Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
དཔལ་མཁའ་འགྲོ་སྙན་རྒྱུད་ལུས་དཀྱིལ་གྱི་དམིགས་རིམ་མདོར་བསྡུས་པའི་རེག་ཟིག་གོ །
   
   
   
   
   
   
   
   
   
   
   


 
previousདཔལ་མཁའ་འགྲོ་སྙན་རྒྱུད་ལུས་དཀྱིལ་གྱི་དམིགས་རིམ་མདོར་བསྡུས་པའི་རེག་ཟིག་གོ །next

དཔལ་མཁའ་འགྲོ་སྙན་རྒྱུད་ལུས་དཀྱིལ་གྱི་དམིགས་རིམ་མདོར་བསྡུས་པའི་རེག་ཟིག་གོ །

དཔལ་མཁའ་འགྲོ་སྙན་རྒྱུད་ལུས་དཀྱིལ་གྱི་དམིགས་རིམ་མདོར་བསྡུས་པའི་རེག་ཟིག་གོ །བླ་མ་དང་དཔལ་བདེ་མཆོག་འཁོར་ལོ་རྣམ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །འདིར་སྙན་རྒྱུད་ཡབ་བཀའ་ལུས་དཀྱིལ་གྱི་དམིགས་རིམ་མདོར་བསྡུས་ཤིག་བྲི་བར་བྱའོ། །དེ་ལ་བདེ་མཆོག་ཕྱི་དཀྱིལ་དང་ལུས་དཀྱིལ་འདི་ཉིད་དུ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་གདོད་ནས་གྲུབ་པའི་དུར་ཁྲོད་ལ་སོགས་པའི་གནས་སུ་བསྒོམ་པར་བྱ་བ་ལ། སྔོན་དངོས་རྗེས་གསུམ་ལས། དང་པོ་ནི་ཕྱོགས་བཅུའི་ཞིང་བཞུགས་ཀྱི་མཆོག་གསུམ་རྩ་གསུམ་ལ་དམིགས་ནས། ཕྱོགས་བཅུར་བཞུགས་པས་སྐྱབས་འགྲོ། ཇི་ལྟར་དུས་གསུམ་གྱིས་སེམས་བསྐྱེད། དེ་ནས་རྡོར་སེམས་སམ། བདེ་མཆོག་གམ། ཁཎྜྻ་རོ་ཧེ་མ་ལྟ་བུ་བསྐྱེད་བཟླས་འོད་ཞུར་སྒྲུབ་པའི་ཆུས་ཕྱི་ཁྲུས། རྡོ་རྗེའི་ཆུ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པས་ནང་ཁྲུས། །རྡོར་སེམས་སྒོམ་བཟླས་ཀྱིས་གསང་ཁྲུས་ནས། རང་རྣལ་འབྱོར་མར་གསལ་བའི་སྤྱི་བོ་ན་ཡར་རྩ་བརྒྱུད་བླ་མ་གསལ་བཏབ་ནས། རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ་ཞེས་སོགས་ཀྱིས་གསོལ་འདེབས་བྱས་མཐར་བརྒྱུད་བླ་རྣམས་རྩ་བའི་བླ་མར་བསྟིམ་ནས། དེ་ཉིད་ལ་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་སོགས་ཀྱིས་དབང་བཞི་ལེན་དུས་སྤྱི་མགྲིན་སྙིང་ལྟེ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་སྒོ་གསུམ་ལ་རིམ་པར་ཐིམ་པས་སོ་སོའི་དྲི་མ་དག བུམ་གསང་ཤེར་གསུམ་གྱི་དབང་ཐོབ། འབྲས་བུ་རྡོ་རྗེ་གསུམ་གྲུབ་སྐལ་བཞག་པར་བསམ། མཐར་བླ་མ་འོད་དུ་ཞུ་རང་ལ་འདྲེས་པས་སྒོ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག བཞི་པའི་དབང་ཐོབ། ཡེ་ཤེས་རྡོ་རྗེ་གྲུབ་སྐལ་བཞག་པར་བསམ། ཡང་ན་བླ་མ་འོད་དུ་ཞུ་བའི་སྐུའི་བྱིན་རླབས་ལུས། གསུང་ངག ཡིད་ཐུགས། ཡེ་ཤེས་སྒོ་གསུམ་ཐུན་མོང་ངམ་རྣམ་ཤེས་ཀྱི་ཁམས་ལ་ཆུ་རྒྱུན་གྱི་རིམ་པ་ལྟར་ཞུགས་པས་སྒྲིབ་བཞི་སྦྱངས་པ་དབང་བཞི་ཐོབ་པ་སོགས་མོས་སྦྱོར་ནི་དབང་བཞི་ཆུ་རྒྱུན་གཅིག་མ་ཞེས་བྱ་སྟེ་དམིགས་པ་འདི་ལྟར་ན་དབང་བཞི་ལེན་ཚིག་ལོགས་སུ་མི་འདོན་པར་བརྒྱུད་འདེབས་རྗེས་རང་དུ་རྩ་བའི་བླ་མ་བསྟིམ་པ་ལ་དེ་ལྟར་དམིགས་པས་ཆོག་གོ །དེ་ལྟར་བསྟིམ་པའི་མཉམ་བཞག་ལས་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་ཡབ་རྐྱང་དུ་ལངས་ཏེ། རང་གནས་ས་ནས་བརྩམས་ས་ཕྱོགས་ཐམས་ཅད་བདེ་ཆེན་གྱི་རང་གདངས་རྣམ་བཅས་སྒྱུ་འཕྲུལ་གྱི་རང་བཞིན་མཁའ་འགྲོ་མངོན་པར་འདུ་ཞིང་སྤྱོད་པ་དུར་ཁྲོད་ཀྱི་དཀྱིལ་འཁོར་དུ་ཤར་བ་དང་། རང་གི་སྟན་དུ་དམིགས་མེད་བདེ་བ་མཚོན་པའི་རོ་སྟན་དང་། གཡོན་ཕྱོགས་སུ་ཕག་མོའི་རང་བཞིན་ཕྱག་རྒྱ་ལྔས་བརྒྱན་པའི་རིག་མ་མཚན་ལྡན། བདག་ཉིད་ཧེ་རུ་ཀའི་སྐུར་ཡང་ཕྱིན་དྲུག་དག་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ་རྣམས་ཀྱི་མོས་པ་བྱས་ནས། བདུད་རྩི་རིལ་བུ་བཏབ་པའི་ནང་མཆོད་བྱིན་གྱིས་བརླབས་པ་མཐེབ་སྲིན་སྦྱར་བས་ཡབ་ཡུམ་མཉམ་སྦྱོར་ལས་བྱང་སེམས་དཀར་དམར་བབས་པས་ལྕེ་མགྲིན་ནས་བརྩམས་ཏེ་ལུས་ཐམས་ཅད་བདེ་བས་གང་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་དག་པར་བསམ། བདུད་རྩི་བྱིན་རླབས་ཀྱང་རྒྱས་པར་སྙན་རྒྱུད་ལྷན་སྐྱེས་སྒྲུབ་ཐབས་ཀུན་མཁྱེན་ཆེན་པོས་མཛད་པ་ལས། སྭ་བྷཱ་ཝ་ནས་བདུད་རྩི་དང་གཉིས་སུ་མེད་པར་གྱུར་ཞེས་པའི་བར་ལེན་ཅིང་། ཡང་ལྷན་ཅིག་སྐྱེས་མའི་སྒྲུབ་ཐམས་ཅད་ཀྱི་ལྟར་ཡང་རུང་ལ། དེ་ལྟར་ན་སྙིང་གའི་བཾ་གྱི་འོད་ཅེས་པའི་ཚབ་ཏུ་སྙིང་གའི་ཧཱུྃ་ཞེས་འཇུག རང་ཡབ་རྐྱང་གི་སྙིང་གར་ཧཱུྃ་ཡིག་ཕྲལ་དེར་སྒོམ་དགོས་སོ། །དངོས་གཞི་ལ། སྲུང་འཁོར། བསོད་ནམས་ཚོགས་བསགས། ཚད་མེད། ཡེ་ཤེས་ཚོགས། རྟེན་དཀྱིལ་འཁོར། བརྟེན་པ་ལྷ་ལྔ། ལུས་དཀྱིལ་གསལ་འདེབས། གོ་བགོ ཡེ་ཤེས་དགུག་པ། དབང་། རྡོར་བཟླས། རྫོགས་རིམ་སྟེ་བཅུ་གཉིས་སོ། །དེ་ནས་དང་པོའི་སྐབས། འབྲུ་གསུམ་བརྗོད་པས་རང་ཉིད་བདེ་མཆོག་ཡབ་རྐྱང་དུ་གསལ་བ་དེ་འོད་དུ་ཞུ་ནས་ཨོཾ་དཀར། ཨཱཿདམར། ཧཱུྂ་སྔོན་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་གསལ་བཏབ་པའི། ཨོཾ་ཨཱཿཨཱཿཧཱུྂ་ལ་ཐིམ། ཧཱུྂ་ཡང་ཞབས་ཀྱུ་ནས་ནཱ་དའི་བར་དང་། དེ་ཡང་མི་པར་དམིགས་གྱུར་པ་དང་ལྷན་ཅིག ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ་སོགས་ཡི་གེ་བཞིའི་དོན་དྲན་པས་མཉམ་པར་འཇོག་པའི་དོན་ནི། ཤྲཱིས་མཚོན་པ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཐོག་མར་སྐྱེ་བའི་རྒྱུས་སྟོང་། བར་དུ་རང་གི་ངོ་བོ་གནས་པས་སྟོང་། མཐར་འགག་པའི་འབྲས་བུས་སྟོང་པ་སྟེ། དེ་ལྟ་བུ་ངའོ་སྙམ་པའི་ང་རྒྱལ་གྱིས་སོ། །དེ་ལས་སྐད་ཅིག་གིས་བདེ་མཆོག་དཔའ་བོ་གཅིག་པའི་སྐུར་ལྡང་བ་སྟེ། འབྲུ་གསུམ་བརྗོད་པ་དང་དམིགས་པ། ཡེ་ཤེས་བཞིའི་དོན་ལ་མཉམ་པར་འཇོག་པ། ལྷར་གསལ་བ་སྟེ་རིམ་བཞིན་ངག་ཡིད་ལུས་དག་པ་སྒོ་གསུམ་དག་བྱེད་ཀྱི་རྣལ་འབྱོར་རོ། །ལྷར་གསལ་བའི་སྙིང་ཁར་སྣ་ཚོགས་པདྨ་དང་ཟླ་བ་ལ་ཧཱུྃ་ཡིག་མཐིང་ནག