Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས།
   
   
   
   
   
   
   
   
   


 
previousདཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས།next

དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས།

དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བཞུགས་སོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ་ལན་གསུམ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སེམས་བསྐྱེད་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་འཁོར་ལོ་སྡོམ་པའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྣལ་འབྱོར་གྱི་རིམ་པ་ལ་འཇུག་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཀྱིས། ཨོཾ་སྭ་བྷཱཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཞེས་བྱ་བའི་དོན་ལ་མངོན་དུ་ཕྱོགས་པས། ཐ་མལ་གྱི་ལུས་སྟོང་པ་ཉིད་ལས། སྐད་ཅིག་གིས་རི་རབ་ཀྱི་སྟེང་དུ། ཟར་མའི་མེ་ཏོག་ཁ་བྱེ་མ་ཐག་པ་ལྟར་སྔོ་བའི་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མནན་པ་སྟག་གི་ལྤགས་པའི་ཤམ་ཐབས་ཅན་ཞལ་གཅིག་སྤྱན་གསུམ་ཅུང་ཟད་ཁྲོ་ཞིང་འཛུམ་པ། གར་གྱི་ཉམས་དགུ་དང་ལྡན་པ། རལ་པ་ནག་པོའི་ཐོར་ཚུགས་བརྫིས་པའི་སྟེང་དུ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་འཆང་བ། དེའི་འོག་ཕྱོགས་ཀྱི་གཡོན་དུ་ཟླ་ཚེས་ཀྱི་རི་མོ་དང་། སྣ་ཚོགས་རྡོ་རྗེའི་གདན་ལ་ཐུབ་པ་མི་བསྐྱོད་པས་མཛེས་པ། དཔྲལ་བའི་ངོས་ལ་ཐོད་པ་ལྔས་བརྒྱན་པ། ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་རློན་པ་ཤིན་ཏུ་འཛུམ་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་དག་གིས་རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྣོད་འཛིན་པའི་ཕྱག་གཉིས་མ། ཐོད་པ་སྐམ་པོ་ལྔའི་ཅོད་པན་དང་ལྔ་ཅུའི་དོ་ཤལ་དང་། ཕྱག་རྒྱ་ལྔ་དང་ལྡན་པ། དབུ་སྐྲ་མཐོན་མཐིང་གྲོལ་ཞིང་འཁྱིལ་བ། ཞལ་གཅིག་སྤྱན་གསུམ་མ། ཕྱོགས་ཀྱི་གོས་ཅན། ཉི་མ་འཆར་ཀའི་འོད་ལྟར་དམར་བའི་རྡོ་རྗེ་ཕག་མོ་ལ་འཁྱུད་པ། དགའ་བའི་མ་མཆུའི་སྦྲང་རྩིའི་རོ་འཐུང་བ། ཐུགས་ཀའི་ཆུ་སྐྱེས་ལ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་དང་ལྡན་པ། འབར་བའི་འཕྲེང་བ་འཁྲིགས་པ། དྭངས་ཤིང་གསལ་ལ་རྙོག་པ་མེད་པ། བལྟ་བས་ཆོག་མི་ཤེས་པའི་སྐུ་མེ་ལོང་དྲི་མ་མེད་པ་ལ་ཤར་བའི་གཟུགས་བརྙན་ལྟ་བུ་ཡུན་རིང་དུ་བསྒོམ། དེ་ལ་སྐྱོ་བར་གྱུར་ན་ས་བོན་ལ་བསྐོར་བའི་སྔགས། ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄། ཅེས་བྱ་བ་མང་དུ་བཟླའོ། །དེའི་ཚེ་ཡིད་ཀྱིས་ས་བོན་སྔགས་འཕྲེང་གི་འོད་ཟེར་ལས་བདེ་མཆོག་དཔག་ཏུ་མེད་པ་སྤྲོས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་སེམས་ཅན་གྱི་དོན་བྱས། སླར་ཡང་རང་ལ་བསྡུས་ཤིང་བསྒོམ་མོ། །གཞན་དུ་བཤད་པ་བཞིན་གྱི་དོ་ལིའི་བཟླས་པ་ཡང་འགལ་བ་མེད་པར་བསམ་མོ། །དེ་ནས་སྣོད་ཀྱི་འཇིག་རྟེན་བཅུད་ཀྱི་སེམས་ཅན་ལ། དེ་བཅོམ་ལྡན་འདས་མ་ལ། དེ་རི་རབ་དང་བཅས་པའི་བདག་ཉིད་ལ། དེ་ཡས་ཞུ་མས་ཞུ་སྙིང་གའི་ཧཱུྃ་ལ། ཞབས་ཀྱུ་ཧ། ཧ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་མི་དམིགས་པ་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག དེ་ལས་ལངས་ནས། གཏོར་མའི་རྣལ་འབྱོར་ནི། གཏོར་མ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཨཱཿཧཱུྃ་ལས་ཐོད་པའི་སྒྱེད་བུ་གསུམ་གྱི་ཁར། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར། ཧཱུྃ་ཨོཾ་ཁཾ་ཨཾ་ཏྲཱཾ་དང་། བཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རང་རང་གི་ས་བོན་གྱིས་མཚན་པ། རླུང་གིས་བསྐྱོད། མེ་སྦར། བསྐོལ་བས་ས་བོན་དང་བཅས་པའི་རྫས་རྣམས་བཞུ། དེའི་ཁར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་གྱུར་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་པ་དེ་དག་ཀྱང་འོད་དུ་ཞུ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར། རང་གི་སྙིང་གའི་འོད་ཀྱིས་བདེ་མཆོག་ལྷན་ཅིག་སྐྱེས་པ་ལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་སྤྱན་དྲངས། མགྲོན་རྣམས་ཀྱི་ལྗགས་རྡོ་རྗེ་དཀར་པོ་རྩེ་གཅིག་པའི་རྣམ་པའི་འོད་ཟེར་གྱི་སྦུ་གུས་གསོལ་བར་གྱུར། ཨོཾ་ཨཱ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿ བཛྭ་ཌཱཀི་ནཱི་ས་མ་ཡཧྶཾ་དྲྀ་ཥྱ་ཧོཿ ཞེས་པས་འཇིག་རྟེན་ལས་འདས་པ་རྣམས་ལ་འབུལ་ལ། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་བཅོམ། །ཁྱོད་ཀྱི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་དཔྱིད་ཀྱིས་བརླན་པར་གྱུར་བའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙོནྨཱ་ད་ཨ་པསྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་དཱ་ཡ། ཨི་དཾ་བ་ལིཾ་གྲྀནྟུ། ས་མ་ཡ་རཀྵནྟུ། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫྱ་ཐ། ཁཱ་ད་ཐ། པི་ཝ་ཐ། ཛི་གྷཱ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ་སཏྶུ་ཁཾ་བི་ཤུདྡྷ་ཡེ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ྄་སྭཱཧཱ། དུར་ཁྲོད་པ་རྣམས་ལའོ། །དེ་ནས་ཡིག་བརྒྱའི་སྔགས་ཀྱིས་ལྷག་ཆད་བསྐང་། མགྲོན་རྣམས་བཛྭ་མུཿགཤེགས་པར་བྱའོ། །དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད། ཅེས་པ་འདི་ཡང་མིའི་དབང་པོ་གཡུལ་ལས་རྣམ་པར་རྒྱལ་བའི་མཚན་འཛིན་པས་བསྐུལ་བའི་ངོར། པདྨ་དཀར་པོས་སྦྱར་བའོ། །མངྒ་ལཾ།།


previousདཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས།next