Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
དྲིལ་བུ་པའི་བདེ་མཆོག་གི་སྒྲུབ་ཐབས་རིམ་པ་གཉིས་པ།
   
   
   
   
   
   


 
previousདྲིལ་བུ་པའི་བདེ་མཆོག་གི་སྒྲུབ་ཐབས་རིམ་པ་གཉིས་པ།next

དྲིལ་བུ་པའི་བདེ་མཆོག་གི་སྒྲུབ་ཐབས་རིམ་པ་གཉིས་པ།

དྲིལ་བུ་པའི་བདེ་མཆོག་གི་སྒྲུབ་ཐབས་རིམ་པ་གཉིས་པ་བཞུགས་སོ། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འགྱུར་མེད་བདེ་བ་མཆོག་གི་སྙིང་རྗེའི་ཡིད། །ཤེས་བྱའི་རྣམ་ཀུན་འཛིན་པའི་སྟོང་ཉིད་ཀྱི། །འཁོར་ལོ་གཅིག་ཏུ་སྡོམ་མཛད་ཧེ་རུ་ཀ །རྡོ་རྗེ་སློབ་དཔོན་ཉིད་དུ་སྣང་ལ་འདུད། །མཆོག་གི་ས་ལ་རང་ཉིད་དབུགས་ཕྱིན་པ། །བརྙེས་པའི་ལམ་དེར་འགྲོ་བ་དྲང་མཛད་པའི། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་དྲིལ་བུ་པ། །བདག་ཡིད་དད་པའི་གཞི་ལ་རོལ་བར་མཛོད། །རྗོད་བྱེད་ཚིག་གི་ཕ་མཐའ་སྐྲག་ནས་ཕལ། །ངེས་དོན་ཆུ་གཏེར་ལྟ་བའང་སྤངས་གྱུར་མོད། །རྣམ་གྲོལ་ནོར་འདོད་རེ་བ་རྫོགས་བྱེད་ན། །མན་ངག་རྫིངས་སུ་འཇུག་ལས་ཐབས་གཞན་ཅི། །བླ་མའི་དེད་དཔོན་མཆོག་གིས་མ་ཟིན་པས། །རྟོག་སྒོམ་མཆིང་བུའི་ཕུང་པོ་བསྲེལ་བསྲེལ་ནས། །མཚན་མེད་ཡིད་བཞིན་ནོར་བུ་མ་འཚལ་བའི། །མཁས་རློམ་དོན་མཐུན་ཕལ་ཆེར་སྙིང་རྗེའི་གནས། །སྒྲུབ་པའི་གདེངས་ཅན་བདག་པོའི་གཙུག་གནས་པའི། །གདམས་ངག་བསམ་འཕེལ་ཡིད་བཞིན་ནོར་བུའི་མཆོག །དད་པའི་ལག་ཐོབ་ལེགས་བཤད་རྒྱལ་མཚན་གྱི། །རྩེ་མོར་མཆོད་དེ་ས་ལ་པད་དཀར་ལོ།། བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་པ་ཐམས་ཅད་ཀྱི་སྙིང་པོའི་དོན། བླ་མ་མཆོག་གི་ཞལ་ལས་བྱུང་བའི་མན་ངག་གི་རིམ་པ། དཔལ་ལྷན་ཅིག་སྐྱེས་པ་བདེ་བ་མཆོག་སྒྲུབ་པའི་ཐབས་ནི་ཚུལ་གཉིས་ཏེ། མཆོག་གི་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ལ། སྨོན་པའི་རྣལ་འབྱོར་དང་། འཇུག་པའི་རྣལ་འབྱོར་གཉིས་ལས། དང་པོ་ནི། མི་དགེ་བའི་ཆོམ་རྐུན་དང་། བསམ་གཏན་གྱི་ཚེར་མས་དབེན་པའི་གནས་སུ་འདོད་པའི་འདུ་འཛི་ལ་རྒྱབ་ཀྱིས་ཕྱོགས་པའི་བློས། ཁམས་གསུམ་སྲིད་པའི་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་འཇིགས་པ་མི་བཟད་པའི་སྡུག་བསྔལ་རྣམས་བསལ་ནས། བདེ་བ་ཆེན་པོ་ལ་འགོད་པའི་ཕྱིར་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་ཡིད་དང་འདྲེ་ངེས་པར་བསྒོམ་སྟེ། སེམས་ཀྱི་སྒྲིབ་སྦྱོང་ལས། དེའི་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ཞེས་གསུངས་སོ། །གཉིས་པ་འཇུག་པའི་རྣལ་འབྱོར་ལ། བྱིན་གྱིས་རླབས་པའི་རྣལ་འབྱོར། རྟག་པའི་རྣལ་འབྱོར། རྫོགས་པའི་རྣལ་འབྱོར་གསུམ་ལས། དང་པོ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཞེས་བྱ་བའི་དོན་ལ་མངོན་དུ་ཕྱོགས་པས། ཐ་མལ་གྱི་ལུས་སྟོང་པ་ཉིད་ལས་སྐད་ཅིག་གི་རི་རབ་ཀྱི་སྟེང་དུ། ཟར་མའི་མེ་ཏོག་ཁ་བྱེ་མ་ཐག་ལྟར་སྔོ་བའི་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མནན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞལ་གཅིག་སྤྱན་གསུམ་ཅུང་ཟད་ཁྲོ་ཞིང་འཛུམ་པ། གར་གྱི་ཉམས་དགུ་དང་ལྡན་པ། རལ་པ་ནག་པོའི་ཐོར་ཚུགས་བརྫེས་པའི་སྟེང་དུ་ནོར་བུ་དང་སྣ་ཚོགས་རྡོ་རྗེ་འཆང་བ། དེའི་འོག་ཕྱོགས་ཀྱི་གཡོན་དུ་ཟླ་ཚེས་ཀྱི་རི་མོ་དང་། སྣ་ཚོགས་རྡོ་རྗེའི་གདན་ལ་ཐུབ་པ་མི་བསྐྱོད་པས་མཛེས་པ། དཔྲལ་བའི་ངོས་ལ་ཐོད་པ་ལྔས་བརྒྱན་པ། ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་རློན་པ་ཤིན་ཏུ་འཛུམ་པ་བརྒྱའི་ཕྱེད་ཀྱི་དོ་ཤལ་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་དག་གིས། རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྣོད་འཛིན་པའི་ཕྱག་གཉིས་མ། ཐོད་པ་སྐམ་པོ་ལྔའི་ཅོད་པན་དང་དོ་ཤལ་དང་། ཕྱག་རྒྱ་ལྔ་དང་ལྡན་པ། དབུ་སྐྲ་མཐོན་མཐིང་གྲོལ་ཞིང་འཁྱིལ་བ། ཞལ་གཅིག་སྤྱན་གསུམ་པ། ཕྱོགས་ཀྱི་གོས་ཅན། ཉི་མ་འཆར་ཀའི་འོད་ལྟར་དམར་བའི་རྡོ་རྗེ་ཕག་མོ་ལ་འཁྱུད་པ། དགའ་བའི་མཆུའི་སྦྲང་རྩིའི་རོ་འཐུང་བ། ཐུགས་ཀའི་ཆུ་སྐྱེས་ལ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་སྔོན་པོ་དང་ལྡན་པ། འབར་བའི་འཕྲེང་བ་འཁྲིགས་པ། དྭངས་ཤིང་གསལ་ལ་རྙོག་པ་མེད་པ། བལྟ་བས་ཆོག་མི་ཤེས་པའི་སྐུ་མེ་ལོང་དྲི་མ་མེད་པ་ལ་ཤར་བའི་གཟུགས་བརྙན་ནམ། ཆུའི་ཟླ་བ་ལྟ་བུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ།། དེ་ཡང་གཞུང་ལས། གང་ཡང་སྐད་ཅིག་རྣལ་འབྱོར་གྱིས། །རྡོ་རྗེ་མཁའ་འགྲོར་རང་ཉིད་འགྱུར། །ས་བོན་དང་བྲལ་བསྒོམ་བྱ་སྟེ། །རྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་སྣོད་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་མ་ལའོ། །དེ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་བཅོམ་ལྡན་འདས་ལའོ། །དེ་གདན་དང་བཅས་པ་སྙིང་ཀའི་ཉི་མའི་ཧཱུྃ་ལའོ། །དེ་དོན་ཡོད་གྲུབ་པའི་ངོ་བོ་ཨཱུའི་ཡི་གེ་ལའོ། །དེ་སྣང་བ་མཐའ་ཡས་ཀྱི་ངོ་བོ་ཧའི་ཡི་གེ་ལའོ། །དེ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་མགོ་བོའི་རི་མོ་ལའོ། །དེ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཟླ་ཚེས་ལའོ། །དེ་མི་བསྐྱོད་པའི་ངོ་བོ་ནཱ་ད་དང་བཅས་པའི་ཐིག་ལེ་ལའོ། །དེ་ནཱ་ད་ལའོ། །དེ་ཡང་རིམ་གྱིས་འདུས་པ་ན་རྡོ་རྗེ་སེམས་དཔའི་རང་བཞིན་ཆོས་སྐུ་འོད་གསལ་བ་སྟོང་པ་ཉིད་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པའོ། །དེ་ནས་སྐད་ཅིག་གི་འོད་གསལ་ལས་དེ་ལྟ་བུའི་བདེ་མཆོག་གི་བདག་ཉིད་ཟུར་དུ་འཇུག་པའི་སྐུར་བཞེངས་པ་ཤིན་ཏུ་གསལ་བར་བལྟས་ཏེ་ཅུང་ཟད་མཉམ་པར་བཞག དེ་ནས་སྙིང་གའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་འཕྲེང་བ་ཨུཏྤལ་སྔོན་པོའི་ཞགས་པ་ལྟ་བུས་བསྐོར་བ་ལས། བདེ་མཆོག་དཔག་ཏུ་མེད་པ་སྤྲོས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པས་སེམས་ཅན་གྱི་དོན་བྱས། སླར་རང་ལ་འདུས་པར་བསྒོམས་ཏེ། ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄ཿ ཅེས་བཟླ་བར་བྱའོ། །ལས་དང་པོ་པས་དེ་ཐམས་ཅད་ཡང་ནས་ཡང་དུ་བསྒོམ་པར་བྱའོ། །འབྲིང་གིས་ཟུང་དུ་འཇུག་པའི་ལོངས་སྤྱོད་རྫོགས་པའི་སྐུར་སྐད་ཅིག་གི་འོད་གསལ་དུ་ཞུགས་པ་ལས་ལྡང་བར་བྱའོ། །མཆོག་གིས་ནི་ལངས་པ་ཉིད་ནས་ཟུང་དུ་འཇུག་པའི་བདག་ཉིད་དུའོ། །འདི་ཉིད་ལྷུན་གྱིས་གྲུབ་པར་བསྒོམ་པ་ནི་མཆོག་གི་མཆོག་གོ་སྟེ། འདིས་རབ་ཀྱི་མཐར་ཐུག་པའི་ངོ་བོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཡང་ཕུང་སོགས་ཀྱི་མཚན་ཉིད་རགས་པར་གསལ་བ། ཞལ་ཕྱག་གི་རྣམ་པ་ཅན་གྱི་ལྷར་བྱིན་གྱིས་བརླབས་པས་ན། བྱིན་གྱིས་རླབས་པའི་རྣལ་འབྱོར་ཞེས་བྱ་སྟེ། བརྟག་གཉིས་ལས། བཞིན་ལག་ཁ་དོག་རྣམ་པ་ནི། །བསྐྱེད་པ་ཙམ་གྱིས་རྣམ་པར་གནས། །ཞེས་སོ། །གཉིས་པ་ནི། དེ་ལ་གོམས་ནས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་ཐམས་ཅད་འཁོར་ལོའི་མགོན་པོ་ཉིད་དུ་མོས་པས་རྩེ་གཅིག་ཏུ་བལྟ་བར་བྱའོ། །དེས་ཁམས་གསུམ་རྒྱུ་བ་དང་མི་རྒྱུ་བར་བཅས་པ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བརྟག་ཅིང་འཆར་བར་བྱེད་པས་རྟག་པའི་རྣལ་འབྱོར་ཏེ། གཞུང་ལས། འདི་ཉིད་ཡུན་རིང་བསམ་བྱས་ཏེ། །སེམས་ཅན་དེ་ཡི་གནས་ལ་བཞག །ཅེས་གསུངས་སོ། །གསུམ་པ་ནི། དང་པོའི་སེམས་ཀྱིས་རྣམ་པར་བརྟགས་ནས་བསྒོམས་པས་ཕྱིས་གསལ་བར་སྣང་བ་ནི་ཞི་གནས་ཞེས་བྱ་ལ། དེ་ལྟར་བསྒོམས་པས་ཐིག་ལེ་དང་ཕྱག་མཚན་ལ་སོགས་པ་འཆར་ལ། དེ་ནས་མེ་ལོང་ལྟ་བུ་ལ་སོགས་པ་གཉུག་མའི་སྣང་བ་ལོངས་སྐུ་རིགས་ལྔ་ལ་སོགས་པ་དོན་དམ་པའི་ལྷ་འགོག་པ་མེད་པར་འཆར་བ་ནི་ལྷག་མཐོང་ཞེས་བྱ་སྟེ། ཚུལ་དེ་གཉིས་གཅིག་གི་གེགས་གཅིག་གིས་བསལ་བས། ཁམས་གསུམ་པའི་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་སྤྲིན་མཐའ་ཀླས་པ་སྤྲོ་བའི་སྟོང་གཟུགས་སུ་དག་པར་འགྱུར་ཏེ། ཚུལ་འདི་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པས་ན་རྫོགས་པའི་རྣལ་འབྱོར་རོ། །དེ་ཡང་གཞུང་ལས། ཡེ་ཤེས་ལྔ་ཡི་རང་བཞིན་གསལ། །སངས་རྒྱས་འོད་ཟེར་རྣམ་པར་འཕྲོ། །སྤྱོད་ཡུལ་གཅིག་པའི་སེམས་དཔའ་ཡིས། །ཞེས་གསུངས་ཤིང་། བརྟག་གཉིས་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་དང་། དང་པོའི་སེམས་ནི་ཞི་གནས་ཏེ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །མཐོང་བ་ལྷག་མཐོང་ཞེས་བརྗོད་དོ། །ཞེས་གཞན་ལས་ཀྱང་གསུངས་སོ། །རྣལ་འབྱོར་རྣམ་གསུམ་ཞེས་བྱ་སྟེ། །བྱིན་གྱིས་བརླབས་དང་རྟག་པ་དང་། །རྫོགས་པའི་སེམས་ཀྱི་གཟུགས་ཀྱིས་ནི། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བཏགས། །ཞེས་གཞུང་ལས་གསུངས་པ་བཞིན་ནོ། །གཉིས་པ་རྫོགས་རིམ་ལ། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ། དམ་ཚིག་གི་ཕྱག་རྒྱ་བཞི་ལས། དང་པོ་ལ། སྒྲུབ་པའི་རྟེན་ཕོ་ཉ་མོའི་དབྱེ་བ། དེ་ལ་བརྟེན་ནས་ཇི་ལྟར་སྒྲུབ་པའི་ཐབས་བཤད་པ་གཉིས་ལས་དང་པོ་ནི། གླང་ཆེན་མ་ཆང་གི་དྲི་ཅན་བྱིན་པ་སྦོམ། སྣ་ཡོ་བ། སྤུ་འཁྱིལ་བ། ལུས་སྦོམ་ཞིང་སྟོབས་དྲག་པ། འདོད་པས་མྱོས་ཤིང་སྲེད་པ་ཤས་ཆེ་བའོ། །དུང་ཅན་ལ་སྐྲ་དང་སྣ་རྒྱུད་རིང་བ། ལུས་སྦོམ་ཕྲ་རན། ནུ་མ་ན་རངྐའི་འབྲས་བུ་ལྟ་བུ། ལྕེ་བ་གླང་། སྐད་བྱ་རོག་འདྲ་བ། བོང་བུའི་དྲི་ཅན། དཔའ་མོའི་སྟོན་མོ་ལ་དགའ་བའོ། །སྣ་ཚོགས་ཅན་མ་ལུས་ཆུང་། བྲང་མཛེས། ནུ་མ་དཔལ་འབྲས་ཀྱི་རྣམ་པ་ཅན། མཆུ་འཕྱང་། དཔུང་པ་རྒྱས། ཤའི་དྲི་དང་ལྡན། ངོ་ཚ་ཆུང་ཞིང་ཁྲོ་བ། སྙན་ངག་འདོན། གཙང་སྦྲ་ཆེ་བའོ། །པདྨ་ཅན་ནི། བཞིན་ལེགས། རྐང་པའི་རྒྱབ་རུས་སྦལ་འདྲ། རྐང་མཐིལ་མེ་ལོང་ལྟར་མཉམ་པ། ནུ་འབུར་ཏ་ལའི་འབྲས་བུ་ལྟ་བུ། བྲང་མཛེས་པ། པདྨའི་དྲི་ལྡན་ཞིང་སྐད་སྙན། སྤྱོད་ལམ་དལ་བ། སྐྱེ་གནས་པདྨ་ལྟ་བུའི་སྟེང་ན། ནང་ཤིན་ཏུ་དོག་པར་འབྱུང་བའི་མཚན་མར་སྟེང་ན་གཉེར་མ་གསུམ་ཡོད་པ་དེ་ལྟ་བུའམ། དེ་དང་རྗེས་སུ་མཐུན་པ་བཅུ་གཅིག་ལོན་པ་ནས་ཉེར་ལྔའི་བར་བསྟེན་པར་བྱའོ། །གཉིས་པ་ལ། ཟླ་བའི་ཞུན་མ། འཆིང་བ་བདེ་བའི་རྣལ་འབྱོར། ཉི་མའི་དྭངས་མ་ལེན་པ་སྟོང་པའི་རྣལ་འབྱོར། སྒྲ་གཅན་གྱི་མཐོངས་འབྱེད་པ་ཟུང་འཇུག་གི་རྣལ་འབྱོར་གསུམ་ལས། དང་པོ་ལ། སྦྱོར་བ་འདུ་ཤེས་གསུམ་ལྡན། དངོས་གཞི་དབབ་ཅིང་བཟུང་བ། རྗེས་ལྡོག་ཅིང་ཁྱབ་པར་བྱ་བ་གསུམ་ལས། དང་པོ་ནི། རང་དང་ཕོ་ཉ་མོ་བཅོམ་ལྡན་འདས་ཡབ་ཡུམ་གྱི་སྐུར་གསལ་བར་ལྟ་བུ་ལུས་ལྷའི་འདུ་ཤེས། མཁའ་ཨེ་ཡིག་ལས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་པདྨ། གསང་བ་ཝཾ་ཡིག་ལས་སྙིང་རྗེའི་རང་བཞིན་རྒྱལ་མཚན་ཏེ་རྡོ་རྗེ། ཕཊ྄་སེར་པོས་ཐིག་ལེ་རྒྱུ་བའི་སྒོ་གཉིས་བཀག་པར་མོས་པ་སྔགས་ཀྱི་འདུ་ཤེས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་སོ། །གཉིས་པ་ནི། ཁྱོགས་དང་བླ་ཞེས་བྱ་བ་དང་། །དེ་བཞིན་ཤིན་ཏུ་བརྐྱང་བ་ཉིད། །ཅེས་པས། ཐབས་ཀྱི་གསང་གནས་ཀྱི་སྟེང་དུ་ཤེས་རབ་འདུག་སྟེ། སྐེད་པའི་ཕྱོགས་མདུན་རྒྱབ་ཏུ་གཡོ་བས་སམ། དེའི་མགྲིན་པ་ནས་འཁྱུད་དེ། བརླ་གཡས་པའི་འོག་ཏུ། ཐབས་ཀྱི་བརླ་གཡོན་པ་བཅུག་ནས། ལག་པ་གཡས་པས་དེའི་རྒྱབ་བཟུང་བའམ། དེ་གན་རྐྱལ་བའི་རྐང་པ་གཉིས་བརྐྱང་། དཔུང་པ་བརྒྱང་པའི་འདུག་སྟངས་བྱས། སྟེང་འོག་གི་རིམ་པས་འདུག་སྟེ། ཙུམྦ་ན་ལ་སོགས་པ་རིག་པའི་ཁྱད་པར་གྱིས་ཆོས་ཀྱི་དབྱིངས་སུ་རྒྱལ་མཚན་བསྲུབ་ཅིང་བསྲུབ་པའི་སྦྱོར་བས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཨ་བ་དྷཱུ་ཏཱིའི་ནང་ནས། སྤྱི་བོ་ལས་མགྲིན་པའི་བར་དུ་བྱོན། ལུས་གནས་ཁོལ་བུར་བདེ་བ་སྐྱེས། གཟུང་འཛིན་གྱི་རྟོག་པ་རགས་རིམ་འགོག་པ་དགའ་བ། བདེ་བ་ཆུང་ངུ་དེ་ནི་བྱ་བ་སྣ་ཚོགས་ལ་འཇུག་པས་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའོ། །དེ་ནས་སྙིང་གར་བྱོན། ལུས་ཕལ་ཆེར་ལ་བདེ་བ་སྐྱེས། བདག་གི་རྣམ་རྟོག་རགས་རིམ་འགོག་པ་མཆོག་དགའ། བདེ་བ་ཆེར་འབར་བ་དེ་ནི། རྩོལ་བ་ཆུང་བ། བདེ་བ་ཆེ་བས་རྣམ་སྨིན་ནོ། །དེ་ནས་ལྟེ་བར་བྱོན། བདེ་བ་ལུས་ཐམས་ཅད་ལ་ཁྱབ་པར་སྐྱེས། ཕྱག་རྒྱའི་རྣམ་པར་རྟོག་པ་འགོག་པ་དགའ་བྲལ། བདེ་བ་མི་རྟག་པ་དང་ལྡན་པ། དེ་ནི་ཕྱག་རྒྱ་རྙེད་པས་རྣམ་པར་ཉེད་པ། གསང་གནས་ཀྱི་རྩེ་མོར་བྱོན། སྣང་བའི་དངོས་པོ་ཐམ་ཅད་བདེ་བར་ཤར། དགའ་བྲལ་གྱི་རྣམ་པར་རྟོག་པ་འགོག ཞུ་བ་དང་བདེ་བ་ལྷན་ཅིག་ཏུ་སྐྱེས་པ་ལས་བྱུང་བའི་ཆགས་པ་དང་ཆགས་བྲལ་རོ་མཉམ་པའི་ཡེ་ཤེས་ཡིན་པས། ལྷན་ཅིག་སྐྱེས་པའི་དགའ་བ། བདེ་བ་དང་སྟོང་པ་གཉིས་སུ་མེད་པ་སྟེ། རྟོག་པ་ཐམས་ཅད་སྤངས་པས་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའོ། །དེ་ཡང་ཀླུ་སྒྲུབ་ཞབས་ཀྱིས། མཚན་ཉིད་དང་བྲལ་བ་དབུས་སུ་བསྟན་པ་ནི་དབང་ལས་ཤེས་པར་བྱའོ། །ཡང་། དྲག་པོའི་སྦྱོར་བས་ནི། མཚན་ཉིད་དང་བྲལ་བ་དང་། ལྷན་ཅིག་སྐྱེས་དགའ་མཐར་གནས་པར་རྟོགས་སོ། །ཞེས་གསུངས་སོ། །མཻ་ཏྲི་པས། དྲག་པོའི་སྦྱོར་བ་སྤངས་པ་ཡི། །སྣ་ཚོགས་དེ་ནས་རྣམ་པར་སྨིན། །གསུམ་པ་མཚན་ཉིད་བྲལ་བ་སྟེ། །རྣམ་པ་མེད་པ་དེ་ནས་ཤེས། །ཞེས་གསུངས། བརྟག་གཉིས་ལས། སྣ་ཚོགས་དང་པོ་དགའ་བ་ཉིད། །རྣམ་སྨིན་ལས་ནི་མཆོག་དགའ་དང་། །རྣམ་ཉེད་དགའ་བྲལ་དགའ་བ་སྟེ། །མཚན་བྲལ་ལྷན་ཅིག་སྐྱེས་དགའོ། །ཞེས་དང་། དགའ་བའི་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བ་དེ་ལས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་གསུངས། དེ་ཡང་། དགའ་བྲལ་གྱི་སྐད་དོད་བ་རཱི་མ་ཞེས་རྒྱ་དཔེར་ཡོད་པ། ལོ་ཙཱ་བས། རཱ་མ་དགའ་བ་དང་། བི་གག་ཚིག་ཏུ་བྱས་ནས་དགའ་བྲལ་དུ་བསྒྱུར་བ་ནོངས་ཤིང་། བི་ཁྱད་པར་གྱི་དོན་ཡིན་པས་ཁྱད་པར་གྱི་དགའ་བར་བསྒྱུར་བ་ལེགས་པ་སྟེ། ཚིག་གི་རྣམ་པ་མི་འདྲ་ཡང་དོན་ལ་ཁྱད་པར་མེད་དོ། །གསང་བའི་སྣ་རྩེར་ཕབ་པའི་དེ་མ་ཐག་ཏུ་འོག་རླུང་ཡར་འཐེན་བཞིན་པའི་ངང་ནས། སྟེང་རླུང་ཤུགས་རྫོགས་པར་དྲངས་ཏེ་ལྟེ་བར་བསྲེས། འོག་རླུང་ཤུགས་རྫོགས་པར་གནོན། ཡིད་ཕཊ྄་ཀྱིས་བུ་ག་དམ་པོར་བཀག་པར་མོས་པས་འཛིན་པར་བྱའོ། །དེ་ཡང་། ཨིནྡྲ་བྷཱུ་ཏིས། དངོས་གྲུབ་ཀུན་གྱི་རྟེན་གྱུར་པ། །བྱང་ཆུབ་སེམས་ནི་ཉམས་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་ཞིང་། །མ་སྨད་དངོས་གྲུབ་ག་ལ་ཡོད། །ཅེས་གསུངས་པས། བྱང་སེམས་མ་ཉམས་པར་བསྲུང་བ་ལ་འབད་པར་བྱའོ། །གསུམ་པ་ནི། ཡིད་ཀྱིས་དབུ་མའི་ནང་གི་བྱང་སེམས་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། སྤྱི་བོའི་འཁོར་ལོར་རིམ་པ་བཞིན་དྲངས་པར་མོས་ཏེ། ཤེས་རབ་མ་ལ་དམ་འཁྱུད་ནས། །མདུན་རླུང་མནན་ཞིང་རྒྱབ་རླུང་དྲང་། །གླང་ཆེན་ཧིང་དང་སྟག་མོའི་དིར། །གཅན་གཟན་སྐྱུག་དང་བཞད་ཚུལ་གྱིས། །ཧིང་ཧཱུྃ་ཧག་དང་ཧིག་གི་སྒྲས། །ལྟེ་བ་སྙིང་ག་མགྲིན་པ་དང་། །སྤྱི་བོའི་འཁོར་ལོར་རིམ་བཞིན་དྲངས། །བཟློག་པའོ། །དེ་ནས་ལུས་ཀྱི་རྩ་གནས་ཐམས་ཅད་དུ་རླུང་གིས་ཐིག་ལེ་ཁྲིད་པར་མོས་ཏེ། །སྟེང་རླུང་མནན་ཅིང་འོག་རླུང་བསྡམ། །རྣམ་རོལ་བུ་ཆུང་སྦག་བཞི་གཅུད། །གཡང་སྤྲུགས་རྨྱོང་དང་ཉ་མོའི་རྡེབ། །ཁྱུང་གི་འཕར་བས་རྩིགས་མ་དབབ། །ཁྱབ་པར་བྱ་བའོ། །གཉིས་པ་ནི། ཤེས་རབ་མའི་དྭངས་མ་འབབ་པའི་དུས་སུ། དར་གྱི་འབོལ་རྡོ་སྙིམ་པ་ཙམ་གཉིས། དེ་སྒུར་བའི་མཁལ་ཁུང་གཉིས་སུ་བཅུག སྟེང་དུ་སྒ་ལེབ་ལྟ་བུའི་ཤིང་གིས་ནན་པ་རན་པར་བསྡམ། དེ་ནས་གན་རྐྱལ་བའི་སྲིན་པོའི་སྒོར་ཤོ་མང་རྩ་བའམ། རྩངས་གཞུག་ཅན་འཇམ་པར་བྱས་པས་རིམ་གྱིས་ཡར་བསྡིགས་པས། གསང་གནས་འབུལ་གྱིས་འབྱུང་ཞིང་། གསང་རྩ་དེ་ཉིད་ནར་གྱིས་འབྱུང་ལ། དེ་ཡང་ཕྲ་བ། མཁྲང་བ། རིང་བ་བཟང་། བཟློག་ན་ངན། སྦོམ་པའམ། མ་རྙེད་ན་པདྨ་དཀར་པོའི་རྩ་བ། སྦྲང་རྩི། ཀ་ར་ཞིབ་ཏུ་བཏགས། ར་ཀར་མོའི་འོ་མ་ལ་སྦྱར་ནས། སོར་མོ་གསུམ་ལ་བསྐུས་ལ། གསང་གནས་བྱུགས་པས་ཕྲ་བ་དང་ངེས་པར་རྙེད་པར་འགྱུར་རོ། །དེ་ནས་པདྨའི་རྩ་བ་ལྟར་ཕྲ་བ། ཁབ་ཀྱི་རྩེ་མོ་ལྟར་རྣོ་བ། རལ་གྲིའི་སོ་ལྟར་གཅོད་པ། མེ་ལོང་གི་ངོས་ལྟར་འཇམ་པ་དེ་ཉིད། རྡོ་རྗེའི་བུ་གར་བཅུག་སྟེ། དལ་བུར་མནན་ནས་བསྐྱོད་པས་དཀར་དམར་གྱི་ཐིག་ལེ་གསང་བའི་སྣ་རྩེར་འཛོམ། ཐིག་ལེ་དམར་པོས་མ་དག་པའི་སྙིགས་མ་སྦྱངས་དེའི་དྲོད་ཀྱིས་དྷཱུ་ཏཱིའི་སྒོ་བྱེ། ཉི་ཟླའི་ཐིག་ལེ་སྒྲ་གཅན་གྱི་རླུང་གིས་ཟིན་པས་གཉིས་སུ་མི་ཕྱེད་པར་གྱུར། ལས་རླུང་ཕལ་ཆེར་རླུང་གི་རླུང་ལ་ཐིམ་པར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་། ཞེ་སྡང་གི་ཀུན་རྟོག་ནུབ། སྟོང་པའམ། སྣང་བའི་གནས་སྐབས། ནམ་མཁའ་དྲི་མེད་ལ་ཁྱབ་པའི་ཟླ་བའི་འོད་ཟེར་ལྟ་བུ། འདོད་ཆགས་ཀྱི་ཀུན་རྟོག་ནུབ། ཤིན་ཏུ་སྟོང་པའམ། མཆེད་པ་ཉི་མའི་འོད་ཟེར་ལྟ་བུ། གཏི་མུག་གི་ཀུན་རྟོག་ནུབ། སྟོང་པ་ཆེན་པོའམ། སྣང་བ་ཉེར་ཐོབ། ནམ་མཁའ་དྲི་མེད་ལ་མུན་པའི་དྭངས་མས་ཁྱབ་པ་ལྟ་བུ། གཟུང་འཛིན་གྱི་མུན་པ་ཀུན་དང་བྲལ་བའི་སྐད་ཅིག་ལ་རྟག་ཏུ་སྣང་བའི་མཚན