Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཀྱེའི་རྡོ་རྗེའི་སྤྱི་དོན་གྲུབ་པའི་ཡིད་འཕྲོག།
   
   
   


 
previousདཔལ་ཀྱེའི་རྡོ་རྗེའི་སྤྱི་དོན་གྲུབ་པའི་ཡིད་འཕྲོག།next

དཔལ་ཀྱེའི་རྡོ་རྗེའི་སྤྱི་དོན་གྲུབ་པའི་ཡིད་འཕྲོག།

དཔལ་ཀྱེའི་རྡོ་རྗེའི་སྤྱི་དོན་གྲུབ་པའི་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ། །སེམས་ཀྱི་མེ་ལོང་སྒྲིབ་གཉིས་རྙོག་བྲལ་བར། །ཆོས་ཀུན་གཟིགས་ཀྱིན་འགྲོ་ལ་སྙིང་རྗེ་བས། །མི་ཟད་རྒྱན་གྱི་འཁོར་ལོའི་གར་བསྒྱུར་པའི། །ངག་དབང་ཆོས་ཀྱི་རྗེ་དེ་ཕྱག་བྱའི་གནས། །ཨེ་མ་གང་གིས་སྩལ་བ་ཡི། །ཟབ་མོའི་བདུད་རྩིས་ངོམས་པ་ན། །རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྡེ། །མ་ལུས་དེ་ཡི་སྙིང་ལ་གཞོལ། །བགྲོད་པ་གཅིག་པའི་ལམ་གྱི་གསང་། །དེ་ཞལ་ནས་འོངས་དབང་རྣོན་ལ། །སྐལ་བཟང་མཛད་དེ་བདག་ཀྱང་ནི། །གསལ་བར་བྱེད་པར་དད་པ་སྐྱེས། །འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་སྙིང་པོ་ཞེས་གྲགས་པའི་སྤྲུལ་པའི་སྐུ་རྗེ་བཙུན་མར་པ་ཆེན་པོ་ཆོས་ཀྱི་བློ་གྲོས་ཀྱིས་བཤད་པའི་སྲོལ་མཚུངས་པ་མེད་པ་བཏོད་པ་ལ་ཞུགས་ནས། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པ་འདི་བཤད་པ་ལ་གཉིས་ཏེ། དགྱེས་པ་རྡོ་རྗེའི་རྒྱུད་སྤྱིའི་ཆིངས། ཁྱད་པར་རྩ་བའི་རྒྱུད་དེ་ཉིད་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། རྩ་བའི་རྒྱུད། བསྡུས་པའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མའི་རྒྱུད། བཤད་པའི་རྒྱུད། སྙིང་པོའི་རྒྱུད། འབྲས་བུའི་རྒྱུད་དང་བདུན། རྩ་བའི་རྒྱུད་ནི་རྒྱས་པ་འབུམ་ཕྲག་བདུན་པ། འབྲིང་པོ་འབུམ་ཕྲག་ལྔ་པ། བསྡུས་པ་མངོན་པར་བརྗོད་པ་འབུམ་པ་སྟེ་གསུམ་ཡིན་པར་ཡང་། ཡེ་ཤེས་ཐིག་ལེ་ལས། ཇི་ལྟར་རྒྱུད་ཀྱི་རིམ་པ་བཞུགས། །དཔལ་དང་ལྡན་པའི་རིགས་ཆེན་རྒྱུད། །འབུམ་བདུན་གྱི་ནི་མཚན་ཞེས་བྱ། །དེ་ནི་གཙོ་བོའི་རྩ་བའི་རྒྱུད། །སྐུ་བདག་བདག་ཉིད་རབ་ཀྱི་མཆོག །དེ་བརྟག་ཀྱེ་ཡི་རྡོ་རྗེ་ནི། །འབུམ་ལྔ་ཡི་ནི་མཚན་ཞེས་བྱ། །ཞེས་གསུངས་པ་དང་། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་རྣམས་ཀྱིས་ཀྱེ་ཡི་རྡོ་རྗེ་ཉུང་ངུའི་རྒྱུད་འདི་རུ་དང་ཆེས་ཆེར་གསལ་བ་གང་། སྔོན་དུ་འབུམ་ཕྲག་ལྔ་པོ་རྣམས་ཀྱིས་དང་པོའི་རྒྱུད་ཚོགས་སུ་ཡང་ཚིགས་བཅད་བརྒྱ་ཕྲག་གཅིག སྟོང་གིས་བསྒྱུར་བ་རྣམས་ཀྱིས་མངོན་པར་བརྗོད་པ་འབུམ་པ་དང་ཡང་རྒྱུད་ཀྱི་རྒྱལ་པོའི་ཚོགས། གཞན་དུའང་མི་རྣམས་ལ་ནི་རྒྱལ་བས་བསྟན་པ་མཛད་འདི་འགྲེལ་པ་རྣམས་ཀྱི་དོན་རྟོགས་སོ། །ཞེས་པ་བཞིན། གུར་ལས་ཀྱང་། མཁའ་འགྲོ་མ་ཡི་རྡོ་རྗེ་གུར། །འབུམ་ལྔ་དག་ཏུ་ངེས་བསྡུས་དང་། །མཐའ་ཡས་རྒྱུད་དུ་རྣམ་པར་ཕྱེ། །ཞེས་སོ། །བརྟག་པ་བར་མའི་མིང་ཡང་། འདི་ཉིད་དུ། རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །བརྟག་པའི་རྒྱལ་པོ་དང་པོ་ཉིད། །སྒྱུ་མའི་བརྟག་པ་གཉིས་པ་སྟེ། །རྡོ་རྗེ་གར་ནི་གསུམ་པའོ། །ཞེས་ནས། གར་གྱི་དབང་ཕྱུག་བརྟག་པ་ནི། །སུམ་ཅུར་གཅིག་གིས་མ་ཚང་དང་། །ཞེས་པས་གསུངས་ལ། བརྟག་པ་སུམ་ཅུ་པ་ཡང་བཤད། །སྟོང་ཕྲག་སུམ་ཅུའི་གྲངས་ཀྱིས་ནི། །མཁའ་འགྲོ་མཁའ་འགྲོ་མ་རྣམས་ཀྱི། །ཞེས་པས་ལྷག་མ་གསུམ་བསྟན་ཏེ། ཕྱག་ཆེན་ཐིག་ལེའི་འགྲེལ་པར། སུམ་ཅུ་པ་ནི་ཕྱག་ན་རྡོ་རྗེའི་བརྟག་པ། སོ་གཅིག་པ་ནི་མཁའ་འགྲོའི་བརྟག་པ། སོ་གཉིས་པ་ནི་མཁའ་འགྲོ་མའི་བརྟག་པ་ཞེས་འབྱུང་བའི་ཕྱིར་རོ། །སྟོང་ཕྲག་སུམ་ཅུ་ཡང་ལེའུ་མ་ཡིན་ཏེ། མཁའ་འགྲོ་དང་མཁའ་འགྲོ་མའི་བརྟག་པའི་གཞུང་ཚད་དུ་འོག་ནས་གསུངས་པ་ཉིད་དོ། །དེར་རྗོད་བྱེད་ཅི་ཙམ་གྱིས་བརྗོད་ཅིང་སྟོན་པ་ཡང་། སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་འབུམ། །རྡོ་རྗེ་ཅན་གྱིས་དེ་བཞིན་འབུམ། །ཞེས་སོགས་ཀྱིས་གསུངས་སོ། །འགའ་ཞིག་འབུམ་ཕྲག་ལྔ་པ་ལ་བརྟག་པ་སུམ་ཅུ་ལས་མེད་ཅེས་སྨྲ་བ་ཡང་མི་འཐད་དེ་སྙིང་འགྲེལ་དུ། ཀྱེའི་རྡོ་རྗེ་རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་བརྟག་པ་ཆེན་པོ་སུམ་ཅུ་རྩ་གཉིས་པ་ལས་ཉུང་ངུའི་རྒྱུད་རྫོགས་པར་བྱང་ཆུབ་པ་དང་། སྒྱུ་འཕྲུལ་དྲ་བའི་མཚན་ཉིད་ཅན་གྱི་བརྟག་པ་གཉིས་པ་ལེའུ་ཉི་ཤུ་རྩ་གསུམ་གྱི་བདག་ཉིད་ཅན་ཕྱེད་དང་བཅས་པའི་བདུན་བརྒྱ་པའི་གཞུང་གི་ཚད་ཀྱིས་བསྡུས་པའི་རྒྱུད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཡང་དག་པར་བསྟན་ཏེ། ཞེས་གསུངས་པས་གནོད་ལ། འགའ་ཞིག་རྡོ་རྗེ་གུར་བརྟག་པ་སོ་གཉིས་པར་འདོད་པ་ཡང་མི་འཐད་དེ། འབུམ་ལྔ་དགྱེས་པའི་རྡོ་རྗེ་ལས། །སྙིང་པོ་འདི་ནི་ཡོངས་བསྡུས་པའོ། །ཞེས་འབུམ་ལྔ་གསུངས་ཚར་ནས་སླར་གུར་བསྡུས་ནས་བཤད་པའི་ཕྱིར་རོ། །སྙིང་འགྲེལ་དུ་བསྡུས་པའི་རྒྱུད་ཅེས་གསུངས་པ་ལ་འཁྲུལ་ནས། བརྟག་པ་གཉིས་པ་རྡོ་རྗེ་སྙིང་པོས་དུས་འཁོར་བསྡུས་རྒྱུད་བཞིན་དུ་བསྡུས་པར་འདོད་དོ་སྙམ་ནས་སྨྲ་བ་དང་། གུར་བཞིན་དུ་བཅོམ་ལྡན་འདས་ཉིད་ཀྱིས་འབུམ་ལྔའི་དོན་བསྡུས་ཏེ་ཕྱིན་ནས་གསུང་བར་འདོད་པ་དང་། བྷ་བ་བྷ་དྲ་ནི། དེ་ལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི། རྒྱུད་གཞན་ཉིད་དུ་གྱུར་པ་སྟེ་དགྱེས་པའི་རྡོ་རྗེ་ཆེན་པོ་ལས་ཕྱུང་བ་ནི་མ་ཡིན་ནོ། །ཞེས་འབུམ་ལྔའི་ཐོག་མ་གཉིས་དང་མི་མཐུན་པར་འདོད་པ་དག་ནི་མི་འཐད་དེ། སྙིང་འགྲེལ་དུ། དཔལ་ལྡན་རྡོ་རྗེ་སྙིང་པོ་ཡིས། །རྣལ་འབྱོར་པ་ཡི་ལམ་ཐོབ་ཆེད། །འབུམ་ཕྲག་ལྔ་ཡི་རྒྱུད་ཆེན་ལས། །ཉུང་ངུའི་རྒྱུད་འདི་ལེགས་ཕྱུང་བའང་། །ཞེས་ཕྱུང་རྒྱུད་དུ་བཤད་པ་དང་འགལ་བའི་ཕྱིར་རོ། །མེཉྫྱ་གླིང་པ་སྨད་ནས་ཕྱུང་བར་འདོད་པའང་འབུམ་ལྔའི་ལུང་དང་མི་མཐུན་པས་སོ། །རང་ལུགས་ཇི་ལྟར་འདོད་ཅན། འབུམ་ཕྲག་ལྔ་པ་དེའི་མདོར་བསྟན་གྱི་བརྟག་པ་དང་པོ་གཉིས་ཕྱུང་བ་ཡིན་པས་ཕྱུང་རྒྱུད་དང་། འབུམ་ཕྲག་ལྔ་པའི་བརྟག་པ་ལྷག་མ་དག་འདིའི་རྒྱས་བཤད་ཡིན་པས་དེ་དག་ལ་ལྟོས་ནས་བསྡུས་པའི་རྒྱུད་དུ་ཡང་འདོད་དོ། །གཉིས་པ་བསྡུས་པའི་རྒྱུད་ནི། དགྱེས་རྡོར་འབུམ་ལྔ་ལས་བསྡུས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཏེ། བརྟག་པ་གཉིས་པ་འདི་ལ་ལྟོས་ནས་བཤད་པའི་རྒྱུད་དུ་བཞག་གོ །གསུམ་པ་རྒྱུད་ཕྱི་མ་ནི་ཕྱག་ཆེན་ཐིག་ལེ་སྟེ། རྩ་བའི་རྒྱུད་དགྱེས་རྡོར་འབུམ་ལྔ་བསྟན་མ་ཐག་པའི་རྗེས་སུ་གཞན་མ་ཡིན་པའི་འཁོར་གྱི་དབུས་སུ་རྩ་བའི་དོན་གྱི་རྒྱུད་ཐམས་ཅད་རྣལ་འབྱོར་མའི་གཞུང་གིས་གསང་བ་ཆེན་པོའི་དོན་དེ་མ་ཐག་ཏུ་རྒྱས་བཏབ་པའི་ཕྱིར་གསུང་པས་སོ། །ཕྱི་མའི་ཕྱི་མ་དཔལ་ཡེ་ཤེས་སྙིང་པོ། བཤད་པའི་རྒྱུད་དཔལ་ཡེ་ཤེས་ཐིག་ལེ་དང་། ཐུན་མོང་པས་ནི་སམྤུ་ཊ་ཡང་གཟུང་ངོ་། །སྙིང་པོའི་རྒྱུད་ནི་གྲུབ་པ་ངེས་པར་སྟོན་པའི་ཐིག་ལེ་དང་། འབྲས་བུའི་རྒྱུད་ནི་དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའོ། །དིང་སང་། ཀྱེའི་རྡོ་རྗེ་བཤད་པ་ན་བདེ་མཆོག་ལ་སོགས་པ་ལུང་དྲངས་ཚེ་ཆོས་སྐད་རིགས་མི་མཐུན་པ་ཞིག་ཏུ་བསམས་ནས་བརྒྱལ་འགྲོ་བ་ལྟ་བུ་བྱེད་ཀྱིན་སྣང་སྟེ་རིགས་པར་མ་མཐོང་ངོ་། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སྙིང་པོས། ཀྱེ་ཡི་རྡོ་རྗེ་ཡིས་ནི་བདེ་མཆོག་འཁོར་ལོ་དང་ནི་གདན་བཞི་ཤེས་པར་བྱ། །ཀྱེ་ཡི་རྡོ་རྗེ་དང་ནི་བདེ་མཆོག་འཁོར་ལོ་ཉུང་ངུ་འདི་ནི་གདན་བཞིས་ཤེས་པར་བྱ། །མཆོག་གི་དང་པོའི་སངས་རྒྱས་ཚིག་དང་བདེ་མཆོག་ཆེན་པོས་ངེས་དོན་ཤེས་པར་བྱ། །དེ་ལ་སོགས་པའི་རྒྱུད་རྣམས་ནི། །རྒྱུད་གཞན་རྣམས་ཀྱིས་རྟག་ཏུ་ན། །བསྟན་དང་རྒྱས་བཤད་ཀྱིས་ཤེས་བྱ། །འགྲེལ་པས་ལམ་འདོད་རྣམས་ཀྱིས་སོ། །ཞེས་གསུངས་པས་སོ།། །། རྒྱུད་དེ་དག་ཀྱང་བདག་ཉིད་ཆེན་པོ་རྣམས་ཀྱི་འགྲེལ་པ་ལ་བརྟེན་ནས་ཤེས་པར་བྱ་དགོས་པས། འགྲེལ་བཇི་ཙམ་ཡོད་ཅེ་ན། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་འགྲེལ་པ་ཤློ་ཀ་སྟོང་ཕྲག་དྲུག་གི་བདག་ཉིད་ཅན། དུས་ཞབས་པས་རྒྱ་གར་དུ་གདན་དྲངས་མོད་ཀྱང་། དུས་འཁོར་བརྒྱུད་དང་འདིའི་ལེའུ་དྲུག་པ་མན་གྱི་འགྲེལ་པའི་དཔེ་མཁའ་འགྲོ་མས་སྦས་པས་མ་རྙེད་ཅེས་གྲགས་པ་དང་། འགོས་ཁུག་པ་ལྷ་བཙས་སོགས་འགྱུར་ལྔ་ལ་ལེའུ་ལྔ་པ་ཡན་ལས་མེད་དོ། །འབྲོ་འགྱུར་དུ་ཐམས་ཅད་བྱུང་སྟེ། རྔོག་མདོ་སྡེའི་ཞལ་སྔ་ནས། ལྷག་མ་དག་ནི་ཁ་ཆེ་རྡོ་རྗེ་སྙིང་པོ་མཛད་ཅེས་གསུངས་སོ། །གཞན་རྒྱ་གར་ནས་འགྱུར་བ་ལ། མཚོ་སྐྱེས་ཀྱི་དཀའ་འགྲེལ་པདྨ་ཅན། བྷ་བ་བྷ་དྲའི་རྣམ་འགྲེལ། ནག་པོ་པའི་དཀའ་འགྲེལ་རིན་ཆེན་འཕྲེང་བ། དྷཾ་ཀ་དཱ་ཤའི་ཁ་སྦྱོར་དྲི་མེད། མི་ཐུབ་ཟླ་བའི་ཀུ་མུ་ཏི། ཇོ་བོ་ནཱ་རོ་པའི་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པ། ནག་པོ་ཆུང་བའི་དཀའ་འགྲེལ་དྲན་པའི་འབྱུང་གནས། པདྨ་མྱུ་གུའི་འགྲེལ་བཤད། ཤཱནྟི་པའི་མུ་ཏིག་འཕྲེང་བ། ཀཱ་མ་དྷེ་ནུའི་དཀའ་འགྲེལ་རྡོ་རྗེའི་ཚིག་བཏུ། འགྲེལ་པ་དོན་བསྡུས་ཏེ་བཅུ་གཉིས། དེའི་སྟེང་དུ་བསྡུས་རྒྱུད་ལ་སོགས་པའི་འགྲེལ་པ་བསྣན་པས་རྒྱུད་འགྲེལ་སུམ་ཅུ་རྩ་ལྔ། ཡབ་ཀྱི་ཡིག་སྣ་གྱ་གཅིག ཡུམ་སྐོར་བཅོ་བརྒྱད། གུར་ལ་བཅུ་དང་། ཐིག་ལེ་སྐོར་ལ་བཅོ་ལྔ་སྟེ། དྲིལ་བས་བརྒྱ་དང་ལྔ་བཅུ་རྩ་དགུ་ཙམ་བསྟན་འགྱུར་དུ་བཞུགས་པར་སྣང་ལ། སྙན་རྒྱུད་ཀྱི་གདམས་པ་དག་ནི་རྙེད་པར་དཀའ་བའི་ཕྱིར་ཕལ་མོ་ཆེ་དེ་ནང་དུ་མ་མཆིས་སོ།། །། བོད་དུ། རྗེ་བཙུན་ཉིད་ཀྱིས་བརྟག་པ་དང་པོའི་ལེའུ་ལྔ་པ་ཡན་དང་། ལྷག་མ་རྔོག་སྟོན་ཆེན་པོས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ཞེས་པ་བསྡུས་དོན་གྱི་འགྲེལ་པ་དང་། མདོ་སྡེའི་རིན་པོ་ཆེའི་རྒྱན་འདྲ། དེའི་བཤད་སྦྱར་ཟིན་བྲིས་ཆེན་མོ་རྔོག་ཆོས་རྒྱལ་པས་མཛད་པ། རྗེ་བཙུན་གླིང་གི་དོན་འགྲེལ། གྲུབ་ཆེན་ཨུ་རྒྱན་པའི་འགྲེལ་བཤད་གཞན་ཡང་། མེས་ཞང་རྔོག་གི་སློབ་མ་རམ། རྔོག སུམ་པ། རྩགས་པ། འགར་ལ་སོགས་པ་མར་ལུགས་རྗེས་འབྲང་དང་བཅས་པའི་རྣམ་བཤད་རྒྱ་མཚོ་ཙམ་མོ།། །། གཉིས་པ་ཁྱད་པར་རྩ་བའི་རྒྱུད་དེ་ཉིད་བྱེ་བྲག་ཏུ་བཤད་པ་ལ། དགོས་དོན། བསྡུས་དོན། ཚིག་དོན་གསུམ་ལས། དང་པོ་ནི། གདུལ་བྱ་སྤྲོ་བ་སྐྱེད་པའི་ཡན་ལག་ཏུ་བཤད་དེ། འདིར་བརྗོད་པར་བྱ་བ་ནི་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་བདག་མེད་མ་དང་བཅས་པའོ། །འདི་རྟོགས་པར་བྱེད་པའི་ལེའུ་ཚོགས་ཀྱི་རྒྱུད་ཀྱི་རྒྱལ་པོ་ནི་རྗོད་པར་བྱེད་པའོ། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པར་དེ་དག་གི་ཕན་ཚུན་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་བའོ། །དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་དབང་བསྐུར་བ་བྱིན་པ་ནི་དགོས་པའོ། །དབང་བསྐུར་ནས་དེ་ཁོ་ན་ཉིད་གསལ་བར་བྱས་པ་ནི་དགོས་པའི་དགོས་པའོ།། །། གཉིས་པ་བསྡུས་པའི་དོན་ནི། འགྲེལ་པའི་ལུགས་ལ། ཐུན་མོང་གི་བསླབ་བྱ་དང་། ཐུན་མོང་མ་ཡིན་པའི་བསླབ་བྱ་གཉིས། ཕྱི་མ་ལ། གཞི། རང་བཞིན། འབྲས་བུའི་རྒྱུད་གསུམ་དུ་ཕྱེ། གཞི་ལ་བཞི་དང་། རང་བཞིན་ལ་ཉི་ཤུ། འབྲས་བུ་ལ་བཅུ་སྟེ་སོ་བཞི་སྡུད། དེ་ཡང་། ཐུན་མོང་མ་ཡིན་པའི་ལམ་འདི་ཐམས་ཅད་ཀྱི་རྩ་བ་དབང་ཡིན་པའི་ཕྱིར་དབང་བཞི་རྒྱུད་དུ་མཛད། ལམ་གྱི་ངོ་བོ་ལ་རང་བཞིན་གྱི་རྒྱུད་ཅེས་བཞག དེ་ཡང་གཞི་ལམ་དབྱེར་མེད་ཡིན་པའི་ཕྱིར་དང་། རྣམ་པར་ཕྱེ་བའི་ཚེ་ཡང་དངོས་པོའི་གནས་ལུགས་རྫོགས་པའི་རིམ་པར་འདུ་བའི་ཕྱིར་ཞེས་དགོངས་ནས་སོ། །དེའི་སྟེང་དུ་ཐུན་མོང་བའི་བསླབ་བྱ་བསྣན་ནས་སོ་ལྔར་ཡང་བཤད་དོ། མན་ངག་གི་ལུགས་ལ། སྣོད་མ་ཡིན་གྱིས་བཀྲི་བ་དང་། སྣོད་དང་ལྡན་པ་ཅིག་ཅར་དུ་བཀྲི་བ་གཉིས། ཕྱི་མ་ལ་ཡང་། རིམ་སྐྱེས་པ་དང་། སྦྱངས་པ་ཅན་ཅིག་ཅར་བ་འཁྲིད་པའི་ཚུལ་གཉིས། ཕྱི་མ་ལ། དངོས་པོའི་གནས་ལུགས། ལམ་གྱི་རིམ་པ། འབྲས་བུ་སྐྱེ་བའི་རིམ་པའོ། །དང་པོ་ལ། ལུས་དངོས་པོའི་གནས་ཚུལ་དང་། སེམས་དངོས་པོའི་གནས་ཚུལ་གཉིས། དང་པོ་ལ། ལུས་ཇི་ལྟར་གྲུབ་པའི་ཚུལ། རྩ། རླུང་། བྱང་ཆུབ་ཀྱི་སེམས་དངོས་པོའི་གནས་ལུགས་བཞི། སེམས་དངོས་པོའི་གནས་ལུགས་ལ་གཞི་ལམ་འབྲས་བུའི་ཕྱག་ཆེན། ལམ་གྱི་རིམ་པ་ལ་སྨིན་ལམ་དང་། གྲོལ་བྱེད་ཀྱི་ལམ་གཉིས། སྨིན་ལམ། གང་ཞིག་དབང་ནི་རབ་ཕྱེ་བ། །རང་གི་དཀྱིལ་འཁོར་ཆོ་གས་བྱིན། །ཞེས་པས། སྤྲོས་པ་ལ་མ་ལྟོས་པ་དང་། ཅུང་ཟད་ལྟོས་པ་དང་། ཤིན་ཏུ་ལྟོས་པའི་དབྱེ་བས་གསུམ། ཕྱི་མ་ལ། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད། སློབ་དཔོན་གྱི་ལས། སློབ་མ་དཀྱིལ་འཁོར་དུ་བཅུག་ཅིང་ལྷ་ངོ་བསྟན་པ། དབང་བསྐུར་བ་དང་བཞི། དང་པོ་ལ་རྩ་རྒྱུད་ལས་གསུངས་པའི་གསུམ་དང་། གུར་ལས་བཅོ་བརྒྱད། སློབ་དཔོན་གྱི་ལས་ལ། བསྙེན་པ། ས་ཆོག སྟ་གོན། དཀྱིལ་འཁོར་ཞག་གི་ཆོ་ག་བཞི། དཀྱིལ་འཁོར་ཞག་གི་ཆོ་ག་ལ། ཐིག་གདབ་པ། ཚོན་གྱི་ཆོ་ག དཀྱིལ་འཁོར་གྱི་གནས་ཉེ་བར་བརྒྱན་པ། དཀྱིལ་འཁོར་སྒྲུབ་པ། སློབ་དཔོན་བདག་འཇུག་གོ །སློབ་མ་དཀྱིལ་འཁོར་དུ་བཅུག་ཅིང་ལྷ་ངོ་བསྟན་པ་ལ། ཕྱི་འཇུག ནང་འཇུག གསང་བའི་འཇུག་པ་དང་། ལྷ་ངོ་བསྟན་པ་དང་བཞིའོ། །དབང་བསྐུར་བ་ལ། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། བཞི་པ་ཚིག་དབང་ངོ་། གྲོལ་བར་བྱེད་པའི་ལམ་ལ། རྣལ་འབྱོར། རྣལ་འབྱོར་གྱི་དམ་ཚིག རྣལ་འབྱོར་གྱི་སྤྱོད་པ་དང་གསུམ། དང་པོ་ལ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ལ་ལས་ཚོགས་ཀྱི་ལྷ་བསྐྱེད་པའི་རྣལ་འབྱོར་དང་། མངོན་པར་རྟོགས་པའི་ལྷ་བསྐྱེད་པའི་རྣལ་འབྱོར་གཉིས། དང་པོ་ལ། རྩ་རྒྱུད་བརྟག་པ་དང་པོའི་ལེའུ་གཉིས་པ་ནས་མཁའ་འགྲོ་མ་བདུན་གྱི་ལས་བདུན། བཅུ་གཅིག་པ་དང་གུར་ལེའུ་བཅོ་ལྔ་པ་ནས་ཀུ་རུ་ཀུལླེའི་སྒྲུབ་ཐབས་བསྟན་པ་དང་བརྒྱད། གུར་ལེའུ་གཉིས་པ་ནས་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་དང་། སྟོབས་པོ་ཆེས་ཆར་དབབ་པའི་སྒྲུབ་ཐབས་གཉིས། གུར་ལེའུ་བཞི་པ་ནས་ཁྲོ་བོ་བཅུ་ཐམ་པ་ལ་སྒྲུབ་ཐབས་བཅུ་ཐམ་པ། གུར་ལེའུ་བརྒྱད་པ་ནས་ལྷ་མོ་སྒྲོལ་མ་ལྷ་བཅུ་གཅིག་གི་སྒྲུབ་ཐབས་དང་། ཤེས་རབ་ཕ་རོལ་ཏུ་ཕྱིན་མས་ཤེས་རབ་སྤེལ་བའི་སྒྲུབ་ཐབས། གུར་ལེའུ་བཅུ་བཞི་པ་ནས་འཇམ་དཔལ་རྡོ་རྗེ་ཡན་ལག་མེད་པ་བུ་མོ་དགུག་པའི་སྒྲུབ་ཐབས་གཅིག གུར་ལེའུ་བཅོ་ལྔ་པ་ནས་སྤྱན་རས་གཟིགས་དང་སྐུལ་བྱེད་མ་ལ་སོགས་པའི་སྒྲུབ་ཐབས་བཅུ་ཐམ་པ་དང་། མགོན་པོ་ནག་པོ་དགྲ་བསད་པའི་སྒྲུབ་ཐབས་ཏེ་སྒྲུབ་ཐབས་སུམ་ཅུ་རྩ་བཞི། བསྡུ་ན་དབང་། མངོན་སྤྱོད་དང་། དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། བསད་པ་དང་། དགུག་པ་དང་། ཞི་བ་དང་། རྒྱས་པ་དང་བརྒྱད་དོ། །མངོན་པར་རྟོགས་པའི་ལྷའི་བསྐྱེད་པའི་རིམ་པ་ལ་གཉིས་ཏེ། གུར་ལས། དཀྱིལ་འཁོར་རེ་རེ་བསྒོམ་པའམ། །ཡང་ན་བསྡུས་པའི་དཀྱིལ་འཁོར་རོ། །ཞེས་པས། གདུལ་བྱའི་ཉོན་མོངས་པ་དང་བསྟུན་ནས་གདུལ་བར་བྱེད་པ་རིགས་བྱེ་བྲག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལམ་དུ་བྱེད་པ་དང་། རིགས་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལམ་དུ་བྱེད་པའོ། །དང་པོ་ནི། གུར་ལེའུ་དང་པོ་ལས། དགྱེས་རྡོར་འབུམ་ལྔའི་བདག་ཉིད་ལས། རྣལ་འབྱོར་རྣམ་པ་གསུངས་ཏེ། རྡོ་རྗེ་ཅན་དང་རྟག་པ་དང་། །དེ་བཞིན་རྡོ་རྗེ་གཟི་བརྗིད་དང་། །པདྨ་གར་དབང་ཕྱུག་གི་དང་། །རྟ་ཡི་རྒྱལ་པོ་ལྔ་པའོ། །ཞེས་གསུངས་པས། རྡོ་རྗེ་ཅན་མི་བསྐྱོད་པ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དང་། རྟག་པ་རྣམ་པར་སྣང་མཛད་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་ཡང་། རྡོ་རྗེ་ཉི་མའི་རྡོ་རྗེ་གཟི་བརྗིད་རིན་ཆེན་འབྱུང་ལྡན་དགྱེས་པ་རྡོ་རྗེ་དཀྱིལ་འཁོར་དང་། པདྨ་གར་དབང་སྣང་བ་མཐའ་ཡས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དང་། རྟ་མཆོག་དོན་ཡོད་གྲུབ་པ་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་རོ། །མི་བསྐྱོད་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་ཡང་གཉིས་ཏེ། ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་དང་། ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་འཁོར་ལོའོ། །དང་པོ་ཡང་། ཞལ་གཅིག་ཕྱག་གཉིས་པས་གཙོ་བོ་བྱས་པའི་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པ་དང་། ཕྱག་བཅུ་དྲུག་པས་གཙོ་བོ་བྱས་པའི་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་རོ། །གཉིས་པ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལམ་དུ་བྱེད་པ་ལ་གཉིས་ཏེ། དགུ་ཚན་ལྔས་བསྡུས་པའི་དཀྱིལ་འཁོར་དང་། ལྔ་ཚན་ལྔས་བསྡུས་པའི་དཀྱིལ་འཁོར་ཏེ། གུར་ལེའུ་ལྔ་པ་ནས། བརྒྱད་བརྒྱད་ཀྱི་ནི་དབུས་བཞུགས་པ། །ཡང་ན་ཉི་ཤུ་ལྔ་རྣམས་ནི། །སྒོ་སྐྱེས་མ་རྣམས་སྒོར་བཀོད་པ། །དེ་ཚེ་བསྡུས་པའི་དཀྱིལ་འཁོར་རོ། །ཞེས་གསུངས་སོ། །དཀྱིལ་འཁོར་དེ་གཉིས་ཀ་ལ་ཡང་གཙོ་བོ་འཕོས་པས་དཀྱིལ་འཁོར་བཅུར་འགྲོ་སྟེ། དེ་ཉིད་དུ། སངས་རྒྱས་མགོན་པོ་གར་ཉིད་ཀྱིས། །དཀྱིལ་འཁོར་དབུས་མར་གྱུར་པ་ཡི། །དེ་ཉིད་ཀྱི་ནི་དཀྱིལ་འཁོར་བཤད། །ཅེས་གསུངས་སོ། །ཐམས་ཅད་ལ་ཡང་རྫུས་སྐྱེས། སྒོང་སྐྱེས། མངལ་སྐྱེས་སྦྱོང་བའི་ཆོ་གའི་རིམ་པས་གསུམ་གསུམ་དུ་ཡང་འགྱུར་རོ། །རྫོགས་པའི་རིམ་པ་ནི། ཕྱག་རྒྱ་བཞི། རིམ་པ་ལྔ། སྦྱོར་བ་དྲུག སྙིང་པོར་དྲིལ་བ་ཟུང་འཇུག་གི་ལམ་བརྒྱད་དམ། དེ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་བས་གསུམ་དུ་བསྡུས་པ་དག་གོ །རྣལ་འབྱོར་གྱི་དམ་ཚིག་ལ། བསྲུང་བྱ་རྩ་ལྟུང་བཅུ་བཞི་ཡན་ལག་དང་བཅས་པ། བསྒྲུབ་བྱ་དྲང་ངེས་ཕྱེ་བ་དང་མ་ཕྱེ་བའི་རིགས་དྲུག་གི་དམ་ཚིག ཉམས་སུ་བླང་བའི་དམ་ཚིག་དང་འབྲེལ་བ་ནི་ཡོ་བྱད་ལོངས་སྤྱོད་མཉམ་བཞག་རྗེས་སྤྱོད་ཀྱི་དམ་ཚིག་བཞིའི་བདག་ཉིད་ཅན། ཉམས་ན་ཕྱིར་བཅོས་དང་བཞིའོ། །རྗེས་སྤྱོད་ཀྱི་དམ་ཚིག་ནི་གུར་ལེའུ་བཅོ་ལྔར་གསུངས་པ་བཞིན། བྱང་ཆུབ་ཀྱི་བར་དཀོན་མཆོག་མི་སྤང་བ་དང་། དམ་ཚིག་རྣམས་རྟག་ཏུ་སྤྱད་པ་དང་། རྡོ་རྗེ་དྲིལ་བུ་བཅང་བ་དང་། གླེགས་བམ་གཙུག་ཏོར་རམ་མཆན་ཁུང་དུ་བཅང་བ་དང་། སྦྱིན་སྲེག་དང་། དཀྱིལ་འཁོར་གྱི་ལས་དང་། རབ་གནས་དང་། འབྱུང་པོ་ལ་གཏོར་མ་སྟེར་བ་དང་། གསང་སྔགས་བཟླ་ཞིང་བསམ་གཏན་དང་མི་འབྲལ་བ་དང་། རིག་པ་བརཏལ་ཞུགས་ཀྱི་དམ་ཚིག་དང་། སེམས་ཅན་བསྡུ་བ་དང་། སངས་རྒྱས་མཆོད་པ་དང་། ཛམྦྷ་ལའི་ཆུ་སྦྱིན་དང་། ཚ་ཚ་འདེབས་པ་ལ་སོགས་པའི་དགེ་བ་བྱ་བ་སྟེ་བཅུ་བཞིའོ། །རྣལ་འབྱོར་གྱི་སྤྱོད་པ་ནི། ལས་དང་པོ་པའི་སྤྱོད་པ་དང་། རྟེན་བསམ་པ་སློབ་པ། རིག་པ་བརཏལ་ཞུགས་གསུམ་ཕྱི་མ་ལ། ཀུན་ཏུ་བཟང་པོའི་སྤྱོད་པ། གསང་བའི་སྤྱོད་པ། ཚོགས་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བཞི། དང་པོ་རྣམ་རྟོག་ལམ་འཁྱེར་དང་ཉོན་མོངས་ལམ་འཁྱེར་གཉིས། གཉིས་པ་ལྷ་འདྲེ་ལམ་འཁྱེར། གསུམ་པ་སྡུག་བསྔལ་ལམ་འཁྱེར་དང་ན་ཚ་ལམ་འཁྱེར་གཉིས། བཞི་པ་འཆི་བ་ལམ་འཁྱེར་གྱིས་བཤད་པས་རོ་སྙོམས་སྐོར་དྲུག་ཏུ་གྲགས་པ་རྒྱུད་འདིའི་ཐུན་མོང་མ་ཡིན་པའི་ཉམས་ལེན་དུ་བསྟན་ནོ། །འབྲས་བུ་སྐྱེ་བའི་རིམ་པ་ནི། ཐུན་མོང་གི་དངོས་གྲུབ་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གཉིས། ཕྱི་མ་ལ་ཡང་སློབ་པའི་ཟུང་འཇུག་དང་། མི་སློབ་པའི་ཟུང་འཇུག་གོ །དེ་ལྟ་བུའི་ཆིངས་སུ་རྒྱུད་ཀྱི་དོན་ཐམས་ཅད་འདུ་བ་ཡིན་པས། རྗེ་བཙུན་མར་པའི་ཞལ་སྔ་ནས། གསང་སྔགས་ཀྱི་རྒྱུད་གང་བཤད་ཀྱང་དབུ་ཞབས་ཀྱི་དོན་ཐམས་ཅད་ཆོས་ཐུན་གཅིག་གི་ནང་དུ་བསྡུས་ནས་སློབ་མའི་བློ་ལ་སྐྱེལ་ནུས་ན་རྒྱུད་མཁན་རྒྱུད་བཤད་པ་ལ་མཁས་པ་ཟེར་གསུངས་སོ། །གསུམ་པ་ཚིག་གི་དོན་ལ། དབང་པོ་རབ་ལ་མཚན་དོན་གྱིས་བཤད། འབྲིང་ལ་གླེང་གཞི་བཞུགས་ཚུལ་གྱིས་བཤད། ཐ་མ་ལ་རྒྱུད་ཀྱི་ཚིག་དོན་ཕྱེ་ནས་བཤད་པའོ།། །། དང་པོ་ནི། བརྗོད་བྱ་དང་རྗོད་བྱེད་ཕན་ཚུན་དུ་འབྲེལ་བའི་རྒྱུད་འདིའི་མིང་། རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྭ་ཏནྟཱ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། འདི་ལ་འབྲོག་མིས་ཀྱེའི་རྡོ་རྗེ་དང་། འགོས་ཀྱིས་དགྱེས་པའི་རྡོ་རྗེ་དང་། རྗེ་བཙུན་གྱིས་བདེ་ཆེན་རྡོ་རྗེ་དང་། ཐུགས་ཀྱི་རྡོ་རྗེ་དང་། ཐབས་ཀྱི་རྡོ་རྗེ་དང་། སྙིང་རྗེའི་རྡོ་རྗེ་ཞེས་བྱ་བར་ཡང་བསྒྱུར་བར་མཛད་ལ། ཐམས་ཅད་དོན་མཐུན་པར་བཞེད་དོ། །འདི་ལ་དབང་པོ་རབ་ཆོས་མཆོག་ཐ་མ་པ་ཞིག་ལ་གོ་ཚུལ་གཉིས་སུ་འབྱུང་སྟེ། སྒྲ་སྤྱི་དང་རྣམ་པའི་བརྡ་ལས་སོ། །དང་པོ་ནི། ཤྲཱི་ཞེས་པའི་སྒྲས་གཉིས་སུ་མེད་པའི་ཡེ་ཤེས། གང་གཉིས་སུ་མེད་པ་ཞེ་ན། ཧེས་ཐབས་སྙིང་རྗེ་ཆེན་པོ་འམ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། བཛྭས་ཤེས་རབ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གཉིས་སོ། །དེ་ནི་ཏནྟྲའི་སྒྲས་རྒྱུད་དུ་བསྟན་ཏེ། ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་འགྱུར་བ་མི་བརྟེན་པའི་རྒྱུན་ཆགས་པ་ཡིན་པས་སོ། དེ་ཡང་། གཞི་དུས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། སྨིན་ལམ་དུ་འབྲས་བུའི་དེ་ཉིད་བཅུ་དྲུག་རིག་པའི་དབང་ངམ། འཇིག་རྟེན་ལས་འདས་པའི་དབང་། གྲོལ་ལམ་དུ་བསྐྱེད་རྫོགས་ཟུང་དུ་འཇུག་པའི་ཡེ་ཤེས། འབྲས་དུས་སུ་མི་གནས་པའི་མྱ་ངན་ལས་འདས་པ་ཟུང་འཇུག་མ་ནིང་གི་གོ་འཕང་དུ་བཞག་ལ། གནས་སྐབས་དེ་དག་ཏུ་ཡང་རང་གི་ངོ་བོ་གཞན་དུ་ནམ་ཡང་མ་འགྱུར་བས་སོ། །དེ་ལ་རང་གི་སེམས་ཀྱི་རྡོ་རྗེ་ཞེས་བཞག་པ་ཇི་ལྟ་བ་སོ་སོ་རང་གིས་རིག་པར་འགྱུར་ལ། དེ་མཐོང་བའི་ལམ་ཐོབ་པར་བཞག རྗེས་ཀྱི་ཤེས་པས་དེ་ཉིད་ཀྱི་རྣམ་འགྱུར་མི་ཤིགས་པའི་ཐིག་ལེར་སྣང་བའི་བྱེད་ལས་ཁམས་གསུམ་སྒྱུ་མ་ཙམ་དུ་མཐོང་བས་ཀུན་ནས་ཉོན་མོངས་པ་རྣམས་ནི་མི་འཆིང་ཞིང་གྲོལ་བའི་ཐབས་མཆོག་ཏུ་གྱུར་པས་སྤང་བྱ་མ་རྙེད། རྣམ་པར་བྱང་བ་ཞེས་པའང་དེ་ལས་གུད་དུ་མ་ཕྱེད་པས་གཉེན་པོ་མ་རྙེད། ཆོས་ཅན་གྱི་སྣང་བ་སོ་སོའི་སྟེང་དུ་ཟུང་འཇུག་དེ་ལས་གཞན་འཇོག་རྒྱུ་མ་དམིགས་པས་སྲིད་པ་དང་ཞི་བ་རོ་མཉམ། དེ་ལ་རྩལ་སྦྱངས་པས་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་པ་ཡིན་ནོ། །རཱ་ཛས་རྒྱལ་པོ་སྟེ། དེ་ཉིད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་གཙོ་བོ་ཡིན་པའི་ཕྱིར་རོ། །ནཱ་མ་ནི་ཞེས་བྱ་བ་སྟེ་གདགས་གཞི་དེ་ལ་དེ་སྐད་ཅེས་བཏགས་ནས་ལུང་སྟོན་པར་བྱེད་པའི་ཚིག་གོ །གཉིས་པ་རྣམ་པ་བརྡར་གྱུར་པས་གོ་བ་ནི། དབྱིབས་ཀྱི་ཡི་གེ་མཐོང་བ་ལས་བརྗོད་དུ་མེད་པའི་བདེ་སྟོང་ཟུང་འཇུག་གི་དོན་མཚོན་པར་ནུས་པ་སྟེ། རྒྱས་པར་རྗེ་བཙུན་གྱི་གསུང་ལས་རིག་པར་བྱའོ། །དེ་ལྟར་ཡང་འབུམ་ལྔ་ལས། ཆོས་ཀུན་རྣམ་པར་མི་རྟོག་པས། །སྒྲིབ་པ་མེད་པའི་ཆོས་ཀྱི་ནི། །གཉིས་མེད་དེ་ཡིས་བཏགས་པའོ། །ཤེས་རབ་ཐབས་བདག་ཇི་བཞིན་ནོ། །རྡོ་རྗེའི་སྐུ་རྣམས་གཉིས་སུ་མེད། །ཕུང་པོ་དྲུག་དང་ཁམས་དེ་བཞིན། །ཡུལ་དང་དབང་པོ་རྣམས་ཀྱང་སྟེ། །བྱ་བ་ལས་ཀྱི་དབང་པོ་རྣམས། །དེ་ལྟར་གཉིས་མེད་ཉིད་དུ་གནས། །ཞེས་སོ། །དེའི་ཕྱིར་དགྱེས་པའི་རྡོ་རྗེ་འདི་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཡིན་པའི་ཕྱིར་རྣལ་འབྱོར་གྱི་རྒྱུད་དུ་བསྟན་ལ། ཕྱིས་ཌཱ་ཀི་མ་རྣམས་དྲང་བའི་ཆེད་དུ་རྣལ་འབྱོར་མའི་རྒྱུད་དུ་ཡང་བཞག་པ་སྟེ། གུར་ལས། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོར་རྒྱལ་བ་རྣམས་ཀྱིས་བཤད། །ཕྱིས་ནས་རྣལ་འབྱོར་མ་རྒྱུད་ནི། །དེ་ཉིད་བུད་མེད་བཟུང་ཕྱིར་རོ། །ཞེས་དང་། འབུམ་ལྔར། ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །རྣལ་འབྱོར་རྒྱུད་དུ་བརྗོད་པར་བྱ། །རྣལ་འབྱོར་ཐབས་ཀྱི་སྒྲ་ཡིས་མིན། །ཤེས་རབ་སྒྲས་ཀྱང་འགྱུར་བ་མིན། །ཞེས་གསུངས་པས་སོ།། །། གཉིས་པ་འབྲིང་ལ་གླེང་གཞི་བཞུགས་ཚུལ་གྱི་བཤད་པ་ནི། ཨེ་ཝཾ་ཞེས་པ་འདིར། ཨེ་ཡིག་གི་སྟོང་པའི་ཕྱོགས་ཐམས་ཅད་དང་། ཝཾ་ཡིག་གིས་ཐབས་ཀྱི་ཆ་ཐམས་ཅད་སྟོན་པས་ལུས་དངོས་པོའི་གནས་ལུགས་ལ། ལུས་ཀྱི་ཁུ་བས་བསྐྱེད་པ་རྣམས་ཐབས། རྡུལ་གྱིས་བསྐྱེད་པ་རྣམས་ཤེས་རབ། དེ་བཞིན། ཉིན་མཚན། སྐྱེ་འཆི་འཁོར་བ་དང་མྱང་འདས་ཀྱི་རྩ། ཉི་ཟླའི་རླུང་། ཐིག་ལེ་དཀར་དམར་སེམས་དངོས་པོའི་གནས་ལུགས་ལ་གཤིས་དང་གདངས། དབང་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ། བསྐྱེད་རིམ་ལ་ཧེ་རུ་ཀའི་དཀྱིལ་འཁོར་དང་། བདག་མེད་མའི་རྫོགས་རིམ་ལ་མཚན་བཅས་མཚན་མེད། འབྲས་དུས་སུ་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་སྟེ་གཉིས་ཚན་ཐམས་ཅད་གོ་བར་འགྱུར་རོ། །དེའི་ཤུགས་ལས་གསུམ་ཚན་རྣམས་ཀྱང་ཤེས་པར་འགྱུར་ཏེ། གཞི་དུས་སུ་ལུས་ངག་ཡིད། རྩ་འཁོར་ལོ་གསུམ། རླུང་ཟླ་ཉི་སྒྲ་ཅན། ཁམས་སྙིང་སྟོབས་རྡུལ་མུན། སེམས་ཀྱི་ངོ་བོ་ཡང་གཞི་ལམ་འབྲས་བུའི་གནས་སྐབས་ལམ་དུས་སུ་སྨིན་ལམ་སྐུ་གསུང་ཐུགས་གསང་བའི་དབང་བསྐུར་བ་རིགས་གསུམ། གྲོལ་ལམ་ལུས་ཀྱི་ཞེན་པ་ཟློག་པའི་ཕྱིར་ལྷ། ངག་གི་ཞེན་པ་བཟློག་པའི་ཕྱིར་སྔགས། ཡིད་ཀྱི་ཞེན་པ་བཟློག་པའི་ཕྱིར་རྫོགས་རིམ། འབྲས་བུ་སྐུ་གསུམ་མོ། ཨེ་ཝཾ་མ་ཡའི་ཚིག་བཞིས་བཞི་ཚན་དུ་གོ་སྟེ། གཞི་དུས་སུ་ལུས་ངག་ཡིད་དང་ཡེ་ཤེས། འཁོར་ལོ་བཞིའི་རྩ། འབྱུང་བ་བཞིའི་རླུང་། གནས་སྐབས་བཞིའི་ཐིག་ལེ། གཏན་ལ་དབབ་པའི་རྣལ་འབྱོར་བཞི། ལམ་དུས་སུ་དབང་བཞི། ཡབ་བཀའི་ཧེ་རུ་ཀ་རིགས་བཞི། ཡུམ་བཞི། རྡོ་རྗེ་རྣམ་པ་བཞིའི་བསྐྱེད་ཆོག རྫོགས་རིམ་ཕྱག་རྒྱ་བཞི། སྟོང་པ་བཞི། དགའ་བཞི། སྐད་ཅིག་མ་བཞི། བདེན་བཞི། སྡེབ་བཞི། དེ་ཁོ་ན་ཉིད་བཞི། རྣལ་འབྱོར་བཞི་སོགས་འབྲས་བུ་སྐུ་བཞིའོ། །ཤུགས་ལ་ལྔ་ཚན་ཀྱང་གོ་སྟེ། གཞི་དུས་སུ་ཕུང་པོ་ལྔ། ཉོན་མོངས་ལྔ། འཁོར་ལོ་ལྔ། འབྱུང་བ་ལྔ། དྭངས་མ་ལྔ། ལམ་དུ་རིགས་ལྔའི་དབང་། རིགས་ལྔའི་བསྐྱེད་རིམ། རིམ་ལྔ། འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔའོ། ཨེ་ཝཾ་མ་ཡཱ་ཤྲུ་ཏཾ་ཨེ་ཀསྨིནྶ་མ་ཡེ་བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྭ་ཡོ་ཥ་ཏི་བྷ་གེ་ཥུ་བི་ཛ་ཧཱ་ར། ཞེས་པའི་ཡི་གེ་དང་པོ་དྲུག་གིས་ཁམས་དྲུག དེ་ནས་དྲུག་གིས་ཕུང་པོ་དྲུག ཡུལ་དྲུག དེ་ནས་དབང་པོ་དྲུག