Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
དྲིལ་བུ་ལྷ་ལྔའི་དབང་ཆོག་དབང་བསྐུར་སྙིང་པོ་གསལ་བྱེད།
   
   
   
   
   
   
   
   
   
   


 
previousདྲིལ་བུ་ལྷ་ལྔའི་དབང་ཆོག་དབང་བསྐུར་སྙིང་པོ་གསལ་བྱེད།next

དྲིལ་བུ་ལྷ་ལྔའི་དབང་ཆོག་དབང་བསྐུར་སྙིང་པོ་གསལ་བྱེད།

དྲིལ་བུ་ལྷ་ལྔའི་དབང་ཆོག་དབང་བསྐུར་སྙིང་པོ་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །བླ་མ་དང་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ།། འདིར་དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་ནི། ས་ཆོག་དང་སྟ་གོན་སོགས་སྔོན་དུ་འགྲོ་བའི་རིམ་པ་གཞན་དུ་ཤེས་པར་བྱ་ལ། འདིར་དུས་རྒྱུན་དུ་ཉམས་སུ་བླང་བའི་རིམ་པ་ནི། སྔོན་འགྲོ་གཏོར་མ་བཏང་། བདག་བསྐྱེད་བཟླས་པའི་བར་བྱས་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཁཎྜྻ་རོ་ཧེས་བསངས། སྭ་བྷཱ་ཝ་དང་ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་གི་རང་བཞིན། དེའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་ཆུས་གང་བས་མཚན་པ། དེའི་སྟེང་དུ་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་རྩེ་མོ་ལྕོག་བརྒྱད་ཀྱིས་མཚན་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཕྱོགས་ཀྱི་མདོག་ཅན་དེའི་ལྟེ་བར་བྷྲཱུཾ་ལས་འཁོར་ལོ་དཀར་པོ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པ། རྩིག་པ་ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བ། སྟེང་འོག་གི་ཁ་དོག་ཀྱང་གཡོན་སྐོར་གྱིས་དེ་དང་འདྲ་བ། རྩིག་པའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ་ཁྲ་སྣ་ཚོགས་ཀྱིས་མཛེས་པ། དེའི་སྟེང་དུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་དོ་ཤལ་དང་དོ་ཤལ་ཕྱེད་པ། དེའི་སྟེང་དུ་བྱ་འདབ་ལས་འཕྱང་བའི་བ་ཀུ་ལཱི་དཀར་པོ། དེའི་སྟེང་དུ་ཀྲ་མ་ཤཱིརྵ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། དེ་དག་གི་བར་བར་དུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་རླུང་གིས་བསྐྱོད་པའི་དྲིལ་བུ་གཡེར་ཁའི་སྒྲ་དང་ལྡན་པ། ཕྱི་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བའི་སྟེང་ན། གཟུངས་མ་རྣམས་ཀྱིས་མཆོད་རྫས་སྣ་ཚོགས་ཐོགས་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེ་རིན་པོ་ཆེས་སྤྲས་ཤིང་། རིན་པོ་ཆེའི་ཀ་བ་ཕྱོགས་མདོག་ཅན་བརྒྱད་ཀྱིས་བཏེག་པའི་སྟེང་དུ་རྡོ་རྗེའི་གདུང་ཟླུམ་གྱིས་ཕུབ་པ། རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་ཅན། །ཕྱི་རོལ་ཏུ་རྣམ་ཤེས་བརྒྱད་དག་པའི་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་དེའི་ནང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་ལ་གྲི་གུག་གི་འཕྲེང་བས་བསྐོར་བ། དེའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་སྔོན་པོ་དང་པཾ་དམར་པོ་ལས། ཞེས་པ་ནས། བཞུགས་པར་གྱུར་གྱི་བར་བདག་བསྐྱེད་བཞིན་དང་། ཤར་གྱི་འདབ་མ་མཁའ་འགྲོ་མ་སྡོན་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། །ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་སྤྱན་གསུམ་མ། མཆེ་བ་བཞི་གཙིགས་པ། གཅེར་མོ་སྐྲ་གྲོལ་བ། ཐོད་སྐམ་ལྔས་དབུ་བརྒྱན་པ། དུམ་བུ་ལྔ་བཅུའི་དོ་ཤལ་དང་ལྡན་པ། ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་བཞིའི་གཡས་གྲི་གུག་དང་ཌཱ་མ་རུ། གཡོན་ཐོད་པ་ཁྲག་གིས་གང་བ་དང་ཁ་ཊཱཾ་ག་བསྣམས་པ། ཐམས་ཅད་རོ་དང་ཟླ་བ་ལ་གཡོན་བརྐྱང་གིས་བཞུགས་པའོ། །མཚམས་ཀྱི་ཟླ་གདན་ལ་བུམ་པ་བདུད་རྩིས་གང་བའི་སྟེང་དུ་ཀ་པཱ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་བཞིས་ཁ་བརྒྱན་པའོ།། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། གོ་བགོ་བ། ཡེ་ཤེས་པ་དགུག་གཞུག་བྱ་བ། དབང་བསྐུར་རྒྱས་གདབ་པ་རྣམས་བདག་བསྐྱེད་ལྟར་རོ། །ཕྱོགས་མ་བཞི་ལ། མཁའ་འགྲོ་མ་ལ་རྣམ་སྣང་། ལཱ་མ་ལ་དོན་གྲུབ། དུམ་སྐྱེས་མ་ལ་འོད་དཔག་མེད། གཟུགས་ཅན་མ་ལ་རིན་འབྱུང་གིས་དབུ་བརྒྱན་པར་བསམ་མོ།། གཙོ་བོ་ཡབ་ཡུམ་དང་མཁའ་འགྲོ་མ་བཞིའི་སྔགས་ཀྱི་མཇུག་ཏུ། ཨརྒྷཾ་སོགས་བཏགས་པའི་ཆུ་གཉིས་དང་། ཉེར་སྤྱོད་ལྔ། རིན་ཆེན་སྣ་བདུན། འདོད་ཡོན་ལྔ། རིག་མ་བཅུ་དྲུག ཁྱད་པར་བདུད་རྩིའི་མཆོད་པ་དང་དེ་ཁོ་ན་ཉིད་ཀྱིས་མཆོད་ལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།། ཞེས་སོགས་ཀྱིས་བསྟོད། བཟླས་པ་ཅུང་ཞིག་བྱ། གཏོར་མ་འབུལ་བའོ། །དེ་ནས་བུམ་པ་མཚན་ཉིད་དང་ལྡན་པ་ས་དཀར་གྱིས་བྱུགས། རས་ཟུང་གིས་མགུལ་པ་བཅིངས། འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པའི་ནང་དུ། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་པས་ལྷའི་དལ་འགྲོའི་ཆུ་བཀུག་པར་བསམས་ནས། རྡོ་རྗེ་ལ་བརྟེན་པའི་ཆུས་སུམ་གཉིས་ཙམ་དགང་། སྨན་ལྔ། འབྲུ་ལྔ། དྲི་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔ་རྣམས་བཅུག རྣམ་རྒྱལ་གྱི་སྟེང་དུ་དུང་ཆོས་ཀྱི་ཆུ་ལ། ཨོཾ་བཛྭ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཧཱུཾ་བཟླས་ཤིང་། དེའི་སྟེང་དུ་རྡོ་རྗེ་ལ་མེ་ཏོག་གི་འཕྲེང་བ་བཏགས་ལ་བཞག རྣམ་རྒྱལ་དང་རྣམ་རྒྱལ་ཆེན་པོའི་དུང་ཆོས་གཉིས་བྷྲཱུཾ་ལས་གཞལ་ཡས་ཁང་གདན་བཅས་སུ་བསྐྱེད། དེར་ལྷ་དམ་ཚིག་པ་ལྔ་བུམ་པ་དང་བཅས་པ་མདུན་བསྐྱེད་བཞིན་བསྐྱེད། ལས་བུམ་དུ་པད་ཉིའི་སྟེང་དུ་པཾ་ལས་དུམ་སྐྱེས་མ་བསྐྱེད་ནས། དབང་བསྐུར་བ་ཡན་ཆད་མདུན་བསྐྱེད་བཞིན་བྱས་ལ། མཆོད་བསྟོད་བདུད་རྩི་མྱང་བ་བྱས། མེ་ཏོག་གི་ལྕུག་མ་ནས་གཟུང་ལ། སོ་སོའི་སྔགས་བརྒྱ་རྩ་རེ་བཟླས། སླར་ཡང་མེ་ཏོག་བཅུག སྤོས་ཀྱིས་བདུག གསོལ་བ་བཏབ། དུང་ཆོས་ཀྱི་ཆུ་བླུག་པའི་རྐྱེན་གྱིས། ལྷ་རྣམས་ཆགས་པ་ཆེན་པོའི་མེས་བཞུ། བྱང་ཆུབ་སེམས་ཀྱི་ཆུར་གྱུར་པར་བསམས་ཏེ། བུམ་པ་བསྒྲུབ་པའོ།། །། དེ་ནས་སློབ་མ་ལས་ཐམས་ཅད་པ་བཟླས་པའི་ཆུས་ཁྲུས་ལ། མེ་ཏོག་ཐོགས་ཏེ་མཎྜྻལ་ཕུལ་ནས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །རྡོ་རྗེ་འཆང་ཆེན་ངོ་བོ་ཉིད། །དམིགས་མེད་བདེ་ཆེན་སྟོན་པ་པོ། །སློབ་དཔོན་ཆེན་པོ་ཕྱག་འཚལ་ལོ། །དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ནས། གྲུབ་པར་མཛོད། ཅེས་ལན་གསུམ་གསོལ་པ་གདབ། ཨོཾ་ཁཎྜྻ་རོ་ཧེ་ཧཱུྃ་ཧཱུཾ་ཕཊ྄། ཅེས་བརྗོད་པས་བསངས། སྟོང་པའི་ངང་ལས། སློབ་མ་དཔལ་འཁོར་ལོ་བདེ་མཆོག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཁར་བསྣོལ་ནས་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པར་བསྐྱེད་ནས། ལས་ཐམས་ཅད་པ་བཟླས་པའི་མིག་དར་དམར་པོ། །ཨོཾ་ཙཀྵུརྦནྡྷ་བ་ར་མཱ་ན་ཡ་ཧཱུཾ། ཞེས་པས་མིག་དར་བཅིངས། ཨཿཁཾ་བཱི་ར་ཧཱུཾ་གིས་མེ་ཏོག་གི་འཕྲེང་བ་ལག་ཏུ་བཟུང་ལ། ལས་ཐམས་ཅད་པའི་ཆུས་བསངས་ཏེ། ཀྱེ་དགའ་བ་ལ་དགའ་ཁྱོད་སུ་ཞིག དེས། བདེ་ཆེན་བདག་ནི་བསྐལ་བཟང་ལགས།། ཞེས་དྲིས་ལན་གྱིས་རིགས་ངེས་པར་བྱ། སློབ་མའི་སྙིང་གར་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་བསྒོམས་ཏེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨཱུུུ་ད་ཡཱ་མི། ཞེས་བརྗོད། མེ་ཏོག་དང་བཅས་པས་སློབ་མའི་སྙིང་གར་རེག་ནས། ཨོཾ་སུ་ར་ཏེ་ས་མ་ཡ་ཧྶཾ་ཧོཿསིདྡྷ་བཛྭ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ཅིང་དོན་བཤད་ཅིང་བསྒོམ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། །མ་དད་པར་ཡང་མ་ཡིན་ནོ།། ཞེས་གསང་བར་གདམས། ལས་ཐམས་ཅད་པ་དང་ཨཿཁཾ་ཝཱི་ར་ཧཱུཾ་གིས་ཡོལ་བའི་ནང་དུ་གཞུག སྡོམ་པ་བསྒྲག་གཟུང་རྣམས་སྟ་གོན་མ་སོང་ན་སྐབས་འདི་ཉིད་དུ་བྱའོ། །མགོ་བོར་རྡོ་རྗེ་བཞག་ནས། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་མཐོང་བའི་ཕན་ཡོན་དང་། མགོ་བོར་རྡོ་རྗེ་བཞག དྲིལ་བུ་དཀྲོལ་ཞིང་། འདི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་ཡིན་ཏེ། ཚུལ་འདི་འགའ་ཞིག་ལ་སྨྲས་ན་མགོ་བོ་འགས་པར་བྱེད་དོ།། ཞེས་མ་གསང་པའི་ཉེས་དམིགས་དང་སྙིང་གར་རྡོ་རྗེ་བཞག་ནས། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས།། ཞེས་ཡེ་ཤེས་བབས་པ་གསང་མ་གསང་གི་ཕན་ཡོན་དང་ཉེས་དམིགས། པདྨའི་ནང་གི་བདུད་རྩི་ལྔ་ལ་ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། ཞེས་པ་ནས། ཨོཾ་བཛྭ་ཨུ་ད་ཀ་ཋཿཋཿཞེས་པས་འཐུང་དུ་གཞུག དམ་ཚིག་བསྲུངས་མ་བསྲུངས་ཀྱི་ཕན་ཡོན་ཉེས་དམིགས་ཀྱི་སྒོ་ནས་དང་། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ཞེས་སོགས་ཀྱིས་བླ་མ་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། ཞེས་གསོལ་བ་ལན་གསུམ་གདབ། སློབ་མ་སྐད་ཅིག་གིས་ཧེ་རུ་ཀར་གྱུར་པའི་སྤྱི་བོར་བཾ་ལས་ཆུའི་དཀྱིལ་འཁོར་བུམ་པས་མཚན་པ་ལ་ཡི་གེ་ཧ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་ལ་ཧཱུཾ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་ལ་ཨ། རྐང་པའི་འོག་ཏུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཛྷྱཻཿདྲག་ཅིང་བཟོད་པར་དཀའ་བ་བསམ། དེ་ཀའི་ངང་ལས་བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རླུང་གིས་བ་དན་བསྒུལ། རླུང་གཡོས། མེ་སྦར། ཛྷྱཻཿརྐང་མཐིལ་ནས་སུམ་མདོའི་མེ་དང་འདྲེས། སྙིང་ག་སའི་དཀྱིལ་འཁོར་བསྲེགས། དེའི་དྲོད་ཀྱིས་དཔྲལ་བའི་ཆུ་ཁོལ། །སྙིང་གར་མེ་ཆུ་འཐབ་པའི་དྲོད་ཀྱིས་ཉམས་དཔག་ཏུ་མེད་པ་སྐྱེས། གཞན་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་སྤྱན་དྲངས་ཏེ། ལས་ཀྱི་རྡོ་རྗེས་གུ་གུལ་གྱིས་བདུག་ཅིང་། ཌཱ་མ་རུ་དང་དྲིལ་བུ་དཀྲོལ་ཞིང་། སྙིང་པོ་ཉེ་སྙིང་གི་རྗེས་སུ། ཨཱ་བེ་ཤ་ཡ་ཏོ་ཥ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཧཿཨཿཛྷྱཻཿ ཞེས་བརྒྱའི་བར་བརྗོད་དེ་མགོ་བོར་རྡོ་རྗེ་བཞག