Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
སྲིད་གསུམ་དབང་དུ་བྱེད་པའི་ཞགས་པ་བདེ་མཆོག་དམར་པོ་འདོད་པའི་རྒྱལ་པོའི་མན་ངག
   
   
   
   
   
   
   
   


 
previousསྲིད་གསུམ་དབང་དུ་བྱེད་པའི་ཞགས་པ་བདེ་མཆོག་དམར་པོ་འདོད་པའི་རྒྱལ་པོའི་མན་ངགnext

སྲིད་གསུམ་དབང་དུ་བྱེད་པའི་ཞགས་པ་བདེ་མཆོག་དམར་པོ་འདོད་པའི་རྒྱལ་པོའི་མན་ངག

སྲིད་གསུམ་དབང་དུ་བྱེད་པའི་ཞགས་པ་བདེ་མཆོག་དམར་པོ་འདོད་པའི་རྒྱལ་པོའི་མན་ངག་བཞུགས་སོ། །རྒྱལ་བའི་མཐུ་སྟོབས་བདག་མཉམ་ནུས་པ་ཅན། །པདྨ་བཛྭ་བྱིན་རླབས་ཉི་འོད་བརྒྱ། །འཐུངས་པས་ཆུ་སྐྱེས་དཀར་པོ་མན་ངག་གི །སྦྲང་རྩིས་འཕྱུར་འདི་བསྐལ་བཟང་བུང་བའི་དཔྱིད། །རྡོ་རྗེ་འཆང་གི་འཕྲིན་ལས་ཇི་སྙེད་པ། །སྒྲུབ་པའི་ཐབས་སྟོན་མན་ངག་རྒྱུད་ཆེན་པོའི། །གཙུག་ལག་དེ་དང་ཕན་ཚུན་ཡིད་འཐམས་པ། །སྙིང་སྡུག་གཞོན་ནུ་ཕྲད་པའི་རྣམ་པར་སྟོན། །འདོད་ཕྲན་རེ་ཙམ་གྲུབ་པའི་ཁྲོན་པ་ལ། །མགུ་བ་དེ་དག་འདི་འདྲའི་ཟབ་རྒྱས་ཀྱི། །རྒྱ་མཚོའི་གཏམ་ཙམ་གྱིས་ཀྱང་སྲོག་འདོར་བས། །བློ་ཆེན་འགའ་ཡི་སྤྱོད་པའི་ཡུལ་དུ་འོས། །དཔལ་རྡོ་རྗེ་གཙུག་ལག་གི་རྒྱུད་ཆེན་པོ་ལས་གསུངས་པའི་བདེ་མཆོག་འདོད་པའི་རྒྱལ་པོ་བསྒྲུབ་པར་འདོད་ན། དར་རམ་གྲོ་ག་དམར་པོ་ལ་ལི་ཁྲིས་དུས་བཟང་པོ་ལ་དཔེ་རིས་བཞིན་བྲིས་པའི་འཁོར་ལོ་གསུམ་དང་། རང་གི་དྲི་མ་གླན་པའི་རང་གཟུགས་བྱང་སེམས་དཀར་དམར་རམ་ཕོ་མོ་ལོ་བརྒྱད་པའི་ཆུ། མེ་ཏོག་ལུག་རུ་དམར་པོ། ཙན་དན་གུར་ཀུམ་སོགས་དྲི་བཟང་བྱུགས། འབྲུ། རིན་པོ་ཆེ། སྨན་སོགས་དང་ལྷན་ཅིག་བཞག་པའི་མཐར་མཆོད་རྫས་གཏོར་མ་དང་བཅས་པ་དང་། མདུན་དུ་རྡོ་རྗེ་དྲིལ་བུ་ཅང་ཏེའུ། ཀ་པཱ་ལ་བདུད་རྩིས་གང་བ་བཞག་ནས་བདེ་བའི་སྟན་ལ་འདུག་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་ལ་བདག་སྐྱབས་མཆི། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །སེམས་ཅན་ཐམས་ཅད་ལ་བྱམས་ཤིང་ཆགས་པའི་སེམས་ཀྱིས། ཨོཾ་པྲཱ་ཀྲྀཏ་པ་རི་ཤུདྡྷཿསརྦ་དྷརྨཱཿཔྲ་ཀྲྀཏ་པ་རི་ཤུདྡྷཱོཧཾ། སྣང་སྲིད་ཐམས་ཅད་དབང་གི་དཀྱིལ་འཁོར་ཟླ་གམ་གྱི་ནང་དུ་ཕུང་པོ་ལྔ་རིགས་ལྔ། ཁམས་ལྔ་ཡུམ་ལྔ། སྐྱེ་མཆེད་བཅུ་གཉིས་སེམས་དཔའ་སེམས་མར་དག་པའི་བཅོམ་ལྡན་འདས་བདེ་མཆོག་འདོད་པའི་རྒྱལ་པོ་ཡབ་ཡུམ་སྒྱུ་མ་ཙམ་དུ་རྣམ་པར་དག་པར་གྱུར། བྷྲཱུྃ་དེའི་སྙིང་གི་ནང་དུ་རིན་པོ་ཆེ་པདྨ་རཱ་གའི་འཁོར་ལོ་རྩིབས་བཅོ་བརྒྱད་མུ་ཁྱུད་དང་བཅས་པའི་ནང་དུ་རྡོ་རྗེ་རིན་པོ་ཆེ་དམར་པོའི་འཁོར་ལོ་རྩིབས་བཞི་པ། དེའི་ལྟེ་བར་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་བརྐྱང་བ་ལྟ་བུའི་ནང་དུ། ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཛམྦྷེ་མོ་ཧ་ཡ་ཧ་རི་ནི་ས་སྭཱ་ཧཱ། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་འདོད་པའི་རྒྱལ་པོ་ཁྲག་གི་རྦ་ཀློང་ལྟ་བུ་དམར་ནག་ཞལ་གཙིགས་ཤིང་མི་སྡུག་པ། སྤྱན་གསུམ་མངའ་བ། ཐོད་པ་སྐམ་པོ་ལྔ་རིན་པོ་ཆེའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་དང་དཔྲལ་བར་རྡོ་རྗེ་བཅིངས་པ། ཟུར་ཕུད་ལྔ་དང་ལྡན་པའི་རལ་པའི་རྩེར་སྣ་ཚོགས་རྡོ་རྗེ་དང་ཡིད་བཞིན་གྱི་ནོར་བུས་མཚན་པ། ཅུང་ཟད་གཡོན་དུ་འཁྱིལ་བའི་ཟླ་བ་ཕྱེད་པ་དང་བཅས་པ། རྡོ་རྗེ་འཕྱར་ཞིང་ལྕགས་ཀྱུ་འཛིན་པའི་ཕྱག་གིས་ཡུམ་ལ་འཁྱུད་པ། འཛག་པའི་མགོ་ལྔ་བཅུའི་དོ་ཤལ་འཕྱང་བ། འཁོར་ལོ་རྣ་ཆ་མགུལ་རྒྱན་གདུ་བུ་སྐ་རགས་མཆོད་ཕྱིར་ཐོགས་དང་དབང་མཚན་གྱི་ཐིག་ལེ་དམར་པོས་སྤྲས་པ། སྣ་ཚོགས་པདྨའི་ཟེའུ་འབྲུའི་ཉི་མའི་གདན་ལ་དུས་མཚན་མོ་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ་འཇིགས་བྱེད་ཁ་བུབ་ཏུ་མཉམ་པར་གནས་པ། གཉིས་ཀའང་ལག་པ་གཉིས་ཐལ་མོ་སྦྱར་བའི་འཇིགས་བྱེད་ཀྱི་མགོ་བོ་བལྟབ་པའི་ཁར་ཞབས་གཡས་པའི་མཐེ་བོང་རེག་ཅིང་། གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་གར་དང་སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུས་རོལ་པ། སྙིང་རྗེ་ཆེན་པོའི་ངོ་བོ་ཉིད། དེའི་ཕང་དུ་བཅོམ་ལྡན་འདས་མ་རྡོ་རྗེ་ཡན་ལག་མ་ཆགས་པས་འཛུམ་ཞིང་ཞལ་ཅུང་ཟད་ཁྲོ་བའི་སྤྱན་གསུམ་པ། གཡས་ལྕགས་ཀྱུ་འཕྱར་ཞིང་བུམ་པ་ཅན་གྱི་ཕྱག་གཡོན་ཡབ་ལ་འཁྱུད་པ། གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པ། དུམ་བུའི་སྐེ་རགས་ཅན། བརླ་གཉིས་ཀྱིས་ཡབ་ཀྱི་སྐུ་ལ་འཁྱུད་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཅན། ཨོཾ་ཧ་རི་ནི་ས་སྲིཾ་སྲིཾ་ཕེཾ་ཕེཾ། ཌཱ་ཀི་ནཱི་སརྦ་དུཥྚུཾ་བ་ཤཾ་ཀུ་རུ་ཨཱ་ཀརྵ་ཡ་ཛཿཛཿསྲིཾ་སྲིཾ་སྭཱ་ཧཱ། ཕྱིའི་རྩིབས་བཞིར་དང་པོར་ཕག་མོ་སྡེ་ལྔ་འཆི་མེད་ཀྱི་བུ་མོ་གཞོན་ནུའི་ལང་ཚོ་མ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་བ་སུ་དྷ་རི་ནི་སྭཱ་ཧཱ། གཉིས་པར་ཛམྦྷ་ལ་དང་ནོར་རྒྱུན་མ་མཉམ་པར་སྦྱོར་བ་གེལ་ཞིང་བརྗིད་པའི་ཉམས། ཨོཾ་སྲི་ཨ་ཧཱུྃ་ཨ་པ་ར་ཙིཏྟ་སྲི་སྭཱ་ཧཱ། ཨུ་མ་རི་སྲིཾ་སྲིཾ་ཛྷྱོཾ་བྷ་རི་ཛྷྱོཾ་བྷ་རི་སྲིཾ་སྲིཾ་ཧཱུྃ་སྭཱ་ཧཱ། གསུམ་པར་ཨ་པ་ར་ཙིཏྟ་ཁྱོ་ཤུག་གནོད་སྦྱིན་གྱི་བྱིན་ཅན། ཨོཾ་མ་ཧཱ་དེ་ཝ་སྲི་ཛཿཨེ་མཉྫྱུ་ཀུཔྟ་ཧཱུྃ། ཀ་བྷི་ར། ཀོ་བྷི་ར་བྷ་སུ་དྷ་རི་ནི་དུང་དུང་སྭཱ་ཧཱ། བཞི་པར་དབང་ཕྱུག་ཆེན་པོ་དཀའ་ཐུབ་པའི་ཉམས་ཅན་ཨུ་མ་སྐུའི་ཕྱེད་དུ་འཁྲིལ་བ། ཐམས་ཅད་ཀྱང་ལྕགས་ཀྱུ་དང་ཨུཏྤལའི་ཞགས་པ་བཟུང་ཞིང་ཁྲོ་བ་དང་རྗེས་སུ་ཆགས་པའི་བཞིན་སྤྱན་གསུམ་པ། རལ་པ་སྤྱི་བོར་བཅིངས་པའི་རྩེར་ཡིད་བཞིན་གྱི་ནོར་བུས་མཛེས་པ། དབང་མཚན་གྱི་ཐིག་ལེ་དང་རིན་པོ་ཆེ་དཔའ་བོའི་དར་དཔྱངས་ཀྱིས་བརྒྱན་ཏེ་ཟླ་བ་ལ་གནས་པ། མུ་ཁྱུད་ལ་ཨུཏྤ་ལ་དམར་པོའི་ཞགས་པས་བསྐོར་བ། ཡ་མ་ཡ། མ་མ་རུ་ལུ་མ། དེ་ཝ་ཨ། ཏིར་རི་ཀ་ཐཱ། དུ་ཁྲག་དུ། དུན་ཏིང་དུ། རཀྴ་ར། རག་མོ་ར། རུ་དྲ་ནི། ཡཀྴ་ཀྵ། ཡག་མོ་ཀྵ། རཱ་ཛ་ཙ། མུན་མུན་པ། ཤུ་ལ་ཏྲི། བཛྭ་སཱ་དྷུ་ཏྲི། ཧམ་ཤམ་ཏྲི། རུ་ཏྲི་ཏྲི། ས་ནག་ཕུ་ཛཿཛཿསྲིཾ་སྲིཾ། ཕྱིའི་རྩིབས་བཅོ་བརྒྱད་ལ། གཤིན་རྗེ། མ་མོ། ལྷ་ཆེན། མུ་སྟེགས། བདུད་ཕོ། བདུད་མོ། སྲིན་ཕོ། སྲིན་མོ། རུ་དྲ། གནོད་སྦྱིན་ཕོ། གནོད་སྦྱིན་མོ། རྒྱལ་པོ། དམུ། བཙན། ཐེའུ་རང་། འགོང་པོ། གཟའ། ཀླུ་སྟེ་དྲེགས་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱང་དམར་པོ་རྔམ་ཞིང་མི་བསྲུན་པ་ལྕགས་ཀྱུ་དང་ཞགས་པ་ཐོགས་ཏེ་སྲིད་པ་གསུམ་པོ་ཐམས་ཅད་དབང་དུ་བྱེད་པའི་གར་གྱིས་རོལ་བ། མུ་ཁྱུད་ལ་དགུག་པའི་ལྕགས་ཀྱུ་ཁ་ཕྱིར་བལྟ་བ། གཙོ་བོ་ཐུགས་ཀར་ལས་བྱེད་ཀྱི་ཕོ་ཉ་རཱ་ཧུ་ལ་དམར་ནག་ཞི་མ་ཁྲོ་མགོ་དགུ་བྱ་རོག་གི་ཞལ་དང་བཅུ། ལུས་མིག་གིས་ཁེངས་ཤིང་མཇུག་མ་སྦྲུལ་དུ་ཡོད་པ། ལྕགས་ཀྱུ་ཞགས་པ་འཛིན་པ། སྙིང་གར་འཁོར་ལོ་སྔགས་དང་བཅས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་ལྷག་པར་མོས་པ་བྱས། ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་ཕེཾ། ཧཱུྃ འོག་མིན་གནས་ནས་བདེ་མཆོག་འཁོར་ལོའི་མགོན། །ཁྲོ་དང་ཞི་དང་ཆགས་དང་རྒྱས་ཚུལ་གྱིས། །འགྲོ་བ་ཀུན་ལ་རྗེས་བརྩེར་མཛད་པའི་ཕྱིར། །གནས་འདིར་སྤྱན་འདྲེན་འཁོར་བཅས་གཤེགས་སུ་གསོལ། །བཛྭ་ཨངྐུ་ཤ་ཛཿ བཛྭ་པཱ་ཤ་ཧཱུྃ། བཛྭ་ཀྵྨྱོ་ཊ་བཾ། བཛྭ་ཨ་བེ་ཤ་ཨ། ཡེ་ཤེས་པ་དམ་ཚིག་གིས་འཁོར་ལོ་ལ་བཅུག སླར་ཐུགས་ཀའི་འོད་ཀྱིས་བསྐུལ་བའི་དབང་གི་ལྷ་ཚོགས་རྣམས་ལ་ཨ་བྷི་ཥིཉྩྨ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་ནས། ཤྲཱི་ཡེ་ཧཱུྃ། ཞེས་འདོན་བཞིན་པས་དབང་བསྐུར། དྲི་མ་དག ཆུ་ལྷག་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རང་བཞིན་ལས་འཐོན་པའི་མཆོད་པའི་སྤྲིན་རེ་རེའང་འདོད་དགུའི་ཚོགས་མ་ཚང་བ་མེད་པར་སྣང་བ་ནམ་མཁའ་རབ་འབྱམས་ཁྱབ་པར་མོས་ཏེ། ཧཱུྃ ཀུན་ཏུ་བཟང་པོས་རྒྱལ་བ་མཆོད་པའི་ཚེ། །ཇི་ལྟར་སྤྲུལ་རྣམས་སྐུ་གསུང་ཐུགས་དང་ནི། །ཡེ་ཤེས་རྡོ་རྗེའི་གསང་བ་ལས་འཐོན་པའི། །འདོད་དགུའི་སྤྲིན་གྱིས་བཅོམ་ལྡན་འཁོར་བཅས་མཆོད། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྒྲོན། །དྲི་ཆབ་ཞལ་ཟས་རོལ་མོ་འདོད་ཡོན་ལྔ། །བདུད་རྩི་ལྔ་དང་ཤ་ལྔ་རེ་རེ་ཡང་། །ཀུན་ནས་དགྱེས་དགུ་ཀུན་ནས་སྤྲུལ་པས་མཆོད། །བཞིན་མཛེས་མེ་ཏོག་དྲི་ཞིམ་བདུག་པའི་སྤོས། །ཆགས་པའི་སྒྲོན་མེ་དྲོད་ཀྱིས་རྔུལ་བའི་ཆབ། །མ་མཆུའི་སྦྲང་རྩི་ངོམས་མེད་བདེ་བའི་རོ། །འདོད་པའི་སྙིང་པོར་རྗེས་སུ་ཆགས་པས་མཆོད། །མ་རིག་གིས་རྨོངས་འཁོར་བར་རེངས་པའི་འགྲོ། །སྡིག་པས་མྱོས་པ་བདག་གིས་མ་རུངས་པ། །སྙིང་རྗེ་ཁྲོས་པས་ཆོས་དབྱིངས་བསྒྲལ་བའི་བཾ། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ་བར་བགྱི། །ཞེས་མཆོད། དཀྱིལ་འཁོར་པའི་ལྷ་ཐམས་ཅད་བཅོམ་ལྡན་འདས་ལ་མངོན་སུམ་དུ་ཕྱོགས་པའི་ཞལ་ནས་བསྟོད་པ་འཐོན་པར་བསམས་ཏེ། ཧཱུྃ གང་སྐུའི་མདངས་གསལ་གྱིས་བཀྲུས་རེ་བའི་མཁའ། །ལྷ་རྫས་འབྱོར་པའི་ཐུན་མཚམས་སྤྲིན་གྱི་བཀྲག །གནོན་པ་འབྱོར་པའི་དམར་འོད་བྱེ་བ་བརྒྱའི། །སྣང་བས་འགེངས་པར་མཛད་དེར་ཕྱག་འཚལ་ལོ། །ཁྲོ་ཆགས་འཛུམ་ཞལ་མཆེ་བའི་འོད་ཟེར་གྱིས། །འགྲོ་དྲུག་སྙིང་གི་གངས་རི་ཀུན་བཞུ་ནས། །སྒྲུབ་པ་པོ་ཡི་འདོད་པའི་ཞིང་དུ་རྒྱུན། །དབང་དུ་སྡུད་པར་མཛད་དེར་ཕྱག་འཚལ་ལོ། །དམར་སེར་རལ་པའི་ཟུར་ཕུད་མཐོན་པོའི་རྩེར། །སྣ་ཚོགས་རྡོ་རྗེ་དང་འགྲོགས་ཟླ་ཚེས་ཀྱི། །ལོངས་སྤྱོད་ཀུནྡའི་ཕུང་པོ་ཁ་བྱེ་བས། །སྐྱེས་དགུའི་བུང་བ་སྡུད་དེར་ཕྱག་འཚལ་ལོ། །དབང་མཚན་ཐིག་ལེ་རིན་ཆེན་ཕྲ་ལྡན་པའི། །དགའ་བས་མྱོས་པ་སྒེག་པའི་རྒྱན་བཅིངས་པ། །ཉི་མར་ཟློས་གར་མཁན་ཁྱོད་འགྲོ་བའི་སྙིང་། །ཆགས་པས་དགུག་པར་མཛད་དེར་ཕྱག་འཚལ་ལོ། །རྡོ་རྗེས་བསྒྲུབ་བྱའི་མཐུ་སྟོབས་ཀུན་བསྙིལ་ནས། །ལྕགས་ཀྱུས་སྙིང་ཕུག་བྲན་དུ་གཞུག་པ་སོགས། །མཚུངས་མེད་དྲག་རྩལ་རྒྱས་པའི་གཟི་བྱིན་གྱིས། །ཕྱོགས་ལས་རྣམ་རྒྱལ་སྦྱིན་དེར་ཕྱག་འཚལ་ལོ། །སྒྱུ་རྩལ་རིག་པའི་ཕ་མཐས་སྦྱར་བའི་བདེས། །བཅོམ་ལྡན་དགྱེས་མཛད་འཆི་མེད་ན་ཆུང་གི །སྙེམས་པས་འཇིག་རྟེན་འདོད་པའི་མདས་བསྣུན་བཞིན། །རྨོངས་རེངས་མྱོས་པར་མཛད་དེར་ཕྱག་འཚལ་ལོ། །མཐུ་ནུས་ཆུ་གཏེར་གྱིས་སྤྲུལ་འཇིགས་བྱེད་ཀྱི། །ཉི་མའི་རེག་བྱས་དྲེགས་པའི་སྲོག་གདུངས་ནས། །བདག་ཞབས་པདྨོ་བཏུང་བར་དུངས་བྱེད་པའི། །གཟའ་མཆོག་ཕོ་ཉའི་དཔྱིད་དེར་ཕྱག་འཚལ་ལོ། །ཀུན་དགའི་ལང་ཚོ་དར་བ་ཕག་མོའི་སྡེ། །ནམ་མཁའི་མཛོད་འཛིན་ཛམ་ལ་བདག་མོར་བཅས། །གཏེར་ལ་དབང་བསྒྱུར་ཨ་པར་ཙི་ཏ་ཤུག །དབང་ཕྱུག་སྲས་ཀྱིས་བསྙེན་དེར་ཕྱག་འཚལ་ལོ། །མཐར་བྱེད་དཔུང་པ་འཐུག་པོས་འཁོར་བ་འདིའི། །མ་རུངས་སྡེ་གཞོམ་མངོན་པར་འདོད་སྒྲུབ་ལ། །རྡོ་རྗེ་འཛིན་པའི་ལུང་གིས་དྲེགས་པའི་སྡེའི། །དཔོན་དུ་བསྐོས་པ་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་སྦྱོར་བས་བསྐུལ་བའི་དྲོད་ཀྱིས་གདུངས་པས་གཟའ་བདུད་གནད་དུ་གཟིར་ཏེ་བདག་ཉིད་ཀྱི་དབང་དུ་གྱུར་པས་སྲོག་ལྷག་པར་བསྐུལ་བའི་འོད་ཀྱིས་འཁོར་གྱི་ཐུགས་དམ་སད། དམ་ཚིག་གི་སྦྱོར་བས་ལྷ་ཚོགས་དབང་དུ་འདུས་ནས་ཐམས་ཅད་ཀྱི་ནུས་པའི་འོད་ཟེར་ལྕགས་ཀྱུ་དང་ཨུཏྤལའི་ཞགས་པའི་རྣམ་པར་སྟོང་གསུམ་ཐམས་ཅད་གང་བར་འཕྲོས། ས་དང་ས་འོག་དང་ས་བླའི་དངོས་གྲུབ་སྣང་ཞིང་སྲིད་པའི་གཟུགས་ཅན་གཟུགས་མེད་ཐམས་ཅད་དབང་དུ་བསྡུས་ཏེ་བདག་གི་དབང་དུ་གྱུར་ནས་སྙིང་གར་ཐིམ་པའི་མོས་པས། ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཛམྦྷེ་མོ་ཧ་ཡ་ཧ་རི་ནི་ས་སྭཱ་ཧཱ། ཞེས་འབུམ་ཕྲག་བཅུར་བསྙེན། དེ་ལ་རྟགས་འཐོན་པ་དང་། ཨོཾ་ཧ་རི་ནི་ས་སྲིཾ་སྲིཾ་ཕེཾ་ཕེཾ། ཌཱ་ཀི་ནཱི་སརྦ་དུཥྚུན་པ་ཤཾ་ཀུ་རུ་ཨཱ་ཀརྵ་ཡ་ཛ་ཛ་སྲིཾ་སྲིཾ་སྭཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