ཡིག་བདུན་མཐིང་གས་གཡས་སུ་འཁོར་བས་བསྐོར་བ། དེའི་འོད་ཟེར་མཐིང་ནག་ཆེར་འཕྲོ་ཞིང་འབར་བའི་ཀློང་ནས་ཁ་དོག་སྣ་ཚོགས་པའི་རྡོ་རྗེ་དཔག་མེད་སྤྲོས་པ་རྣམས་སྟེང་འོག་ཕྱོགས་མཚམས་སུ་འདུས་ཤིང་འབྲེལ་བར་གྱུར་པ་ལས། འོག་ཏུ་རྡོ་རྗེའི་ས་གཞི། ཐད་ཀར་ར་བ་ཟླུམ་པོ། སྟེང་དུ་གུར་དང་། ར་བར་གྱི་ནང་གནམ་རྒྱན་ལྟ་བུར་བླ་བྲེ། དེ་རྣམས་ཀྱི་ཕྱི་སྟེང་ལོག་ཁེབས་པར་རྡོ་རྗེ་མདའི་དྲཱ་བ་རྣམས་སུ་གྱུར་པར་བསམ། དེ་ནས་སྙིང་ཁའི་ཧཱུྃ་ཡིག་ལས་འོད་ཟེར་དམར་ངམ་ཆེ་ཞིང་ཚ་བ་འཕྲོས་པའི་སྣ་ལ་སྒོ་མཚམས་ཀྱི་ཁྲོ་མོ་བརྒྱད་པོ་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་ན་རྡོ་རྗེ་ཐོ་བ་དང་ཞགས་པ། གཡོན་གཉིས་ན་ཕུར་པ་དང་ལྕགས་ཀྱུ་བསྣམས་པ་སྟག་ཤམ་ཅན་ཤིན་ཏུ་ཆེ་ཞིང་འཇིགས་པའི་སྐུར་སྤྲོས་པ་ཕྱོགས་མཚམས་བརྒྱད་དུ་ཕྱིར་བལྟས་ཏེ་འཁོད་པའི་སྐུ་མདོག་ཕྱོགས་མཐུན་ཏེ་ཁྭ་གདོང་མ་ནག་མོ་ནས་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བའི་བར་རོ། །དེ་ལྟར་སྤྲོས་ཏེ་འཁོད་པ་ལ་ཨོཾ་སྲཱིཿསོགས་ཀྱིས་བཀའ་བསྒོས་པས། ལྷ་མོ་རྣམས་ཀྱིས་རང་འདྲ་དཔག་ཏུ་མེད་པ་སྤྲོས་པས་བགེགས་རྣམས་ཞགས་པས་བཅིངས། ལྕགས་ཀྱུས་ཕུག་སྟེ་དྲངས་ནས་སྤྲུལ་གཞི་རང་རང་གི་མདུན་དུ་དོར་བ་ལ། ཕུར་པས་བཏབ་ཅིང་རྡོ་རྗེས་བརྡུངས་པས་ཕྱེ་མར་བྱས་ནས་སྤྲུལ་པ་རྣམས་སྤྲུལ་གཞི་ལ་ཐིམ་པས་དེ་དག་ཀྱང་མེ་འོད་ཀྱི་ཕྲེང་བར་གྱུར་པས་རྡོ་རྗེའི་གུར་ཁང་ཀུན་ནས་དཀྲིས་ཤིང་འབར་བར་བསམ་མོ། །འདིར་སྟེང་གི་བགེགས་གཞོམ་པ་ལ་ཤར་གྱི་ཤར་དུ་ཁྭ་གདོང་མ་གཉིས་པ་དང་། འོག་གི་བགེགས་ལ་ནུབ་ཀྱི་ནུབ་ཏུ་ཁྱི་གདོང་མ་གཉིས་པ་སྤྲོ་ཡང་རྣམ་པ་འདྲ་བས་བརྒྱད་པོར་འདུའོ། །གཉིས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། སྙིང་གའི་ཧཱུྃ་ལས་འོད་ཟེར་སྔོན་པོའམ་སྣ་ཚོགས་པ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། སྐུ་གསུང་ཐུགས་བདེ་ཆེན་དམ་ཚིག་སྟེ་འཁོར་ལོ་ལྔ་ཡོངས་སུ་རྫོགས་པའི་རྟེན་བརྟེན་པའི་དཀྱིལ་འཁོར་སྐུ་གསུམ་གྱི་ཞིང་ནས་སྤྱན་དྲངས་པ་མདུན་གྱི་ནམ་མཁར་བཞུགས་པ་ལ། ན་མ་སོགས་བརྗོད་པའི་ཚེ་རང་གིས་ཀྱང་འདུད་པའི་ཉམས་དང་། ལྷ་དང་མི་མཆོག་མཁའ་འགྲོ་ལ་སོགས་པའི་རྣམ་པ་དུ་མར་སྤྲུལ་པས་ཀྱང་ཞབས་ལ་ཕྱག་བྱས་པར་བསམ། ཚོགས་རྟེན་གྱི་སྟེང་གི་ཆར་བླ་མ་སྒོམ་པའམ་དཀྱིལ་འཁོར་གཙོ་བོ་ཉིད་རྩ་བའི་བླ་མ། དེ་ལ་བརྒྱུད་བླ་སོགས་སྐྱབས་གནས་ཀུན་འདུས་སུ་མོས་པ་གཉིས་ལས་ཕྱི་མ་བདེའོ། །སྙིང་གའི་ས་བོན་ལས་གཟུགས་མ་སོགས་སྡེ་ཚན་རེ་རེའང་ནམ་མཁའ་ཁྱབ་པ་ཙམ་དུ་སྤྲོས་པས་མཆོད་དེ། དེ་ལ་ལུས་ཀྱི་གར་དང་ངག་གི་གླུ་དབྱངས་སོགས་དང་མཆོད་རྫས་ཀྱི་གཟིགས་མོས་མཆོད་པ་ཕྱི་མཆོད་དེ་དག་ལ་ལོངས་སྤྱད་པས་ཐུགས་ཚིམ་པ་ནང་མཆོད། མཐར་ལྷ་མོ་རྣམས་དཔའ་བོར་རང་རང་གི་ཡུམ་ལ་ཐིམ་པས་སྙོམས་འཇུག་གིས་མཆོད་ཅིང་། མཆོད་ཡུལ་ལྷ་མོ་བཅུ་གཉིས་ལྟ་བུ་ཡང་གཙོ་བོ་ཧེ་རུ་ཀའི་ཐུགས་རྒྱུད་ལ་བདེ་ཆེན་ལྷག་པར་བསྐྱེད་པའི་མདངས་ཀྱིས་ཤིན་ཏུ་དགྱེས་བདེར་གྱུར་པར་བསམ་པ་གསང་མཆོད་དོ། །དེ་ནས་ལྔ་རྣམ་དག་འབུལ་བ་ཡང་རང་ལྷར་གསལ་བའི་རམ་འདེགས་སྤྲུལ་པ་ཕྱག་བྱེད་པོ་རྣམས་ཀྱིས་བྱེད་པར་བསམ། དེ་ནས་སྤྲུལ་པ་རྣམས་རང་ལ་བསྡུས། ཚོགས་ཞིང་རང་གནས་སུ་གཤེགས་པར་བསམ་པ་ནི་སྔར་གང་ནས་བྱོན་པའི་གནས་སུ་གཤེགས་པ་ཡིན་ལ། འོན་ཀྱང་བདག་ཉིད་ལ་བསྟིམ་ན་བྱིན་རླབས་བཟང་བར་གསུངས་དེ་ལྟར་མཛད་པས་ན། རྟེན་བརྟེན་པར་བཅས་པའི་འཁོར་ལོ་དེ་འོད་དུ་ཞུ་ནས་སྙིང་གར་ཐིམ་པའམ་སྤྱི་བོ་ནས་བསྟིམ་པ་གང་རུང་ངོ་། །གསུམ་པ་ཚད་མེད་ནི། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་མེད་འཕྲོས། །སེམས་ཅན་གྱི་ཁམས་ལ་ཕོག་པས། དེ་ཀུན་སྡུག་བསྔལ་དང་བྲལ་བ་ནས། བཏང་སྙོམས་ཆེན་པོ་ལ་གནས་གྱུར་གྱི་བར་མོས་པས། སེམས་ཅན་ཐམས་ཅད་སོགས་བརྗོད། སླར་ཡང་སེམས་ཅན་ཐམས་ཅད་མི་ཟད་པའི་སྡུག་བསྔལ་ལས་ཕྱུང་སྟེ་ཞེས་སྨོན་སེམས་བསྐྱེད། བཞི་པ་ཡེ་ཤེས་ཀྱི་ཚོགས་ནི། སྭ་བྷཱ་ཝའི་སྔགས་དོན་ལ་མཉམ་པར་འཇོག་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ངེས་པའི་དབྱིངས་སུའོ། །ལྔ་པ་རྟེན་དཀྱིལ་འཁོར་ནི། སྟོང་པའི་ངང་ལས་སྲུང་འཁོར་གྱི་ནང་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ཆོས་འབྱུང་གི་ལྟེ་བར་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་སྣ་ཚོགས་པདྨའི་དབུས་རྡོ་རྗེ་རྒྱ་གྲམ་ཤར་རྭ་དཀར་བ་སོགས་ཕྱོགས་མདོག་ཅན་གྱི་ལྟེ་བར་གཞལ་མེད་ཁང་པའི་དཀྱིལ་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་བཞིའི་ལྟེ་བར་ཉི་གདན་ནོ། །དྲུག་པ་བརྟེན་པ་ལྷ་ནི། ཉི་གདན་དབུས་མའི་སྟེང་། དབྱངས་ཡིག་གཅིག་རྗེས་སུ་གཅིག་མཐུད་པས། ཚར་གཉིས་གཡོན་བསྐོར་དང་། དེའི་ནང་ངོས་སུ་གསལ་བྱེད་ཚར་གཉིས་གཡས་སུ་འཁོར་བའི་འཁོར་ལོ་སྟེ། དབྱངས་དཀར་པོ་དང་གསལ་བྱེད་དམར་པོ། དེ་གཉིས་ཡོངས་སུ་གྱུར་པ་ལས་དཀར་ལ་དམར་མདངས་ཆགས་པའི་ཟླ་བའི་དབུས་སུ་ཧཱུྃ་ཡིག་སྔོན་པོ་འོད་ལྔ་འཕྲོ་བས་སྣོད་བཅུད་ཕྲལ་དེར་འཁོར་ལོར་སྦྱངས་པ་དང་གདོད་ནས་གྲུབ་པའི་རྣལ་འབྱོར་དང་རྣལ་འབྱོར་མའི་དབང་ཕྱུག་རྣམས་སྤྱན་དྲངས་ཏེ་ཐིམ་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེ་ལས་ཕྱོགས་བཞིར་གཡོན་བསྐོར་གྱིས་དཀར་ལྗང་དམར་སེར་བའི་ཧཱུྃ་རྣམས་མཆེད་པ་དང་བཅས་ཡོངས་སུ་གྱུར་པ་ལས་ལྷ་ལྔ་བསྐྱེད་ཅིང་། མཚམས་འདབ་བཞིར་བྱང་སེམས་ཀྱིས་གང་བའི་ཐོད་པ་བཞིའམ། ཡང་ན་ཙནྡན་དང་དྲི་ཆེན་གུར་གུམ་དྲི་ཆུ་རྣམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བྱང་སེམས་ཀྱིས་གང་བའི་ཐོད་པ་བཞིའོ། །བདུན་པ་ལུས་དཀྱིལ་གསལ་འདེབས་ནི། རྐང་པ་གཉིས་བགྲད་པ་གཞུའི་དབྱིབས་ཅན་ཞེས་སོགས་ཏེ་ལུས་ཆ་རྟེན་དཀྱིལ་འཁོར་གྱི་ཆ་ཤས་དེ་དེའི་རང་བཞིན་དུ་དག་མོས་ཙམ་གྱིས་ཆོག་གོ །ལུས་དབུས་སུ་སྤྱི་བོ་ནས་གསང་བའི་བར་རྩ་དབུ་མ་ཁ་དོག་སྔོན་པོ་འོད་ཀྱི་སྦུ་གུའི་རྣམ་པ། སྙིང་པདྨ་འདབ་བརྒྱད་དུ་སྣང་བའི་ལྟེ་བ་དབུ་མའི་ནང་དུ་ཚུད་ཅིང་འདབ་མ་རྣམས་དེའི་ཐད་ཀྱི་དབུ་མ་ལས་གྱེས་པ་འདྲ་བ་དང་། ཡུམ་གྱི་སྐུར་ཡང་དབུ་མ་དམར་པོ་སྒོམ། པདྨའི་ལྟེ་བར་ཉི་གདན་ལ་དབྱངས་ཚར་གཉིས་མཐུད་གཡོན་འཁོར་དང་། དེའི་སྟེང་དུ་གསལ་བྱེད་ཚར་གཉིས་གཡས་སུ་འཁོར་བ་ཡོངས་སུ་གྱུར་པ་ལས་ཟླ་ཉི་ཁ་སྦྱོར་གྱི་བར་དུ་ཧཱུྃ་དང་ཨཱཿཡིག་གི་འོད་ལྔས་སྣོད་བཅུད་སྦྱངས་པ་དང་གདོད་ནས་དག་པའི་ལྷ་རྣམས་མཆོད་ཅིང་བཀུག་སྟེ་བསྟིམ་པས་ཕྱག་མཚན་ས་བོན་གྱིས་མཚན་པ་སོགས་རྟོགས་པར་སླ། ཡུམ་གྱི་ཕྱག་མཚན་ལ་ཁ་ཊྶཱྃ་ག་དང་ཐོད་པས་མཚན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་ཅེས་པ་ལས། ཕྱག་མཚན་གཡས་པ་མ་བྱུང་ཡང་། འདི་ཁའི་རྒྱ་གཞུང་དུ། རྡོ་རྗེ་ཐོད་པ་བསྣམས་པ་སྟེ་ཞེས་པ་ལྟར་རོ། །གཡོན་གྱི་ཁ་ཊྶཱྃ་ག་འཛིན་པ་ནི་ཡིག་རྙིང་གཉིས་ཀ་ནས་མ་བཤད་པས་ཆེད་དུ་དགོས་པ་མེད་འདྲ་ན། དེ་དང་གཡས་པའི་ཕྱག་མཚན་མ་བྱུང་བ་སོགས་སམཊར་གནང་བ་ལྟ་བུ་བྲིས་ནོགས་ལ་ཡིག་མཁན་གྱིས་འོལ་ཚོད་ཐལ་བའང་མིན་པའི་ངེས་པ་མི་འདུག་མོད་སླར་ཡང་བརྟག་གོ །ཕྱོགས་འདབས་བཞིར་མདུན་ནས་གཡོན་བསྐོར་གྱིས་ལཱྃ་མཱྃ་པཱྃ་ཏཱྃ་མཐིང་ལྗང་དམར་སེར་ལས་མཁའ་འགྲོ་མ་སོགས་བཞི་དང་། མཚམས་འདབས་ལ་བུམ་ཐོད་བཞི། འཚོགས་མ་ལ་སོགས་པའི་གནས་ཉེར་བཞིར་པུ་ལ་སོགས་པའི་ཡི་གེ་ལྷ་མདོག་དང་མཐུན་པ་ཡོངས་སུ་གྱུར་པ་ལས་ཐོད་པའི་དུམ་བུ་དང་རབ་གཏུམ་མ་སོགས་རིམ་པ་ཅན་དང་། ཁ་སྣ་ལ་སོགས་པར་ཧཱུྃ་ལྷ་མདོག་ལས་སྒོ་མཚམས་མ་བསྐྱེད་དེ་ལྷ་མདོག་དམིགས་བསལ་མེད་པ་དག་དྲུག་ཅུ་མ་བཞིན་ནོ། །གནས་ནི་རབ་ཏུ་དགའ་བ་ཞེས་སོགས་ཀྱི་ས་བཅུའི་རྣམ་དག་སྒོམ། བརྒྱད་པ་གོ་བགོ་བ་ལ་གཙོ་བོའི་སྙིང་ཁར་ཨོཾ་ཧཿདཀར་པོ་ཡོངས་སུ་གྱུར་པ་ལས་རྡོར་སེམས་སོགས་དང་། ཡུམ་གྱི་ལྟེ་བར་ཨོཾ་བྃ་དམར་པོ་ལས་ཕག་མོ་དམར་མོ་སོགས། དེ་ལས་ཡབ་རྣམས་རྡོར་སེམས་ནས་བརྩམས་རིམ་བཞིན་ཕྱག་གཡས་རྡོ་རྗེ་འཁོར་ལོ། རིན་ཆེན། རྡོ་རྗེ། པདྨ། སྣ་ཚོགས་རྡོ་རྗེ། གཡོན་དེ་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཐུགས་ཀར་བསྣོལ་བསྟབས། ཞབས་གཡས་བརྐྱང་གོམ་སྟབས་དཔའ་མོ་རྣམས་གྲི་གུག་འཕྱར་ཞིང་ཐོད་ཁྲག་ཐུགས་ཀར་འཛིན་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན་ཏེ། རྡོར་སེམས་དང་རྨོངས་བྱེད་མ་ཟླ་གདན། གཞན་རྣམས་ཉི་གདན་དུ་སྒྲུབ་ཐབས་རྒྱས་པ་སོགས་ནས་བཤད་པ་ལྟར་དང་། ཡབ་རྣམས་ཐོར་ཚུགས་ཅན་སྟག་ཤམ་རྒྱན་དྲུག ཡུམ་རྣམས་སྐྲ་གྲོལ་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་པར་ངེས་སོ། །ཡང་ཡི་གེ་ཙམ་བསྒོམས་ནས་ལྷར་མོས་པས་ཀྱང་རུང་སྟེ། དེ་ཚེ་ཁ་དོག་དང་ཟླ་ཉིའི་གདན་གྱི་ཐོབ་ཐང་སྔར་བཞིན་ནོ། །དགུ་པ་ཡེ་ཤེས་དགུག་པ་ལ། ལུས་དཀྱིལ་གྱི་གཙོ་བོའི་ཐུགས་ཀར་ཉི་མ་ལ་ཧཱུྃ་ཡིག་དངུལ་ཆུ་ལྟ་བུ་ལས་འོད་ཟེར་སྣ་ལྔ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འོག་མིན་གྱི་ཞིང་ནས། ཕྱི་དཀྱིལ་ལྷ་ལྔ་གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ། ནང་ལུས་དཀྱིལ་དུ་གསལ་བ་བསྒོམས་པ་ཇི་ལྟ་བ་མདུན་མཁར་སྤྱན་དྲངས་པ་ལ། ཨཱ་དརྴ་ནས་དྷརྨའི་བར་གྱིས་མཆོད་པ་ལ། སྙིང་ག་ནས་མཆོད་ལྷ་དེ་དེ་མཐའ་ཡས་པར་སྤྲོ་ཞིང་། སླར་མཁའ་འགྲོ་མ་དང་ལཱ་མ་སོགས་ཡུམ་བཞི་ཕྱག་གཉིས་པ་ཀ་པཱ་ལ་བདུད་རྩིས་གང་བ་ཐོགས་པ་ཧཱུྃ་ཡིག་ལས་སྤྲོས་པས་མཆོད་པར་མོས་ནས། ཨོཾ་སརྦ་པཉྩྨ་སོགས་བརྗོད། མཆོད་ལྷ་རྣམས་ཡུམ་ལ་ཐིམ་པས་སྙོམས་འཇུག་གིས་མཆོད་ཚུལ་སྔར་བཞིན་བྱེད། རྐང་བརྒྱད་ཀྱིས་བསྟོད་པ་ན་རང་ཉིད་ཀྱིས་བསྟོད་པས་བརྟན་གཡོའི་སྒྲ་ཚོགས་བསྟོད་པར་འཆར་བར་བསམ། བཅུ་པ་དབང་ནི། རྒྱས་པར་སློབ་མ་དབང་སྐུར་ཇི་ལྟ་བའི་བདག་འཇུག་བྱེད་པར་གསུང་མོད། རྒྱུན་གྱི་ལམ་དབང་ནི་ཨོཾ་སརྦ་སོགས་ཀྱིས་དབང་བསྐུར་བར་གསོལ་བ་བཏབ་པས། མདུན་གྱི་ལུས་དཀྱིལ་གཙོ་བོ་ཡབ་ཡུམ་གྱིས་སྤྲོས་པ་སྤྱན་མ་ལ་སོགས་པའི་ངོ་བོར་གཟུགས་ཅན་མ་སོགས་སྙིང་པོའི་རྣལ་འབྱོར་མ་བཞི་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་རྣལ་འབྱོར་མས་བུམ་པ་ཡེ་ཤེས་ལྔའི་བདུད་རྩིས་གང་བས་ཕྱི་ལྷ་ལྔའི་སྤྱི་བོ་ནས་དབང་བསྐུར་བའི་ཞར་གྱིས་ནང་གི་ལྷ་ཚོགས་ལ་ཡང་དབང་བསྐུར་བའི་མཐར་ཕྱི་ནང་གི་གཙོ་བོ་གཉིས་ལ་མི་བསྐྱོད་པས་དབུ་བརྒྱན་ཅིང་། གཞན་ཕྱི་ནང་གི་ལྷ་ཀུན་གྱི་སྤྱི་བོར་རྡོ་རྗེའི་བསྒྲེང་བུས་མཚན་པར་བསམ། བུམ་དབང་ལ་སྒྲུབ་ཐབས་རྣམས་སུ་དེ་ཙམ་ལས་མ་གསལ་ཡང་གཙོ་བོ་ཡབ་ཡུམ་གྱིས་ཡུམ་ལྔ་སྤྲོས་པས་དབང་བསྐུར། ཐོད་པའི་དུམ་བུ་སོགས་དཔའ་བོ་ཉེར་བཞི་སྤྲོས་པས་བཀྲ་ཤིས་བརྗོད། རབ་གཏུམ་མ་སོགས་དཔའ་མོ་ཉེར་བཞི་སྤྲོས་པས་མཆོད་པ་འབུལ། སྒོ་མཚམས་མ་བརྒྱད་སྤྲོས་པས་བགེགས་སྐྲོད་པ་དང་། གཙོ་བོ་ཡབ་ཡུམ་ནས་བརྩམས་ཕྱི་ནང་གི་ལྷ་སྤྱན་དྲངས་པ་ཀུན་གྱིས་དབང་བསྐུར་བའི་དགོངས་པ་མཛད་པར་མོས་དགོས་སོ། །གསང་དབང་ལ་མདུན་གྱི་ཕྱི་ནང་གི་ལྷ་ཟུང་འཇུག་ཀུན་དང་། ཤེར་དབང་ལ་བདག་བསྐྱེད་ཕྱི་ནང་ཀུན་སྙོམས་ཞུགས་སུ་བསམ་མོད། ཕྱིའི་ལྷ་གཙོ་བོ་ཉིད་ལ་ལྷག་པར་དམིགས་ནས་དགའ་བཞི་ངོས་འཛིན་སོགས་བྱེད། མཉམ་སྦྱོར་གྱིས་བསྐྱེད་པའི་ལྷན་སྐྱེས་ཀྱི་བདེ་བ་སྤྲོས་བྲལ་དུ་ངེས་པས་མཉམ་པར་འཇོག་པ་བཞི་པའི་དབང་ངོ་། །ཛ་སོགས་བརྗོད་པས་མདུན་དཀྱིལ་ཡེ་ཤེས་པ་དེ་བདག་བསྐྱེད་དམ་ཚིག་པར་བསྲེ་བ་ལ་ཕྱི་ནང་གི་ལྷ་དང་། གཞལ་ཡས་ཁང་སོགས་སོ་སོར་དེ་དང་དེ་ལ་ཐིམ་པར་བསམ་པའམ་ཡང་ན་འཁོར་ལོ་ཡོངས་རྫོགས་སྙིང་གར་བསྟིམ། གོང་དུ་དབང་སྐུར་མཁན་གྱི་ལྷ་རྣམས་ནི་རིགས་བདག་ལ་བསྟིམ་མོ། །དེ་ནས་སྙིང་གའི་ལྷའི་ཐུགས་སྲོག་ལས་ཕྱི་མཆོད་ཀྱི་ལྷ་མོ་གཟུགས་མ་སོགས་གོང་བཤད་ལྟར་རམ། རིག་མ་བཅུ་དྲུག་སོགས་ཀྱང་ལེགས་ལ། ནང་མཆོད་འབུལ་བ་པོ་སྙིང་པོའི་རྣལ་འབྱོར་མ་བཞི་རྣམས་སྤྲོས་ནས་སོ་སོར་མཆོད་དེ། སརྦ་པཉྩྨ་སོགས་བརྗོད་ཅིང་དངོས་སུ་བདུད་རྩི་འཐོར། འདི་དུས་མདུན་མཁར་རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས་དམིགས་ནས་སོ་སོར་བདུད་རྩི་འབུལ་བ་ཡང་རྒྱས་པར་སྟེ། འབུལ་ཚིག་བདེ་མཆོག་རྒྱས་པའི་མཆོད་དོ་ཕུད་ཐམས་ཅད་ཅེས་སོགས་ལྟ་བུའོ། །དེ་ནས་མཆོད་ལྷ་རྣམས་ཡུམ་ལ་ཐིམ་པའི་སྙོམས་འཇུག་གིས་མཆོད། རྐང་བརྒྱད་ཀྱིས་བསྟོད་དུས་དམིགས་པ་སྔར་ལྟར། བཅུ་གཅིག་པ་རྡོར་བཟླས་ལ། རླུང་རྡོར་བཟླས་ནི། རླུང་རང་བཞིན་གྱིས་འཇུག་གནས་ལྡང་གསུམ་མམ་བུམ་ཅན་དང་སྦྱར་ཡང་ལེགས་ཏེ། དེ་ལ་རླུང་ཕྱིར་གཏོང་དུས་ཡབ་ཀྱི་ཤངས་བུག་གཡས་ནས་ཧཱུྃ་ཡིག་མཐིང་གའི་ཕྲེང་བར་ཐོན། རྔུབ་དུས་ཡུམ་གྱི་པདྨ་ནས་ཞུགས། དྷཱུ་ཏི་བརྒྱུད་ཤངས་གཡས་ནས་ཡབ་ཀྱི་ཤངས་གཡོན་དུ་ཞུགས། དྷཱུ་ཏི་ནས་ལྟེ་བ་ཚུན་འོངས། རླུང་སྡོམ་པ་ན་ལྟེ་བར་ཨཱཿཡིག་དམར་པོའི་རྣམ་པར་གནས་པ་ལ་སེམས་འཛིན། ཡང་དབྱུང་དུས་ཡབ་ཀྱི་ཤངས་གཡས་ནས་ཧཱུྃ་གི་ཕྲེང་བར་ཐོན་པ་སོགས་གོང་བཞིན། སྐོར་འདེད་ཉེར་གཅིག་ལ་སོགས་པར་སྒྲུབ་ལ། རང་བཞིན་གྱིས་འཇུག་གནས་ལྡང་བར་ཡང་དེས་འགྲེ། དེ་ལ་ཧཱུྃ་གི་རྣམ་པས་ཕྱིར་འགྲོ་བའི་ཚེ་ཡུལ་སྣང་ཐམས་ཅད་བདེ་བས་ཁྱབ། རྔུབ་དུས་རང་ལུས་བདེ་བས་གང་། སྡོམ་དུས་ཕྱི་ནང་ཐམས་ཅད་བདེ་བའི་གོང་བུར་སོང་བར་བསམ། ཡང་ཁྱད་པར་གྱི་དམིགས་པ་ལ་ཕྱིར་གཏོང་དུས་ཧཱུྃ་གི་འོད་ཀྱིས་ཡུལ་སྣང་ཐམས་ཅད་འཁོར་ལོ་ལྔའི་དཔའ་བོ་རྣལ་འབྱོར་མར་སྣང་བ་བདེ་ཆེན་གྱི་རོལ་མོ་མཛད་པར་དམིགས། རྔུབ་དུས་ལུས་དཀྱིལ་གྱི་ལྷ་རྣམས་དགྱེས་པར་སྤྱོད་པས་ལུས་བདེ་བས་གང་། ཨཱཿཡིག་ལ་སེམས་འཛིན་དུས་ཕྱི་ནང་གི་ལྷ་རྣམས་མཉམ་སྦྱོར་མཛད་པའི་བདེ་བ་སེམས་ཐོག་ཏུ་གཅིག་པའི་ངེས་པ་འཛིན་པ་སྟེ། བདེ་ཆེན་གྱི་ལྷ་ནི་དོན་གྱི་ལྷ་ཡིན་ལ། ཀུན་རྫོབ་དབྱིབས་ཀྱི་ལྷ་ཚན་ཚན་སོ་སོ་བ་ལྟར་ཡང་བདེ་ཆེན་གྱི་ལྷ་ལ་དབྱེ་བ་མེད་པ་ཉིད་རང་གིས་རིག་ཅིང་ཉམས་སུ་མྱོང་བའི་ཚུལ་འདི་ནི། བདེ་མཆོག་གི་ཟབ་གནས་ཕོ་ཉ་གསུམ་བསྲེའི་གནད་དོན་ཁྱད་པར་ཅན་ཡང་ཡིན་ཏེ། ཕྱི་ཡུལ་སྣང་ཞེས་པ་ཕྱི་རོལ་བསམ་ཡུལ་དུ་གྱུར་ཚད་ལ་བྱེད་པས། ལོངས་སྤྲུལ་གྱི་ཞིང་མཐའ་དག་ཀྱང་བསྡུས་པའི་ཕྱིར། འོག་མིན་གྱི་ལྷན་སྐྱེས་དང་། སྤྲུལ་ཞིང་གི་ཞིང་སྐྱེས། ལུས་ལ་སྔགས་ཀྱིས་བསྐྱེད་པ་སྔགས་སྐྱེས་རྣམས་ཀྱི་ཐུགས་རྒྱུད་བདེ་ཆེན་རང་རིག་གི་ཀློང་དུ་དབྱེར་མེད་པར་བསྲེས་པས་སོ། །འདིར་འབྲུ་གསུམ་ལས་རང་མདོག་གམ་སྣ་ལྔ་པའི་འོད་ཟེར་འཕྲོ་ཞིང་རང་སྒྲ་སྒྲོག་པར་བསམ་མོ། །ཡང་ཡབ་ཀྱི་རྡོ་རྗེའི་སྣ་རྩེར་ཐིག་ལེ་དཀར་པོ་དང་། ཡུམ་གྱི་ཟེའུ་འབྲུར་ཐིག་ལེ་དམར་པོ། གཉིས་ཀ་ཡུངས་འབྲུ་ཙམ། དེ་གཉིས་ཕྲད་པས་དམར་ཆའི་དྲོད་ཀྱིས་དཀར་ཆ་བཞུ་བརཏལ་བྱེད་པའི་བདེ་བ་དང་། དམར་ཆའི་འོད་ཟེར་མེའི་རང་བཞིན་ཡབ་ཀྱི་དྷཱུ་ཏི་ནས་ཞུགས། སྤྱི་བོར་ཧྃ་ཡིག་མགོ་ཐུར་བསྟན་དམིགས་པ་ལ་རེག་པས་བྱང་སེམས་རིམ་པར་བབས་ནས་སྤྱི་མགྲིན་སྙིང་ལྟེ་གསང་རྣམས་གང་ཞིང་། ཡས་བརྟེན་གྱི་དགའ་བ་སྐྱེས་པ་དང་། བྱང་སེམས་ཀྱི་རྒྱུན་སྣ་རྩེའི་ཐིག་ལེ་མན་ལས་མི་འདའ་ཞིང་། སླར་ཡུམ་གྱི་སྣ་རྩེའི་ཐིག་ལེ་མེའི་རྣམ་པར་འབར་བས་བྱང་སེམས་རྣམས་གསང་བ་ནས་ལྟེ་བ་དང་། དེ་ནས་སྙིང་མགྲིན་སྤྱི་རྣམས་སུ་རིམ་པར་བཟློག་པ་ལ་མས་བརྟེན་གྱི་དགའ་བཞིའི་ངོས་འཛིན། མཐར་མེ་དང་བྱང་སེམས་གཉིས་ཀ་ཡེ་ཤེས་བདེ་བ་ཆེན་པོའི་ཀློང་དུ་ཐིམ་པར་བསམས་ནས་མཉམ་པར་འཇོག་པ་སྟེ། འདི་རྣམས་ངེས་པར་བུམ་ཅན་དང་སྦྱོར་བས། རླུང་རོ་ལན་གསུམ་བསལ་རྗེས་ནང་དུ་རྔུབ་དུས་སྣ་གཡོན་ནས་ཨོཾ་ཡིག་གི་རང་བཞིན་གྱི་རླུང་འོད་ཟེར་དཀར་པོའི་ཚུལ་དུ་བྱུང་བ། དྷཱུ་ཏི་བརྒྱུད། ཡབ་ཡུམ་གྱི་སྣ་རྩེའི་ཐིག་ལེ་གཉིས་ལ་ཐིམ་པར་མོས་པས་རླུང་ཨཱཿཡིག་གི་རང་བཞིན་དུ་གྱུར་པར་བསམས་ནས་སྡོམ། བཟུང་རིང་དམར་ཆསདཀར་ཆ་བཞུ་བརཏལ་བྱེད་པ་ཙམ་དམིགས། དབྱུང་དུས་ཐིག་ལེ་དེ་དག་ལས་ཧཱུྃ་གི་རང་བཞིན་གྱི་རླུང་དུད་སྤྲིན་ལྟ་བུ་བྱེ་བ་དྷཱུ་ཏི་བརྒྱུད་སྣ་གཡས་ནས་ཕྱིར་ཐོན་པས་སྣང་ཡུལ་ཁྱབ་སྟེ་དེ་ཀུན་བདེ་ཆེན་དུ་ཤར་བར་མོས། རྔུབ་དུས་རླུང་ཨོཾ་གྱི་རང་བཞིན་འོད་ཟེར་དཀར་པོར་རྔུབ་པ་ལ་སྣང་ཡུལ་གྱི་དྭངས་མའི་བདེ་ཚོགས་འདུས་པ་སྣ་གཡོན་ནས་གོང་བཞིན་ཞུགས་གསང་ཐིག་ཁ་སྦྱོར་ལ་ཐིམ་པས་དེ་དག་སྟོབས་རྒྱས་ཤིང་། རླུང་ཨཱཿའི་རང་བཞིན་དུ་མོས། དགང་བའི་ཚེ། དམར་ཆའི་ཟེར་དང་། དཀར་ཆའི་བདེ་ཉམས་ཀྱིས་ཧྃ་ཡིག་སྐུལ་བས་བྱང་སེམས་ཅུང་ཟད་འབེབས་པར་བསམ། དབྱུང་དུས་གསང་ཐིག་ལས་རླུང་སྔོན་པོ་ཧཱུྃ་གི་རང་བཞིན་དྷཱུ་ཏི་བརྒྱུད་སྣ་གཡས་ནས་ཕྱིར་ཐོན་པས་ཡུལ་སྣང་བདེ་བར་སད། རྔུབ་དུས་བདེ་བ་རླུང་དང་ལྷན་ཅིག་དྲངས་པ་གསང་ཐིག་ལ་བསྟིམ། དགང་དུས་མེ་ཟེར་དང་བདེ་ཉམས་ཀྱིས་བསྐུལ་བའི་ཧྃ་ཡིག་བཞུ་རྒྱུན་གྱིས་སྤྱི་བོ་ནས་མགྲིན་པའི་བར་གང་བར་དམིགས་ནས་དགའ་བ་དང་པོ་ངོས་བཟུང་རྗེས་ཧཱུྃ་དང་ཨོཾ་གི་རང་བཞིན་དུ་གཏོང་རྔུབ་སོགས་སྔར་བཞིན། དེ་ནས་སྙིང་ག་ཡན་གང་བའི་མཆོག་དགའ། ལྟེ་བ་ཡན་གང་བའི་ཁྱད་དགའ། གསང་རྩེ་ཡན་གང་བའི་ལྷན་སྐྱེས་དང་། སླར་མེས་དེད་ཚུལ་གྱིས་ལྟེ་བའི་བར་གཤེགས་པ་ལ་དགའ་བ། སྙིང་མགྲིན་སྤྱི་གསུམ་ལ་དགའ་བ་ལྷག་མ་བཞི་སྟེ་རེ་རེ་བཞིན་བུམ་ཅན་རེ་རེ་སྦྱར་ནས་ཁྱོན་བསྡོམས་ཁུག་བཅུ་གཅིག་འབྱུང་བའི་རིགས་འགྲེས་མང་ཉུང་སྤེལ་བསྡུ་བྱ་བ་ནི་དགའ་བ་རེའི་ཐད་དུ་ཁུག་པ་གསུམ་རེ་ཙམ་སྦྱོར་བ་དང་། ཁུག་པ་རེར་དགའ་བཞིའི་འགྲོས་རེ་རྫོགས་པར་བསྒོམ་པ་སོགས་སོ། དེ་དག་ཏུ་ཡང་ན་མའི་དམིགས་པར་རླུང་དབྱུང་དུས་ཧཱུྃ་གི་རང་བཞིན་ཅན་དུད་སྤྲིན་ལྟ་བུ་དེས་ཡུལ་སྣང་ཕྱོགས་ཆ་ཀུན་ཁྱབ་པས། དེ་ཀུན་འཁོར་ལོ་གསུམ་གྱི་ལྷ་དང་རྟེན་དུ་སྣང་བར་བྱས་པ་མཉམ་སྦྱོར་གྱི་བདེ་བ་ལ་དགྱེས་པ་དང་། རྔུབ་དུས་དེ་དག་གི་ཐུགས་རྒྱུད་ཀྱི་བདེ་ཚོགས་རླུང་དང་འདྲེས་ནས་གསང་ཐིག་ལ་ཐིམ་པའི་ཞར་ལ་རླུང་གང་ནས་དྲངས་པའི་ལམ་དྷཱུ་ཏི་ནས་བརྩམས་ལུས་ཆ་བདེ་བས་ཁྱབ་པས་ལུས་དཀྱིལ་གྱི་ལྷ་རྣམས་ཀྱང་དགྱེས་པར་བསྐུལ་བ་དང་། གསང་ཐིག་གཉིས་ལས་ཀྱང་བདེ་ཉམས་ཆེར་ལོངས་པ། དགང་དུས་ནི་དགའ་བཞི་ངོས་འཛིན་ལ་སོགས་པའི་ཚེ་ཕྱི་ནང་གཉིས་སུ་མེད་པའི་བདེ་བ་ལ་མཉམ་པར་འཇོག་པའི་ཚུལ་ཏེ་སྔར་བཤད་རྡོར་བཟླས་དང་རྗེས་མཐུན་ནོ། །ཡང་རླུང་ཚུར་འདྲེན་དུས་དྷཱུ་ཏིའི་ལམ་ནས་བརྩམས་ལུས་བདེ་བས་ཁྱབ་པའི་མོས་པ་ནི་སྣང་བ་ལྷར་ཆེད་སྒོམ་མེད་པར་རང་ག་བདེ་བར་སྒོམ་པའི་ཕྱོགས་ལ་ཡང་དགོས་ཤིང་། རྡོར་བཟླས་འདི་དང་གོང་མ་གཉིས་ཀར་ཡབ་ཡུམ་གྱི་སྐུའི་དབུས་དབུ་མ་སྔོ་དམར་ཙམ་ལས་རོ་རྐྱང་སོགས་རྩ་གཞན་ཆེད་དུ་མི་སྒོམ་ཡང་། རླུང་འདྲེན་དུས་ཤངས་བུག་ནས་སྨིན་མཚམས་བར་གྱེན་དང་། དེ་ནས་ཕྲེད་ལ་ཕར་དབུས་སུ་སོང་བ་སྤྱི་བོའི་མདུད་སྒོ་ཡོད་སའི་ཐད་ནས་དབུ་མར་ཞུགས་པ་ལྟ་བུ་ཡིན་ལ། རྡོར་བཟླས་གོང་འོག་གཉིས་ཀར་རླུང་དབུ་མར་འགྲོ་འོང་བྱེད་དུས་སྙིང་གའི་ཡེ་ཤེས་སེམས་དཔའི་གཙུག་ཏོར་གྱི་རྩེ་ནས་དབུ་མ་བརྒྱུད་དེ་ཞུགས། སྦྱོར་མཚམས་ནས་ཐོན་པ་ཡང་ཞར་ལ་དམིགས་དགོས་སོ། །དེ་ལ་སྔ་མ་རྡོར་བཟླས་ཁ་རྐྱང་དང་། ཕྱི་མ་གཏུམ་མོ་རྡོར་བཟླས་སྦྲགས་མ་དང་། འོག་གི་སྣ་རྩེའི་སྒོམ་པའང་ཡིན་ལ། འདི་ལས་བདེ་ཉམས་ཆེ་ན་འདྲེན་བཀྲམ་སོགས་ཀྱང་ཚུལ་བཞིན་བྱའོ། །དེ་ལྟར་ན་ལུས་དཀྱིལ་ནི་རྣམ་པ་དབྱིབས་ཀྱི་ལྷ། རྡོར་བཟླས་འབྲུ་གསུམ་གྱི་རྣམ་པ་དང་། ངོ་བོ་ནི་སྔགས་ཀྱི་ལྷ། ཐིག་ལེ་དཀར་དམར་གོང་བུའི་ལྷ། དེ་རྣམས་དབྱེར་མི་ཕྱེད་པའི་བདེ་བ་སོ་སོ་རང་རིག་དོན་དམ་ཡེ་ཤེས་ཀྱི་ལྷ་སྟེ་རིམ་བཞིན་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་གྱིས་འཁོར་ལོ་གསུམ་ཡོངས་སུ་རྫོགས་པའི་ལྷར་སྒྲུབ་པ་ཡིན་ནོ། །གནད་འདི་སྔོན་གྱི་གྲུབ་པ་ཆེས་མང་པོའི། །ཐུགས་སུ་གབ་མོད་མཁས་མཆོག་མང་པོས་ཀྱང་། །ཡི་གེར་བྲིས་པ་བདག་གིས་མ་མཐོང་ན། །གྲུབ་པའི་དབང་ཕྱུག་དོན་གྱི་མཁས་པའི་གཙོ། །བདེ་ཆེན་རྡོ་རྗེ་བདག་སྐལ་ཡངས་པོ་ལ། །བྲིས་བཞིན་མ་སྦས་གསལ་པོར་འདི་ན་ཕྱེ། །ཞེས་གསུངས་སོ། །སྒྲུབ་ཐབས་འདིར་འབར་འཛག་སྐབས། ཧྂ་ལས་བྱང་སེམས་བབས། དེས་མེ་ལྕེ་གྱེན་དུ་བཟློག་པར་བསམས་ཞེས་འབྱུང་བ་ནི་ཡིག་ནོར་རྒྱ་འབྱམས་སུ་མངོན་ཏེ། ཡིག་རྙིང་དུ་མེ་ཡིས་བྱང་སེམས་བཟློག་པར་བྱེད་ཅིང་ཞེས་གསུངས་པ་ལྟར་མས་བརྟེན་གྱི་དགའ་བཞིའི་སྐབས་ལ་དགོངས་པར་ངེས་སོ། །དེ་ནས་ངག་རྡོ་རྗེའི་བཟླས་པ་བྱ་སྟེ། སྒྲུབ་ཐབས་ཀྱི་དངོས་བརྟེན་དམ་ཚིག་གི་བཟླས་པ་ལྟར་དུ་སྒྲུབ་ན། ཡེ་ཤེས་སེམས་དཔའི་ཐུགས་ཁར་ཉི་མ་ལ་ཧཱུྃ་དཀར་སྔོ་འདྲེས་མ་དངུལ་ཆུའི་མདོག་ཅན་གྱི་མཐའ་མར། ཨོཾ་ཤྲཱི་བཛྭ་ཧེ་ཧེ་སོགས་ཡབ་ཀྱི་སྙིང་པོ་གཉིས་དང་། ཉེ་སྙིང་ཡིག་བདུན་པ་རྣམས་སྦྲེལ་མ་ཁ་དོག་མཐིང་ག་སྦྲུལ་འཁྱིལ་ལྟར་གཡོན་དུ་བཀོད་པ་གཡས་སུ་འཁོར་བ་ལ་དམིགས་ནས་སྔགས་སུམ་སྦྲེལ་གྲངས་ཚད་ལོང་གི་བར་དུ་བཟླ། དེ་ནས་ཡུམ་གྱི་ལྟེ་བར་ཉི་མ་ལ་བྃ་དམར་པོ། སརྦ་བུདྡྷ་སོགས་སྙིང་པོ་དང་། བཛྭ་བཻ་རོ་སོགས་ཉེ་སྙིང་སྦྲེལ་མས་སྦྲུལ་འཁྱིལ་དུ་བསྐོར་བ་གཡོན་དུ་འཁོར་བར་དམིགས་ནས་དེ་ལ་གྲངས་ཚད་བསྙེན་ཅིང་། དེ་ནས་འཁོར་བཟླས་ལ་འཇུག་པར། དང་པོར་མདུན་གྱི་སྣང་མཛད་ཧེ་རུ་ཀའི་ཐུགས་ཀར་ཉི་མ་ལ་ཧཱུྃ་དཀར་པོའི་མཐའ་མར། ཨོཾ་ཤྲཱི་བུདྡྷ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄་ཞེས་སྙིང་པོ་སྔ་མར་བཛྭ་དང་བུདྡྷའི་སྒྱུར་ཁ་དང་། སྙིང་པོ་ཕྱི་མ་ཌཱ་ཀི་སོགས་སྤྱི་མཐུན་ལས་ཉེ་སྙིང་བོར་བའི་སྙིང་པོ་དེ་དག་རང་སྦྲེལ་མ་དཀར་པོ་མགོ་མཇུག་རེག་པར་རམ་སྦྲུལ་འཁྱིལ་གང་བདེར་བསྐོར་བ་ལ་དམིགས་ནས་རྣམ་སྣང་ཧེ་རུ་ཀའི་སྔགས་གྲངས་སོང་རྗེས། དེའི་ཡུམ་མཁའ་འགྲོ་མའི་ཐུགས་ཀར་ཉི་མར་མཱཾ་མཐིང་ཀར་ཨོཾ་ཌཱ་ཀི་ཞེས་མཁའ་འགྲོ་མ་ཉིད་སྔགས་ཀྱིས་བསྐོར་བ་གཡོན་འཁོར་ལ་དམིགས་ནས་དེ་དང་། དེ་བཞིན་ལྷག་མར་ཡང་ཡབ་ཡུམ་སྤེལ་རིམ་གྱིས་སྔགས་གྲངས་གསོག་པའི་དོན་གྲུབ་ཧེ་རུ་ཀའི་ཧཱུྃ་ལྗང་ཁུ། སྣང་མཐའ་ཧེ་རུ་ཀར་ཧཱུྃ་དམར་པོ། རིན་འབྱུང་ཧེ་རུ་ཀར་ཧཱུྃ་སེར་པོ་དང་། ཡུམ་གསུམ་ལ་ལཱཾ་པཱཾ་ཏཱཾ་ལྗང་དམར་སེར་བ། སོ་སོའི་མཐར་ས་བོན་རང་མདོག་དང་མཚུངས་པའི་སྔགས་ཡབ་ལ་གཡས་དང་ཡུམ་ལ་གཡོན་དུ་འཁོར་བ་སྟེ། དོན་གྲུབ་སོགས་བཞི་ལ་བུདྡྷའི་ཚབ་ཀརྨ་པདྨ་རཏྣ་རྣམས་རིམ་པར་བཅུག་པ་མ་གཏོགས་རྣམ་སྣང་ཇི་ལྟ་བ་དང་། ཡུམ་སྔགས་ལཱ་མ་སོགས་བཞིའི་སྔགས་སྒྲུབ་ཐབས་ཐུན་མོང་ལ་གྲགས་པ་ལྟར་རོ། །གྲངས་ཚད་ནི་གཙོ་བོ་ཡབ་ཡུམ་ལ་བཞི་འབུམ། རིགས་བཞི་ཡབ་ཡུམ་རེ་རེ་བཞིན་བཞི་ཁྲི་མཛད་པ་ཤས་ཆེ་ལ། དེའི་རྗེས་སུ་ཡབ་ཡུམ་གྱི་གོ་ཆ་རྩ་སྔགས་རྣམས་ཀྱང་བཞི་ཁྲི་རེ་བཟླའོ། །སྤྱིར་ལུས་དཀྱིལ་ལ་ཕྱི་ནང་གི་རྣམ་གསལ་དག་དྲན། རྡོར་བཟླས་བདེ་སྟོང་གི་ཉམས་བསྐྱང་བ་སོགས་གཙོ་ཆེ་ཡི་ངག་བཟླས་སྤྱི་མཐུན་ཁོ་ན་གཙོ་མི་ཆེ་ཞེས་ཀྱང་གསུངས་སོ། །དམིགས་པ་ནི། ས་བོན་སྔགས་འབྲུ་ཀུན་ལས་འོད་ཟེར་སྣ་ལྔ་སྦྲེལ་སྟབས་སུ་འཕྲོ་བས་སོ་སོའི་ཐུགས་ཀར་འཇའ་གུར་ཕུབ་པ་ལྟར་སྣང་བ་དང་། གཙོ་བོ་ཡབ་སྔགས་བཟླ་དུས་སྔགས་ས་བོན་དང་བཅས་པའི་འོད་ཟེར་སྣ་ལྔ་པ་ལུས་ཀྱི་སྒོ་དང་བུ་ག་ཀུན་ནས་སྟེང་འོག་ཕྱོགས་མཚམས་ཁྱབ་པར་སྤྲོས་པ་འཛམ་གླིང་འདིའི་ཡུལ་ཆེན་ཉེར་བཞི་དུར་ཁྲོད་བརྒྱད་སོགས་ནས་བརྩམས་སྤྲུལ་སྐུའི་ཞིང་ཐམས་ཅད་དུ་སོང་ནས་དེ་དག་ཏུ་སངས་རྒྱས་སྲས་བཅས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་རྣམ་པར་བཞུགས་པ་ཕྱི་ནང་གསང་བའི་མཆོད་ཚོགས་ཀྱིས་མཆོད་ཅིང་བསྐུལ་བས་མར་མེ་གཅིག་ལས་གཉིས་མཆེད་དམ་དེ་དག་ཉིད་བཞེངས་ནས་འབྱོན་པའི་ཚུལ་གང་རུང་གིས་བསྒོམས་པ་ཇི་ལྟ་བའི་ཕྱི་ནང་གི་དཀྱིལ་འཁོར་ཟུང་འཇུག་ཡོངས་རྫོགས་དང་། ལྷ་ཚོགས་གསིལ་བུའི་རྣམ་པར་ཕྱོགས་ཀུན་གང་བར་བྱོན་ནས་རྟེན་བརྟེན་པ་སོ་སོ་ལ་སོ་སོར་ཐིམ་པ་སྔགས་སྐྱེས་ལ་ཞིང་སྐྱེས་བསྲེ་བ་དང་། ཡང་ས་བོན་སྔགས་འོད་ཀྱིས་འོག་མིན་ལོངས་སྐུའི་ཞིང་བཞུགས་སྡོམ་པའི་དཀྱིལ་འཁོར་མཆོད་རྗེས་རྣམ་པ་སྔ་མ་ལྟར་སྤྱན་དྲངས་ནས་ཐིམ་པ་ཞིང་སྐྱེས་ལ་ལྷན་སྐྱེས་གཞུག་པའི་རིམ་པ་དེའི་མཐུས། རང་གི་སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཡོངས་སུ་གྲོལ་ཏེ། ལུས་སྣང་སེམས་གསུམ་འཁོར་ལོ་སྡོམ་པ་རྡོ་རྗེ་བཞི་འདུས་ཀྱི་དཀྱིལ་འཁོར་ཆེན་པོར་དག་རྫོགས་བརྟན་པས་དངོས་གྲུབ་རྣམ་གཉིས་ཡོངས་སུ་རྫོགས་པའི་སྒོ་ནས། གཞན་དོན་བྱེད་མཐུ་མཚུངས་མེད་དུ་གྱུར་པའི་ང་རྒྱལ་ལྷག་པར་བསྐྱེད་པ་ནི་རང་དོན་དང་འབྲེལ་བ་ཕོ་ཉ་གསུམ་བསྲེའི་དམིགས་པའོ། །དེ་ནས་ས་བོན་སྔགས་འོད་སེམས་ཅན་གྱི་ཁམས་ཁྱབ་པར་སྤྲོས་པའི་ཀློང་ནས་ཆགས་བཅས་ཀྱི་སྐུ་བདེ་མཆོག་ལྷ་ཚོགས་ཀྱི་རྣམ་པ། ནང་གསེས་སུ་ལས་སྐལ་སྣ་ཚོགས་དང་མཐུན་པའི་རྣམ་འགྱུར་ཅན་དང་། ཆགས་བྲལ་ཤཱཀ་ཐུབ་ཀྱི་རྣམ་པ་ལྟ་བུའི་སངས་རྒྱས་འཁོར་དང་བཅས་པའི་བཀོད་པ་སོགས་སྤྲོས་པ་རྣམས་ཀྱིས་མཛད་པ་བཅུ་གཉིས་ལྟ་བུའི་སྒོ་ནས་སེམས་ཅན་གྱི་དོན་སྤྱད་པའི་མོད་དེ་ཁར་སེམས་ཅན་ཐམས་ཅད་འཁོར་ལོ་སྡོམ་པར་དག་པས་འཇིག་རྟེན་ཁམས་ཀུན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བསྒྱུར་རྗེས། འོད་ཟེར་ཚུར་སྡུད་པ་ནི་གཞན་དོན་གྱི་དམིགས་པའོ། །འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་ནི་ཆགས་བྲལ་ལ་དགའ་ལྡན་ནས་འཕོ་བ། ལྷུམས་སུ་ཞུགས་པ་ལ་སོགས་པའི་བཀོད་པ་ཡིན་པས། བཀོད་པ་དེ་འདྲ་རེས་ཀྱང་སེམས་ཅན་མཐའ་ཡས་པ་རྣམ་གྲོལ་དུ་མཛད་པར་བཤད་པ་ལྟར་འདིར་ཡང་ཏིང་ངེ་འཛིན་གྱི་སྐད་ཅིག་གི་བཀོད་པ་དེ་འདྲས་སེམས་ཅན་མང་པོ་ཧེ་རུ་ཀའི་གོ་འཕང་དུ་གྲོལ་བར་བསམ་པ་སྟེ། སྔོན་བྱུང་རྣམ་སྤྲུལ་གྱི་ཁྱད་པར་རྗེས་འཇུག་ཉམས་ལེན་དུ་བྱེད་པ་འདིས་ཀྱང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི་ནི་དཔལ་ཧེ་རུ་ཀ་དང་། སངས་རྒྱས་ཐམས་ཅད་ཧེ་རུ་ཀའི་སྤྲུལ་པར་ངེས་པ་འདྲོངས་པ་ལ་ཕན་སྟོབས་ཆེན་པོར་འགྱུར་ཞིང་། དེ་ལྟ་བུའི་བརྡ་རྟགས་དོན་གྱི་ཧེ་རུ་ཀ་བདག་གི་སྤྱོད་ཡུལ་དུ་མཛད་ནུས་པའི་བླ་མ་ནི་ཧེ་རུ་ཀ་ཁོ་ན་ལས་གཞན་མ་ཡིན་པས་བླ་མ་ཡི་དམ་དབྱེར་མེད་དེ་སངས་རྒྱས་ཀུན་བདག་ཏུ་ངེས་དགོས་པ་ནི་གནད་ཀྱི་དམ་པ་ཡིན་པས་དམིགས་པ་དེ་ཙམ་གྱི་ཟུར་ལ་ཡང་ཟབ་གནད་དེ་འདྲ་བ་ཡོད་པར་ཤེས་སོ། །ཆགས་བཅས་ཀྱི་སྐུའི་མཛད་པ་བཅུ་གཉིས་ནི། ལས་ཆེན་བཅུ་གཉིས་དང་། ལས་བཞི་གྲུབ་པ་བརྒྱད་དང་བཅས་པས་སམ། གཞན་རྒྱུད་ཀྱི་འཁོར་བའི་རྟེན་འབྲེལ་བཅུ་གཉིས་བཅོམ་པས་གཞན་དོན་སྤྱོད་པ་སོགས་ལ་བྱའོ། །ཡུམ་བཟླས་ཀྱི་སྐབས་སུ་ཡང་དོན་གཉིས་ཀྱི་དམིགས་པ་དེ་ཁ་ལ་ཕོ་ཉ་སྤྱན་འདྲེན་དང་སེམས་ཅན་ལྷར་སྦྱོང་བ་སོགས་ཀྱི་དུས་རྣལ་འབྱོར་མ་ཉིད་སོགས་ལྷ་མོའི་རྣམ་ཆ་མང་བ་ཙམ་དམིགས་ཞེས་གསུངས་ལ། ཡང་ཕོ་སྣ་མོས་འདྲེན་པ་དང་། མོ་སྣ་ཕོས་འདྲེན་པའི་གནད་ཀྱིས་དམིགས་པ་ཆ་ཆེ་ཆུང་གོ་ལྡོག་ཏུ་བྱས་ཀྱང་རུང་ངོ་། །རིགས་བཞིའི་བཟླས་པར་གཙོ་བོའི་ཐུགས་ཀར་ས་བོན་ལ་སྔགས་འཕྲེང་གིས་བསྐོར་བ་སྔར་བཞིན་བསམས་ནས། ཕ་རོལ་གྱི་ལྷ་དེ་དེ་ལས་འོད་ཟེར་སྤྲོ་བར་ཕྱོགས་པའི་ཚེ། བདག་གི་ཐུགས་འོད་དེའི་ས་བོན་སྔགས་བཅས་ལ་ཕོག་པས་བསྐུལ་ཏེ་འོད་སྤྲོ་བ་ཡིན་པས་ན། དང་པོར་རྣམ་སྣང་ཧེ་རུ་ཀའི་ཐུགས་ཀར་ས་བོན་སྔགས་ཕྲེང་གསལ་བཏབ་པ་བདག་གི་ཐུགས་འོད་ཀྱིས་བསྐུལ་བས། ས་བོན་དང་སྔགས་ལས་འོད་ཟེར་དཀར་ཤས་ཆེ་བ་སྣ་ལྔ་པར་འཕྲོས་པས་སྤྲུལ་ཞིང་རབ་འབྱམས་ཀྱི་རྒྱལ་སྲས་ཀུན་ཞི་བའི་ལས་མཐུན་གྱི་བདེ་མཆོག་གི་དཀྱིལ་འཁོར་དུ་བཞུགས་པ་ལས་དེའི་མཆོད་པས་མཆོད་ནས། འཁོར་ལོ་ཡོངས་རྫོགས་དང་གསིལ་བུ་སྣ་ཚོགས་པའི་ཚུལ་གྱིས་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམ་སྣང་ཧེ་རུ་ཀ་ཉིད་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཀུན་ལ་སོ་སོར་བསྟིམ་པ་སྔགས་ཞིང་བསྲེ་བ་དང་། འོད་ཀྱིས་འོག་མིན་ན་ཧེ་རུ་ཀ་ཞི་བའི་དཀྱིལ་འཁོར་དུ་བཞུགས་པ་མཆོད་ནས་སྤྱན་དྲངས་ཏེ་བསྟིམ་པ་ལྷན་སྐྱེས་བསྲེ་བ་སྟེ། བསྲེ་བ་གསུམ་མཐུས། རང་ལུས་ཀྱི་དྲི་མ་དག་ནས་ཧེ་རུ་ཀའི་སྐུ་རྡོ་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྲུབ་པས་ཞི་བའི་ལས་རབ་འབྱམས་ལ་མངའ་བརྙེས་པའི་སྒོ་ནས་གཞན་དོན་སྒྲུབ་ནུས་སུ་བསམས་ཏེ་འོད་ཟེར་རྣམ་སྣང་གི་ཐུགས་ཀར་བསྡུས་ཟིན་ལས་སླར་དངོས་གྲུབ་ཀྱི་ཚུལ་དུ་གཙོ་བོའི་ཐུགས་སྲོག་སྔགས་བཅས་ལ་ཐིམ་པར་བསམ། དེ་ནས་གཞན་དོན་གྱི་དམིགས་པ་སྔར་བཞིན་ལ་ཆགས་བྲལ་ཆགས་བཅས་གང་གིས་ཀྱང་ཞི་བའི་འཕྲིན་ལས་ཀྱི་སྒོ་ནས་དོན་མཛད་པ་དང་། སེམས་ཅན་རྣམས་ཀྱང་སྐུའི་རིགས་ཀྱི་ཧེ་རུ་ཀར་དག་པས་ཞི་བའི་ལས་འགྲུབ་ནུས་སུ་བསམས་ནས་འོད་ཟེར་སྤྲོ་གཞི་ལ་བསྡུས་རྗེས་སླར་བདག་ལ་དངོས་གྲུབ་ཏུ་ཐིམ་པས། སྐུ་རྡོ་རྗེ་ཞི་བའི་འཕྲིན་ལས་དང་འབྲེལ་བའི་རང་དོན་གཞན་དོན་གྱི་མངའ་བདག་ཏུ་གྱུར་པར་བསམ་པའི་བསྐོར་འདེད་དང་། དེའི་ཡུམ་བཟླས་ལ་ཡང་དམིགས་པ་མཚུངས་པར་ཐུགས་ཀ་ནས་འོད་ཟེར་དངོས་གྲུབ་ཀྱི་ཚུལ་དུ་བསྟིམ་པ་ཚུན་ཆད་དགོས་སོ། །དོན་གྲུབ་ཧེ་རུ་ཀར་ཡབ་ཡུམ་ལ་འོད་ཟེར་ལྗང་ཁ་ཤས་ཆེ་བའི་སྣ་ལྔ། མཆོད་ཡུལ་དང་མཆོད་པ་སྣ་ཚོགས་པའི་ལས་མཐུན་རང་ཉིད་ཀྱི་བྱ་སྤྱོད་སྣ་ཚོགས་དག་པ་དང་། འཕྲིན་ལས་རྡོ་རྗེའི་དཀྱིལ་འཁོར་གྲུབ་པ། ལས་སྣ་ཚོགས་ལ་མངའ་བརྙེས། གཞན་དོན་ལ་འདི་དང་དབང་གི་ལས་ལ་ཆགས་བྲལ་གྱི་སྐུ་མི་སྤྲོ་ཞིང་། ཆགས་ཆེན་གྱི་སྐུས་ལས་སྣ་ཚོགས་ཀྱིས་གཞན་དོན་མཛད་པ་སེམས་ཅན་ལས་རིགས་ཀྱི་ཧེ་རུ་ཀར་གྱུར་པ་སོགས་བསྒྱུར་ཁའོ། །དེ་ལ་ལས་སྣ་ཚོགས་པ་ནི་ལས་བཞི་འདྲེས་མ་ཡིན་པས་འདི་ཁོངས་ནས་གདུག་པ་ཅན་ཚར་གཅོད་པ་ཡང་ཐོན་པའི་ཕྱིར་འོད་ཟེར་གྱི་རྩེ་མོར་བདེ་མཆོག་ཁམས་གསུམ་རྣམ་རྒྱལ་ལ་སོགས་པ་རྡོ་རྗེའི་ཁྲོ་ཚོགས་ཀྱང་མང་དུ་སྤྲོས་པས་དྲག་སྔགས་མེ་མཚོན་སོགས་ཀྱིས་དགྲ་བགེགས་རྣམས་བསྒྲལ་ནས་རྣམ་ཤེས་ཡུམ་གྱི་མཁའ་དབྱིངས་སུ་སྦར་བར་བསམ་པ་ཡང་བྱ་ལ་མཆོད་ཡུལ་སྣ་ཚོགས་པའི་ལས་མཐུན་ནི་དཀྱིལ་འཁོར་རེའམ་ལྷ་རེ་ཡང་ཞི་རྒྱས་དྲག་དབང་གི་ཉམས་ཀུན་དུས་གཅིག་ཚོགས་པའམ་སྐད་ཅིག་རེར་འགྱུར་བ་སོགས་དང་། ཁ་དོག་ཀྱང་ལྗང་ཁུ་ནི་གཙོ་བོ། །གཞན་ཅིག་ལ་སྣ་ལྔ་ཚང་བའམ་འགྱུར་བ་ཅན་དང་། དཀར་པོ་སོགས་ལའང་འོད་ཟེར་ལྗང་ཁུ་འཕྲོ་བས་མཚོན། དེ་བཞིན་ཞི་བའི་ལས་མཐུན་ཀྱང་དཀར་པོ་ཤས་ཆེ་བ་ཙམ་མ་གཏོགས། ལྗང་སྐྱ་སེར་སྐྱ་སྔོ་སྐྱ་སོགས་དང་། སྔོན་པོ་དང་དམར་པོ་ལ་འོད་ཟེར་དཀར་པོ་འབར་བ་ལྟ་བུས་དབང་དང་རྒྱས་པ་ལ་ཡང་ཤེས་པས། རིགས་དང་པོའི་བཟླས་པར་ཕོ་ཉ་གསུམ་བསྲེའི་དཀྱིལ་འཁོར་རྫོགས་པར་སྤྱན་འདྲེན་པའི་ཚེ། ལྷ་རང་རང་གི་ཁ་དོག་ལ་སྐྱ་ཤས་ཆེ་བ་དང་འོད་དཀར་འཕྲོ་བ་ལྟ་བུ་གཙོ་བོར་བྱེད་ཅིང་། ཕྱི་ནང་གི་དཀྱིལ་འཁོར་པ་ཀུན་ཟླ་བའི་མདོག་ཅན་དུ་སྤྱན་འདྲེན་པ་སོགས་ཀྱང་རུང་བས་གཞན་འགྲེའོ། །སྣང་མཐའ་ཧེ་རུ་ཀ་ཡབ་ཡུམ་ལ། དམར་ཤས་ཆེ་བའི་འོད་ལྔ། མཆོད་ཡུལ་མཆོད་པ་དབང་གི་ལས་མཐུན། ངག་གི་དྲི་མ་དག་པ། གསུང་རྡོ་རྗེའི་དཀྱིལ་འཁོར་གྲུབ་པ། དབང་གི་ལས་ལ་མངའ་བརྙེས་རྣམས་རང་དོན་དང་། གཞན་དོན་ལ་འོད་ཟེར་གྱི་རྩེར་ཧེ་རུ་ཀ་དབང་གི་ལྷ་སྤྲོས་པས་ཁམས་གསུམ་པ་ཀུན་གྱི་སྙིང་ཁར་ལྕགས་ཀྱུས་བཏབ་སྟེ། དཀྱིལ་འཁོར་གྱི་སྒོ་དང་ཕྱོགས་ཕྱོགས་སུ་དྲངས་པ་རང་དབང་དུ་གྱུར་པས་བསྐོར་ཞིང་ཕྱག་བྱེད་པ་གསོལ་བ་འདེབས་པ་ལས། དེ་རྣམས་ཀྱི་སེམས་ལ་འཕོ་མེད་ཀྱི་བདེ་བའི་བྱིན་ཆེན་པོ་ཕེབས་པའི་མོད་དེར་ལུས་ཀྱང་འཇའ་ཚོན་དུ་དྭངས་པ་པདྨ་ཧེ་རུ་ཀའི་གོ་འཕང་ལ་གནས་པར་བསམ། རིན་ཆེན་ཧེ་རུ་ཀ་ཡབ་ཡུམ་ལ་སེར་ཤས་ཆེ་བའི་འོད་ལྔ། རྒྱས་པའི་ལས་མཐུན་གྱི་མཆོད་ལྷ་སོགས་རང་ཉིད་ཀྱི་སྲིད་པའི་འབྱོར་དཔལ་དེར་འཛིན་བཅས་དག་པ། རིན་ཆེན་རིགས་ཀྱི་དཀྱིལ་འཁོར་གྲུབ་པ། རྒྱས་པའི་ལས་ལ་མངའ་བརྙེས། ཆགས་བྲལ་དང་ཆགས་ཆེན་གྱི་སྐུ་སྤྲོས་པས་རྒྱས་པའི་ལས་ཀྱིས་གཞན་དོན་མཛད་པ་ཕྱི་རོལ་དུ་སྣོད་བཅུད་ཀྱི་འབྱོར་པ་འོད་ཀྱིས་སྤེལ་ཞིང་། ནང་དུ་སེམས་ཅན་གྱི་ཚེ་བསོད་ལུས་མདངས་བདེ་བ་ཡེ་ཤེས་ཀྱི་སྟོབས་སྤེལ་བའི་མོད་དེར་རིན་འབྱུང་ཧེ་རུ་ཀའི་དཀྱིལ་འཁོར་དུ་དག་པ་སོགས་སོ། །ཡབ་ཡུམ་ཀྱི་གོ་ཆ་བཟླ་དུས་གོ་ཆའི་ལྷ་སོ་སོའི་ཐུགས་ཀར་ཨོཾ་ཧ་སོགས་ཡེ་ཤེས་རྣམས་ལྷ་མདོག་དང་མཚུངས་པ་འོད་ཟེར་སྣ་ལྔ་རང་ལུས་ཁྱབ་པར་འཕྲོ་ཞིང་འབར་བས་སྒོ་གསུམ་གྱི་བར་གཅོད་དང་ཁམས་ཀྱི་འཛག་པ་བསྲུང་ཞིང་ཕུང་ཁམས་དྲུག་གི་དྲི་མ་སྦྱངས་ནས་རིགས་དྲུག་ཧེ་རུ་ཀའི་གོ་འཕང་མངོན་དུ་བྱེད་པར་བསམ། རྩ་སྔགས་བཟླ་དུས་ཕལ་ཆེར་དོ་ལིར་མཛད་པས་ཡེ་ཤེས་སེམས་དཔའི་ཧཱུྃ་ཡིག་གི་ཞབས་ཀྱུ་ནས་ཨོཾ་ན་མོ་ཞེས་ཐོན་པ་དྷཱུ་ཏི་བརྒྱུད། ཡབ་གསང་ནས་ཡུམ་གསང་དང་། དེའི་ལྟེ་བའི་བཾ་གྱི་དབུས་དང་དྷཱུ་ཏི་བརྒྱུད་ཞལ་ནས་ཡབ་ཞལ་དང་། ཐུགས་ཀའི་ཧཱུྃ་གི་ནཱ་ད་ནས་དེར་འཇུག་པར་བརྩམ་པ་ན། ཧཱུྃ་ཞབས་ནས་སྔགས་མཐའ་ཐོན་ཟིན་མ་ཐག་པའི་ཚུལ་དུ་འཁོར་བར་བསམས་ནས་བཟླ་བ་ཡིན་ལ། དམིགས་པ་སྔར་བཤད་གཙོ་བོ་ཡབ་ཡུམ་སྐབས་ཀྱི་དོན་གཉིས་སྤྲོ་བསྡུ་ཁོ་ན་སྟེ། ས་བོན་དང་སྔགས་འཕྲེང་གི་ཆ་ཀུན་ལས་འོད་ཟེར་ཐོན་པས་ལས་དེ་དེ་བྱེད་པར་བསམ། ཡང་ན་གཙོ་བོའི་ཐུགས་ཧཱུྃ་ལས་རྩ་སྔགས་ཀྱི་སྒྲ་བྱུང་ཞིང་དེ་ལས་འོད་ཀྱི་སྤྲོ་བསྡུ་ཡང་བྱེད་པ་ཙམ་མོ། །ཡང་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་ཡབ་སྔགས་སུམ་སྦྲེལ་གཡས་དང་། ཡུམ་སྔགས་ཉིས་སྦྲེལ་གཡོན་ཕྱོགས་ནས་ཐོན་པ་གཉིས་གཤིབས་སྔར་བཤད་ལྟར་འཁོར་མོས་ཀྱིས། ཡབ་ཡུམ་སྔགས་སྦྲེལ་དུ་གྲངས་གསོག རིགས་བཞིའི་སྔགས་ཀྱང་ཡབ་ཡུམ་གཉིས་གཤིབས་ཡབ་ཀྱི་ས་བོན་ལས་ཐོན་ཞིང་འཁོར་ཚུལ་དེ་ལྟར་བྱེད་པ་གཙོ་འཁོར་གྱི་སྔགས་དོ་ལིར་བཟླ་བའི་ལུགས་ཏེ། དམིགས་པ་ནི་གོང་བཤད་ཉིད་ལ། འོད་སྤྲོ་ཚུལ་རྩ་སྔགས་སྐབས་ཀྱིས་ཤེས། གོ་ཆ་གཉིས་ཀྱང་གཉིས་གཤིབས་གཙོ་བོའི་ཐུགས་ཧཱུྃ་ནས་ཐོན་པའི་དོ་ལི་བྱར་རུང་ལ་སྔགས་འོད་ཀྱིས་ལུས་ཁྱབ་པས་བར་ཆད་བསྲུངས་པ་སོགས་གོང་ལྟར་རོ། །དེ་ལྟར་རྣམས་ནི་བསྙེན་གྲངས་གསོག་པ་སོགས་དང་འབྲེལ་ཞིང་ཕྱི་དཀྱིལ་དང་ཐུན་མོང་བའི་སྔགས་བཟླ་ཚུལ་ཡིན་ལ། ཁྱད་པར་བ་གཞན་ནི་འདི་ལྟ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཧཱུྃ་མཐར་ཉེ་སྙིང་ཡི་གེ་བདུན་པ་ཙམ་བཀོད་དེ་གཡས་སུ་འཁོར་བ་ཙམ་དམིགས་པའམ། ཡང་ན་ཧཱུྃ་ཡིག་ལས་ཡིག་བདུན་གྱི་སྒྲ་འཆར་བ་ཙམ་དམིགས་ནས་དེ་ཉིད་ངག་ཏུ་བཟླ་བའམ་ཡིད་བཟླས་ལྟ་བུ་དམིགས་པ་ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགྱེས་ཉམས་ཀྱིས་ལྷ་མོ་བཞི་པོ་བསྐུལ་ཞིང་། བུམ་ཐོད་ཀྱི་བདུད་རྩི་རྣམས་ཀྱང་བདེ་འཕྲིལ་ལེར་འཁོལ་བ་དང་། དེ་དག་གི་མདངས་སམ་ཉམས་ལས་ལུས་གནས་གཞན་གྱི་ལྷ་ཡབ་ཡུམ་རྣམས་ཀྱང་མཉམ་སྦྱོར་གྱི་བདེ་བས་ཐུགས་རྒྱུད་གཏམས་ཤིང་། སྒོ་མཚམས་དང་གོ་ཆའི་ལྷ་ཡང་དགྱེས་བདེར་སྤྱོད་ལ། དེ་མཐུས་ཕྱིའི་ལྷ་ལྔ་བདེ་ཉམས་རྒྱས་ཤིང་དཀྱིལ་འཁོར་ཁང་དུར་ཁྲོད་རྭ་གུར་སོགས་སྣོད་ཀྱི་རྣམ་ཆ་ཀུན་ཀྱང་བདེ་མེར་རེ་བ་དང་། དེ་ལ་ལུས་དཀྱིལ་ནས་བརྩམས་པ་སོ་སོའི་རྣམ་ཆ་དགྱེས་ཉམས་རོལ་མོ་མཛད་པར་གསལ་བ་དབྱིབས་ཀྱི་རྣམ་འབྱོར་རོལ་མོ་མཛད་པའི་སྐུ་ལུས་ཀྱི་ཆ་དང་། བྱང་སེམས་འབབ་འཛེག་གི་འགྲོས་ལས་སྔགས་སྒྲ་ཟི་ཁོལ་དུ་འཆར་བ་སྔགས་ཀྱི་རྣལ་འབྱོར། བྱང་སེམས་འབར་འཛག་གི་འགྲོས་ཐིག་ལེའམ་གོང་བུའི་རྣལ་འབྱོར་ཏེ། འདི་ལ་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་མཁའ་གསང་རྩེར་ཐིག་ལེ་དཀར་དམར་དང་། ཡབ་ཀྱི་སྤྱི་བོར་ཧཾ་ཡིག་བསྒོམས་པ་དམར་ཆས་དཀར་ཆ་བཞུ་བརཏལ་བྱེད་ཅིང་། དམར་ཆའི་མེ་ཟེར་དང་དཀར་ཆའི་ཉམས་ཀྱིས་ཧཾ་ལས་བྱང་སེམས་ཡས་བརྟེན་དུ་འདྲེན་ཅིང་། སླར་མེས་དེད་ཚུལ་གྱིས་མས་བརྟེན་བཞི་འགྲོས་སོགས་སྔར་རྡོར་བཟླས་ལ་དམ་ཚིག་སེམས་དཔར་ཇི་ལྟར་བསྒོམས་པ་དེ་ལྟར་མོས་དགོས་པ་ལས། སྔ་མ་ལ་དེ་སྐབས་རླུང་དང་སྦྱར་བའི་སྤྲོ་བསྡུའི་རྣམ་པ་དེ་འདྲ་བ་འདིར་མི་དགོས་སོ། །དེ་ལྟར་ལུས་དཀྱིལ་དང་ཕྱིའི་ལྷ་བདེ་བ་ཆེན་པོས་དགྱེས་པ་རྣམས་ཀྱི་ཐུགས་ཀར་དང་སྦྱོར་མཚམས་སོགས་སྐུ་ལུས་ཀྱི་ཆ་ལས་བདེ་བའི་རེག་པ་ཅན་གྱི་འོད་ཟེར་སྣ་ལྔ་པ་སྤྲོས་པས་ཡུལ་ཆེན་ཉེར་བཞི་སོགས་སྤྲུལ་སྐུའི་ཞིང་བཞུགས་ཀྱི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་པ་ཐམས་ཅད་འོད་ལས་བྱུང་བ་ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས་མཆོད་ཅིང་བསྐུལ་བས་དེ་ཀུན་བདག་ཉིད་བསྒོམས་པ་སྔགས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་པ་ལ་ཐིམ་པས་ཞིང་སྔགས་གཅིག་ཏུ་འདྲེས་པའི་རྐྱེན་གྱིས་བདེ་བའི་ཡེ་ཤེས་ལྷག་པར་འབར་ཞིང་། སླར་ཡང་དེ་རྣམས་ཀྱི་སྐུ་ལས་འོད་འཕྲོས་པས་ལོངས་སྐུ་ལྷན་སྐྱེས་བདེ་མཆོག་གི་དཀྱིལ་འཁོར་མཆོད་དེ་སྤྱན་དྲངས་ནས་ཕྱི་ནང་གི་ལྷར་བསྟིམ་པས། བདེ་ཆེན་ལྷག་པར་འབར་བའི་མཐུས་ནང་དུ་རྩ་མདུད་རྣམས་གྲོལ་ཏེ་རྩ་ཐམས་ཅད་དབུ་མར་ཐིམ་པས་རྣམ་བཅས་རྡོ་རྗེའི་གཟུགས་མཐའ་ཀླས་རང་འཆར་བ་གཞན་དོན་འགོག་མེད་ཀྱི་སྐུ་ཐོབ། རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་དུ་གྱུར་བས་གཞོམ་མེད་སྒྲ་བརྙན་ཆོས་ཚུལ་ཐམས་ཅད་པས་གཞན་དོན་སྤྱོད་པའི་གསུང་དང་། རྟེན་ཐིག་ལེ་དྭངས་མར་ཐིམ་ཞིང་། བརྟེན་པ་འགྱུར་བདེ་འཕོ་བའི་བག་ཆགས་དང་བཅས་མི་འགྱུར་བའི་ཡེ་ཤེས་སུ་ཐིམ་པས་གཞན་དོན་ཐམས་ཅད་པའི་འབྱུང་གནས་འོད་གསལ་བདེ་བ་ཆེན་པོ་རྡོ་རྗེའི་ཐུགས་ཏེ་འཁོར་ལོ་སྡོམ་པའི་རྡོ་རྗེ་གསུམ་དུ་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་དང་། ཕྱི་རོལ་དུ་ཡང་ལས་སྣང་ཐམས་ཅད་ཧེ་རུ་ཀའི་དཀྱིལ་འཁོར་དག་པ་རབ་འབྱམས་ཀྱི་སྣང་བར་འཕོས་ཤིང་། རིམ་གྱིས་སྣང་བའི་ཆ་ཡོངས་སུ་ཟད་ནས་ཕྱི་ནང་གཉིས་བྲལ་སྣང་མེད་བདེ་བ་ཆེན་པོའི་གོ་འཕང་གྲུབ་པ་ཡིན་སྙམ་པ་ལ་སོགས་པའི་ང་རྒྱལ་བསྐྱེད་པར་བྱ་སྟེ་དོན་ཐོབ་ཀྱི་འབྲས་བུ་ཡང་དེ་འདྲ་བ་ཡིན་ནོ། །གཞན་ཡང་དམིགས་པའི་ཁྱད་པར་འགའ་རེ་མཆིས་མོད་འདིར་མང་དུ་དོགས་པས་མ་བྲིས་སོ། །བཅུ་གཉིས་པ་རྫོགས་རིམ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་པས། དཀྱིལ་འཁོར་ལས་ཕྱི་རོལ་དུ་གྱུར་པའི་སྣོད་བཅུད་ཐམས་ཅད་རྟེན་བརྟེན་པའི་དཀྱིལ་འཁོར་དུ་སྦྱངས་ནས་ཕྱི་ར་གུར་ནས་བརྩམས་པའི་གཞལ་ཡས་ཁང་ལ་བསྡུ། དེ་རྣམས་དབུས་ཀྱི་ཧེ་རུ་ཀ་ལྔ་ལ་བསྡུ། ཧེ་རུ་ཀ་གཞན་བཞི་པོ་གཙོ་བོ་ལ་བསྡུ། གཙོ་བོའི་ལུས་ཀྱི་དཔའ་མོ་ཉེར་བཞི་པོ་སྤྱི་བོ་སོགས་རང་རང་གི་གནས་དེ་དེར་རང་མདོག་དང་མཚུངས་པ་སྟེ་སྔོ་དམར་དཀར་བ་སོ་སོ་བའི་འོད་གུར་ལྟ་བུ་རེ་སྒོམ་པ་ནི། དཔའ་མོ་རྣམས་རྩའི་དབྱིབས་སུ་སྐྱོང་བར་གྱུར་པའི་མཚོན་བྱེད་དང་། དེ་རྣམས་རེ་རེ་བཞིན་གྱི་དབུས་སུ་བྱང་ཐིག་རེ་གསལ་འདེབས་པ་ནི། དཔའ་བོ་རྣམས་བྱང་སེམས་སུ་གྱུར་པས་རྩ་དེ་རྣམས་གང་བའི་མཚོན་པ་སྟེ། ཐུགས་འཁོར་བ་རྣམས་ཞུ་བའི་ཐིག་ལེ་དཀར་ལ་སྔོ་མདངས་ཆགས་པ། གསུང་འཁོར་བ་དཀར་ལ་དམར་མདངས་ཆགས་པ། སྐུ་འཁོར་བ་ཤིན་ཏུ་དཀར་བའི་ཐིག་ལེར་གྱུར་པའོ། །རྩ་དང་ཐིག་ལེ་དེ་རྣམས་ཀྱང་རང་མདོག་དང་མཐུན་པའི་འོད་དུ་ཤིག་གེར་སོང་བའི་འོད་རྣམས་ཆ་གཉིས་སུ་བྱས་ནས་ཕྱི་ངོས་སུ་སྣ་སྒོ་ཚོགས་ཀྱི་སྒོ་མཚམས་མ་བརྒྱད་པོ་དང་། ནང་དུ་སྙིང་པོའི་རྣལ་འབྱོར་མ་བཞི་ལ་ཐིམ། ཕྱིའི་ལྷ་མོ་བརྒྱད་དང་ནང་གི་བཞི་སྟེ་བཅུ་གཉིས་པོ་ཞར་བྱུང་མཚམས་ཀྱི་བུམ་ཐོད་དང་བཅས་པ་སྙིང་གའི་གཙོ་བོ་ཡབ་ཡུམ་ལ་བསྟིམ། ཡུམ་ཡབ་ལ། དེ་ཡས་མས་ནས་ཐུགས་ཀའི་ཧཱུྂ་ཉི་གདན་དང་བཅས་པ་ལ། ཉི་གདན་ཧཱུྂ་ལ། ཧཱུྂཡང་ཞབས་ཀྱུ་ནས་ནཱ་དའི་བར་དང་དེ་ཡང་མི་དམིགས་པ་སྟོང་ཉིད་དུ་ཡལ་བར་བསམས་པས། ཕྱིའི་ལྷན་སྐྱེས་ཀྱི་སྐུ་གཅིག་པོ་ཙམ་ལུས་པར་གྱུར་ལ། དེའི་ཡང་ལུས་ཀྱི་ཆ་ཨོཾ། ངག་ཨཱཿ ཡིད་ཧཱུྃ་དུ་གྱུར་པས་དེ་གསུམ་སྟེང་འོག་ཏུ་བརྩེགས་པའི་འོག་གི་ཨོཾ་ཨཱཿལ། དེ་ཧཱུྃ་ལ། དེ་ཡང་ཇེ་ཆུང་ཇེ་ཕྲར་ཡལ་བར་བསམས་ནས་མཉམ་པར་བཞག སླར་ཐུན་མཚམས་ཀྱི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་ལྡང་བ་དང་དགེ་བསྔོ་བྱའོ། །རྗེས་ནི་གཞན་ལས་ཤེས་པར་བྱ་སྟེ་གཏོར་མའི་རྣལ་འབྱོར་ལ་སོགས་པའོ། །བརྟེན་གཡོའི་རྣམ་པ་འཆར་བཞིན་པ་འདི་མེད་སྣང་སྟེ། །འདི་བསལ་ཤུལ་དུ་དག་སྣང་རྡོ་རྗེའི་དཀྱིལ་འཁོར་འབྱམས། །མཐར་གཏུགས་པ་ན་དག་པའི་སྣང་བའང་སྣང་མེད་ཀྱི། །བདེ་ཆེན་ཡབ་ཡུམ་ཟུང་འཇུག་ངང་དུ་ཡེ་གྲོལ་ལོ། །དེ་ལྟར་རྟོགས་བྱེད་ཐབས་མང་པོའི། །ནང་ན་ཟབ་མོ་ལུས་དཀྱིལ་དུ། །སྒྲུབ་ཐབས་ཁྱད་འཕགས་རེག་ཟིག་སྟེ། །ཤིན་ཏུ་སྙིང་པོར་དྲིལ་འདི་སྦྱར། དངོས་གྲུབ་ཡོད། ཨ་ལ་ལ་ཧོ། ཞེས་མཉྫྱུ་ཤྲཱིས་སོ།། །།


previousདཔལ་མཁའ་འགྲོ་སྙན་རྒྱུད་ལུས་དཀྱིལ་གྱི་དམིགས་རིམ་མདོར་བསྡུས་པའི་རེག་ཟིག་གོ །next