་ཉིད་ཐམས་ཅད་སྟོང་པའམ། འོད་གསལ་མ་བཅོས་པའི་ངོ་བོ་ཇི་ལྟ་བ་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་། །དབང་པོ་འབྲིང་ལ་ཐིམ་རིམ་གང་རུང་གཅིག་གི་རྗེས་སུ་འཆར་ཞིང་། རབ་ལ་ནི་ཐིམ་རིམ་གྱི་ངེས་པ་མི་འབྱུང་བར་དང་པོ་ཉིད་ནས་འཆར་རོ། །བསམ་མི་ཁྱབ་ལས། ཉི་ཟླ་གཟའ་ཡིས་ཟིན་པ་ན། །ཤེས་རབ་རྡོ་རྗེའི་སྦྱོར་བ་ལས། །ཞུ་བ་གཉིས་མེད་ཡེ་ཤེས་ཀྱི། །སྐྱེ་བ་འདི་ནི་སངས་རྒྱས་ཉིད། །ཅེས་གསུངས། གསུམ་པ་ནི། དེ་ལྟར་འོད་གསལ་མངོན་དུ་བྱས་པའི་རང་རིག་བདག་པོར་གྱུར་པས། ཐིག་ལེ་འཛག་མེད་དུ་འཆིངས་ནས། མས་བརྟན་གྱི་དགའ་བ་བཞིའི་རིམ་པས། ལྟེ་བར་སླེབ། བདེ་སྟོང་གི་ཏིང་ངེ་འཛིན་གྱིས་བདག་རྒྱུད་ལ་ཁྱབ། སྙིང་གར་སོན། སྣང་བའི་དངོས་པོ་བདེ་སྟོང་ཟུང་འཇུག་ཏུ་ཤར། མགྲིན་པར་སོན། མྱ་ངན་འདས་པའི་ཆོས་ཐམས་ཅད་བདེ་སྟོང་ཟུང་འཇུག་ཏུ་ཤར། སྤྱི་བོར་སོན། འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤར། དང་པོས་ལུས་བཅུ་དྲུག་པའི་ལང་ཚོར་འགྱུར་སྐྲ་དཀར་དང་གཉེར་མ་མེད། མདངས་བཀྲག་མཆོག་ཏུ་གྱུར། གཉིས་པའི་དུས་ཐལ་གོང་རྒྱས། སྲིད་མེད་ཀྱི་བུའི་སྟོབས་དང་ལྡན། དེ་ཡང་། སྤོས་ཀྱི་གླང་པོ་དང་། ཚན་པོ་ཆེ་དང་། རབ་གནོན་དང་། ཡན་ལག་མཆོག་དང་། སྟོབས་མཆོག་གི་སྟོབས་རྣམས་བཅུ་འགྱུར་དུ་བསྒྲེས་པ་དང་མཉམ་མོ། །གསུམ་པའི་དུས་ལྕེ་འཕེལ་ཏེ་མཛོད་སྤུར་སླེབ། ལྕེའུ་ཆུང་གི་བདུད་རྩི་འཛག བཞི་པའི་དུས་འཆི་མེད་ཀྱི་ཚེ་འགྲུབ། མཐའ་ཡས་པའི་རྫུ་འཕྲུལ་ལ་དབང་འབྱོར་བ་ཡིན་ནོ། །དེ་ལྟར་མཆོག་གི་ཕོ་ཉ་མོ་དང་སྙོམས་པར་ཞུགས་པས་ཐབས་ཀྱི་རིགས་བདག་གི་ཁར་ཐིག་ལེའི་དྭངས་མ་མངོན་དུ་བྱས་པ་ཟླ་བ་མེ་ལོང་ལྟ་བུ། ཤེས་རབ་ཀྱི་རྩ་མཛེས་མའི་སྤྱི་བོར་རཀྟའི་དྭངས་མ་མངོན་དུ་བྱས་པས་ཉི་མ་མཉམ་པ་ཉིད། རླུང་སེམས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་སོར་རྟོག གཅིག་ཏུ་འདྲེས་པ་ནན་ཏན། དབུ་མར་ཐིམ་ནས་གཙུག་ཏོར་མཆོག་གྲུབ་པའི་ཚེ་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པ་གནས་གྱུར་པའི་སྐུ་དང་ཡེ་ཤེས་མ་ལུས་པ་མངོན་དུ་མཛད་པ་ཆོས་དབྱིངས་ཏེ། དེ་ལྟར་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། འཁོར་བ་ཇི་སྲིད་དུ་བཞུགས་ནས་སེམས་ཅན་གྱི་དོན་མཛད་དོ། །དེ་ཡང་གཞུང་ལས། དེ་ནས་གཉིས་གཉིས་སྤྲོད་དགར་འགྱུར། །ཆོས་དབྱིངས་རྒྱལ་མཚན་ཀུན་སྦྱོར་བས། །དགའ་བ་འཛག་པ་ཕུན་ཚོགས་ཀྱིས། །ཡང་དག་རིག་པ་ཀུན་དགའི་ཚོགས། །བརླན་པ་གང་ཡིན་འཆར་པར་འགྱུར། །ཞེས་སོ། །གཉིས་པ་ཆོས་ཀྱི་ཕྱག་རྒྱ་ལ། ལུས་ངག་སྦྱང་བ་གནད་ལ་དབབ་པའི་སྦྱོར་བ། སེམས་ཀྱི་རྒྱུད་སྦྱང་བ་ཏིང་ངེ་འཛིན་གཉིས་ལས། དང་པོ་ནི། རྐང་པ་རྡོར་སྐྱིལ། སྒལ་ཚིག་བསྲང་། ཐལ་གོང་དགྱེ། མཉམ་བཞག་ལྟེ་འོག་ཏུ་གཅུན། ཨོག་མདུད་མནན། ལྕེ་ཡར་རྐན་ལ་སྦྱར། མིག་སྣ་རྩེའི་ཐད་ཀྱི་ནམ་མཁའ་ལ་མ་འགྱུར་བར་བལྟ་བ་ལུས་གནད་ལ་དབབ། རླུང་རོ་ལན་གསུམ་བསལ། སྟེང་མནན། འོག་བསྡམས་པའི་རླུང་སྦྱོར་ཅི་རིགས་པས་ངག་གནད་ལ་དབབ་བོ། །གཉིས་པ་ལ། བདེ་བ་ཆེན་བོའི་ཞི་གནས་ཀྱིས་དཔུང་བསྐྱེད་པ་འགོག་པ་མེད་པའི་ལྷག་མཐོང་གིས་རྩལ་སྦྱོང་ལ། ཐོགས་པ་མེད་པའི་སྤྱོད་པས་མཉམ་པ་ཉིད་ཀྱི་ཀློང་དུ་འཇུག་པ་གསུམ་ལས། དང་པོ་ནི། སྔོན་ཉམས་སུ་མྱོང་བའི་བདེ་བ་དེ་ཇི་ལྟ་བུ་ཞིག་ཅེས་རང་གི་སེམས་ལ་སོ་སོར་བརྟག་ནས། དེའི་རྗེས་ལ་སེམས་དེ་ཡང་རྣམ་པར་རྟོག་པའི་རླུང་ཚུབ་ཀྱིས་མི་བསྒུལ་ཞིང་། ལུས་ངག་ལ་འབད་པ་མེད་པ་སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་མི་ཟད་པའི་ཟ་མ་ཏོག་བསམ་གྱིས་མི་ཁྱབ་པའི་དབྱིངས་བླ་ལྷག་མེད་པའི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ངང་དུ་མཉམ་པར་བཞག་པར་བྱའོ། །གལ་ཏེ་བྱིང་ན་ཤེས་པ་གཟེངས་བསྟོད་དེ་ནམ་མཁའི་དབྱིངས་སུ་བཏང་། རྒོད་ན་རིག་པ་གཉའ་བཅག་སྟེ་རྒྱ་མཚོའི་གཏིང་དུ་སྦ། རྨུགས་ན་ཤེས་པ་ངར་བཏོན་ནས་ཡུལ་སྣ་ཚོགས་པའི་སྟེང་དུ་བསྐྱུར་རོ། །གཉིས་པ་ནི། རྣམ་པར་རྟོག་པའི་མཚན་མའི་འདུ་ཤེས་ཐམས་ཅད་ཟིལ་གྱིས་ནོན་ནས་དོགས་པ་མེད་པར་གནས་པའི་ཚེ། གཞན་དུ་དངོས་པོར་ལྟ་བ་རྣམས་བདག་མེད་པ་ལ་འཛུད་པ་ཙམ་ཞིག་ཡིད་ལ་བྱས་པས། ནམ་མཁའ་དག་པའི་དབྱིངས་ལས་སྤྲིན་བྱུང་བ་དེ་ཉིད་དུ་ཐིམ་པའམ། ཆུ་ཀླུང་ཡོངས་སུ་དྭངས་པ་ལས་ཉ་འཕར་བ་རང་སར་ཞི་བ་བཞིན་དུ་རྣམ་པ་དང་བཅས་པའི་སེམས་ལ་བལྟས་པས་བདག་ཏུ་ལྟ་བའི་དྲི་མ་མ་ལུས་པ་དེ་ཉིད་དུ་དག་པར་འགྱུར་རོ། །གསུམ་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་མེ་དང་འདྲ་བ། སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་རླུང་དང་འདྲ་བ། དེ་བཞིན་ཉིད་དམིགས་ཀྱི་རང་བཞིན་ཆུ་དང་འདྲ་བ། ལྷན་ཅིག་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ནམ་མཁའ་འདྲ་བའི་རྣལ་འབྱོར་ལ་མི་གནས་པར་གནས་པའི་ཚུལ་ལ་ཡུན་རིང་དུ་གོམས་པའི་རྐྱེན་གྱིས་མི་མཐུན་པའི་རྣམ་པར་རྟོག་པ་དང་། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་དང་། དེ་ཁོ་ན་ཉིད་ཀྱི་རྣམ་པར་རྟོག་པ་དང་། འབྲས་བུའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ། དུས་གསུམ་མཉམ་པ་ཉིད་ཀྱི་གོ་འཕང་ཐོབ་ནས། གང་ཅི་ལ་ཡང་གནས་པར་མི་འགྱུར་རོ། །གཞུང་ལས། དེ་ནི་རྒྱ་ཆེ་ཡིད་བྱེད་པ། །སྤྲོ་བ་ཡིད་ནི་འདུ་བྱེད་རྒྱུན། །རྟག་ཏུ་སྒོམ་བྱ་དེ་ལྟ་བུར། །གནས་ཀུན་རྗེས་སུ་དྲན་པར་བྱ། །ཞེས་སོ། །གསུམ་པ་ཕྱག་རྒྱ་ཆེན་པོ་ལ། ལུས་བྱེད་ཆིངས་ལ་བརྟེན་པ། མིག་ལྟ་སྟངས་ལ་བརྟེན་པ། སེམས་རྡོ་རྗེའི་རྣལ་འབྱོར་ལ་བརྟེན་པ་གསུམ་ལས། དང་པོ་ནི། མུན་པའི་ཁང་པ་ཡིད་དང་རྗེས་སུ་མཐུན་པར། བདེ་བའི་སྟན་ལ་ལུས་གནད་གཞན་གོང་བཞིན་ལས། རྡོ་རྗེ་ཁུ་ཚུར་བརླ་ཁུགས་སུ་བཙུགས་གྲུ་མོས་སྟོད་གཅུན་པའོ། །གཉིས་པ་ནི། རྡོ་རྗེ་གཙུག་ཏོར་གྱི་ལྟ་སྟངས་གྱེན་ལ་དྲག་པོ་གཅུད་པའོ། །གསུམ་པ་ནི། རང་ཉིད་མཆོག་གི་བསྐྱེད་པའི་རིམ་པར་བཤད་པ་ལྟར་གྱིས་བཅོམ་ལྡན་འདས་ཡབ་ཡུམ་དུ་བལྟས་པ། སྣ་ཚོགས་པདྨ་འཇིགས་བྱེད་མཚན་མོ་དང་། །མཛེས་མ་བདག་པོ་དེ་བཞིན་གཤེགས་ལྔ་འོག །ལུས་དང་ཡན་ལག་མཆོག་དང་འོད་ཟེར་དཀར་དང་ཐིག་ལེ་སྒྲ། །འདི་རྣམས་འཇུག་པ་མེད་པའི་གནས་སུ་རིམ་གྱིས་གཞུག །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ནས་ཟད་གྱུར་པ། །དེ་བཞིན་ཡང་ཡང་རྣལ་འབྱོར་པ། །ཡང་དག་མཐའ་ལའང་རབ་ཏུ་འཇུག །ཅེས་གསུངས་པས། རྗེས་སུ་གཞིག་པའི་རྣལ་འབྱོར་གྱིས་འཛིན་པར་བྱེད་པ་དབང་པོ་དྲུག གཟུང་བ་ཡུལ་དྲུག