་བ་སུ་དྷ་རི་ནི་སྭཱ་ཧཱ། ཨོཾ་སྲི་ཨཱ་ཧཱུྃ་ཨ་པ་ར་ཙིཏསྲཱི་སྭཱ་ཧཱ། ཨུ་མ་རི་སྲིཾ་སྲིཾ་ཛྷྱོཾ་བྷ་རི་ཛྷྱོཾ་བྷ་རི་སྲིཾ་སྲིཾ་ཧཱུྃ་སྭཱ་ཧཱ། ཨོཾ་མ་ཧཱ་དེ་ཝ་སྲི་ཛཿཨེ་མཉྫྱུ་ཀུབ་ཏ་ཧཱུྃ། ཀ་བྷི་ར་ཀོ་བྷི་ར་བ་སུ་དྷ་རི་ནི་དུང་དུང་སྭཱ་ཧཱ། བཏགས་ནས་འབུམ་ཕྲག་བཞི། ཡ་མ་ཡ། མ་མ་རུ་ལུ་མ། དེ་ཝ་ཨ། ཏིར་རི་ཀ་ཐཱ། དུ་ཕྲག་དུ། དུན་ཏིང་དུ། རག་ཤ་ར། རག་མོ་ར། རུ་དྲ་ནྲྀ། ཡཀྴ་ཀྵ། ཡག་མོ་ཀྵ། རཱ་ཛ་ཙ། མུན་མུན་པ། ཤུ་ལ་ཏྲི། བཛྭ་སཱ་དྷུ་ཏྲི། ཧཾ་ཤཾ་ཏྲི། རུ་ཏྲི་ཏྲི། ས་ན་ག་ཕུ་ཛ་ཛ་སྲིཾ་སྲིཾ། ཁྲི་ཕྲག་བཞིར། ཤམ་བུར། ཨུ་གེ་ཨུ་གེ་ལོ་ཁ་ཏྲི། མི་ནོར་ཟས་གསུམ་བདག་ཆེ་གེ་མོའི་དབང་དུ་པ་ཤཾ་ཀུ་རུ་ཨཱ་ཀརྵ་ཡ་སྭཱ་ཧཱ། ཨོཾ་གཡེཾ་གཡེཾ། ཀཾ་ཀཾ ཙག་ཙག དུང་དུང་ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་མི་ནོར་ཟས་གསུམ་སརྦ་དུཥྚུན་བདག་ཆེ་གེ་མོའི་དབང་དུ་ཨ་ཀརྵ་ཡ་ཛཿཛཿསྲིཾ་སྲིཾ་ཨ་ཨ། ས་མ་ཡ། ཛཿཧཱུྃ་བཾ་ཧོཿ ལྷ་འདྲེ་མི་གསུམ་རྣམས་ཨེ་ནྲྀ་ཨ། པ་ཤཾ་ཀུ་རུ་ཡེ་ཨཱ་ཀརྵ་ཡ་སྭཱ་ཧཱ། ཨོཾ་མ་མ་གུལ་གྷུལ། ཞེས་བཟླའོ། །དེ་ནས་འབར་བའི་ཕྱག་རྒྱ་དང་ཕེཾ་གྱི་སྒྲས་བསྒོམས་པ་དང་འདྲ་བའི་གཏོར་མགྲོན་སྤྱན་དྲངས། གཏོར་མ་སྭབྷཱ་ཝས་སྦྱངས། ཨོཾ་ལས་ཐོད་པའི་སྣོད། ཨཱཿལས་ཤ་ལྔ་བདུད་རྩི་ལྔ། ཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བར་བསམས་ལ། ཨོཾ་ཏྲཀྐིརཱ་ཛཿཙཀྲ་སཾ་ཝ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ལ་ཕུལ། ཞིང་ཐམས་ཅད་དུ་ཁྱབ་པ་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ཁ་དོག་སྣ་ཚོགས་པ་གདོད་མ་ནས་འགྱེད་པའི་བཅོམ་ལྡན་འདས་བདེ་མཆོག་འདོད་པའི་རྒྱལ་པོ་སྲིད་པ་གསུམ་གྱི་འདོད་དགུའི་དཔྱིད་དབང་དུ་སྡུད་པའི་ལྷ་དང་ལྷ་མོའི་ཚོགས་ནམ་མཁའི་ཁམས་ཐམས་ཅད་སྤྲུལ་པའི་ཕོ་ཉས་ཏིལ་གྱི་གོང་བུ་ལྟར་འགེངས་པའི་མཐུ་བོ་ཆེའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཀྱི་ཐུགས་རྗེའི་ཉི་མ་ལྟ་བུའི་འོད་ཟེར་འབར་བ། ཨུཏྤ་ལས་མཚན་པའི་ལྕགས་ཀྱུ་དང་ཞགས་པ་ལྟ་བུས་བདག་མངོན་པར་འདོད་ཅིང་ཡིད་ལ་བརྣགས་པ་འདི་དང་ཁམས་གསུམ་སྲིད་པ་གསུམ་མི་ནོར་ཟས་གསུམ་ལྷ་འདྲེ་མི་གསུམ་བདག་གི་དབང་དུ་སྡུད་པའི་དངོས་གྲུབ་ཀྱི་མཆོག་སངས་རྒྱས་ཀྱི་བསྟན་པ་དར་བ། སེམས་ཅན་གྱི་བདེ་སྐྱིད་འབྱུང་བ། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་གནོད་བགེགས་ལོག་པར་འདྲེན་པས་བར་དུ་གཅོད་མི་ནུས་པའི་རྒྱུའི་དམ་པ་ཆེད་དུ་མྱུར་བའི་ཤུགས་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། མདུན་གྱི་འཁོར་ལོ་རྟེན་དང་བཅས་པ། ཨོཾ་པྲ་ཀྲྀ་ཏ། ཅེས་པའི་སྔགས་མཐར་སྣང་སྲིད་ཐམས་ཅད་དབང་གི་དཀྱིལ་འཁོར་ཟླ་གམ་དུ་དག་པའི་ནང་དུ་བཅོམ་ལྡན་འདས་བདེ་མཆོག་འདོད་པའི་རྒྱལ་པོ་ཡབ་ཡུམ་སྒྱུ་མ་ཙམ་དུ་སྣང་བ། བྷྲཱུྃ་དེའི་སྙིང་ནང་དུ་ནས། གཏོར་འབུལ་འདོད་གསོལ་གྱི་བར་སྔར་བཞིན་ལ། དེ་ནས་ལྷ་ཚོགས་འོད་དུ་ཞུ་བའི་འཁོར་ལོར་གྱུར་པ་ལ་ཤིས་པ་བརྗོད་དེ། ཁྱབ་འཇུག་གི་འཁོར་ལོ་དང་རང་གཟུགས་ཁ་སྦྱར། དེའི་ཕྱི་འདོད་རྒྱལ་ཡབ་ཡུམ་གྱི་འཁོར་ལོས་སྟེམ། ཕོ་སྟེང་། མོ་འོག་ཏུ་བྱས་ཏེ་ཟངས་སམ་ཙན་དན་དམར་པོའམ། བྱུ་རུའི་གའུ་ཟླ་གམ་གྱི་ནང་དུ་བཅུག་ལ་ཚར་གཅིག་རང་གི་ལུས་ལ་བཅངས་ལ་ལྷ་འདྲེ་མི་གསུམ་དབང་དུ་སྡུད། གཉིས་པ་ཁང་བུའི་ནུབ་ངོས་སུ་སྦ། ཚེས་བཅུའི་དུས་སུ་སྔར་བཞིན་དུ་མཆོད་པར་བྱའོ། །དེ་ལྟར་བདེ་མཆོག་འདོད་པའི་རྒྱལ་པོ་ལ་བརྟེན་ནས་སྲིད་པ་གསུམ་གྱི་དངོས་གྲུབ་དགུག་པའི་ལྕགས་ཀྱུ་འདི་ནི། སློབ་དཔོན་པདྨས་རྗེས་སུ་གནང་བ་སྦྱིན་པའི་སྔགས་འཆང་པདྨ་དཀར་པོས་རྒྱལ་བྱེད་ཚལ་དུ་སྦྱར་བའོ། །ཀུ་ཤ་ལ་སཱ་དྷུ་སིདྡྷ་རསྟུ།། །།


previousསྲིད་གསུམ་དབང་དུ་བྱེད་པའི་ཞགས་པ་བདེ་མཆོག་དམར་པོ་འདོད་པའི་རྒྱལ་པོའི་མན་ངགnext