ཏིཥྛ་བཛྭ། ཞེས་པས་བརྟན་པར་བྱའོ། །དེ་ནས་ཤར་སྒོར་ལངས་ལ། ཨོཾ་ན་མཿཏེ་ཧཱུཾ། ན་མཱ་མི་ཧཱུཾ། ན་མོ་ན་མཿཧཱུཾ་སྭཱ་ཧཱ།། བརྗོད་པས་ལུས་ངག་ཡིད་གསུམ་གྱི་ཕྱག་སྔོན་དུ་འགྲོ་བས་ཐལ་མོ་སྙིང་ཁའི་གཡོན་དུ་སྦྱར་ལ། ཨོཾ་སརྦྦ་ཝཱི་ར་ཡོ་གི་ནཱི་བྷྱཿཔཱུ་ཛོ་པཧྶྭུ་ན་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏཱ་ཝཱི་ར་ཡོ་གེ་ནཱི་ཌཱ་ཀི་ནཱི་ཨ་དྷི་ཏིཥྛ་མཱཾ། ཞེས་ཕྱག་བྱས་པས་མཁའ་འགྲོ་མ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་གྱིས་བྱུང་ནས། སྙིང་གར་ཐིམ་པས་རང་མཁའ་འགྲོ་མར་གྱུར་པར་བསམ། དེ་བཞིན་དུ་གཞན་ལྷ་མོ་གསུམ་ལའང་འགྲེའོ། །བྱང་སྒོར་ཐལ་མོ་དཔྲལ་བར་སྦྱར་ཏེ། ཨོཾ་སརྦྦ་ཝཱི་ར་ཡོ་གི་ནཱི་བྷྱཿཔཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཝཱི་ར་ཡོ་གི་ནཱི་ལཱ་མ་ཨ་བྷི་ཥིཉྩྨ་ཏུ་མཾ། ནུབ་སྒོར་ཐལ་མོ་ལྐོག་མར་སྦྱར་ཏེ། ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་བྷྱཿཔཱུ་ཛ་པྲ་ཝརྟ་ནཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཝཱི་ར་ཡོ་གི་ནཱི་ཁཎྜྻ་རོ་ཧེ་ད་པྲ་ཝརྟ་ཡནྟུ་མཱཾ། ལྷོ་ནས་ཐལ་མོ་སྤྱི་བོར་སྦྱར་ལ། ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་བྷྱཿཔཱུ་ཛ་ཀརྨྨ་ཎེ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། སརྦྦ་ཏ་ཐཱ་ག་ཏ་ཝཱི་ར་ཡོ་གི་ནཱི་རཱུ་པི་ནཱི་ཀརྨ་ཀརྻནྟུ་མཱཾ། ཞེས་པས་ཕྱག་བྱེད་དུ་གཞུག དེ་ནས། དེ་བཞིན་གཤེགས་པ་ཀུན་གྱིས་གནས། ལྷ་མོ་རྣམས་ཀྱི་ཆོས་འབྱུང་ཉིད། །བདེ་ཆེན་སྣ་ཚོགས་ཁང་བརྩེགས་མ། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་ཉིད་དུ། །བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དག། ཅེས་པ་ནས། དཀྱིལ་འཁོར་འདི་ནི་དེ་བཞིན་ཤོག། ཅེས་གསོལ་བ་བཏབ་ནས་བར་སྣང་གི་ཁ་དོག་ཕྲིན་ལས་བཞིའི་དངོས་གྲུབ་འདི་འགྲུབ། ཅེས་བརྗོད་དོ། །དེ་ནས་སྔགས་ཀྱི་མེ་ཏོག་གི་འཕྲེང་བ་ཏྲཱཾ་གིས་བྱིན་གྱིས་བརླབས་པ་སྦྱིན་ནས། རྡོ་རྗེ་ཤུགས་ཀྱི་འཇུག་པས་ཞུགས་ཏེ། པྲ་ཏཱིཙྪ་བཛྭ་ཧོཿཞེས་པས་བལྟོས་མེད་དུ་དོར། མེ་ཏོག་ལྷུང་བའི་རྗེས་སུ་འབྲངས་ལ་ལྷ་ངོ་བསྟན་ནོ། །མེ་ཏོག་འཕྲེང་བ་མགོ་བོར་བཞག་ལ། ཨོཾ་པྲ་ཏི་གྲྀ་ཧྶཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ། འཕྲེང་བའི་དབང་སྦྱིན་ནོ།། དེ་ནས་སློབ་མའི་མིག་གཉིས་སུ་ཉི་མ་ལ་ཧཱུཾ། དཔྲལ་བར་རཾ་བཀོད་ལ། ཨོཾ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙྱཱ་ན་ཙཀྵུ་བཛྭ་ཧཱུཾ་སྭཱ་ཧཱ།། ཞེས་བརྗོད་པས་མིག་དབྱེ་ནས།། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས།། ཞེས་པ་ནས། དམ་ཚིག་ཐམས་ཅད་བསྐྱང་བ་དང་། །སྔགས་ཀྱི་དངོས་གྲུབ་བརྩོན་པར་གྱིས།། ཞེས་བརྗོད་ལ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྟན་ཅིང་།། དེའི་ནང་ནས་ཁྱོད་ཀྱིས་ལྷ་འདི་ལ་མེ་ཏོག་ཕོག་པས། །དེ་ཡི་རིགས་ཡིན་ནོ།། ཞེས་པ་སྟེ་དཀྱིལ་འཁོར་དུ་འཇུག་པའི་རིམ་པའོ། །དེ་ནས་མཎྜྻལ་ཕུལ་ནས། ཇི་ལྟར་སངས་རྒྱས་མཁས་རྣམས་ཀྱིས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང་། །མཆོག་ཀྱང་བདག་ལ་སྩལ་དུ་གསོལ།། ཞེས་གསོལ་བ་བཏབ་ལ། དེ་ནས་སློབ་དཔོན་གྱིས་རང་དང་སློབ་མ་དབང་རྫས་གསུམ་ཀ་མི་དམིགས་པ་བསྒོམ་དགོས་ལ། སློབ་མས་རང་ལྷར་བསྒོམ་པས་ཆོག བླ་མས་ལས་ཐམས་ཅད་པ་བཟླས་པའི་ཆུས། སློབ་བུ་དང་བུམ་ཆུ་བསངས་སྦྱངས། ཤཱུ་ནྱ་ཏཱས་སྟོང་པར་བསྒོམ། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་ཐུགས་ཀྱི་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཕྱག་གཡས་རྡོ་རྗེ་བསྒྱིངས་པ་དང་བཅས་པས་ཐུགས་ཁར་གཏོད་པ་གཡོན་དྲིལ་བུ་སྙེམས་པ་དང་བཅས་པས་དཀུར་འཛིན་པ་ལ་རང་འདྲའི་ཤེས་རབ་མས་འཁྱུད་པར་བསྐྱེད། ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ བསྟིམ། ཡང་དབང་ལྷ་སྤྱན་དྲངས། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ཏུ་མཱཾ། ཞེས་གསོལ་བ་བཏབ་ཡུམ་རྣམས་ཀྱིས་བུམ་ཆུ་མི་བསྐྱོད་པར་བསྐྱེད་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར། རིགས་བདག་གིས་དབུ་བརྒྱན་པ་ལ་མཆོད། སྙོམས་པར་ཞུགས་པས་བྱང་སེམས་ཀྱི་རང་བཞིན་དུ་ཞུ་བའི་བུམ་ཆུར་བལྟའོ། །དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། །ཁྲོ་བོ་ཁྲོ་མོ་སྤྱན་དྲངས་སློབ་མ་ལ་དབང་བསྐུར་པའི་དོན་དུ། རྡོ་རྗེ་ཅན་གྱིས་འགྲོ་སྐྱབས་ཕྱིར། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་བ། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་འདི་ལའང་སྩལ་དུ་གསོལ།། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པས་དབང་བསྐུར་བའི་དགོངས་པ་མཛད། །ཡུམ་བཞི་ཕག་མོ་དང་ལྔས་མེ་ཏོག་དང་གུར་ཀུམ་སོགས་ཀྱི་ཆར་འབེབས་བཞིན་པས་བུམ་པའི་ཆུས་ཁྲུས་གསོལ། སེམས་དཔས་བཀྲ་ཤིས་བརྗོད་པར་བསམ་ལ། སློབ་དཔོན་གྱིས་བརྗོད་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ལ། ལས་ཀྱི་རྡོ་རྗེས་མཆོད། དེ་རྣམས་དབང་རྫས་སོ་སོའི་ཏིང་ངེ་འཛིན་མ་གཏོགས་འོག་མ་ཀུན་ལ་འགྲེའོ། །སློབ་དཔོན་གྱིས་རྡོར་དྲིལ་དང་རྣམ་རྒྱལ་བུམ་པ་འཛིན་པས། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ངེས་འབྱུང་བ།། ཞེས་སོགས་བཀྲ་ཤིས་ཀྱི་ཚིག་བརྗོད་པའི་རྗེས་སུ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི།། ཞེས་པ་ནས། གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་པཉྩྨ་ཌཱ་ཀི་ནཱི་ཝཱི་ར་ཧྶཾ་ཨ་བྷི་ཥིཉྩྨ་མི། ཞེས་དང་། ལྷ་གཞན་རྣམས་ཀྱིས་བརྗོད་ཅིང་། མཇུག་ཏུ་ཨོཾ་བཛྭ་ཨུ་ད་ཀ་ཨ་བྷི་ཥིཉྩྨ་ཧཱུཾ། སུ་ར་ཏེ་སྟཱཾ་ཨ་ཧཾ། ཞེས་བརྗོད་ཅིང་དབང་བསྐུར། ལུས་ཡེ་ཤེས་ཀྱི་ཆུས་གང་། སྒོ་གསུམ་གྱི་དྲི་མ་དག