལྔ། སྡོམ་པ་འབྱུང་བ། མཁའ་འགྲོ་རྒྱ་མཚོར། ཕག་མོ་དངོས་གྲུབ་འབྱུང་བ། རྣལ་འབྱོར་མ་བཞིའི་ཁ་སྦྱོར། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་དང་བཅུ། ར་ལི་སོ་གཉིས་མཁས་པ་ཁ་གཅིག་རྩོད་པ་ཅན་དུ་བཞེད། ལ་ལས་ཡང་དག་ཏུ་བཞེད། ཕག་མོ་མངོན་འབྱུང་མི་གཅིག་པ་ཚན་པ་གཉིས་ཀྱང་རྒྱུད་རྫུན་མར་བོད་སྟོན་ཆེན་པོ་འགའ་གསུངས་བར་སྣང་ཡང་། རྩ་རྒྱུད་ལས། ཟབ་མོའི་ཆོས་ནི་སྟོན་པ་ལ། གལ་ཏེ་མོས་པར་མ་གྱུར་ཀྱང་། སྨོད་པ་དག་ནི་མི་བྱ་སྟེ། ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། ཞེས་པའི་ལུང་དྲངས་ནས་མོས་པའི་ཡུལ་དུ་རང་ལུགས་ཀྱི་བླ་མ་གོང་མ་རྣམས་བཞེད་པ་ཡིན། རྩ་བའི་རྒྱུད་གཙོ་བོར་གྱུར་པའི་རྒྱུད་དེ་དག་གསུངས་པའི་དུས་ལ་སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པར་གཉིས་ལྡན་གྱི་དུས་སུ་དྲག་པོ་དབང་ཕྱུག་ཆེན་པོ་བརཏལ་བའི་དུས་སུ་གསུངས་པར་བཞེད། བོད་ཀྱི་བླ་མ་ཕལ་གྱི་བཞེད་པ་ལྟར་ན། རྩོད་ལྡན་ཀྱི་དུས་སུ་གསུངས་ཞེས་འཆད་མོད་ཀྱང་། རྫོགས་པའི་སངས་རྒྱས་པདྨ་དཀར་པོའི་བཞེད་པ་ལ། འཛམ་བུའི་གླིང་ཡོན་ཏན་རྒྱལ་མཚན་ཅན་འདི་ཆགས་ནས་རིང་པོར་མ་ལོན་པ་དང་། ཞེས་དང་། རྫོགས་ལྡན་གྱི་དུས་སུ་གསུངས་པའི་རྒྱུད་ཅེས་ཡང་ཡང་བཀའ་སྩལ་བས་ན་འདིར་ནི་དེ་བཞིན་དུ་འདོད། གདུལ་བྱའི་དབང་དུ་བྱས་ན་དྲག་པོ་འཇིགས་བྱེད་ཁྱོ་ཤུགས་ཀྱིས་ཡུལ་ཉེར་བཞི་དང་དུར་ཁྲོད་བརྒྱད་བདག་གིར་བཟུང་བའི་ལྷ་དང་དྲི་ཟ་དང་། གནོད་སྦྱིན་དང་སྲིན་པོ་དང་། ཀླུ་དང་ལྷ་མ་ཡིན་དང་། མིའམ་ཅི་དང་ཕྲ་མན་པ་དང་བཅས་པའི་སུམ་ཅུ་རྩ་གཉིས་ལ་སོགས་པ་འདུལ་བའི་དོན་དུ་གསུངས། ཇི་ལྟར་གསུངས་ན། བཤད་རྒྱུད་མངོན་བརྗོད་བླ་མ་ལས། དེ་ནས་དགོངས་པ་སྣ་ཚོགས་པའི་དམ་ཚིག་ཆེན་པོའི་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཆོས་ཀྱི་དབྱིངས་ཀུན་ཏུ་གང་བར་གཟིགས་ནས་རང་གི་བ་སྤུའི་བུ་ག་ནས་འཁོར་གྱི་ཚོགས་སྣ་ཚོགས་པ་སྤྲོས་ཏེ་སྣ་ཚོགས་པ་འདུལ་བའི་ཐབས་ཀྱིས་ནམ་མཁའི་ཁམས་ཡོངས་སུ་གང་བར་སྣང་བར་གྱུར་ཏོ། བཅོམ་ལྡན་འདས་རིགས་ཀྱི་བདག་པོ་སྣ་ཚོགས་པའི་སྐུ་འཛིན་པ། སེམས་ཅན་ལ་ཕན་པར་རྗེས་སུ་དགོངས་ལ། ཐུགས་རྗེ་ཆེན་པོ་དང་ཁྲོ་བོའི་ཉམས་གཉིས་སུ་མེད་པར་སྦྱོར་བས་ངོ་མཚར་སྣ་ཚོགས་ཤིང་མཐའ་ཡས་པའི་ཆོ་འཕྲུལ་སྣ་ཚོགས་རྡུལ་ཕྲ་རབས་དང་མཉམ་པའི་ཁམས་གསུམ་གྱི་བདག་པོ་ཉིད་དུ་ཡང་དག་པར་བསྟན་ནས། ཆུ་དང་མེ་དང་རླུང་དང་དབང་ཆེན་གྱི་སྙེང་དུ་སྣ་ཚོགས་པའི་རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་སྣ་ཚོགས་པའི་གཟི་བརྗིད་ཀྱིས་མཛེས་པ། དེའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་ལས་སྤྲོས་པའི་རྡོ་རྗེ་ཁྲོ་བོ་ཆེན་པོ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་གཞལ་ཡས་ཁང་དཀྱིལ་འཁོར་གྱི་རྒྱལ་པོ་སྤྲུལ་པ་ལ་ཀུན་ཏུ་བཟང་པོ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་འཁོར་རྣམས་འདུས་ཤིང་འཁོར་པར་གྱུར་ཏོ། ཞེས་གསུངས་ལ། དེ་ལྟ་བུའི་བཅོམ་ལྡན་འདས་ཡབ་ཡུམ་གྱིས་འཇིགས་བྱེད་ཁྱོ་ཤུགས། ཐུགས་འཁོར་བས་མཁའ་སྤྱོད། གསུང་འཁོར་བས་ས་སྤྱོད། སྐུ་འཁོར་བས་ས་འོག་སྤྱོད། སྒོ་མཚམས་མས་དུར་ཁྲོད་ན་གནས་པ་བརྒྱད་དབང་བྱེད་པ་དང་། ལོངས་སྤྱོད་པ་དང་། ཐིམ་པའི་ཚུལ་གྱིས་བརཏལ་ཏེ། མཉམ་སྦྱོར་ལས། སྡིག་མེད་སྟོབས་ཀྱི་ངོ་འཐོབ་ཏུ། དབང་ཕྱུག་དམ་པ་རབ་མནན་ནས། ལྷ་མོ་བྷི་མོ་ཕྲོག་ནས་ནི། དེ་ཚེ་ལོངས་སྤྱོད་རང་གིར་སྤྱོད། ཞེས་གསུངས། དེའི་ཚེ་རྩ་བའི་རྒྱུད་རྒྱས་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་ལེའུ་འབུམ་པ་གསུངས། གདུལ་བྱ་དེ་དག་ཀྱང་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་བདག་ཉིད་དུ་གྱུར་པས་དམ་པའི་ཆོས་ཐམས་ཅད་འཛིན་ནུས་པ་ཤ་སྟག་ཡིན་པས་ཉམས་པ་མེད་མོད་ཀྱང་། མིའི་འགྲོ་བ་དག་གི་སྤྱོད་ཡུལ་དུ་མ་གྱུར་པས། ཤཱཀྱ་ཐུབ་པས་དཔལ་འབྲས་སྤུངས་སུ་ཤམྦྷ་ལའི་རྒྱལ་པོ་འཁོར་བཅས་ཀྱིས་གཙོས་པའི