འཛིན་པ་དབང་པོའི་ཤེས་པ་དྲུག་བསྡུས་ནས་ཤེས་པ་རང་རིག་གིས་རང་བཞིན་དུ་གྱུར་པ་འཛིན་པའི་སེམས་དང་། ཤེས་བྱ་ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་པའི་གཟུང་བའི་སེམས་རོ་མཉམ་པ་ཉིད་ཀྱི་མཉམ་པས་ཡང་དག་པའི་མཐའ་ལ་མཉམ་པར་བཞག་པར་བྱའོ། །དེ་ལྟར་མཉམ་པར་བཞག་པས་འདོད་པ་དང་གཟུགས་དང་། གཟུགས་མེད་པའི་སྲིད་པ་མ་ལུས་པའི་འཆིང་བ་ཐམས་ཅད་རང་སར་གྲོལ་ནས། ཐམས་ཅད་ཀྱང་རང་གི་སེམས་དང་ལྷན་ཅིག་པར་ཐབས་མི་འགྱུར་བའི་བདེ་བ་ཆེན་པོ་ལ། ཀུན་ནས་ཕྱག་དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་སྙན་ལྡན་འཇིག་རྟེན་ན། །ཐམས་ཅད་ཀུན་ཏུ་གཡོག་ནས་བཞུགས། །ཞེས་གསུངས་པའི་མཚན་ཉིད་ཅན་གྱིས་ཤེས་རབ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གཞོན་ནུ་མས་མེ་ལོང་ལ་པྲ་ཕབ་པ་ལྟ་བུའི་སྣང་བས། ཟླ་བ་ལ་ཟླ་བའི་འོད་ཀྱིས་བཞིན་འཁྱུད་པ། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་བདག་ཉིད་གཅིག་ཏུ་འཆར་བ་ཡིན་ནོ། །གཞུང་ལས། ཐམས་ཅད་ཁྱབ་པ་སྣང་བྱེད་པ། །གཅིག་ཏུ་སྙིང་རྗེའི་ཉམས་ཀྱིས་ཡིད། །འབབ་པར་གྱུར་པའི་སྟོང་པ་ཉིད། །འདི་ནི་སྐད་ཅིག་གིས་འཁྱུད་འགྱུར། །གང་དེ་བདེ་བ་འཛིན་པ་ཡི། །སྙིང་རྗེ་ཡེ་ཤེས་ཡི་གེ་སྟེ། །སྟོང་ཉིད་པྲ་ཏི་སེ་ན་བཞིན། །དངོས་པོ་ཀུན་ལ་མཐོང་བ་སྟེ། །ཞེས་པས་སོ། བཞི་པ་དམ་ཚིག་གི་ཕྱག་རྒྱ་ནི། མེ་ལོང་ལ་གོས་པའི་ཁ་རླངས་འདུས་པ་ལྟ་བུས་རྗེས་སུ་གཞིག་པའི་རིམ་པས། ས་བཅུ་དབང་ཕྱུག་གི་སྒྱུ་མ་ལྟ་བུའི་ལུས། ས་བཅུ་གཅིག་པར་སྒྲིབ་པ་དང་བཅས་པའི་རྟེན་ཡོངས་སུ་གྱུར་པའི་ངོ་བོ་འོད་གསལ་བར་བཞུགས་པ་འདི་རབ་ཏུ་བསྟན་ནོ། །དེ་ནས་རྣམ་པར་རྟོག་པའི་དྲ་བ་བག་ཆགས་དང་བཅས་པ་དྲུངས་ཕྱུང་བར་གྱུར་པ། སྤྲོས་པ་ཐམས་ཅད་ཀྱི་དབེན་པའི་བདག་ཉིད་ཅན། བདེ་བ་ཆེན་པོའི་རང་བཞིན། སྙིང་རྗེ་ཆེན་པོའི་ངོ་བོ་ལས། །གདུལ་བྱའི་འགྲོ་བའི་བསོད་ནམས་དང་། །རང་གི་སྨོན་ལམ་གྱིས་སྟོབས་ཀྱིས། །སྐད་ཅིག་ཉིད་ལས་དེ་ལྟ་བུའི་བདེ་མཆོག་གི་བདག་ཉིད། ཟུང་དུ་འཇུག་པའི་ལོངས་སྤྱོད་རྫོགས་པའི་སྐུ། མཐའ་ཡས་ཤིང་སྣ་ཚོགས་པའི་སྤྲུལ་པའི་ཚོགས་ཀྱི་ནམ་མཁའི་ཁོངས་འགེངས་པས་གཞན་གྱི་དོན་ཡང་དག་པ་བསྒྲུབ་པ་འཆར་རོ། །དེ་ཡང་གཞུང་ལས། འདི་ནི་ངོ་བོ་ཉིད་ཀྱི་སྐུ། །སྟོང་ཉིད་ཐུགས་རྗེའི་བདག་ཉིད་དོ། །མ་ནིང་ཞེས་ཀྱང་གྲགས་པ་ཡིན། །ལ་ལར་ཟུང་འཇུག་ཅེས་བཤད་དོ། །སྒྲིབ་པ་མེད་པའི་ཆོས་ཀྱིས་ནི། །ཕུང་པོ་ལ་སོགས་འདི་ལ་གནས། །རྟེན་དང་བརྟེན་པའི་མཚན་ཉིད་ཀྱིས། །དཀྱིལ་འཁོར་ཐམས་ཅད་འདི་ཉིད་དོན། །ཞེས་གསུངས་སོ། །སྐྱེ་བ་སྐྱེ་བར་རྡོ་རྗེ་སློབ་དཔོན་གྱིས། །ཞབས་སེན་མཆོད་པའི་གུས་པ་མི་ལྷོད་པ། །ཚེ་འདིར་སྦྱངས་ཡུན་ཁོ་བོ་མི་རིང་སྟེ། །མདོ་རྒྱུད་དོན་རྣམས་ལག་མཐིལ་སྤུ་བཞིན་མཐོང་། །ངེས་དོན་རིན་ཆེན་བརྟག་ལ་མཁས་རྣམས་ཡིད། །རྒྱུད་སྡེ་རྒྱ་མཚོའི་ཀློང་ནས་མན་ངག་གི །ཡིད་བཞིན་ནོར་བུ་ལེན་པའི་དགའ་བ་ཙམ། །ཐ་སྙད་ཉ་རྒྱའི་དབང་སོང་རྣམས་ལ་ཅི། །སྐལ་ལྡན་སྔོ་བསངས་མ་ཡི་དགའ་སྟོན་དུ། །རིམ་གཉིས་ཟླ་ཉིའི་འོད་ཟེར་འདི་གྱུར་པས། །མཆོག་གི་ས་ཡང་ཇི་བཞིན་སྣང་བ་ཡི། །བདེ་ལེགས་དམ་པས་ཀུན་ཏུ་ཤིས་པར་ཤོག །ལྷན་ཅིག་སྐྱེས་པ་བདེ་བ་མཆོག་གི་སྒྲུབ་པའི་ཐབས་རིམ་པ་གཉིས་པ་འདི། ཞིང་སྐྱོང་གི་མཁའ་འགྲོའི་མདུན་ས། དེ་ཝི་གོ་ཊར། ཡུལ་ཤར་ཕྱོགས་ཀྱིས་ལྗོངས་སུ་བྱུང་བའི། རིག་པ་འཛིན་པ་པདྨ་དཀར་པོས་རྡོ་རྗེ་དྲིལ་བུ་པ་དང་ཨ་བྷ་ཡཱ་ཀ་རའི་གཞུང་བཞིན་དུ་སྦྱར་བའོ། །མདྒ་ལཾ།། །།


previousདྲིལ་བུ་པའི་བདེ་མཆོག་གི་སྒྲུབ་ཐབས་རིམ་པ་གཉིས་པ།next