ཆུ་ལྷག་མ་ཡར་ལུད་པས་རིགས་བདག་གིས་དབུ་རྒྱན། དབང་བསྐུར་མཁན་གྱི་ལྷ་ཐམས་ཅད་མི་བསྐྱོད་པའི་རྣམ་པས་སློབ་བུའི་ལུས་ལ་ཐིམ་པ་ལ་མཆོད་པས་མཆོད། ཆུའི་དབང་ཐོབ། ཞེ་སྡང་གི་དྲི་མ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་ས་བོན་དང་བག་ཆགས་བཞག མི་བསྐྱོད་པ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་པོ། དེས་དག་པ་སྦྱིན་ནོ།། དེ་ལྟར་སློབ་བུ་དང་དབུ་རྒྱན་བསངས་སྦྱངས། ཏྲཱཾ་དང་རིན་པོ་ཆེ་ལས་སྐྱེས་པའི་ཡེ་ཤེས་འཁོར་ལོ་བདེ་མཆོག་གཡས་རིན་པོ་ཆེ་བསྒྱིངས་པ་དང་བཅས་པས་དཀུར་འཛིན། གཡོན་དྲིལ་བུ་ཐུགས་ཁར་ཕྱོགས་པ་ལ། རང་འདྲའི་ཤེས་རབ་མས་འཁྱུད། སྔར་བཞིན་ཞུ་བ་ལས་བྱུང་བའི་དབུ་རྒྱན་དུ་གྱུར། རིན་ཆེན་ཅན་གྱིས་འགྲོ་སྐྱབས་ཕྱིར། ཞེས་སོགས་དང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཞེས་པའི་རྗེས་ལ། ཡོན་ཏན་དཔག་མེད་འབྱུང་བའི་གནས། ཡིད་བཞིན་རིན་ཆེན་སྣ་ཚོགས་རྒྱལ། །ངོ་མཚར་གཟི་བརྗིད་ཆེན་པོའི་མཆོག །ཅོད་པན་གྱི་ནི་དབང་བསྐུར་རོ། །ཨོཾ་ཨཱཿབཛྭ་མུ་ཀུ་ཊ་ཨ་བྷིཥིཉྩྨ་ཧཱུཾ། སུ་ར་ཏསྟཱཾ་ཨ་ཧཾ། ཞེས་བརྗོད་ཅིང་ཆུས་ཀྱང་དབང་བསྐུར། རིགས་བདག་གིས་དབུ་བརྒྱན། དབང་གི་ལྷ་རྣམས་རིན་འབྱུང་གི་རྣམ་པས་ཐིམ། དེ་ལ་མཆོད། དབུ་རྒྱན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག ཚོར་བའི་ཕུང་པོ་གནས་གྱུར། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས། རིན་འབྱུང་ག་ིས་བོན་དང་བག་ཆགས་བཞག དེ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་ངོ་།། རྡོ་རྗེ་དང་སློབ་མ་བསངས་སྦྱངས། ཨོཾ་དང་པདྨ་ཡོངས་སུ་གྱུར་པ་ལས། གསུང་གི་འཁོར་ལོ་བདེ་མཆོག་སྐུ་མདོག་དམར་པོ། གཡས་པདྨ་དམར་པོ་བསྒྱིངས་པ་དང་། གཡོན་དྲིལ་བུ། ཞུ་བ་ལས་བྱུང་བའི་རྡོ་རྗེ། པདྨ་ཅན་གྱིས་འགྲོ་སྐྱབས་ཕྱིར།། སོགས་དང་། དབང་བསྐུར་རྡོ་རྗེ་སོགས་དང་། སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་ནི་ཁྱོད་ཉིད་དབང་བསྐུར་བྱ། །འདི་སྟེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་འགྲུབ་ཕྱིར་རྡོ་རྗེ་ལོང་། །བཛྭ་ཨ་བྷི་ཥིཉྩྨ། ཞེས་བརྗོད། སྙིང་མགྲིན་དཔྲལ་བར་གཏུགས། ལག་གཡས་སུ་སྦྱིན། ཆུས་ཀྱང་དབང་བསྐུར། རིགས་བདག་གིས་དབུ་བརྒྱན། འོད་དཔག་མེད་ཀྱི་རྣམ་པ་ལུས་ལ་ཐིམ་པ་ལ་མཆོད། འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་དག འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོར་རྟོགས་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི། དེ་ལ་བརྟེན་པའི་སོགས་བརྗོད་དོ། །དེ་ནས་སློབ་མ་དང་དྲིལ་བུ་བསངས་སྦྱངས། ཁཾ་དང་སྣ་ཚོགས་རྡོ་རྗེ་སྐྱེས་པའི་དམ་ཚིག་འཁོར་ལོ་བདེ་མཆོག་སྐུ་མདོག་ལྗང་ཁུ་གཡས་སྣ་ཚོགས་རྡོ་རྗེ་བསྒྱིངས་པ་དང་། གཡོན་དྲིལ་བུ། ཞུ་བའི་དྲིལ་བུར་གྱུར། སྣ་ཚོགས་ཅན་གྱིས་འགྲོ་སྐྱབས་ཕྱིར།། སོགས་དང་། དབང་བསྐུར་སོགས་དང་། ཨོཾ་དྲིལ་བུ་རྡོ་རྗེ་རབ་ལྡན་པ། ཤིན་ཏུ་དཔའ་བོ་ཉིད་དབང་བསྐུར། །རྡོ་རྗེ་དམ་ཚིག་གནས་པ་ཁྱོད། །བདག་པོའི་དབང་བསྐུར་རྒྱལ་མནོས་ཤིག །ཨོཾ་བཛྭ་གྷཎྜྻེ་ཨཿཨཿབཅོམ་ལྡན་གཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་པར་མཛོད།། ཅེས་བརྗོད་དུ་གཞུག ཆུ་དབང་། རིགས་བདག་གིས་དབུ་བརྒྱན། ལྷ་ཐམས་ཅད་དོན་གྲུབ་ཀྱི་རྣམ་པས། དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་དག འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་གྲུབ་ཡེ་ཤེས་མངོན་དུ་བྱས།། དོན་གྲུབ་ཀྱི་ས་བོན། དེ་ལ་བརྟེན་པའི་སོགས་བརྗོད། དེ་ནས་སློབ་མ་བསངས་སྦྱངས།། ཨོཾ་དང་འཁོར་ལོ་ལས་སྐྱེས་པའི་སྐུའི་འཁོར་ལོ་བདེ་མཆོག་དཀར་པོ་གཡས་འཁོར་ལོ། གཡོན་དྲིལ་བུ་བསྒྱིངས་པ་དང་བཅས་པ་དཀུར་འཛིན། རང་འདྲའི་ཤེས་རབ་མས་འཁྱུད་པ། འཁོར་ལོ་ཅན་གྱིས་འགྲོ་སྐྱབས་ཕྱིར།། དང་། དབང་བསྐུར་སོགས་དང་། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་ཧྶཾ་ཨ་བྷི་ཥིཉྩྨ་མི། ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏཿཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་མིང་བཏགས། ཆུས་དབང་བསྐུར། རིགས་བདག་གིས་དབུ་བརྒྱན། དབང་ལྷ་ཐམས་ཅད་རྣམ་སྣང་གི་རྣམ་པས་སློབ་མའི་ལུས་ལ་ཐིམ། ལུས་ངག་ཡིད་གསུམ་རྣམ་སྣང་གི་རང་བཞིན་དུ་གྱུར་པ་ལ་མཆོད། མིང་དབང་ཐོབ། གཏི་མུག་སྦྱངས། གཟུགས་ཕུང་གནས་གྱུར། མེ་ལོང་ཡེ་ཤེས་མངོན་དུ་བྱས། རྣམ་སྣང་གི་བག་ཆགས་བཞག དེ་ལ་བརྟེན་པའི་དངོས་གྲུབ་དང་འཕྲིན་ལས་བསྒྲུབ་པ་ལ་དབང་ངོ་།། ཞེས་དག་པ་སྦྱིན། རྡོ་རྗེ་སློབ་མའི་དབང་བསྐུར་རོ། །དེ་ནས་སློབ་དཔོན་གྱི་དབང་གི་དོན་དུ་མཎྜྻལ་ཕུལ་ནས། ཀྱེ་ཧོ་སྙིང་རྗེའི་གཏེར་བདག་ལ། །ཁྱེད་ཀྱི་བཀའ་དྲིན་གང་གི་བདག །བདག་དང་གཞན་ནུས་འགྱུར་བ་ཡིས། །རྡོ་རྗེ་སློབ་དཔོན་དབང་བསྐུར་གསོལ།། ཞེས་གསོལ་བ་བཏབ། ལྷོ་སྒོར་རིན་པོ་ཆེས་སྤྲས་པའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨའི་ཤར་འདབ་ལ་འཁོར་ལོ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲི་བྲིས་པའི་དབུས་སུ་ཕྱག་རྒྱ་ལྔས་བརྒྱན། མཆན་ཁུང་དུ་ཁ་ཊྶཱཾ་ག་ཐོགས་པའི་སློབ་མ་བཞག སྟེང་དུ་བླ་རེ་དང་། གཡས་གཡོན་དུ་གདུགས་རྒྱལ་མཚན། མཆོད་རྫས་རྣམས་བཀོད་དེ། སློབ་མ་བསངས་སྦྱངས། ཧཱུཾ་དང་རྡོ་རྗེ་ལས་གཙོ་བོར་བསྐྱེད། ཡེ་ཤེས་པ་གཞུག དབང་བསྐུར་སོགས་སྔར་བཞིན་བྱས། བདེ་གཤེགས་ཅན་གྱིས་འགྲོ་སྐྱབས་ཕྱིར། སོགས་དང་། དབང་བསྐུར། སོགས་དང་། ཆུ་དབང་རིགས་བདག་གིས་དབུ་བརྒྱན། དབང་ལྷ་ཐམས་ཅད་ཡེ་ཤེས་པའི་ངོ་བོར་ཐིམ་པར་གྱུར་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྭེ་སྭཱ་ཧཱ། ཞེས་མེ་ཏོག་གཏོར་ལ་བྱིན་གྱིས་བརླབ་བོ། །དེ་ནས་དམ་ཚིག་གསུམ་སྦྱིན་པའི་དོན་དུ། རྡོ་རྗེ་བསངས་སྦྱངས། ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔར་བསྐྱེད་པ་སོགས་བྱས་ལ། ཞུ་བ་ལས་བྱུང་བའི་རྡོ་རྗེ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། ཞེས་པ་ནས། བདག་པོའི་བདག། ཞེས་པའི་བར་བརྗོད། བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྭ་ཧཱུཾ། ཞེས་སློབ་མས་ཀྱང་རྗེས་ཟློས་བྱེད་དོ། །དྲིལ་བུ་བསངས་སྦྱངས། ཨཱཿལས་རྡོ་རྗེ་སྙེམས་མར་བསྐྱེད། ཞུ་བའི་དྲིལ་བུ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད།། ཅེས་བརྗོད། ལག་པ་གཡོན་དུ་སྦྱིན། སློབ་མས་ཀྱང་། ཨོཾ་བཛྭ་གྷཎྜྻེ་ཨཿཨཿཅེས་བརྗོད། ཡིད་ཀྱི་ལུས་སུ་བརྟན་བྱེད་པ། དམ་ཚིག་ཕྱག་རྒྱར་གྲགས་པ་ཡིས། །སྐུར་ནི་ཉེ་བར་གནས་གྱིས་ལ། །ཕྱག་རྒྱ་རྟག་ཏུ་བརྟན་པར་གྱིས། །ཡེ་ཤེས་ཕྱག་རྒྱར་བྱིན་བརླབས་ནི། །འདོད་པ་ཐམས་ཅད་ལོངས་སྤྱོད་དེ། །དངོས་གྲུབ་ཐམས་ཅད་སྒྲུབ་པར་གྱིས།། ཞེས་བརྗོད་ལ་འཁྱུད་ཚུལ་བྱེད་དུ་གཞུག་གོ །དེ་ལ་ཉེར་སྤྱོད་ཀྱིས་མཆོད།། མི་བསྐྱོད་རྡོ་རྗེ་ཞེས་སོགས་ཀྱིས་བསྟོད་ལ། དེ་ཉིད་སྟོན་པ་ལ། དཀྱིལ་འཁོར་གྱི་དེ་ཉིད་ནི། ཐམས་ཅད་དངོས་པོ་གཅིག་ཉིད་དུ། །སྤྲུལ་སྐུའི་མཛད་པ་རྫོགས་གྱུར་པ། །དུར་ཁྲོད་ཡིན་ཏེ་ལུས་སུ་དག །ཡེ་ཤེས་སྣང་བ་ཀུན་ཁྱབ་ཅིང་། །བདུད་བཅོམ་འོད་དང་རྡོ་རྗེ་ཅན། །མི་མཉམ་མེད་པས་ཟུར་བཞི་པ། །འཕགས་པའི་བདེན་པ་དངོས་གཞི་ཉིད། །དྲན་དང་དབང་པོ་ངོས་བཞི་སྟེ། །བསམ་གཏན་རྣམས་ཀྱི་རྟ་བབས་ཉིད། །ཚོན་སྣ་ལྔ་པོ་སངས་རྒྱས་ཏེ། །དགེ་བའི་སྤྱོད་པ་ཤཱིརྵ་ཀ །གྲྭ་ཚོགས་བྱང་ཆུབ་ཡན་ལག་བདུན། །བ་དན་དྲིལ་བུ་གསུང་རབ་སྒྲ། །ཏིང་ངེ་འཛིན་གྱི་ཁ་ཁྱེར་ཏེ། །གཟུངས་ནི་འདོད་པའི་ལྷ་མོའོ། །པདྨ་འདམ་གྱིས་མ་གོས་ཏེ། རྣམ་ཐར་བརྒྱད་ཀྱི་ཀ་བ་ཉིད། །སྣ་ཚོགས་ཆོས་འཁོར་རྒྱལ་པོའི་གནས། །འཁོར་ལོ་གདུགས་ཀྱིས་རྣམ་པར་མཛེས། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར། །རྩེ་མོ་རྡོ་རྗེས་བརྒྱན་པ་ཉིད།། ཅེས་དང་ལྷའི་དེ་ཉིད། ལུས་དྲན་པ་ཉེ་བར་བཞག་པ་སོགས་དང་། སློབ་དཔོན་གྱིས་དེ་ཉིད་ཀྱང་བརྗོད་དོ། །དེ་ནས་སློབ་མའི་མིག་ཏུ་པྲཾ་ལས་མི་ཤེས་པའི་རབ་རིབ་འདུས་པར་བསམས་ལ། །པྲ་ལས་སྐྱེས་པའི་གསེར་གྱི་ཐུར་མ་མར་དང་སྦྲང་རྩི་འདུས་པའི་མིག་སྨན་ལ་སྨྱུགས་ཏེ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། ཞེས་ནས། པ་ཏྲ་ལཾ་སྲིཿཞེས་བརྗོད་པས། རབ་རིབ་བསལ། ཡེ་ཤེས་ཀྱི་སྤྱན་དབྱེ་བར་བསམ། དེ་ནས་ཨཱཿལས་སྐྱེས་པའི་མེ་ལོང་ཨཱཿཡིས་བསྡགས་ལ་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་ཉིད།། ཅེས་པ་ནས། འོན་ཀྱང་སངས་རྒྱས་སྲས་སུ་སྐྱེད།། ཞེས་བརྗོད་ལ་ཆོས་ཀྱི་མཚན་ཉིད་བསྟན་ནོ། །ཨཱཿལས་སྐྱེས་པའི་དྲིལ་བུ་ཨཱཿབཟླས་པས་དཀྲོལ་དུ་གཞུག ཐམས་ཅད་ནམ་མཁའི་མཚན་ཉིད་ཏེ།། ཞེས་སོགས་བརྗོད་ལ། སྒྲ་ཐམས་ཅད་ནམ་མཁའ་ལྟར་ཤེས་པར་གྱིས་ཤིག ཧོཿལས་སྐྱེས་པའི་མདའ་གཞུ་ལ་ཧོཿབརྗོད་དེ། ཆོས་ཉིད་གཞུ་ཡི་ཡེ་ཤེས་མདའ། །ཕྱོགས་མཚམས་སྟེང་འོག་ཀུན་ཏུ་འཕོངས། །བདུད་སོགས་བཅོམ་པས་དེ་བཞིན་གཤེགས། །ཐམས་ཅད་རྗེས་སུ་མཉེས་པར་གྱིས།། ཞེས་པས་ཕྱོགས་བཞི་སྟེང་འོག་ཏུ་མདའ་འཕེན་པའི་ཚུལ་བྱེད་གཞུག་གོ། དེ་ནས་ཨོཾ་བཛྭ་ཧེ་ཏུ་མཱཾ་གྱིས་འཁོར་ལོ་རྐང་པའི་བར་དུ་བཞག ཨོཾ་བཛྭ་བྷཱ་ཥ་རཾ་གྱིས་དུང་ལག་པ་གཡས་སུ་སྦྱིན། དྲིལ་བུ་དང་པོ་ཏི་གཡོན་དུ་གཏད་ནས་ཀློག་ཏུ་གཞུག དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཞེས་ནས། ཁྱོད་ལ་རྟག་ཏུ་སྲུང་བར་བྱེད།། ཅེས་དང་། དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སྔགས་དང་རྒྱུད་ནི་འཛིན་གྱུར་པས། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད། དེ་ནས་རིགས་ལྔའི་ཕྱག་མཚན་བསངས་སྦྱངས་རིགས་ལྔར་བསྐྱེད། ཞུ་བ་ལས་བྱུང་བའི་ཕྱག་མཚན་སློབ་མ་རྣམ་སྣང་དུ་བསྐྱེད་པའི་ལག་ཏུ་འཁོར་ལོ་གཏད། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། སློབ་མ་མི་བསྐྱོད་པར་བསྐྱེད་པ་ལ་རྡོ་རྗེ་གཏད། ཆོས་ཀྱི་འཁོར་ལོའི་གནས་སུ། རྡོ་རྗེའི་འཁོར་ལོ་དང་། རིན་ཆེན། པདྨ་ལས་ཀྱི་འཁོར་ལོ་སོགས་བརྗོད་ལ་དཀྱིལ་འཁོར་བྲི་བའི་རྗེས་གནང་སྦྱིན་ནོ། །ཞི་རྒྱས་དབང་དང་དགུག་པ་དང་། །སྔང་བར་བྱེད་དང་རེངས་སོགས་དང་། །བསད་དང་བསྐྲད་པ་ཐམས་ཅད་དང་། །ལས་དེ་རྣམས་ནི་སྒྲུབ་པར་གྱིས།། ཞེས་འཕྲིན་ལས་བསྒྲུབ་པའི་རྗེས་གནང་དང་། རལ་གྲི་མིག་སྨན་ས་འོག་དང་། །རྐང་མགྱོགས་བཅུད་ལེན་མཁའ་ལ་འགྲོ། །མི་སྣང་ལ་སོགས་གྲུབ་པའི་ཚོགས། །ཅི་དགའ་བར་ནི་སྒྲུབ་པར་གྱིས།། ཞེས་དངོས་གྲུབ་སྒྲུབ་པའི་རྗེས་གནང་སྦྱིན། །དེ་ནས་བླ་མའི་ཞབས་ལ་ཕྱག་བྱས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་འཚལ།། ཞེས་ཁས་བླང་ངོ་། །སློབ་མ་དང་རྡོ་རྗེ་བསངས་སྦྱངས། ཧཱུཾ་ལས་རྡོ་རྗེ་སེམས་དཔར་བསྐྱེད་དེ་ཞུ་བ་ལས་བྱུང་བའི་རྡོ་རྗེ། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །ཕྱག་ན་རྡོ་རྗེའི་བརཏལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཏིཥྛཿཧྶཾ་དྷཱ་ར་ཡཱ་མི་ཧཱིཿཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ། ཞེས་བརྗོད་ལ་རྡོ་རྗེ་གཏད། སློབ་མས་ཀྱང་སྔགས་དེ་བརྗོད་པ་ནི་རྡོ་རྗེའི་བརཏལ་ཞུགས་སོ། །ཁ་ཊྶཱཾ་ག་བསངས་སྦྱངས་གཙོ་བོ་ཡབ་ཡུམ་དུ་བསྐྱེད། ཞུ་བའི་ཁ་ཊྶཱཾ་ག་གཡོན་གྱི་གྲུ་ཁུགས་སུ་སྦྱིན། ལག་པ་གཡས་སུ་ཌཱ་མ་རུ། གཡོན་དུ་ཐོད་པ་བདུད་རྩིས་གང་བ། །ཕྲག་པར་ཚངས་སྐུད་བྱིན་ལ། ཁ་ཊྶཱཾ་ག་དང་ཌཱ་མ་རུ། ཞེས་པ་ནས། དཔའ་བོ་ཆེན་པོ་བླང་བར་གྱིས། ཞེས་དང་། གཙོ་བོའི་སྙིང་པོ་ཚར་གཅིག་བརྗོད་ནས་བདུད་རྩི་འཐུང་དུ་གཞུག དེ་ནས་སློབ་མ་རྣམས་ལྷ་མོ་བརྒྱད་ཀྱི་ང་རྒྱལ་འཛིན་བཞིན་པས་ཕྱག་རྒྱ་རེ་རེ་ནས་འཆིང་དུ་བཅུག་སྟེ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས།། ཞེས་པ་ནས་གཟུང་། བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས།། ཞེས་པའི་བར་བརྗོད། དེ་རྣམས་ལྷ་མཆོད་པའི་རྗེས་གནང་ངོ་། །དེ་ནས་སློབ་དཔོན་ལག་པ་གཡོན་པས་ཆོས་གོས་ཀྱི་གྲྭ་འཛིན་པས་དྲིལ་བུ་འཆང་། གཡས་སྐྱབས་སྦྱིན་ནམ་མཆོག་སྦྱིན་གྱིས་རྡོ་རྗེ་བསྡམས་ནས། ཨོཾ་འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷྱ་ས་མ་ཡཧྶཾ་བྷུརྦྷ་བཿསྭཿཞེས་ཆེ་གེའི་གནས་སུ་གསང་མཚན་བཅུག་པས་ལུང་བསྟན་ལ། གང་ལ་ཚིག་འདིས་ལུང་བསྟན་པ། །དེ་ལ་སངས་རྒྱས་བྱང་ཆུབ་སེམས། །འཁོར་དང་བཅས་པ་མགྲིན་གཅིག་ཏུ། །བྱང་ཆུབ་ཆེན་པོར་ལུང་བསྟན་ཏེ། །ཕྱག་རྒྱ་སྔགས་འདིའི་མཐུ་ཡིན་ཞེས། །སློབ་མ་དད་པ་རབ་ཏུ་བསྐྱེད།། ཅེས་བསྒོ་བར་བྱའོ། །དེ་ནས། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱི་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧཱུཾ་ཕཊ྄། ཅེས་གསང་བར་གདམས། གཙོ་བོའི་སྔགས་ཚར་གཅིག་བརྗོད་ནས། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱི། །འད་ིལ་ཉེ་བར་མཛད་དུ་གསོལ།། ཞེས་བརྗོད། སློབ་མས། བཅོམ་ལྡན་གཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་པར་མཛོད།། ཅེས་མེ་ཏོག་འཕྲེང་བ་རང་གི་མགོ་བོར་བཟུང་ལ། སྔགས་ཚར་གཅིག་བཟླས་པ་ནི་སྔགས་ཀྱི་རྗེས་གནང་ངོ་། །དེ་ནས་སློབ་མས་གདུགས་བཟུང་སྟེ་དཀྱིལ་འཁོར་ལ་བསྐོར་བ་བྱེད་དུ་བཅུག་ནས། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་ཕུལ་བ་ལགས།། ཞེས་བརྗོད་ཅིང་། མཆོག་གསང་དཀྱིལ་འཁོར་དམ་པ་འདིར། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོང་མེད་དེ། །མི་ཐུབ་ཚུགས་པ་ཡོད་མིན་པས། །ཅིས་ཀྱང་མ་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །གང་ཞིག་སྐྱེས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དགོས་མེད་པའི། །བྱང་ཆུབ་སེམས་ནི་སྤང་མི་བྱ། །དམ་པ་སྨད་པར་མི་བྱ་སྟེ། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ལ། །གསང་བ་དེ་ཉིད་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །སངས་རྒྱས་ཀུན་དང་མཚུངས་གྱུར་པའི། །སློབ་དཔོན་སྨད་པར་མི་བྱ་སྟེ། །རང་བདག་ཡོངས་སུ་སྤངས་པ་ཡིས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བར་བདེ་གཟུང་ནས། འདི་ནི་མ་བྱོན་རྫོགས་སངས་རྒྱས།། ཞེས་གཟེངས་བསྟོད་དང་། །དབུགས་དབྱུང་བྱས་ལ། སློབ་མས་ཕྱག་བགྱིད་བཞིན་པས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་དུ་ནི་བདག་གིས་བགྱིད། ཅེས་ཁས་བླང་ངོ་། །དེ་ཡང་དཀྱིལ་འཁོར་བཞི་ལས་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པ་ཆུའི་དབང་ཐོབ། སྤང་བྱ་ལུས་ཀྱི་དྲི་མ་དག ཕུང་ཁམས་སྐྱེ་མཆེད་ལྷའི་རྣམ་པར་གྱུར། །སྤྲུལ་སྐུའི་ནུས་པ་བཞག བསྐྱེད་རིམ་བསྒོམ་པ་དང་། དངོས་གྲུབ་བསྒྲུབ་ཅིང་དམ་ཚིག་བསྲུང་བ་ལ་དབང་། སྐུ་རྡོ་རྗེ་མངོན་དུ་འགྱུར་པའི་སྐལ་ལྡན་དུ་བྱས་སོ།། དེ་ནས། གསང་དབང་གི་དོན་དུ། རིག་མ་མཚན་ལྡན་དང་མཎྜྻལ་ཕུལ་ནས། སྐྱོབ་པ་སྐྱབས་མེད་རྣམས་ཀྱི་སྐྱབས། །འཁོར་ལོ་སྡོམ་པས་སྐྱབས་མཛོད་ཅིག །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་བདག་གི་མགོན་མཛོད་ཅིག། ཅེས་གསོལ་བ་ལན་གསུམ་བཏབ། སློབ་མ་དང་རིག་མའི་གདོང་རས་ཀྱིས་བཅིངས། ཡོལ་བའི་ནང་དུ་སྐད་ཅིག་གིས་རང་རེ་ཧེ་རུ་ཀ་དང་རིག་མ་ཕག་མོར་བསྐྱེད། །སྐུ་གསུང་ཐུགས་བྱིན་རླབས་དང་གོ་ཆ་བསྐོན། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས་སྙོམས་འཇུག་བྱ་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་འདོན་ཞིང་། ཐུགས་ཁའི་ས་བོན་ལས་འོད་འཕྲོས། །རིགས་ལྔ་ཡབ་ཡུམ་སྤྱན་དྲངས། སྤྱི་བོ་ནས་ཞུགས། ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་ཞུ། སྐུའི་དབྱིབས་བརྒྱུད། རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་བདེ་བ་བརྟན་པར་བྱས་ཏེ། མཐེ་བོང་དང་སྲིན་མཛུབ་ཀྱིས་བཙིར་ནས་པདྨ་ནས་ཕྱུང་བ། སློབ་མ་འོད་དཔག་མེད་དུ་བསྐྱེད་པའི་ལྕེ་ཐོག་ཏུ། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་དབང་བསྐུར། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །མཛེས་པས་བུ་ཁྱོད་དབང་བསྐུར་རོ། །ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུཾ་ཕཊ྄་ཅེས་བརྗོད་ལ་སྦྱིན། དེས་ཀྱང་། སངས་རྒྱས་ཐམས་ཅད་འདུས་པའི་བློས། །ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད་ལ་བཏུང་ངོ་། །རིག་མས་ཀྱང་གཅེར་བུ་པདྨ་ན་གནས་པའི་བྱང་སེམས། འདི་དེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པའི་རོ་རྟོགས་བྱེད། །བདེ་བ་དེ་གང་མྱང་བར་བྱ།། ཞེས་བརྗོད་ལ་སྦྱིན། །དེས་ཀྱང་འཐུངས་པས། མགྲིན་པར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འདུས་པའི་རྩ་འདབ་བཅུ་དྲུག་བྱང་ཆུབ་སེམས་ཀྱིས་གང་། དེ་ནས་བརྒྱུད་ནས་ལུས་ཐམས་ཅད་གང་ནས། །གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་སྐྱེས་པར་བསམས་ལ། ཨོཾ་ཨཱཿཧཱུཾ་ཞེས་པས་མིག་དར་དབྱེ། །དེ་ལྟར་དབང་བཞི་ལས་བྷ་གའི་དཀྱིལ་འཁོར་མཐོང་། གསང་བའི་དབང་ཐོབ། ངག་གི་དྲི་མ་དག ལམ་བདག་བྱིན་གྱིས་བརླབ་པ་དང་། དམ་ཚིག་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་ལ་དབང་། ལོངས་སྤྱོད་རྫོགས་སྐུའི་ས་བོན་བཞག །གསུང་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་ལྡན་དུ་བྱས་སོ། །དེ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜྻལ་ཕུལ་ནས། བྱང་ཆུབ་རྡོ་རྗེས་ལན་གསུམ་གསོལ་བ་བཏབ། སློབ་མ་དང་རིག་མ་མིག་དར་བཅིངས། སློབ་མ་མི་བསྐྱོད་པར་བསྐྱེད། གོ་བགོ ཡེ་ཤེས་པ་གཞུག སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། རིག་མ་གཟུགས་དང་ལང་ཚོར་ལྡན་པ་དེའི་ལག་ཏུ་གཏད་ལ། སངས་རྒྱས་ཐམས་ཅད་དཔང་པོར་བྱས་ཏེ། རིག་མའི་སྤྱི་བོར་རྡོ་རྗེ་བཞག་ནས། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ཡང་། །བུ་ཡིས་བླ་མེད་མཆོད་པར་གྱིས།། ཞེས་བརྗོད་དེ་ཕྱག་རྒྱ་གཏད་པའི་དབང་ངོ་། །དེ་ནས་རིག་མ་དེས་སྐྲ་བཤིག་གོས་དང་བྲལ་བར་བྱས་ནས། སློབ་མ་ལ། བཤང་གཅི་ལ་སོགས་བཟའ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཤ། །རྟག་པར་བུད་མེད་མཆོག་གུས་པས། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་སྤྲོ་བར་བྱེད་དམ་ཅི། །བུ་ཡིས་ཇི་ལྟར་བདེ་བར་སྨྲོས།། དེའི་ལན་དུ། བཤང་གཅི་ལ་སོགས་བཟའ་བ་དང་། །བུད་མེད་ལ་ཡང་རྟག་གུས་བགྱིད། བྷ་ག་ཉིད་ལ་འོ་བྱེད་པར། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ།། ཞེས་བརྗོད་པས་ལྷ་མོ་དེ་མཉེས་ནས། གཅེར་བུ་པདྨ་རྒྱས་པ་ཁ་ཕྱེ་ནས་སློབ་མ་ལ་བསྟན་ཏེ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །ཅི་སྟེ་ཆོ་ག་བཞིན་བརྟེན་ན། །དེ་ཡི་མདུན་ན་ང་གནས་ཏེ །སངས་རྒྱས་བསྙེན་པ་ལ་སོགས་པ། །བྱ་བ་ཐམས་ཅད་པདྨས་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་ཡང་དག་གནས། །བྷཉྫྱ་མོཀྵ་ཧོཿཞེས་གསུང་བར་བསམས་ནས། སློབ་མ་དང་རིག་མ་གཙོ་བོ་ཡབ་ཡུམ་དུ་བསྐྱེད། །ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ། །གོ་བགོ རྡོ་རྗེ་དང་པདྨ་འདུས་ཡུམ་གྱི་གཡོན་གྱི་ཆར་སོང་བའི་རྩའི་རྩེ་མོ་སྲཱིཿདམར་པོ་དང་ལྡན་ལ། མཛུབ་མོ་དང་ལྕེ་སིཏ་ཅེས་བྱ་བས་བསྐུལ་ནས། ཨོཾ་ཤི་ཤི་ཤི་ཧ་ཧ་ཧ་སྭཱ་ཧཱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་བརྗོད་ཅིང་། རང་དང་བླ་མའི་ཐུགས་ཀ་ནས་འོད་ཟེར། གཤེགས་པ་གཤེགས་མ་སྤྱན་དྲངས་ལ་བཅུག སྙོམས་འཇུག་གི་དགའ་བཞི་ཉམས་སུ་མྱོང་སྟེ། གང་ལ་ཐོག་མ་དབུས་མཐའ་མེད། །བདག་མེད་གཞན་ཡང་མེད་བ་སྟེ། །སྲིད་མེད་མྱང་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད།། ཅེས་འོད་གསལ་གྱི་བདེ་བ་མྱོང་ནས། ཡང་ཧཱུྃ་ཞེས་ཐབས་ཀྱིས་གྱེན་དུ་དྲངས་པས། གསང་བར་དགའ་བ། སྙིང་གར་མཆོག་དགའ། དཔྲལ་བར་ཁྱད་དགའ ། གཙུག་ཏོར་དུ་ལྷན་ཅིག་སྐྱེས་དགའ་བརྟན་པར་བསམས།། མི་ནུས་པ་ལ་ལྕེས་བླང་ལ་བཏུང་ངོ་། །དེ་ནས་ཤེས་རབ་མ་མཉེས་ཏེ། དེའི་མགོ་བོར་ལག་པ་བཞག་ནས། དེང་ནས་གཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་སེམས་ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད་ཀུན་གྱིས་བྱོས། །ཞེས་རྗེས་སུ་གནང་བ་སྦྱིན་ནས་མིག་དར་ཕྱེ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། །དབང་གསུམ་པ་ཐོབ། ཡིད་ཀྱི་དྲི་མ་དག ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་བཞག ཐུགས་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་ལྡན་དུ་བྱས་སོ།། དེ་ནས་དབང་བཞི་པ་ཞུ་བའི་དོན་དུ་མཎྜྻལ་ཕུལ་ནས། ཁྱེད་ཀྱི་ཞབས་ཀྱི་བཀའ་དྲིན་ཀྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། བདག་ལ་བཀའ་དྲིན་རབ་ཏུ་གསོལ།། ཞེས་གསོལ་བ་ལན་གསུམ་གདབ་ལ། དུ་བ་ལས་ནི་མེར་ཤེས་ཤིང་། །ཆུ་སྐྱར་ལས་ནི་ཆུར་ཤེས་པ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པས། དགའ་བ་སྣང་བ་ཡེ་ཤེས་ཏེ་བུམ་དབང་། མཆོག་དགའ་སྣང་བ་མཆེད་པ་སྟེ་གསང་དབང་། །ཁྱད་དགའ་སྣང་བ་ཉེར་ཐོབ་སྟེ་ཤེས་རབ་ཡེ་ཤེས། ལྷན་ཅིག་སྐྱེས་དགའ་ནི་ཐམས་ཅད་སྟོང་པ་འོད་གསལ་བ་སྟེ་དབང་བཞི་པ། དེ་ཡང་དྲི་མ་དང་བཅས་པ་མ་ཡིན་ཞིང་། དེ་དཔེར་བྱས་ནས། དོན་གྱི་དབང་བཞི་པ་ནི། སཾ་པུ་ཊ་ལས། གང་ནའང་བསྒོམ་པ་པོ་མེད་དེ། །བསྒོམ་བྱ་ཅུང་ཟད་ཡོད་མ་ཡིན། །བསྒོམ་པ་ཉིད་ཀྱང་ཡོད་མིན་ཏེ། །དེ་ནི་དེ་ཉིད་བསྒོམ་པར་འདོད། །ཅེས་གསུངས་པས། ལུས་མཉམ་པར་བཞག་པའི་སྤྱོད་ལམ་དང་ལྡན། ངག་རླུང་རྒྱུ་བ་སོར་བཞག དབང་པོའི་སྒོ་ནས་གཟུགས་ལ་སོགས་པ་ཡུལ་རྣམས་ཀྱིས་དྲངས་པར་གྱུར་ཏེ། ངོ་བོ་ཉིད་ཀྱིས་ཕྱི་རོལ་གྱི་ཡུལ་གཡོ་བའི་སེམས་ནི། ཡུལ་ལ་གཡོ་བ་བཟློག་པའི་ཕྱིར། ཕྱི་ཡུལ་གྱི་སྣང་བ་རྣམ་རང་ཡབ་ཡུམ་ལ་བསྡུ། ཡུམ་ཡབ་ལ། ཡབ་སྙིང་གའི་ཧཱུཾ་ལ། ཧཱུཾ་གི་ཞབས་ཀྱུ་ཧ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་ཡང་ཇེ་ཕྲ་ཇེ་ཕྲ་ལ་མི་དམིགས་པར་གྱུར་ཏེ། དམིགས་པ་དང་བྲལ་བའི་སེམས། ཅི་ལ་ཡང་མི་སེམས། གང་དུ་ཡང་མི་རྟོག་པ། བསྒོམ་བྱ་སྒོམ་བྱེད་བསྒོམ་པ་དང་བྲལ་བའི་ངང་ལ་ཡུན་རིང་དུ་བཞག་གོ །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་གི་སྒོ་ནས་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་དག ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་བདེ་བ་ཆེན་པོ་སྐུའི་ས་བོན་བཞག ཡེ་ཤེས་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་ལྡན་དུ་བྱས་སོ།། དེ་ནས་བླ་མ་ལ་ཕྱག་བྱས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས།། ཞེས་བརྗོད། ལྷག་ཆད་བསྐང་བའི་ཞི་བའི་སྦྱིན་སྲེག་འགྲུབ་ན་ཡང་བྱའོ། །དཀྱིལ་འཁོར་ལ་མཆོད་ཅིང་ཚོགས་ལ་ལོངས་སྤྱོད་མཆོད་ཡོན་ཕུལ། དགེ་རྩ་བསྔོ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས། །ཡི་གེ་བརྒྱ་བ་བརྗོད། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། ཅེས་སོགས་བརྗོད་ལ། ཡེ་ཤེས་པ་གཤེགས་དཀྱིལ་འཁོར་བསྡུ། །རྡུལ་ཚོན་དོན་དུ་གཉེར་བ་ཡོད་ན་སྦྱིན། མེད་ན་རྒྱ་མཚོ་ལ་སོགས་པ་ཆུ་བོའི་དབུས་སུ་དོར་རོ། །དབང་གི་གནས་སྐབས་སུ་བདག་འཇུག་གི་ཚེ། བླ་མའི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་དང་། སློབ་མའི་བྱ་བ་རྣམས་རང་གིས་བྱེད་པར་བསྒོམ་མོ། །དེ་ལྟར་འཁོར་ལོ་སྡོམ་པ་ལྷ་ལྔའི་དབང་བསྐུར་བའི་ཆོ་ག་འདི་ཡང་། སྒྲུབ་སྡེ་བླ་མ་ཐོས་བསམ་གྱི་ནོར་གྱིས་ཕྱུག་པ་རྒྱལ་དབང་ལྷུན་གྲུབ་ཀྱིས་ནན་ཏན་གྱིས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས། གཙང་མྱང་སྨད་ཀྱི་སའི་ཆ། གཡའ་ལུང་གི་རི་བོའི་མགུལ་དུ་སྦྱར་བའོ།། །། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོྎ རྣམ་པར་སྣང་མཛད་རབ་ཏུ་དགའ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱསྎ རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་མཁའ་འགྲོ་དྲི་མ་མེད། །དངོས་ཉིད་དག་པ་གོས་པ་མེད། །རིན་ཆེནྎ རྡོ་རྗེ་དཔག་མེད་རྒྱལ་པོ་བྱེད། །མི་རྟོག་ནམ་མཁའི་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨྎ རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་རབ་རྫོགས་བྱེད། །སངས་རྒྱས་ངོ་བོ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད།། ཅེས་པ་ཁ་འཕངས་ཀྱི་སྐབས་སུ་དགོས་པའོ། །མངྒ་ལཾ།། །།


previousདྲིལ་བུ་ལྷ་ལྔའི་དབང་ཆོག་དབང་བསྐུར་སྙིང་པོ་གསལ་བྱེད།next