་མི་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ལེགས་པར་བསྟན་པ་དེ་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་བསྡུས་པ་ཡིན་ཏེ། མཁའ་འགྲོ་རྒྱ་མཚོ་ལས། མ་མོ་ཐམས་ཅད་འདུས་རྣམས་ཀྱི། རྡོ་རྗེའི་གནས་རྣམས་སུ་བསྡུས་སོ། ཞེས་གསུངས་སོ། དེ་ལས་གྲུབ་ཐོབ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་མང་ཞིག་ཡོད་མོད་ཀྱང་། འདིར་ནི་དེ་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ལུགས་ཡིན་པས་ན་མཁའ་འགྲོ་སྙན་རྒྱུད་ཅེས་གྲགས། དེ་ལས་ཕྱི་སྒྲོ་འདོགས་གཅོད་པར་བྱེད་པ་སྤྲུལ་པ་སྐུའི་གདམས་ངག་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ། ནང་ཉམས་ལེན་ལོངས་སྤྱོད་རྫོགས་པ་སྐུའི་གདམས་ངག་སྨིན་ལམ་ཡིད་བཞིན་གྱི་ནོར་བུ། གསང་བ་ངོ་སྤྲོད་ཆོས་སྐུའི་གདམས་ངག་གྲོལ་ལམ་ཡིད་བཞིན་གྱི་ནོར་བུ་སྟེ་སྐོར་གསུམ་ལས་འདིར་སྨིན་ལམ། དེ་ལ་ཡབ་བཀའ་གསུམ་དང་ཡུམ་བཀའ་གསུམ། བཀའ་སྲུང་གི་མཐའ་བརྟེན་དང་བཅས་པ་ལས་སྐབས་སུ་བབས་པ་འདིར་ནི་ཡབ་བཀའ་བསྡུས་པ་སྟེ། ལུས་ཀྱི་དཀྱིལ་འཁོར་དུ་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀོད་ནས་ལུས་ཀྱི་ཆོས་དེ་དང་དེ་ཡི་རང་བཞིན་དུ་འབྲེལ་ཞིང་། སྦྱོང་བྱེད་དུ་འགྱུར་བ་ཅན་ཡིན་ལ། སྦྱང་གཞི་ཁམས་དང་དབང་པོ། སྦྱང་བྱེད་རྩ་ཁམས་ཕྲ་བའི་ལུས་དཀྱིལ། སྦྱང་འབྲས་སྐུ་དང་ཞིང་ཁམས་ཏེ། རྩ་ཁམས་དེ་དག་དུལ་བས་རླུང་འདུས་པ་ལ་བརྟེན་ཕྱིའི་ཡུལ་ཆེན་དབང་དུ་འདུ་ཞིང་། ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་མྱུར་དུ་ཐོབ་པ་སོགས་དགོས་པ་ཁྱད་པར་ཅན་གྱི་ཆོས་མང་པོ་དང་བཅས་པ་སྟེ། ཀུན་མཁྱེན་ཆེན་པོས་སྒྲུབ་ཐབས་དང་དབང་གི་ཆོ་ག་ཟུང་འབྲེལ་དུ་བཞུགས་པ་ལྟར་གྱི་ཁྱད་པར་ཅན་དང་འབྲེལ་བའི་སྨིན་བྱེད་ཀྱི་རིམ་པ་སྒྲུབ་པར་བྱེད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཏིལླི་པ། ནཱ་རོ་ཛྙྱཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། རས་ཆུང་རྡོ་རྗེ་གྲགས་པ། རྒྱལ་བ་ཁྱུང་ཚང་པ། མ་གཅིག་ཀོང་ཇོ། ཞང་ལོ་གྲུབ་པ་དཔལ། དྷ་ར་ཤྲཱི། བསོད་ནམས་རྒྱལ་མཚན། ཀུན་ལྡན་རས་མ། བདེ་ལེགས་རིན་ཆེན། གངས་ཅན་ཀུན་དགའ་དཔལ། རྒྱལ་དབང་ཆོས་རྗེ། ངག་དབང་ཆོས་རྒྱལ། ཀུན་མཁྱེན་པདྨ་དཀར་པོ། ངག་དབང་བཟང་པོ། དཔག་བསམ་དབང་པོ། ཀུན་དགའ་ལྷུན་གྲུབ། མི་ཕམ་ཆོས་ཀྱི་དབང་ཕྱུག རྗེ་དགེ་ལེགས་བཞད་པ། འཇམ་མགོན་དགྱེས་པའི་དབང་ཕྱུག་དང་། མི་ཕམ་ཡར་འཕེལ་དབང་པོ། ཕྱི་མ་ལས་ངག་དབང་ཀུན་དགའ་བསྟན་འཛིན། ལྷན་སྐྱེས་བདེ་ཆེན་རྡོ་རྗེ། འཇམ་དཔལ་དཔའ་བོ། ཆོས་ཀྱི་སྣང་བ། རྗེ་ཡེ་ཤེས་གྲུབ་པ། འཇིགས་མེད་མི་འགྱུར། བཤད་སྒྲུབ་ཆོས་ཀྱི་ཉིན་བྱེད། མི་ཕམ་བསྟན་པའི་ཉི་མ། རིགས་བརྒྱའི་སྤྱི་གཟུགས་ཧེ་རུ་ཀ་མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེའི་བཀའ་དྲིན་ལས་ལེགས་པར་ཐོབ་པ་ཡིན་ལ། བརྒྱུད་པ་ཁྱད་པར་ཅན་དེ་ལས་འོངས་བའི་སྨིན་བྱེད་ཀྱི་དབང་བསྐུར་བ་ཟབ་མོ་འབུལ་བ་ལ། བདག་ཉིད་ཀྱི་བགྱི་བར་འོས་པ་རྣམས་སྔོན་དུ་སོང་གྲུབ་ནས། ད་རྡོ་རྗེ་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜྻལ་རེ་འབུལ་བར་ཞུ། མཎྜྻལ་ཕུལ་གྲུབ་ནས། དེ་ལྟར་མཎྜྻལ་འབུལ་བ་སྔོན་དུ་སོང་ནས་བླ་མ་ལྔ་བཅུ་པ་ལས། མདུན་དུ་དུལ་བར་འདུག་པ་དང་། །གོས་སོགས་ཚུལ་ནི་བསྡམས་པ་དང་། པུས་བཙུག་ཐལ་མོ་སྦྱར་བ་ཡིས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་པ་ལྟར་སྙན་གསན་དབབ་པའི་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། དེ་ནས་བླ་མ་དཔལ་ཧེ་རུ་ཀའི་ངོ་བོར་བཞུགས་པ་ལ། དད་མོས་རྩེ་གཅིག་པས་ཕྱག་ཐལ་མོ་སྦྱར་ཏེ་དཀྱིལ་འཁོར་དུ་འཇུག་པའི་ཕྱིར། ཁྱད་པར་གྱི་གསོལ་བ་གདབ་པ་འདི་རྗེས་ཟློས་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། སོགས་ལན་གསུམ། དེ་ནས་རྩ་རྒྱུད་ལས། བུ་སྡུག་དེ་དག་གདོང་པ་ལ། །དར་རས་ལེགས་པར་བཀབ་ནས་སུ། །ཞེས་གསུངས་པ་ལྟར། སྔོན་ཆད་དཀྱིལ་འཁོར་གཉན་པོ་འདི་ཉིད་མ་མཐོང་བ་མཚོན་བྱེད་དུ་གདོང་དར་ཡུག་དམར་པོ་རེས་འཆིང་བར་མཛོད། ཨོཾ་ཨཱཿཧཱུྃ་གིས་མིག་དར་འཆིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་མེ་ཏོག་གི་ཆུན་པོ་རེ་ཕྱག་ཏུ་ཐོགས་པའི་མོས་པ་མཛོད། ཨ་ཁཾ་བི་ར་ཧཱུྃ། ཡང་སྡོམ་འབྱུང་ལས། ཀྱེ་ཁྱོད་སུ་ཞེས་དྲི་བྱ་སྟེ། བདག་ནི་སྐལ་བཟང་ཞེས་ཀྱང་སྨྲ། ཞེས་གསུངས་པ་ལྟར་དྲིས་པའི་ལན་དུ་བདག་ནི་སྐལ་བཟང་ངོ་ཞེས་ལན་གདབ་དགོས་པས་དེ་ལྟར་མཛོད། །ཀྱེ་ཁྱོད་སུ་ཞིག ཅེས་དྲིས་ལ། བདག་ནི་སྐལ་བཟང་ངོ་། ཞེས་ལན་གདབ། དེ་ནས་རྣལ་འབྱོར་དུ་སེམས་བསྐྱེད་པའི་རིམ་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབས་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེས་མཚན་པར་མོས་ལ། སྔགས་འདི་ཡི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། ལན་གསུམ། དེ་ནས་ངེད་ཀྱིས་སྙིང་གར་རྡོ་རྗེ་རེག་པས་བྱང་ཆུབ་ཀྱི་སེམས་དེ་ནམ་ཡང་མི་ཉམས་པར་བརྟན་པར་བྱས་པའི་མོས་པ་མཛོད། སུ་ར་སྟེ་ས་མ་ཡ་ཧྶཾ་ཧོ་སིདྡྷི་བཛྭ་ཡ་ཐ་སུ་ཁཾ། ཞེས་སྙིང་གར་རྡོ་རྗེས་རེག རྩ་རྒྱུད་ལས། དེ་ནས་བསྐོར་བ་བྱས་ནས་ནི། །བློ་བཟང་ཡིད་ནི་མཉམ་བཞག་པས། །ཕོ་བྲང་ཉམས་དགར་འཇུག་པར་བྱ། །ཞེས་གསུངས་པ་ལྟར། ཨ་ཁཾ་བི་ར་ཧཱུྃ་གིས་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་མོས་ཤིག ཡོལ་བ་བསལ། ཕྱི་དཀྱིལ་གྱི་ལྷོ་སྒོ་ནས་གཡོན་སྐོར་གྱིས་ཤར་ཁྱམས་སུ་ཞུགས་ཏེ་ལྷ་རྣམས་ལ་དམིགས་པས་ཕྱག་འཚལ་བར་མོས་ལ། སྔགས་འདི་ཡི་རྗེས་ཟློས་མཛོད། ཨོཾ་ན་མ་ཏེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མ་ཨཱཿཧཱུྃ། ལན་གསུམ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་གྱིས་ཐུགས་ཀར་བཀུག་སྟེ་པདྨ་འདབ་མ་བརྒྱད་པ་ཕྱིའི་ཤར་ཁྱམས་སུ་བཞག་པ་སྐད་ཅིག་གིས་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དེའི་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གཟུགས་སུ་གྱུར་པར་མོས་མཛོད། དེ་ནས་དཀྱིལ་འཁོར་ཆེན་པོའི་ནང་དུ་འཇུག་པ་ལ། སྔོན་དུ་སྡོམ་པ་བསྒྲགས་ཅིང་བཟུང་དགོས་པས་དེའི་ཆེད་དུ་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། མི་ལྡོག་འཁོར་ལོའི་དབང་བསྐུར་མཆོག །སོགས་ལན་གསུམ། དེ་ནས་ངེད་ཀྱི་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ་སྟེ་གནང་བ་ཞུ་བ་སྟེ། རྡོ་རྗེ་སློབ་མ་འདི་རྣམས་ནི། བྱང་ཆུབ་སེམས་ནི་ཡོངས་འཛིན་ཞིང་། །གསང་བའི་དོན་གྱི་འཁོར་ལོ་འདིར། །དམ་ཚིག་སྡོམ་ལ་འཇུག་པར་འཚལ། །ལན་གཅིག དེ་ནས་སྤྲོ་བ་འདྲི་བ་འདི་ལ་གསན་འཚལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །ཞེས་དྲིས་པའི་ལན་གདབ་པ་འདི་ཡི་རྗེས་ཟློས་མཛོད། བདག་ནི་རབ་ཏུ་དེ་འཚལ་ལོ། །དེ་ལྟར་སྡོམ་པ་བཟུང་འདོད་པར་ཁས་བླངས་ནས། རྒྱུད་རྡོ་རྗེ་རྩེ་མོ་ནས་བྱུང་བའི་སྡོམ་པ་བསྒྲག་པ་འདི་ལ་གསན་འཚལ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། སོགས། ཞེས་བཤད་དོ། །དེ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྣམ་སྣང་གི་དམ་ཚིག །རྡོ་རྗེ་དྲིལ་བུ་དང་ཕྱག་རྒྱ་སློབ་དཔོན་བཟུང་བ་བཞི་རྡོ་རྗེ་རིགས་ཀྱི། ཆོས་ཟང་ཟིང་མི་འཇིགས་པ་བྱམས་པ་སྦྱིན་པ་བཞི་རིན་ཆེན་རིགས་ཀྱི། ཕྱི་དང་གསང་བ་ཐེག་པ་གསུམ་འཛིན་པ་གསུམ་པདྨ་རིགས་ཀྱི། འདིར་ཕྱི་ནི་རྒྱུད་སྡེ་ཕྱི་མ། གསང་བ་རྣལ་འབྱོར། དེ་ཡང་རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་བླ་མ། རྣལ་འབྱོར་བླ་མེད་གསུམ་ལ་བྱ་བ་ཡིན། སྡོམ་པ་འཛིན་པ་དང་མཆོད་པ་གཉིས་ལས་རིགས་ཀྱི་དམ་ཚིག །འདིར་འཛིན་རྒྱུའི་སྡོམ་པ་སོ་ཐར་དང་ཀུན་རྫོབ་བྱང་སེམས་གཉིས་དྲན་པས་དབང་པོ་སྡོམ་པ་དང་། ཤེས་བཞིན་གྱིས་ཡིད་སྡོམ་པར་བྱེད་དགོས་པ་ནི་དེ་གཉིས་ཀྱི་ཞར་ལས་བྱུང་། དེ་ལྟར་མཐུན་ཕྱོགས་ལ་བཅུ་བཞི་འབྱུང་བ། དེ་ལས་གཞན་པ་བཅུ་བཞི་ནི། ཕས་ཕམ་པར་རབ་ཏུ་བཤད་དོ། ཇི་ཙམ་གྱིས་སྤངས་ཞིང་དོར་བར་མི་བྱ་སྟེ། བྱས་ན་རྩ་བའི་ལྟུང་བ་ཞེས་བརྗོད་དོ། སློབ་དཔོན་ཀུན་དགའ་སྙིང་པོའི་དེ་ཉིད་བསྡུས་པ་དུམ་བུ་དང་པོའི་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། བྱང་ཆུབ་ཏུ་ནི་ངེས་མཛད་པ། ཞེས་བྱ་བ་ལ་སོགས་པ་ཕས་ཕམ་བཅུ་བཞི་ལས་ལྡོག་པའི་མཚན་ཉིད་ཅན་ནོ། ཞེས་དང་། དཔལ་མཆོག་དུམ་བུ་གཉིས་པའི་འགྲེལ་པར། ཕྱག་རྒྱ་ལ་སོགས་པ་འདི་དག་གིས་ཅི་ཞིག་བྱ། ཞེས་བྱ་བས་འདི་ཡོངས་སུ་སྤངས་ན་ཕམ་པར་འགྱུར་རོ། ཞེས་གསུངས། དམ་ཚིག་དེ་དག་ཀྱང་བསྒྲགས་པ་ཙམ་གྱིས་མི་ཆོག་ཁས་བླངས་པ་ཞིག་དགོས་པས་དེའི་སླད་དུ་འདིའི་རྗེས་ཟློས་མཛོད། སློབ་དཔོན་འདིར་ནི་བདག་ལ་གསོན། སོགས་ནས། འདས་ལ་འགོད། ལན་གསུམ། དེས་ཐུན་མོང་གི་སྡོམ་པ་བླངས་བའི་རིམ་པ་སོང་ནས་འདིར་སྔགས་ཀྱི་སྡོམ་པ་ལུས་ངག་ཡིད་ཐབས་ཤེས་ཟབ་མོའི་རང་བཞིན་དུ་སྡོམ་པའི་ཚུལ་ཁྲིམས་དེ་ཐོབ་པ་ཡིན་ནམ་ཞེ་ན། དེ་ལ་འཇུག་པས་བསྡུས་པ་ཙམ་ཞིག་ཐོབ་ཀྱི་གཞན་ནི་མ་ཡིན་ཏེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། ཨེ་ཝཾ་རྣམ་པར་རབ་ཏུ་གནས། དབང་ལས་ཡང་དག་ཤེས་པར་འགྱུར། ཞེས་རང་ལུགས་དབང་ཐོབ་པ་དང་སྔགས་སྡོམ་ཐོབ་པ་དོན་གཅིག་པར་ལུང་དེ་ལྟ་བུ་སོགས་པས་བསྟན་པར་འདོད་དོ། རིགས་གང་གི་དབང་ཐོབ་པ་ན། དེ་དང་དེའི་རིགས་ཅན་དུ་གྲུབ་པ་ཡིན་ལ། དེ་ནས་རིགས་དང་མཐུན་པའི་ལས་བྱ་དགོས་པ་ཡིན་གྱི། གཞན་དུ་གདོལ་པ་ལ་རྒྱལ་རིགས་ཀྱི་བྱ་བ་མི་རིགས་པ་བཞིན་ནོ། དེ་བས་ན་ཐུན་མོངས་མ་ཡིན་པའི་སྡོམ་པ་བླངས་བ་འདིའི་རྗེས་ཟློས། དཔལ་ལྡན་ཁྲག་འཐུང་སོགས། ལེགས་པར་གསུངས། ལན་གསུམ། དེ་ནས་ཡེ་ཤེས་དབབ་པའི་སྔོན་དུ་འགྲོ་བ་དམ་ལ་བཞག་པར་བྱ་བ་སྟེ། རྒྱུད་ལས། ཡེ་ཤེས་དབབ་པ་དེ་གསང་ན་དངོས་གྲུབ་ཏུ་འགྱུར་ལ། མ་གསང་ན་དམ་འགལ་གྱི་ཆད་པས་སྲེག་པར་འགྱུར་བས་ཁས་ཉེན་ཆེ་བས་གལ་ལ་གཅུན་ནས་མནའ་དོར་བའི་རྡོ་རྗེ་ཆུ་སྦྱིན་པ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །སོགས། ཨ་མྲྀ་ཏོཏྟ་ཀ་ཧཱུྃ། ཞེས་མནའ་ཆུ་བླུད། དེ་ནས་གསང་བའི་འཇུག་པ་དངོས་ནི། བྱིན་དབབ་པ་ཡིན་ལ། བྱིན་ནི་རྡོ་རྗེ་བྱིན་པ། དེ་སློབ་མ་ལ་བརླམས་སུ་འཇུག་པ་ནི་དབབ་པ་ཡིན་ལ། དེ་ཡང་གསང་སྔགས་བྱིན་རླབས་ཀྱི་ལམ། བྱིན་རླབས་མོས་གུས་ཀྱི་ལམ་ཡིན་པས། བྱིན་གྱིས་རློབས་དང་མི་རློབས་མོས་གུས་ལ་རག་ལས་པས། བླ་མ་དང་ཡི་དམ་ལ་རྩེ་གཅིག་པའི་མོས་གུས་དང་བཅས་པས་ཡེ་ཤེས་དབབ་པའི་སླད་དུ་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། དེ་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོའི་བྱིན་དབབ་པར་བྱ་བ་ལ། ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ཏེ་དངོས་པོ་དང་མཚན་པ་གང་ལའང་མ་ཆགས་པར་མོས་གུས་གདུང་བའི་ཤུགས་དྲག་ཏུ་བསྐྱེད་པའི་བླ་མ་དང་གཙོ་བོ་གཉིས་སུ་མེད་པའི་གནས་གསུམ་ལས་འོད་ཟེར་འཕྲོས། སློབ་མའི་གནས་གསུམ་དུ་ཞུགས་པས་ལུས་མེར་གྱིས་ཞུ་བར་བསམ། ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུྃ། ཨོཾ་ཤྲཱི་ཧེ་རུ་ཀ་བིདྱཱ་མ་ཧཱ་བིདྱཱ་རཱ་ཛ་དྷཱིཿམ་ཧེ་སྭཱ་ཧཱ། ཞེས་དཔའ་བོ་བསྐུལ་བའི་སྔགས་བགྲངས། བདུད་རྩི་ལྔ། རྡུལ་གྱིས་སྦགས་པའི་བུ་མོའི་འདོམ་དཀྲིས། བྱི་ལའི་བྲུན། གུ་གུལ་གསེས་པ། ཐོད་པར་བཅུག་པ་ཡི་དྭགས་ཀྱི་མེ་ལ་བསྲེགས་ཏེ་བདུག །རོལ་མོའི་སྒྲ་དྲག་པོར་བསྒྲགས་པས་སློབ་དཔོན་ནུས་པ་ཆེ་ན་དེ་ལ་དཔལ་ཧེ་རུ་ཀ་དངོས་སུ་ཕེབས་པར་འགྱུར་ལ། གཞན་དུ་ཆ་ཤས་ཙམ་མོ། །ཕེབས་པ་ན། དེ་ལྟར་དབབ་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་ཐོབ་བར་དུ་རྒྱུད་ལ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྭ། ཞེས་སྤྱི་བོར་རྡོ་རྗེའི་རྒྱ་གྲམ་བཞག་སྟེ་བརྟན་པར་བྱ། དེ་ནས་རིགས་བརྟགས་པའི་ཕྱིར་མེ་ཏོག་འདོར་བ་ལ། རྩ་རྒྱུད་ལས། ལྷོ་ཡི་ཕྱོགས་སུ་ལུས་བསྟན་ལ། །ཐལ་མོ་མེ་ཏོག་དེ་ནས་དོར། །ཞེས་གསུངས་པ་ལྟར་བུམ་མཚན་གྱི་ཚོམ་བུ་འདི་ཉིད་ལྷ་ཡི་འཁོར་ལོར་ཤེས་པར་བྱོས་ལ་བདག་གི་རིགས་གང་ཡིན་པའི་ལྷ་དེ་ལ་ཕོག་པར་གྱུར་ཅིག་སྙམ་པས་པྲ་ཏིཙྪ་བཛྭ་ཧོཿ ཞེས་བརྗོད་ཅིང་མེ་ཏོག་གི་ཕྲེང་བ་ལྟོས་མེད་དུ་དོར་མཛོད། ཅེས་འདོར་དུ་གཞུག །དེ་ལྟར་དོར་བའི་མེ་ཏོག་དེ་ཉིད་ལྷ་དེའི་མཚན་མ་དང་། དེ་དང་ཉེ་བར་བབས་ན་དེ་ཡི་རིགས་སུ་ཤེས་པར་གྱིས་ཤིག ཅེས་གང་ལ་ཕོག་པ་ལྷག་པར་ལྷར་བརྡ་སྤྲད། དངོས་གྲུབ་ཀྱི་ཚུལ་ལམ་ལྷ་དེས་རྗེས་སུ་འཛིན་པར་དགོངས་པས་ཕྲེང་བ་སློབ་མའི་སྤྱི་བོར་བཅིང་བར་མོས་ཤིག པྲ་ཏི་གྲྀ་ཧྶཾ་མི་མཾ་ས་ཏྭ་མ་ཧཱ་བ་ལ། དེ་ནས་དཀྱིལ་འཁོར་བསྟན་པའི་ཕྱིར་མིག་དར་དཀྲོལ་བ་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། སོགས། པ་ཏྲ་ལཾ་སྲཱིཿ མིག་དར་དཀྲོལ། དེ་ནས་དཀྱིལ་འཁོར་བསྟན་པར་བྱ་བ་སྟེ། རྩ་རྒྱུད་ལས། སློབ་མ་བཟང་པོ་གདོང་ཕྱེ་ལ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ཞེས་པས་དཀྱིལ་འཁོར་ལ་གདོང་ཕྱོགས་པས་གཟིགས་མཛོད། རྡོ་རྗེའམ་ཕྱག་ཤིང་སོགས་ཀྱིས་མཚོན་ཏེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །སོགས། ཅེས་བརྗོད་པས་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་གསལ་བར་མཐོང་བའི་མོས་པ་མཛོད། དེ་ལྟར་དཀྱིལ་འཁོར་མཐོང་བ་ལ་ཡང་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་བྲིས་སྒོམ་བྱས་པ། མཚོན་བྱ་དོན་གསང་བའི་འཇུག་པ་ལས་རྟོགས་པ་མར་པས་མི་ལ་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་འདི་ན་ཞེས་བརྟན་པས་དེས་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མངོན་སུམ་གཟིགས་པ་ལྟ་བུའོ། གང་གིས་མཐོང་ཡང་། སྐྱེ་བ་སྔོན་བསགས་སྡིག་པ་རྣམས། དཀྱིལ་འཁོར་མཐོང་བས་བྱང་བར་འགྱུར། ཞེས་ཏེ། རྩ་རྒྱུད་ལས། མཐོང་བ་དང་ནི་ཞུགས་པ་ལས། སྡིག་པ་ཀུན་ལས་གྲོལ་འགྱུར་བ། དེ་ལྟ་ཉིད་དུ་ཐེ་ཚོམ་མེད། ཅེས་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་རྒྱ་ཆེར་གསུངས་པས་སོ། །དེ་དག་འཇུག་པའི་རིམ་པ་ཡིན་ལ། ད་ཞུགས་ནས་མངོན་པར་དབང་བསྐུར་བ་ལ། གཞི་ཡི་དུས་ལ་ལུས་ངག་ཡིད་ཡེ་ཤེས་བཞི་ལ། ལམ་གྱི་དུས་སུ་སྦྱོང་བྱེད་དབང་བཞི་བསྐུར་བས། འབྲས་བུའི་དུས་སུ་ཐོབ་བྱ་སྐུ་བཞིར་འགྱུར་བའི་ཚུལ་གྱིས་ཏེ། ཀུན་མཁྱེན་ཆེན་པོས། དྲི་མ་བཞི་དག་ནུས་པ་བཞི་སྨིན་ལ། །ཡོངས་སུ་སྨིན་པར་བཞག་པ་གང་གིས་ཏེ། །བྱས་ནུས་ཐབས་ལ་རྒྱལ་བས་དབང་བསྐུར་གསུང་། དེ་ཕྱིར་དབང་བསྐུར་དེ་མེད་དངོས་གྲུབ་མེད། །ཅེས་གསུངས་ཤིང་། རྩ་རྒྱུད་ལས། དགོད་དང་ལྟ་དང་ལག་འཛིན་གྱིས། །འཁྱུད་དང་གཉིས་སྤྲོད་ལ་སོགས་པ། །དབང་བསྐུར་བར་ནི་འགྱུར་བ་ཡིན། །ཞེས་པ་ལྟར་དབང་བཞི་རིམ་པས་བསྐུར་བ་སྟེ། དེ་ལ་ཡང་། གང་ལ་ལྷག་མོས་པ་ཞེས་པས་སྒྲུབ་པ་པོ་ཙམ་ཞིག་ལ་མོས་ན་སློབ་མའི་དབང་དང་། སློབ་དཔོན་དུ་འོས་པ་ལ་བུམ་པའི་དབང་རྫོགས་པར་བསྐུར་བས་ཏེ་དེ་དང་དེའི་དབང་བསྐུར་བྱ་དགོས་པ་ལས། ད་ལམ་བུམ་དབང་རྫོགས་པར་ཞུ་བའི་ཡོན་དུ་མཎྜྻལ་ཕུལ། ཕུལ་ཟིན་ནས། གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེ་སོགས་ལན་གསུམ། དེ་ཡང་བུམ་པའི་དབང་ལ། སྡོམ་འབྱུང་ལས། ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་གི་དབང་བསྐུར་ཏེ། །དབང་ལྔ་དེ་བཞིན་གཤེགས་བདག་ཉིད། །ཅེས་པས་དབང་དེ་དག་དེ་བཞིན་གཤེགས་པ་ལྔའི་དག་པ་སྦྱར་ནས་གསུངས་ལ། དེ་ལས་དང་པོ་མི་བསྐྱོད་པ་ཆུའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། རྣམ་རྒྱལ་བུམ་པ་དང་སློབ་མ་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། དབང་རྫས་ཀྱི་བུམ་པ་དང་སློབ་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ། དེ་ལས་མི་བསྐྱོད་པ་སོགས་ནས་བུམ་པ། ཅོད་པན། རྡོ་རྗེ། དྲིལ་བུ་མིང་གི་དབང་དང་བཅས་པ་དཀྱུས་ལྟར་གྱིས་རྣལ་འབྱོར་རྒྱུད་མན་ཆད་འཆད་པ་ལ་དབང་བ་ཡིན་ནོ་བར། དེ་ནས་གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ལ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་སོགས། ཐིམ་པའི་མོས་པ་དང་བཅས་ཏེ་སྔགས་འདི་དག་གི་རྗེས་ཟློས་མཛོད། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀ་སོགས་ཡབ་ཡུམ་གྱི་སྙིང་པོ། ཉེ་སྙིང་། ཨོཾ་ཌཱ་ཀི་ནཱི་ཡེ་སོགས་སྙིང་པོའི་རྣལ་འབྱོར་མ་བཞི། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝི་རི་ཤ་ཡ་ཧཱུྃ་ཧཱུྃ་ཕཊ། སོགས་རྩ་སྔགས་རྐང་པ་བརྒྱད་པ་དང་། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། སོགས་ཕྲེང་བའི་སྔགས་དང་བཅས་པའི་བཟླས་ལུང་སྦྱིན། རྡོ་རྗེ་མེ་ཏོག་དང་བཅས་སྤྱི་བོར་བཀོད་དེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །སོགས། རྟག་ཏུ་བཅངས། ཞེས་སྔགས་དབང་བསྐུར། དེ་ནས་མཐའ་རྟེན་ལ་བརཏལ་ཞུགས་ལུང་བསྟན་དབུགས་དབྱུང་བ་རྣམས་ཏེ། དེ་ལས་བརཏལ་ཞུགས་ཀྱི་དབང་ལ། རྡོ་རྗེ། སྤྱོད་པ། རིག་མའི་བརཏལ་ཞུགས་དང་གསུམ་ལས། དང་པོ་རྡོ་རྗེའི་བརཏལ་ཞུགས་ནི། ཧཱུྃ་ལས་རྡོ་རྗེ་སེམས་དཔའ། དེ་བཞུ་བའི་རྡོ་རྗེ་ལག་ཏུ་གཏད་པར་མོས་མཛོད། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། སོགས། བརཏལ་ཞུགས་བསྟན། དེ་ནས་ཁྱེད་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་བྱིན་པས། དེ་རྣམས་རྡོ་རྗེ་འཛིན་པར་འགྱུར་བ་ཡིན་པས་དེ་ལྟར་ངེས་པར་མཛོད་ལ་རྡོ་རྗེ་གསོར་ཏེ་སྙིང་གར་འཛིན་ནས་སྔགས་འདི་ཡི་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཧ་ཧ་ཧི་སྤྱོད་པའི་བརཏལ་ཞུགས་ནི་རིག་པ་བརཏལ་ཞུགས་ཀྱི་ཕྱིར་ཏེ་ཁ་ཊྶཱཾ། ཐོད་པ། ཅང་ཏེའུ། ཕྱག་རྒྱ་དྲུག་རྣམས་བརྒྱན་ཏེ། སྣ་ཚོགས་བསམ་པའི་བྱེ་བྲག་གིས། །སོགས་བརཏལ་ཞུགས་སྦྱིན། སྤྱོད་པའི་བརཏལ་གཞུག་གོ། དེ་ནས་རིག་མའི་བརཏལ་ཞུགས་ནི། ཕྱོགས་ལས་རྣམ་རྒྱལ་གྱི་ཕྱིར་ཡིན་ཏེ། ཤེས་རབ་ཀྱི་ལག་པ་ནས་བཟུང་སྟེ་གཏད་པར་མོས་མཛོད། འདི་ནི་རང་ཉིད་མཛེས་པ་སྟེ། སོགས་རིག་མའི་བརཏལ་གཞུག་གོ། །དེ་ནས་ལུང་སྟོན་པ་ནི། སློབ་དཔོན་ཤཱཀྱ་ཐུབ་པར་གསལ་བའི་ལག་པ་གཡོན་པས་ཆོས་གོས་ཀྱི་རྣ་རི་དྭགས་ཀྱི་རྣ་བ་ལྟར་བྱས་ཏེ་བཟུང་། གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་ལུང་བསྟན་པ་སྩལ་བྱུང་སྙམ་པའི་མོས་པ་མཛོད། འདི་ལྟར་ང་ཡིས་ལུང་བསྟན་ཏེ། སོགས། བྷུར་བྷུ་ཝཿསྭཿ ཀྱེ་དཔལ་ཤྲཱི་ཧེ་རུ་ཀ་དཔལ་རྡོ་རྗེ་ཞེས་མཁའ་འགྲོ་དང་མཁའ་འགྲོ་མ་ཀུན་གྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དེ་དད་པར་བྱའོ། །དེ་ནས་དབུགས་དབྱུང་བར་བྱ་བ་ནི། ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེ། །སོགས། ཞུགས་པ་ཡིན། །ཞེས་དབུགས་དབྱུང་། དེ་རྣམས་ཀྱིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག ལམ་བསྐྱེད་རིམ་བསྒོམ་པ་དང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་ཕུལ། ཕུལ་ཟིན་ནས། གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཕྱིར་མི་ལྡོག་པའི་དབང་བསྐུར་གྱིས། སོགས་ལན་གསུམ། དེ་ཡང་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ནི། སྡོམ་འབྱུང་ལས། གདུགས་དང་གདན་དང་རིགས་པ་སོགས། །རྡོ་རྗེ་དྲིལ་སོགས་ཡང་དག་ལྡན། ཡང་དག་རྫོགས་པའི་སློབ་དཔོན་དབང་། རྡོ་རྗེ་སེམས་དཔའ་ཕྱིར་མི་ལྡོག །སྦྱིན་བྱ་བུམ་པ་ཡང་དག་ལྡན། །ཞེས་གསུངས་པ་ལྟར། སློབ་མ་རྣམས་སེངྒེས་བཏེགས་པའི་ཁྲི་ལ་འཁོད་ཅིང་། གདུགས་ཕུབ་པའི་འོག་ཏུ་གནས་པ། སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་སོགས་གཙོ་བོ་ཡབ་ཡུམ་གྱི་སྐུར་བསྒོམ་ལ་གནས་གསུམ་བྱིན་གྱིས་བརླབས། གོ་བསྐོན་པའི་ཕྱག་རྒྱ་ལྔས་བརྒྱན་པར་གསལ་ཐོབ་ཅིག སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལྷ་ཚོགས་སྤྱན་དྲངས་སོགས་ནས་བྱ་བ་མཛད་བཞིན་དུ་དབང་བསྐུར་བའི་མོས་པ་མཛོད། རྡོ་རྗེ་ཆེན་པོའི་སོགས། རྣམ་རྒྱལ་གྱི་བུམ་པ་སྤྱི་བོར་བཀོད་དེ་དབང་བསྐུར། བདུད་རྩིའི་རང་བཞིན་གྱིས་སོགས། བཛྭ་སྭཱ་ཧཱ། བར་དང་། དེ་ལ་སྣ་ཚོགས་པའི་མཆོད་པས་མཆོད་པར་མོས་མཛོད། ཨོཾ་བཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ནས་ཤཔྟའི་བར་གྱིས་མཆོད་པར་བྱའོ། །དེ་ནས་དེ་ཉིད་རིག་པའི་རྣལ་འབྱོར་པས། །སོགས། མཉམ་མེད་བྱོས། །དེ་ནི་ཕྱིར་མི་ལྡོག་པའི་དབང་སྟེ་ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ། རོ་ཆེན་པོའི་ཁམས་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག རྣམ་པར་ཤེས་པའི་ཆོས་ཐམས་ཅད་སྟོང་ཉིད་ཡེ་ཤེས་རྡོ་རྗེར་དག་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་ཕུལ། གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱབས། སོགས་ལན་གསུམ། རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་ལ་སྔར་མ་ཞུགས་པ་མཚོན་བྱེད་དུ་མིག་དར་འཆིང་བར་མཛོད། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིང་། དབང་འདི་ནི་རྩ་རྒྱུད་ལས། དེ་ནས་སྤྱན་རས་གཟིགས་བཤད་དེ། །ཞེས་སོགས་ཀྱིས་རྒྱས་པར་བསྟན་པས་དམིགས་པ་འདི་བཞིན་དུ་མཛོད། གཙོ་བོ་དང་གཉིས་སུ་མེད་པའི་བླ་མ་ཡབ་ཡུམ་སྙོམས་པར་བཞུགས་པས་སོགས། ལྕེ་ཐོག་ཏུ་བྱིན་ནས་དབང་བསྐུར་བར་མོས་མཛོད། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །སོགས། དེ་རིང་བུ་ཁྱོད་དབང་བསྐུར་རོ། །དེ་ལྟར་དབང་བསྐུར་བས་ཁྱེད་རང་རྣམས་ཀྱིས་ཀྱང་སངས་རྒྱས་ཐམས་ཅད་ཞུ་བའི་རྫས་སུ་རིག་པས། ཨ་ཧོ་མ་ཧཱ་སུ་ཁཿ ཞེས་བཏུང་བར་བྱོས་ཤིག བདུད་རྩི་བྱིན་པ་སྔགས་བརྗོད་བཞིན་མྱང་ངོ་། དེ་ལྟར་བསྐུར་བས་དམ་ཚིག་ཀྱང་འདི་ལྟ་ལྟེ། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །མྱང་བར་གྱིས། །ཞེས་ཕོག ཨོཾ་ཨཱཿཧཱུྃ་གིས་མིག་དར་དཀྲོལ་མཛོད། ཅེས་མིག་དར་དཀྲོལ། དེ་ལྟར་རྡོ་རྗེ་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག་སོགས། སྐལ་པ་ཅན་དུ་བྱས་པའོ། །གསང་བའི་དབང་ངོ་། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་ཕུལ། གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱབས། །སོགས་ལན་གསུམ། ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་སྔར་མ་མཐོང་བ་མཚོན་པའི་ཕྱིར་ཨོཾ་ཨཱཿཧཱུྃ་གིས་མིག་དར་འཆིང་བར་མཛོད། ཅེས་མིག་དར་འཆིང་། །རྩ་རྒྱུད་ལས། དེ་ནས་སློབ་མ་ཕྱི་དེ་ཉིད། །ལས་ནི་ཡང་དག་སྤྱད་པར་བྱ། །ཅེས་པས་བསྟན་ཏེ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནི་ལ་དང་མཚུངས་པ་སོགས་ཕྱག་རྒྱ་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དེའི་ལག་པ་ནས་བླ་མས་བཟུང་སྟེ་གཏད་པར་མོས་མཛོད། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །སོགས། མཆོད་པ་གྱིས། ཞེས་རིག་མའི་ཙཀླི་སྦྱིན། དེ་ལྟར་གཏད་པའི་ཕྱག་རྒྱ་དེས་སློབ་མ་ལ་སྤྲོ་བ་འདྲི་བ་འདི་ལྟར། དཔའ་བོ་བུ་ཁྱོད། སོགས་བུ་ཡིས་སྨྲོས། ཞེས་དྲིས་པ་ལ། ལན་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཇི་ལྟར་གསུངས་པའི་དམ་ཚིག་རྣམས། །སོགས། པདྨ་ཅིས་མི་མཆོད། དེ་ནས་ཕྱག་རྒྱ་དེའི་རང་གི་བྷ་ག་རྒྱས་པ་སོགས་ནས། དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱས་པར་མོས་ལ། མིག་དར་དཀྲོལ་མཛོད། ཨོཾ་ཨཱཿཧཱུྃ་གིས་མིག་དར་དབྱེ། དེས་ཕྱག་རྒྱའི་བྷ་གའི་སོགས། སྐལ་པ་ཅན་དུ་བྱས་པའོ། །དེ་ལྟར་དབང་བསྐུར་ནས་རྗེས་སུ་གདམས་པ་འདི་ལ་གསན་འཚལ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། སོགས། ཀུན་གྱིས་ཤིག དབང་གསུམ་པའོ། །དེ་ནས་དབང་བཞི་པ་ཚིག་གི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་ཕུལ། གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །ལན་གསུམ། སྔར་གསུམ་པའི་དབང་གི་སྐབས་སུ་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་དཔེར་བྱས་ཏེ་དོན་གྱི་ལྷན་སྐྱེས་ཡེ་ཤེས་ཆེན་པོ་ངོ་སྤྲོད་པའི་ཆེད་དུ། ཚིག་གི་བརྡ་སྤྲོད་པའི་དབང་བསྐུར་བ་སྟེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །སོགས། བརྗོད་དུ་མེད་པའོ། །དེ་ལྟར་ཚིག་གི་བརྡ་སྤྲད་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག སོགས། སྐལ་པ་ཅན་དུ་བྱས་པའོ། །སྔར་ཕན་ཆད་འཁོར་བ་ན་འཁོར། ད་རེས་འཁོར་བའི་མཚམས་བཅད་པས་ཚེ་འདིའམ་སྐྱེ་བ་བཅུ་དྲུག་ཚུན་ལ་འཚང་རྒྱ་ངེས་པས་སོ་སྙམ་པས་དགའ་བ་སྒོམ་པ་འདི་ཡི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་འབྲས་བུ་ཡོད། སོགས། སྲས་སུ་ད་གྱུར་ཏོ། །དེ་ནས་དམ་ཚིག་འབོག་པ་ནི། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་ལོངས། །གཞན་གྱི་བུད་མེད་བསྟེན་པར་གྱིས། །དེ་ཡང་། སྣང་བ་སྒྱུ་མ་ལྟ་བུའི་ལྷར་ཁྱེར་བས་དངོས་འཇིན་གྱི་སྲོག་བཅད་པ་སྟེ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། ཞེས་པའི་བརྗོད་བྱ་བུམ་དབང་གི་དམ་ཚིག གཞོམ་མེད་སྐད་ཀྱིས་སྨྲ་བ་རྫུན་ཚིག་སྟེ། རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། ཞེས་པའི་བརྗོད་བྱ་གསང་དབང་གི་དམ་ཚིག །ཕྱག་རྒྱའི་དྭངས་མ་དབང་དུ་སྡུད་པ་མ་སྦྱིན་ལེན་ཏེ། མ་སྦྱིན་པ་ཡང་ཁྱོད་ཀྱིས་ལོང་། ཞེས་པའི་བརྗོད་བྱ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག །ཡས་བརྟན་པའི་བདེ་བ་འགྱུར་མེད་ཆེན་པོའི་རྒྱས་བཏབ་པ། རྡོ་རྗེ་སེམས་དཔའི་བུད་མེད་བསྟེན་པ་སྟེ། གཞན་གྱི་བུད་མེད་བསྟེན་པར་གྱིས། ཞེས་པའི་བརྗོད་བྱ་ཚིག་དབང་གི་དམ་ཚིག །དེ་དག་ནི་དགོངས་ཏེ་གསུངས་པའི་དམ་ཚིག་བཞི་ཡིན་པས་དོན་དེ་ལྟར་དུ་ཐུགས་ལ་ངེས་པ་མཛོད། འོ་དེ་དག་གི་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་དབང་བཞི་ཡོངས་སུ་རྫོགས་པ་ལེགས་པར་ཐོབ་པ་ཡིན་པས་སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜྻལ་ཕུལ་མཛོད། དེ་ནས་ཡོན་འབུལ་བ་ནི། གང་གི་བླ་མ་མཉེས་བྱེད་པ། སོགས། བྲན་དུ་འབུལ་བར་བགྱིའོ། སྙམ་པས་འདི་ཡི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། སོགས། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་ནས་དབང་བསྐུར་བ་ལས་བྱུང་བའི་དགེ་བའི་རྩ་བ་བསྔོ་ཞིང་ཤིས་པ་བརྗོད། ཚོགས་ལ་རོལ། གཏོར་འབུལ་བྱས་ལ། ལྷག་མ་བཏང་། གཏང་རག་མཆོད་བསྟོད། ནོངས་བཤགས་བཟོད་གསོལ། འདོད་གསོལ་སོགས་ཅི་ལྟར་རིག་པ་བྱས་རྗེས། མདུན་བསྐྱེད་བརྟན་བཞུགས་བྱ། སྙིང་གའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་སོགས་བདག་བསྐྱེད་བསྡུ། དགེ་བསྔོ་ཤིས་བརྗོད་བཅས་ཡོངས་སུ་འགྲུབ་པའོ། །དབང་གི་སྟ་གོན་དང་འཇུག་པ་དཀྱིལ་འཁོར་རྒྱས་པས་ཁ་བསྐང་ན་བཅུ་གསུམ་པའི་དབང་བསྡུས་པར་ཡང་འགྱུར་རོ། །ཞེས་པདྨ་དཀར་པོས་སྦྱར་བའོ། །གསུངས་པ་བཞིན་དབང་གི་འགྲོས་སྤྱིར་བཅུ་གསུམ་མ་དང་མཚུངས་པར་བཀོད་པའོ། །བླ་མེད་གསང་མཐའི་སྙན་རྒྱུད་ནོར་བུའི་མཛོད། གསུམ་ལས་སྨིན་ལམ་ཡིད་བཞིན་དབང་གི་རྒྱལ། །སྐལ་བཟང་གདེངས་ཅན་གཙུག་གི་རྒྱན་དམ་པར། །སྦྱིན་པའི་ཐབས་མཆོག་ཀུན་མཁྱེན་གསུང་གསང་མཛོད། །རྒྱུད་ལྡན་ཞལ་ལུང་ཅུང་ཟད་གསལ་བྱས་འདིར། །མ་རིག་ནོངས་ཀུན་བླ་མ་ཧེ་རུ་ཀའི། །སྤྱན་སྔར་འཆགས་ཤིང་དགེ་བའི་ཆབ་རྒྱུན་གྱིས། །འགྲོ་ཚོགས་གཞི་རྒྱུད་དྲི་མ་ཡོངས་དག་ནས། །ཕུང་ཁམས་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་དུ། །ཁྱབ་བདག་ཧེ་རུ་ཀར་འགྲུབ་རྒྱུར་ཅིག །དེ་ལྟར་སྙན་བརྒྱུད་ཡབ་བཀའ་བསྡུས་པ་ལུས་དཀྱིལ་ཀྱི་དབང་གི་ཆོ་ག་ཀུན་མཁྱེན་ཆེན་པོའི་གསུང་ལ་འཇུག་བདེའི་ལྷན་ཐབས་འདི་བཞིན་བྲི་བར་བྱོས་ཤིག་ཅེས་དཔལ་མགོན་བླ་མ་དམ་པ་རྣམས་ཀྱིས་བཀའ་སྩལ་སྤྱིར་ཕེབས་བཞིན་འཁྲུལ་ཞིག་བརྒྱད་པར་འབོད་པས་ཡབ་བཀའ་འབྲིང་པོའི་ཆོ་ག་དང་སྒོ་བསྟུན་ནས་བྲིས་པ་སྟེ་མ་རིག་དབང་གྱུར་ནོངས་པ་མཐའ་དག་སྙིང་ནས་འཆགས་ཤིང་། དགེ་བའི་རྩ་བ་གང་མཆིས་ངེས་དོན་སྙིང་པོའི་བསྟན་པ་རིན་པོ་ཆེ་ཡུན་དུ་གསལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousསྙན་བརྒྱུད་ཡབ་བཀའ་བདེ་མཆོག་ལུས་དཀྱིལ་དུ་དབང་བསྐུར་བའི་ཟིན་བྲིས་འཇུག་བདེའི་ལམ་བཟང་།next