དེ་ནས་ལས་ཀྱི་དབང་པོ་དྲུག བྱ་བ་དྲུག གནས་རྩ་རླུང་ཁམས་སོ་དྲུག ལམ་དུས་སུ་སྨིན་བྱེད་དབང་བཞི། རྒྱུའི་དེ་ཉིད་བཅུ་དྲུག་དང་། འབྲས་བུ་དེ་ཉིད་བཅུ་དྲུག་རིག་པའི་དབང་སྟེ་དབང་སོ་དྲུག བསྐྱེད་རྫོགས་ཀྱི་ཡན་ལག་དྲུག་ལ་དྲུག་དྲུག་ཏུ་ཕྱེ་བ། འབྲས་དུས་སུ་སྤྱན་མ་ལ་སོགས་པའི་གཤེགས་མ་དྲུག རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཤེགས་པ་དྲུག དྲི་རྡོ་རྗེ་མ་ལ་སོགས་པའི་སེམས་མ་དྲུག སྒྲིབ་པ་རྣམ་སེལ་ལ་སོགས་པ་སེམས་དཔའ་དྲུག རེངས་བྱད་མ་སོགས་ཁྲོ་མོ་དྲུག གནོད་མཛེས་སོགས་ཁྲོ་བོ་དྲུག་སྟེ་ར་ཡིག་ནི་ཐམས་ཅད་དུ་ཁྱབ་བྱེད་དེ། རྡོ་རྗེ་སེམས་དཔའ། དེ་ལྟར་གདན་གསུམ་གྱི་ལྷ་ཚོགས་བྱང་ཆུབ་ཀྱི་ཕྱོགས་སོ། །ཞར་ལས་རིགས་བདུན་ཅུ་རྩ་གཉིས་དང་། རིགས་བརྒྱ་ནས་གྲངས་མེད་ཀྱི་བར་དུ་ཤེས་པར་འགྱུར་རོ། །དེ་ལྟར་ཡང་འབུམ་ལྔ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེར་རབ་ཏུ་གནས། །ཕྱིས་ནས་རིགས་གསུམ་དབྱེ་བ་ཡིས། །རིགས་ལྔར་རྣམ་པར་དབྱེ་བ་ལས། །རིགས་དྲུག་རྣམས་ཀྱིས་དབྱེ་བ་ཡིས། །དེ་བཞིན་བརྒྱད་དུ་རྣམ་དབྱེ་བས། ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །ང་ཡིས་བཤད་པར་བྱ་ཡི་ཉོན། །ཞེས་གསུངས་སོ། །རྒྱས་པས་ཡིག་འབྲུ་སུམ་ཅུ་རྩ་བདུན་པོ་ཉིད་ཚུལ་བཞིའི་སྒོ་ནས་བཤད་པར་བྱའོ། །འདི་ནི་གུར་དང་། ཀུན་ཏུ་ཁ་སྦྱོར་ལས་གསུངས་པ་བཞིན། གླེང་གཞིའི་རྒྱུད་གཞུང་དུ་བཤད་པ་ཡིན་ནོ།། །། གསུམ་པ་ཐ་མལ་རྒྱུད་ཀྱི་ཚིག་དོན་ཕྱེ་ནས་བཤད་པ་ལ། ཇོ་བོ་ནཱ་རོ་པས། ཇི་ལྟར་གྱུར་པ་མདོར་བསྟན་དང་། །རྒྱས་པར་བཤད་པས་གསལ་བར་བྱེད། །ཟབ་དོན་ཤིན་ཏུ་རྒྱས་བཤད་དང་། །རྒྱུད་ཀྱི་བཤད་པ་རྣམ་གསུམ་སྟེ། རྡོ་རྗེའི་ཐེག་པ་མངོན་འདོད་པའི། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཞེས་གསུངས་པས། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། ཤིན་ཏུ་རྒྱས་པར་བཤད་པ་གསུམ་གྱིས་བཤད་པ་ལས། དང་པོ་མདོར་བསྟན་པ་ལ། གླེ་གཞི་གླེང་བསླང་གི་མདོར་བསྟན། ཧེ་རུ་ཀ་བཞིའི་དྲི་བ་དྲིས་ལན་གྱིས་མདོར་བསྟན་ཆེན་པོ་བཤད་པ་གཉིས་ལས། དང་པོ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །ཞེས་པའི་དོན་ཕུན་སུམ་ཚོགས་པ་རྣམ་པ་ལྔས་བཤད་དེ། ཤེས་བྱ་རང་གི་མཚན་ཉིད་དམ་གནས་ལུགས་ལ་སྟོན་འཁོར་ཆོས་གནས་དུས་ཐམས་ཅད་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ཉིད་ལ་བྱེད་པས་ཏེ། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གདུལ་བྱའི་ངོར་སྣང་ལ་ལྟོས་ཏེ། ཇོ་བོ་ནཱ་རོ་པས། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་པའི་དབང་གིས་ཐམས་ཅད་མཁྱེན་པ་དུ་མ་དང་། ཐམས་ཅད་མཁྱེན་པའི་གསུང་དུ་མ་དང་། བཞུགས་པའི་གནས་དུ་མ་དང་། ཞུ་བ་པོ་དུ་མ་དང་། ཆོས་སྟོན་པ་དུ་མ་ཞེས་གསུངས་པས། དབང་ཕྱུག་ཆེན་པོའི་གནས་འོག་མིན་དང་། གཟུགས་ཀྱི་འོག་མིན་དང་། གཞན་འཕྲུལ་དབང་བྱེད་དང་། རི་རབ་ཀྱི་རྩེ་དང་། ཨུ་རྒྱན་དང་། རྒྱལ་པོའི་ཁབ་དང་། འབྲས་སྤུངས་སོགས་གར་ཡང་མི་འགལ་བ་དང་། རང་གི་མོས་པས་རྡོ་རྗེ་གདན་གྱི་སྤོར་བདུད་འདུལ་བའི་དུས་སུ་སྟེ། རྡོ་རྗེ་འཕྲེང་བའི་འགྲེལ་པ་སློབ་དཔོན་ཨ་ལངྒཱ་ཀ་ལ་ཤས་མཛད་པ་ལས། དེའི་རྗེས་སུ་འཛམ་བུའི་གླིང་འདི་ཉིད་དུ་མ་ག་དྷར་བདུད་བཞི་འདུལ་བའི་དོན་དུ་དཔལ་དགྱེས་པ་རྡོ་རྗེའི་རྒྱུད། བསྟན་པ་ཆེན་པོ་དང་ཉུང་ངུའི་རྒྱུད། བཤད་པའི་རྒྱུད་དང་བཅས་པ་མཛད་དེ་ཞེས་གསུངས་པས་སོ། །དེ་ལྟར་གསུངས་པའི་འབུམ་ལྔ་ལས། མ་འོངས་པའི་གདུལ་བྱ་དག་ལ་དགོངས་ནས་སྡུད་པ་པོས་ཁོལ་དུ་ཕྱུང་ཞིང་གཉིས་གའང་ཨུ་རྒྱན་གྱི་མཁའ་འགྲོ་མ་རྣམས་ལ་གཏད་ལ། དེ་དག་གི་ཕྱག་ནས་དང་པོར་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་ཡུལ་དབུས་སུ་སྤྱན་དྲངས་པ་ཡིན་ཡང་། ཕྱིས་ནས་བིར་ཝ་པ་དང་། ལྭ་བའི་ན་བཟའ་ཅན་ལ་སོགས་པས་ཀྱང་སྤྱན་དྲངས་པར་སྣང་ངོ་། །གླེང་བསླང་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ། རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང་བའང་། ཞེས་པ་སྟེ། གླེང་གཞི་ལ་བརྟེན་ནས་རྒྱུད་དངོས་ཀྱི་མཚན་ལ་དྲི་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དེ། སྣ་ཚོགས་གཟུགས་བརྙན་གྱི་དག་པ་སྐུ་རྡོ་རྗེ། སྒྲ་བརྙན་གྱི་དག་པ་གསུང་རྡོ་རྗེ། ཐིག་ལེའི་དག་པ་ཐུགས་རྡོ་རྗེ། སྙིང་པོ་རྗེ་བཙུན་སེམས་ཀྱི་དག་པ་ཡེ་ཤེས་རྡོ་རྗེ་སྟེ་རྣལ་འབྱོར་རྒྱུད་མན་ཆད་ལ་གསང་བ་དང་། །ཉན་ཐོས་ལ་སོགས་པ་ལ་ཆེས་གསང་བ་དེ་དག་གི་ཤུགས་ལས་བཤད་དུ་གསོལ་ཞེས་པའོ། །ལན་ལ། ཨེ་མ་ཧོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ། །རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའ་ཆེན་པོ། སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཉོན་ཅིག ཅེས་རྡོ་རྗེ་རྣམ་པ་བཞི་པོ་དེ་ཡང་། རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའ་དང་། སྙིང་པོ་ཀྱེའི་རྡོ་རྗེར་རྣམ་པར་གཞག་པའི་སྒོ་ནས་གླེང་བསླང་བར་མཛད་དོ།། །། གཉིས་པ་ཧེ་རུ་ཀ་བཞིའི་དྲི་བ་དྲིས་ལན་གྱིས་མདོར་བསྟན་ཆེན་པོ་བཤད་པ་ནི། རྡོ་རྗེ་སྙིང་པོས་གསོལ་བ། གང་ཕྱིར་རྡོ་རྗེ་སེམས་དཔའ་ལགས། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལ་ཡང་མདོར་བསྡུ་ན་རིགས་གསུམ་དུ་འདུ་བ་དང་། རྣམ་པར་ཕྱེ་ན་རིགས་བཞིར་འགྱུར་བ་སྟེ། འབུམ་ལྔ་ལས། རིགས་ནི་གསུམ་དུ་བརྗོད་པར་བྱ། །ངོ་བོ་ཉིད་དང་ལྡན་པས་ནི། །རིགས་བཞི་ཞེས་པར་བཤད་པ་ཡིན། །མཛད་པ་བཞི་ཡི་དབྱེ་བ་ཡིས། །རིགས་རྣམས་ཀྱི་ནི་རྣམ་གཞག་དེའོ། །ཞེས་གསུངས་པས་སོ། རིགས་བཞིའི་དབང་དུ་བྱས་ནས། རྡོ་རྗེས་སོ་སོར་རང་གི་རིག་པ་དང་། སེམས་དཔའ་རིག་བྱའི་ཡུལ་སྟོང་པ་ཉིད་དེ། རིག་སྟོང་ཟུང་དུ་འཇུག་པ་ཉིད་རྡོ་རྗེ་སེམས་དཔའ་བསྟན་ལ། དེ་ཡང་། རྣམ་འགྱུར་གྱི་རྩ་ཡིག་ཨེ། ས་རླུང་། ཁམས་དུས་ཀྱི་མེ། གནས་ལྟེ་འཁོར། ལྷ་ཧེ་རུ་ཀ་ཕྱག་གཉིས་པ། སྔགས་ཨོཾ་ཏྲེ་ལོཀྱ། ལྷན་ཅིག་སྐྱེས་དགའ་ཡེ་ཤེས་རྡོ་རྗེ། རྒྱུ་མཐུན་གྱི་ལས་འབྲས་བུ། རྡོ་རྗེ་རྩེ་གཅིག་པའི་རིགས། བཞི་པའི་གནས་སྐབས་ཟད་པ་ངོ་བོ་ཉིད་ཀྱི་སྐུའོ། །གདངས་འགག་པ་མེད་པའི་གསལ་བ་དང་། གཤིས་སྟོང་པ་ཉིད་གཉིས་སུ་མེད་པའི་ཟུང་འཇུག་སེམས་དཔའ་ཆེན་པོའོ། །ཡི་གེ་ཧཱུྃ། ཆུ་རླུང་། ཁམས་སྒྲ་གཅན། གནས་སྙིང་ག ལྷ་ཕྱག་བཞི་པ། སྔགས་ཛྷ་ལ། ཁྱད་དགའ། ཐུགས་རྡོ་རྗེ། རྣམ་སྨིན། མི་བསྐྱོད་པའི་རིགས། གཉིད་སྟུག་ཟད་པ། ཆོས་ཀྱི་སྐུའོ། །རྩ་རླུང་ཐིག་ལེའི་རང་མདངས་ལས་གྲུབ་པའི་སྣང་བ་སྟོང་པ་ཉིད་དུ་མི་འདའ་བའི་ཡེ་ཤེས་དམ་ཚིག་སེམས་དཔའོ། །ཡི་གེ་ཨོཾ། མེ་རླུང་། ཁམས་རྡུལ། གནས་མགྲིན་པ། ལྷ་ཞལ་གསུམ་ཕྱག་དྲུག་པ། སྔགས་ཀྱི་ཊི་ཀི་ཊི། མཆོག་དགའ། གསུང་རྡོ་རྗེ། སྐྱེས་བུ་བྱེད་པ། པདྨའི་ཕྱག་ཅན་ནམ་འོད་དཔག་མེད་ཀྱི་རིགས། རྨི་ལམ་ཟད་པ། ལོངས་སྤྱོད་རྫོགས་སྐུའོ། །དེ་ལྟར་ཡང་འབུམ་ལྔ་ལས། མི་ཕྱེད་རྡོ་རྗེ་ཞེས་བཤད་གང་། །ཝཾ་ཡིག་ཡི་གེར་དེ་རབ་གྲགས། །སྐུ་གསུང་ཐུགས་ནི་མི་བྱེད་པ། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །རྡོ་རྗེ་སྙིང་པོས་གསོལ་བ། མིང་བསྡུས་པས་ནི་ཇི་ལྟ་བུ། །ཞེས་པ་སོགས་པས། འགའ་ཞིག་ལས་རྣམ་པ་མེད་པ་དང་། འགའ་ཞིག་ཏུ་མངོན་པར་བྱང་ཆུབ་པའི་མིང་ཅན། དོན་སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པའི་སྙིང་རྗེའི་གང་བ་བཅུ་དྲུག་འགྱུར་བ་ཟད་པ་ཡིན་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་བཞག་པའི་ཝཾ་ཡིག་ནི། ཧེ། རྣམ་པ་ཀུན་གྱིས་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་། བདག་བྱིན་གྱིས་བརླབ་པའམ། དག་པའི་སྒྱུ་མའི་མིང་ཅན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། ཨེ་ཡིག་བཛྭ། དེ་གཉིས་གཅིག་གིས་གཅིག་ལ་འཁྱུད་པས་སྙོམས་པར་ཞུགས་པས་ཐབས་ཤེས་རེ་རེ་བའི་ཕྱོགས་སུ་མ་ལྷུང་བས་ཟུང་འཇུག་མ་ནིང་གི་གོ་འཕང་། མི་གནས་པའི་མྱ་ངན་ལས་འདས་པའི་མིང་ཅན། དེ་ཉིད་སྙིང་པོ་ཀྱེའི་རྡོ་རྗེ་སྟེ། ཡི་གེ་ཧཱུྃ། རླུང་གི་རླུང་། ཁམས་སྙིང་སྟོབས། གནས་སྤྱི་བོ། ལྷ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་པ། སྔགས་ཨོཾ་དེ་ཝ་པི་ཙུ། དགའ་བ། སྐུ་རྡོ་རྗེ། དྲི་མ་མེད་པ། ཕྱག་ན་འཁོར་ལོ་ཅན་སྣང་མཛད། སད་པ་ཟད་པ། སྤྲུལ་པའི་སྐུ་སྟེ། འབུམ་ལྔར། དེ་ཉིད་རྣམ་པར་སྣང་མཛད་བརྗོད། །སྐུ་ཡི་རྡོ་རྗེ་ཁོ་ནའོ། །ཞེས་པ་ལ་སོགས་པས་སོ། །དེ་ཡང་། དེ་ཉིད་དུ། ངོ་བོ་ཉིད་ཅན་ལས་ཆོས་འགྱུར། །ཆོས་ལས་ལོངས་སྤྱོད་རྫོགས་པ་ཉིད། །དེ་ལས་སྤྲུལ་པའི་སྐུར་འགྱུར་ཏེ། །དེ་ལྟར་སྐུ་ནི་བཞི་ཡིན་ན། །ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཁྱབ་འཇུག་ཐུགས་ཀྱི་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་གསུངས་པས། ལུས་ངག་ཡིད་དང་ཡེ་ཤེས་ཀྱི་དག་པ་ལ་དགོངས་ནས་དེ་སྐད་དུ་བཤད་ལ། རྗེ་བཙུན་གྱིས་འགྲེལ་པ་ལས། ཐུགས་ཀྱི་སྟོན་པ་རྡོར་སེམས་ཕྱག་གཉིས་པ། །གསུང་གི་སེམས་དཔའ་ཆེན་པོ་ཕྱག་བཞི་པ། །སྐུའི་དམ་ཚིག་སེམས་དཔའ་ཕྱག་དྲུག་པ། །སྐུ་གསུམ་རོ་མཉམ་ངོ་བོ་ཉིད་སྐུ། སྙིང་པོ་ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པར་བཤད་པ། དེ་ཡང་ཁྱབ་བྱའམ་དབྱེ་ངོ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་རིགས་གསུམ་ཡིན་པའི་དབང་དུ་མཛད། དབྱེ་གཞིའི་ཁྱབ་བྱེད་བདེ་བ་ཆེན་པོའི་སྐུ་དང་སྙིང་པོ་ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པ་ཡིན་པས་གསུངས་པ་ཡིན་ནོ། །དེ་ཉིད་ཡེ་ཤེས་ལྔའི་བདག་ཉིད་ཅན་ཡིན་པས་རྡོ་རྗེ་ཅན་ལ་སོགས་པའི་རིགས་ལྔ་དགྱེས་པ་རྡོ་རྗེར་བཞག་ཅིང་། དེ་ཉིད་ཀྱི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་གྲུབ་པས་བཅོམ་ལྡན་འདས་བདག་མེད་མའི་དཀྱིལ་འཁོར་དང་། དེ་ཉིད་ཀྱི་རང་མདངས་བསམ་གྱིས་མི་ཁྱབ་བའི་འཕྲིན་ལས་སུ་སྣང་བས་ལས་ཚོགས་ཀྱི་ལྷའི་རོལ་མོ་བཞག་གོ །དེ་ལྟར་ཧེ་རུ་ཀ་བཞིར་རྒྱུད་ཀྱི་དོན་ཐམས་ཅད་བསྡུས་ནས། སླར་རྣམ་པར་འབྱེད་པའི་ཕྱིར། ལྟ་སྟངས་ལ་སོགས་པས་གསལ་བར་མདོར་བསྟན་པ་གསུངས་ཏེ། ལྟ་སྟངས་དགུག་དང་། དོན་བྱེད་རྣམས་མང་བརྗོད་པ་དང་། །རེངས་པར་བྱེད་དང་སྐྲོད་པ་ཉིད། །སྡེ་རིངས་བྱེད་དང་མངོན་སྤྱོད་དང་། །ཞེས་པས་འབྲས་བུའི་མདོར་བསྟན། ཇི་ལྟར་རིགས་པ་ཞེས་པས་སྨིན་ལམ། རྣམ་འབྱོར་མའི། བསྐྱེད་དང་བྱེད་རྒྱུ་དང་ཞེས་པས་བདག་མེད་མའི་དང་། ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་པས་ཧེ་རུ་ཀའི་སྟེ་བསྐྱེད་རིམ་མདོར་བསྟན། ནུས་པའི་དང་། བརྡ་ཆེན་དང་། གནས་དང་གསུམ་གྱིས་སྤྱོད་པ། གནས་དང་ཞེས་པ་འདི་ནི་གནས་སྐབས་ཀྱི་ཆོ་ག་རྫོགས་པར་བྱེད་པས་སམ། ལྷར་རབ་ཏུ་གནས་པར་བྱེད་པས་ལྷ་དབང་བསྐུར་བ་དང་། སེམས་མི་གནས་པར་བྱེད་པས་རྣམ་དག་གི་ལེའུའི་མདོར་བསྟན་ཡང་ཡིན་ནོ། །བྱེད་རྒྱུས་ནི་དངོས་སུ་ལྷ་མོ་བཅོ་ལྔའི་ས་བོན་དང་། ཤུགས་ལས་དམ་ཚིག་ཡེ་ཤེས་རྣམས་དང་ཞེས་པས་བདག་མེད་མའི་རྫོགས་རིམ། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །ཞེས་པ་ནས། དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་པའི་བར་གྱིས་ཧེ་རུ་ཀའི་རྫོགས་རིམ་བསྟན་ནས། ཕྱི་མ་འདིའི་དོན་ཡང་། རྗེ་བཙུན་གྱི་དགོངས་པས་ཧེ་རུ་ཀ་བསྒྲུབ་བྱར་བཞག་ནས། དེ་ཐོབ་པའི་ཉེ་རྒྱུར། དང་པོར་ཨེ་ཀ་བསྒོམ་པར་བྱ་སྟེ། ཨེ་ཡིག་གིས་ཤེས་པར་སྟོང་པ། ཀ་ཡིག་གིས་ཐབས་བདེ་བ་ཟུང་དུ་འཇུག་པའོ། །ཟུང་འཇུག་དེ་ཤེས་ན་ཐབས་ཐམས་ཅད་མི་འཆིང་ཞིང་གྲོལ་བའི་རྒྱུར་འགྱུར་ལ་མ་ཤེས་ན་དངོས་པོར་ཞེན་པས་འཆིང་བའི་ཕྱིར་རོ།། །། གཉིས་པ་རྒྱས་པར་བཤད་པ་ལ། རྡོ་རྗེ་རིགས་ཀྱི་ལེའུ། སྔགས་ཀྱི། ལྷའི། ལྷ་དབང་བསྐུར་བའི། དེ་ཁོ་ན་ཉིད་ཀྱི། སྤྱོད་པའི། བརྡ་དང་གནས་གཏན་ལ་ཕབ་པའི། རྣལ་འབྱོར་མའི་འཁོར་ལོ་འདུ་བའི། རྣམ་པར་དག་པའི། དབང་གི ལྟ་སྟངས་སོགས་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པ་བརྟག་པའི་རྒྱལ་པོ་རྫོགས་པར་བཤད་པའི་ལེའུ་སྟེ་བཅུ་གཅིག་ལས། དང་པོ་ལ། སེམས་དངོས་པོའི་གནས་ཐབས་བསྟན་ནས་བསྒོམ་རྒྱུ་དོན་གྱི་ངོ་བོ་དེ་ཤེས་པར་བྱ་བ་དང་། ལུས་དངོས་པོའི་གནས་ཐབས་ཀྱིས་བསྒོམ་པའི་གནད་གཏན་ལ་དབབ་པ་དང་། དེ་གཉིས་བསྡོམས་པ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྡན་ཞིང་ཚང་བར་བསྟན་པ་དང་། དེ་དག་ཇི་ལྟར་བ་གཏན་ལ་དབབ་པ་གཏུམ་མོའི་རྣལ་འབྱོར་བསྒོམ་པ་དང་བཞི་ལས། དང་པོ་ནི། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་སོགས་ཀྱིས་བསྟན་ཏེ། དེ་ཡང་དང་པོར་ཨེ་ཀ་ཞེས་པ་ལས་འཕྲོས་ཏེ། ཨེ་ཀ་ཞེས་པའི་དོན་དེ་ངོས་འཛིན་པའི་ཕྱིར་དུ་འདི་བསྟན་ནོ། །དེ་ཡང་ལུས་ཀྱི་རྩ་མདུད་བཞི་ལ་གནས་སྐབས་བཞིར་སེམས་ཀྱི་རྒྱལ་པོ་གནས་པས་ལུས་ལ་ཞེས་རྣམ་དབྱེ་བདུན་པ་སྦྱར་རོ། །དེ་ལྟ་བུའི་སེམས་དེ་ཡང་བདེ་སྟོང་དབྱེར་མེད་པའི་ཕྱག་རྒྱ་ཡིན་པས་ཡེ་ཤེས་དང་། ཆེན་པོ་ནི་གཉིས་ཏེ། དེ་ཉིད་སྦྱངས་བ་ཆེན་པོ་ཡིན་པའི་ཕྱིར། རྟོགས་པ་ཐམས་ཅད་ཡང་དག་སྤངས། །ཞེས་དང་། རྟོག་པ་ཆེན་པོ་ཡིན་པས། དངོས་པོ་ཀུན་ལ་ཁྱབ་པའོ། །ཞེས་མཚན་ཉིད་གསུམ་ལྡན་དུ་གསུངས་ཤིང་། ལུས་ལ་གནས་ཀྱང་ལུས་ཞིག་པའི་ཚེ་ཡེ་ཤེས་བརླག་པར་མི་འགྱུར་ཏེ། དེ་ལུས་ཀྱི་རྩོལ་བ་ལས་མ་སྐྱེས་པའི་ཕྱིར་རོ། །དཔེར་ན་ཐོ་ཞིག་པའི་ཚེ་བྱ་འཕུར་བ་ལྟར་ལུས་ཞིག་པའི་ཚེ་ཡེ་ཤེས་འཕོ་བ་ཡིན་ནོ། །བདེ་སྟོང་ཟུང་འཇུག་དེ་ཡང་ཇི་ལྟར་བློས་གཞལ་དུ་མེད་དོ། །དེའི་དབང་གིས་ཚིག་གིས་བརྗོད་པ་དང་། །དཔེས་མཚོན་པ་དང་། འཇིག་རྟེན་གྱི་སྒོམ་པས་གཏན་ལ་འབེབས་པར་མི་ནུས་མོད་ཀྱང་ཐ་སྙད་དུ་སྒྲོ་བཏགས་ནས་མ་བསྟན་ན་གདུལ་བྱ་རྣམས་ཀྱིས་ནམ་ཡང་གོ་བར་མི་ནུས་པས། རྒྱལ་བ་རྣམས་ཐབས་ལ་མཁས་པས་ཀུན་རྫོབ་ལ་བརྟེན་ནས་དོན་དམ་པ་ལ་སྦྱོར་བར་མཛད་དོ། །སྒྲོ་བཏགས་ནས་དེའི་ངོ་བོར་ངོས་འཛིན་པ་ལ། ཇོ་བོ་ནཱ་རོ་པས། སེམས་ཉིད་རྣམ་མེད་དག་པ། གསལ་བ། ཟུང་འཇུག་གཉིས་སུ་མེད་པ་སྟེ། ཞེས་གསུངས་ཏེ། རྣམ་མེད་དག་པ་ཞེས་པས་ནི། མ་རིག་པ་ཐམས་ཅད་ཟད་པའི་རིག་པ་ཆེན་པོ་ཇི་ལྟ་བ་བརྗོད་པ་ལ་སངས་རྒྱས་ཐམས་ཅད་དབུལ་བར་འགྱུར་བའི་ཟབ་པ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བ་དང་། དམིགས་པ་མེད་པའི་སྙིང་རྗེ་ཞེས་གདགས་པའི་གཞིའོ། །འགའ་ཞིག་ལས་ནི་དེ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་གསུངས་ཏེ་ཤེས་རབ་ཏུ་ཡང་བཏགས་སོ། །གསལ་བ་ཞེས་པ་ནི། རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་པར་རུང་བས་གསལ་བ་སྟེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དུ་གདགས་པའི་གཞིའོ། །འགའ་ཞིག་ལས་ནི་དག་པའི་སྒྱུ་ལུས་དང་། ཀུན་རྫོབ་ཀྱི་བདེན་པར་བཏགས་ཏེ་ཐབས་སུ་ཡང་བཞག་གོ །ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཞེས་པས། དེ་གཉིས་ཐ་དད་དུ་ཕྱེ་ཡང་ཡ་བྲལ་དུ་ཕྱེ་བ་ནམ་ཡང་མི་སྲིད་པས་ཏེ། རྒྱས་བཏབ་པ་དང་། འཁྱུད་པ་དང་། སྙོམས་པར་འཇུག་པ་དང་། རྣལ་འབྱོར་ཞེས་གདགས་པའི་བཞིའོ། འགའ་ཞིག་ལས་མ་ནིང་ཞེས་ཀྱང་བརྗོད་དོ། །དེ་ལྟ་བུའི་སེམས་ཀྱི་རྡོ་རྗེ་ཉིད་རྫོགས་པའི་སངས་རྒྱས་ཡིན་པས་གཞི་འབྲས་དབྱེར་མེད། །དེ་སོ་སོ་རང་གིས་རྟོགས་པར་བྱེད་པས་ལམ། སོ་སོ་རང་རིག་དེ་ཡང་དེ་ལས་གཞན་མ་ཡིན་པའི་ཕྱིར་གཞི་ལམ་དབྱེར་མེད་དང་། །ལམ་འབྲས་དབྱེར་མེད་ཅེས་བྱ་སྟེ། དཔལ་རྒྱལ་བའི་དབང་པོས། གཞི་འབྲས་རང་བཞིན་དབྱེར་མེད་གཞི་ཡིན་ཏེ། །དེ་ལྟར་མ་རྟོགས་རྟོགས་བྱེད་ལམ་ཡིན་ནོ། །རྟོགས་ན་གཅིག་གྱུར་འབྲས་བུའི་ཆོས་ཉིད་དོ། །ཞེས་དང་། འདི་ཉིད་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་གསུངས་སོ། །འོན་ཀྱང་དུང་དཀར་པོ་ལས་གཞན་དུ་འགྱུར་བ་མེད་ཀྱང་མཐོང་བ་པོ་མིག་སེར་གྱི་ནད་ཀྱིས་བསླད་པའི་དབང་གིས་སེར་པོར་འགྱུར་བ་ལྟར་སྣང་བ་བཞིན། སེམས་ཀྱི་རྡོ་རྗེ་གཞན་དུ་མ་འགྱུར་ཀྱང་། བག་ཆགས་ཀྱིས་བསླད་པ་ཞུགས་པ་དག་ལ་དེ་ཉིད་མི་ཤིགས་པའི་ཐིག་ལེར་སྣང་ངོ་། །མི་ཤིགས་པའི་ཐིག་ལེ་དེ་ཡང་རྟེན་བྱེད་པའི་ཆ་ནས་རྩར་བཞག གཡོ་བའི་ཆ་ནས་རླུང་། རྟེན་པའི་ཡོན་ཏན་གྱི་ངོས་ནས་ཐིག་ལེ། ལེན་པའི་ཆ་ནས་རྣམ་པར་ཤེས་པའི་ཁམས་སུ་བཞག་སྟེ། དེ་དག་ཀྱང་ཕྲ་བའི་ལུས་ངག་ཡིད་དང་ཡེ་ཤེས་ཡིན་ནོ། །དེའི་རྣམ་འགྱུར་འཕེལ་བ་ལས་རགས་པའི་ཁམས་ཀྱི་རྒྱུ་ཀུན་ཏུ་སྣང་བ་གསུམ་དུ་གྲུབ་ཅིང་། དེ་ལས་རྗེས་སུ་མྱོང་བའི་ཤེས་པ་རང་བཞིན་བརྒྱད་ཅུ་རྣམས་སྐྱེ་ལ། དེ་ལས་ལས་ཀྱི་ལམ་རྣམ་པར་བཞག་པ་དགེ་བ་དང་མི་དགེ་བ་དག་ལ་འཇུག་ཅིང་། དེས་བག་ཆགས་རྙེད་དེ་བག་ཆགས་དེས་འཆི་སྲིད་ཀྱི་དངོས་གཞིའི་འོད་གསལ་ལ་བསྒོས་པས་ཡང་འཁོར་བར་བྱེད་དོ། །ནད་མ་དག་བར་དུ་དུང་དཀར་པོ་ཡིན་བྱས་ཀྱང་སེར་པོར་འདུག་ཟེར་ནས་བསྙོན་དུ་འོང་བ་ལྟར། ཆོས་ཐམས་ཅད་རྣམ་པར་དག་པར་བཤད་པ་ལ་ཚུ་རོལ་མཐོང་བ་དག་གིས་མ་དག་པ་འདྲེན་པར་སྐྱེད་པ་ཡང་དེ་བཞིན་ནོ། །སྨན་པ་མཁས་པས་བཅོས་ན་ནད་དག་པ་ན་དུང་གཞན་གྱིས་བསྟན་པ་ལ་མ་ལྟོས་པར་དཀར་པོར་མཐོང་བ་བཞིན་དུ། བླ་མ་དམ་པའི་མན་ངག་སྙིང་ལ་ཞེན་པས་དབང་གསུམ་པའི་དུས་ཡས་བརྟན་པའི་ལྷན་སྐྱེས་ཀྱི་དགའ་བའི་ཕྱི་ལོགས་སུ་གཙོ་བོར་མངོན་དུ་འགྱུར་བ་ཡིན་ཏེ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པས་སོ། །དེ་བས་ན། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཡིན། །ཞེས། མཚན་གཞི་སེམས་ཀྱི་རྡོ་རྗེ་ཉིད། །འཁོར་འདས་གཉིས་ཀར་བཞག་པ་དང་། །འཇོག་པའི་རྒྱུ་མཚན། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པས་ཡིན། །ཞེས་པས་མ་རིག་པ་དང་རིག་པའི་རྒྱུ་ལས་སོ། །དེའི་ཕྱིར་རྒྱལ་བའི་དབང་པོས། གཞི་ལ་འཁྲུལ་པ་མེད་དེ་དུས་གཞི་དུས་ནས་འཁྲུལ་པ་ཞེས་གསུངས་པ་དང་། རྒྱལ་བ་ཡང་དགོན་པས། གནས་ལུགས་ཕྱག་ཆེན་དང་། འཁྲུལ་ལུགས་ཕྱག་ཆེན་ཞེས་གསུངས་པ་ཡང་དོན་འདིས་ཡིན་ལ། མདོར་བསྡུ་ན། སེམས་ཀྱི་རྡོ་རྗེ་འདི་ཉིད་རང་བཞིན་སངས་རྒྱས། གློ་བུར་དྲི་མས་བསྒྲིབས་པ་ལ་འཁོར་བ། དེ་སྦྱང་བ་བྱས་པ་ལས་འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་དུ་འགྱུར་བ་ཡང་འདི་ཉིད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར་རོ།། །། གཉིས་པ་ལུས་དངོས་པོའི་གནས་ཐབས་ཀྱི་བསྒོམ་པའི་གནས་གཏན་ལ་དབབ་པ་ལ། ལུས་ཇི་ལྟར་གྲུབ་པའི་ཚུལ། གྲུབ་པའི་རྩ། དེ་ལ་རྒྱུ་བའི་རླུང་། དེ་ལ་ཞོན་པའི་ཐིག་ལེ་བཤད་པ་དང་གཞི་ལས། དང་པོ་ནི། ཀྱེ་བཅོམ་ལྡན་འདས་རྡོ་རྗེའི་ལུས་ལ་ཞེས་པའི་ཚིག་གིས་བཤད་པ། སྔར་ལུས་ལ་ཞེས་གསུངས་པ་ལས་འཕྲོས་པ་སྟེ། དེ་ཡང་སྣང་བ་གསུམ་དུ་གྲུབ་ནས་འབྱུང་བ་ལྔའི་བདག་ཉིད་ཅན་གྱི་ཉོན་ཡིད་གྲུབ་སྟེ་བར་མ་དོའི་སྲིད་པར་འཕོའོ། །དེས་སྐྱེ་བ་བཞི་ཅི་རིགས་པར་ལེན་ཀྱང་། འདིར་འཛམ་གླིང་ཆུང་དུ་ལས་ཀྱི་ས་པ། དེའི་ནང་ནས་ཀྱང་རྩོད་པའི་དུས་པ། དེ་ལས་ཀྱང་མངལ་སྐྱེས་ཀྱི་མི་དག་ཁམས་དང་ཉོན་མོངས་པ་ཆེས་རགས་པས། རགས་པ་ལས་ཡེ་ཤེས་འཆིང་བ་ནི་རྡོ་རྗེ་ཐེག་པ་ཉིད་ཀྱི་ཁྱད་ཆོས་ཡིན་པས་སྔགས་ཀྱི་གདུལ་བྱའི་གཙོ་བོ་ནི་དེ་དག་གོ །བར་དོ་འགགས་པ་དང་སྐྱེ་བ་ལེན་པ་དུས་མཉམ། མངལ་དུ་སྤྱི་བོ་ཁ་སྐྱེ་གནས་ཅི་རིགས་པ་ནས་འཇུག་ལ། ཞུགས་ནས་དེར་ཕའི་ཁུ་བ་བསིལ་བའི་ཕྱིར་ཐོག་མར་དེ་ལ་འཛིན་ལ། ཕྱི་ནས་མའི་རྡུལ་ལ་ཡང་སྟེ། དེ་གཉིས་ཀྱི་བར་དུ་རྣམ་པར་ཤེས་པའི་ཁམས་འདྲེས་ནས་གནས་པའི་ཕྱིར་རོ། །དེ་ནས་བདུད་རྩི་ལྔ་གཅིག་ཏུ་འདྲེས་པའི་གོང་བུར་གྲུབ་སྟེ་མེར་མེར་པོ་ལ་སོགས་པའི་གནས་སྐབས་དག་གོ །ཟླ་བ་ལྟུང་བ་དང་། ཉི་མ་འབབ་པ་དང་། སྒྲ་གཅན་ཞུགས་པ་དང་། གོང་བུའི་གནས་སྐབས་རིམ་པ་བཞིན། མེ་ལོང་ལྟ་བུ་དང་། མཉམ་ཉིད་དང་། སོར་རྟོག་དང་། བྱ་བ་ནན་ཏན་དང་། གནས་སྐབས་དེ་མན་ཆད་ལུས་རྫོགས་པས་བསྡུས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་མངོན་པར་བྱང་ཆུབ་པ་ལྔ་པའོ། །དེར་ཟླ་བ་གཅིག་ལོན་པའི་ཕྱི་དེ་ཉིད་ནས་ལྟེ་བར་དྷཱུ་ཏཱི་ཤད་ལྟ་བུ་ཞིག་ཆགས་ཤིང་ཞག་རེ་རེ་རྩ་ཉིས་བརྒྱ་ཉིས་བརྒྱ་ཆགས་པས་ཟླ་བ་བཅུ་གཉིས་སོང་བའི་ཚེ་རྩ་རྫོགས་པར་འགྱུར་ལ། དེ་ནས་ཞག་རེར་རྩ་གཉིས་གཉིས་བསྐམས་པའི་རྩ་འཆད་འབྱུང་བར་འགྱུར་རོ། །དེ་ཡང་ཕོར་སྐྱེ་ན་ཟླ་ངོ་བཅུ་དཀུ་གཡས་སུ། མོར་སྐྱེ་ན་ཟླ་བ་མ་ངེས་ལ་དཀུ་གཡོན་དུ། ལྟོ་བ་གནས། སྐྱེ་གནས་ཆགས་བྲལ། ཟླ་བ་བཅུ་ས་བཅུ། མ་མཁན་མོ། ཕྲུ་མ་ཆོས་གོས། སྤྱི་བོར་ཐལ་མོ་སྦྱར་བ་ཁྲིམས་ནོད་པའི་ཚུལ་ཏེ་མཆོག་གི་སྤྲུལ་སྐུའི་དགེ་སློང་དང་ཆོས་མཐུན་པར་སྐྱེའོ། །རླུང་མངལ་དུ་གནས་པ་ཕན་ཆད་དབུ་མ་ནས་རྩའི་ནང་དུ་འགྲོ་འོང་བྱེད། ཕྱིར་སྐྱེས་ནས་ལྟེ་བ་མ་བཅད་བར་དུ་དབུ་མ་ནས་སྣ་གཉིས་ཀར་ཤུགས་མཉམ་པར་འབབ་ལ། བཅད་ནས་མཉམ་མི་མཉམ་ཀྱི་དུས་སྦྱོར་གང་ལ་སྐྱེ་བའི་ཕྱོགས་དེར་ཤུགས་ཆེར་སོང་ནས་ང་དྲུག་རྐང་བཅས་རྫོགས་པའི་ཚེ་ཡོན་པོར་འགྱུར་རོ། །རླུང་ཕྱིར་མ་འཕོས་བར་དུ་ཐིག་ལེའི་ཚོགས་པའང་སྙིང་གའི་འཁོར་ལོ་ཉིད་དུ་མ་གྱེས་པར་འདུག དེ་ནས་གྱེས་ཏེ་ཕ་ལས་ཐོབ་པའི་དྭངས་མ་ཆུ་ཡིན་པའི་ཕྱིར་ཐུར་དུ་འབབ་རྒྱུ་བཟློག་སྟེ་གྱེན་སྤྱི་གཙུག་གི་ཧཾ་དུ་སོང་། མ་ལས་ཐོབ་པའི་དྭངས་མ་མེ་ཡིན་པས་གྱེན་དུ་འགྲོ་རྒྱུ་བཟློག་སྟེ་འོག་གསང་བའི་འཁོར་ལོའི་ཨ་ཤད་ཀྱི་ནང་དུ་སོང་། དུས་དེར་བྱིས་པ་ལ་སྔགས་ཀྱི་བཟླས་པ་ཨ་ཧཾ་གི་སྒྲ་དབྱུང་ངོ་། །མེ་ཆུའི་ཆོས་ཉིད་ཇི་ལྟ་བར་གནས་ན་ཟད་པར་འགྱུར་པའི་ཕྱིར་འཆི་ལ། བཟློག་པས་ཚེ་འཕེལ་བ་དང་གནས་པར་འགྱུར་བའི་ཕྱིར་ཚེ་སྒྲུབ་པ་དག་གིས་འདི་གོ་བར་བྱའོ། །དེ་ལྟ་བུའི་ལུས་དེ་ཡང་ས་སོགས་འབྱུང་བ་བཞིའི་སྟེང་དུ་ཁུ་རྡུལ་ཡེ་ཤེས་དང་སྟེང་དུ་ཁུ་རྡུལ་ཡེ་ཤེས་དང་སྟོང་པའི་ཁམས་དྲུག་དང་ལྡན་པ་ཞེས་བྱ་སྟེ། དེ་ཉིད་དུ། ས་དང་ཆུ་དང་སྲེག་ཟ་རླུང་། །ཁུ་བ་དང་ནི་རྡུལ་གྱི་རིགས། །ཁམས་དྲུག་ལྡན་པའི་འདིར་བཤད་དེ། །སྐྱེས་བུ་གང་ཟག་ཆེན་པོའོ། །ཞེས་གསུངས་སོ། །རྡོ་རྗེའི་ལུས་ཞེས་པ་ཡང་རྗེ་བཙུན་གྱིས། །རྡོ་རྗེའི་ལུས་ནི་བདེ་སྟོང་གི་ལུས་སམ། ཡང་ན་ཧེ་རུ་ཀས་ཏེ་བྱང་ཆུབ་པ་ལྔས་བསྐྱེད་པའི་སེམས་ཅན་ཐམས་ཅད་ཧེ་བཛྭ་ལས་མ་འདས་པས་རྡོ་རྗེའི་ལུས་སོ། ཞེས་གསུངས་པ་ཉིད་དོ། །ནཱ་རོ་པ་ཆེན་པོ་ནི་འདིར་རང་བཞིན་གྱི་སྐུ་གསུམ་བཞེད་དེ། ལུས་ཆགས་པ་ནས་འཆི་བའི་གནས་སྐབས་ལ་ཐུག་གི་བར་སྐྱེ་བ་སྤྲུལ་སྐུ། ཤི་བ་ཆོས་སྐུ། བར་དོ་ལོངས་སྐུའོ། །གཉིས་པ་གྲུབ་པའི་རྩ་བཤད་པ་ལ། རྩ་ཐམས་ཅད་ཀྱི་རྩ་བ་དབུ་མ་ངོས་གཟུང་། དེ་ལས་ཇི་ལྟར་གྱེས་པ། བྱེད་པའི་ལས་ཀྱིས་འཁོར་འདས་ཀྱི་རྩར་ཕྱེ་བ་གསུམ་ལས། དང་པོ་ནི། ཀྱེ་བཅོམ་ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས། ཞེས་པ་ལ་སོགས་པས་བསྟན་ཏེ། རྩ་ནི། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ་ཞེས་པ་ཡན་གྱིས་བསྟན། ཁམས་ནི་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་ཞེས་པས་བསྟན། དེའི་བཞོན་པའི་རླུང་ནི་འབབ་པ་བདེ་བ་ཆེན་པོའི་གནས་སུ་འཛག་པའོ། །ཞེས་པས་བསྟན་ཏེ། དེའི་ཕྱིར་གཞུང་འདི་རྩ་རླུང་ཐིག་ལེ་གསུམ་གྱིས་མདོར་བསྟན་དུ་བྱས་ནས། དང་པོར་རྩ་རྒྱས་པར་བཤད་པའི་ཕྱིར། དེ་རྣམས་ཀྱི་ནང་ནས་རྩ་རྣམ་པ་གསུམ་ནི་གཙོ་མོ་སྟེ། རྐྱང་མ་དང་། རོ་མ་དང་། ཀུན་འདར་མའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཀུན་འདར་མ་ནི་དབུ་མ་སྟེ། དེ་ལ་ཡང་། ཤིན་ཏུ་ཕྲ་བ་གཉུག་མ་དོན་གྱི་དབུ་མ། ཕྲ་བ་ཆོས་ཉིད་ཀྱི་དབུ་མ། རག་པ་གནས་པ་རྩའི་དབུ་མ། སྒོམ་པ་དམིགས་རྟེན་གྱི་དབུ་མ་བཞི་ལས། དང་པོ་ནི། གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་པའི་ཕྱིར་སེམས་ཀྱི་རྡོ་རྗེའི་དག་པའི་ཆ་ལ་བྱ་སྟེ། ཕྱི་ན་མ་ཡིན་ནང་ན་མིན། །ཞེས་གསུངས་སོ། །གཉིས་པ་ནི། མི་ཤིགས་པའི་ཐིག་ལེ་ལ་རྟེན་བྱེད་པའི་ཆ་ནས་རྩ་ཞེས་བཏགས་པ་དེ་འདི་ནི་དབུ་མའི་ནང་གི་འཁོར་ལོ་དྲུག་ཏུ་ཐིག་ལེ་སྟོང་པ་ཡི་གེ་དྲུག་གི་རང་བཞིན་ཕྲ་བའི་རྩ་དྲུག་གོ དེ་ལྟར་ཡང་ཡེ་ཤེས་ཐིག་ལེ་ལས། འཁོར་ལོ་དྲུག་གི་ལྟེ་བའི་དབུས། །ཕྲ་མོའི་ལུས་ལྡན་རྩ་ནི་དྲུག །ཐིག་ལེ་དང་བཅས་དེ་རྣམས་སྦྱོར། །སྲོག་གི་དབྱུག་པའི་ནང་དུའོ། །ཞེས་སོ། །ཆོས་རྗེ་པས། ཆོས་ཉིད་ཀྱི་རྩ་དབུ་མ་འོད་ཀྱི་སྐུད་པ་ལྟ་བུ་དབུ་མའི་ནང་དུ་གནས་སོ། །ཞེས་གསུངས་པ་དེ་ཡིན་ལ། ཆོས་ཉིད་ཅེས་པ་ནི་ཀུན་རྫོབ་པའི་སེམས་ཀྱི་གནས་ལུགས་ཡིན་པའི་ཕྱིར་རོ། །གསུམ་པ་ནི། སྲོག་རྩ་སྟེ། ཡས་སྣ་མཛོད་སྤུའི་གནས་སུ་ཟུག །དེ་ནས་སྤྱི་བོ། མགྲིན་པ། སྙིང་ག ལྟེ་བ། གསང་གནས་ཚུན་ལུས་ཀྱི་དབུས་སུ་འོངས་ཏེ། དེ་ནས་འོག་ཏུ་གཡས་སུ་འཁྱོགས་པ་གསང་བའི་སྣ་རྩེར་ཟུག སྣ་གཉིས་ཀ་མེ་ཏོག་གི་འདབ་མ་ལྟ་བུ་གྱེས་པའི་ཚེ་བཞི་དང་། གཞན་དུ་ཟུམ་པར་བཤད། གསང་གནས་ནོར་བུའི་བར་སྐྱེས་པ་ལ་དཀར་ཆའི་དྭངས་མས་གང་བས་དུང་ཅན་དུ་བཏགས། བུད་མེད་ལ་དམར་ཆས་གང་ཞིང་སྣ་ལ་ལྟོས་ནས་རིག་ཅན་བཞིར་འབྱེད། ཁུ་བ་ལྷུང་བའི་དུས་སུ་དེ་ཤིན་ཏུ་འདར་བས་ཀུན་འདར་མར་བཏགས། ཁྲག་འབབ་པའི་དུས་སུ་གཡུང་མོ་དང་རེག་བྱ་མ་ཡིན་པར་མཚུངས་པས་གཡུང་མོའི་ཁྲག་གིས་མི་གཙང་བས་ཀཱ་ཀ་མུ་ཁ་སྟེ། འགྱུར་ཁྱད་ཀྱིས་བྱར་གདོང་དང་མཁའ་འགྲོ་གདོང་མ་ཞེས་བཏགས་སོ། །དེ་ལྟ་བུའི་དབུ་མའི་དེ་ནི་རྣམ་པར་ཤེས་པ་སྒྲ་གཅན་ཨ་ཡིག་ལས་གཙོ་བོར་སྐྱེས་པའོ། །དེ་ལྟར་ཡང་འདི་ཉིད་ལས། ཀུན་འདར་མ་ནི་དབུས་སུ་གནས། །ཞེས་དང་། ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་འདར་མ་རབ་གྲགས། །ཞེས་སོ། །དེ་ཉིད་ལ་གདན་བཞི་དང་ཡེ་ཐིག་ཏུ་སྲོག་གི་དབྱུག་པ་ཞེས་བཏགས། ཨ་ཝ་དྷཱུ་ཏི་སྟེ་གཉིས་སྤངས་ཞེས་དང་། སྟོང་པ་ཉིད་གཞོམ་དུ་མེད་པའི་སྒྲ་འབྱུང་བའི་ཕྱིར་དྲིལ་ཅན་དང་། ལྟེ་བ་མན་ལ་དུས་མེ་དང་། ཡན་ལག་སྒྲ་གཅན་ཡིད་བཟང་མ་དང་། རྟོག་མེད་མ་དང་། མུན་ཅན་ཞེས་བྱ་བ་ལ་སོགས་པ་རྣམས་ནི་རྣམ་གྲངས་སོ། །བཞི་པ་དམིགས་རྟེན་གྱི་དབུ་མ་ནི། རྣལ་འབྱོར་བསྒོམ་པའི་ཚེ་བློས་བརྟགས་ནས་བཞག་པ་སྟེ་ཚད་མ་ངེས་སོ། །གཉིས་པ་ཇི་ལྟར་གྱེས་པའི་ཚུལ་བཤད་པ་ནི། གནས་པའི་རྩ་དབུ་མ་དེ་ལས་ཡལ་ག་དང་པོར་རྡུལ་རྣམ་པར་བཅད་པ་ལས་སྐྱེས་པའི་རོ་མ་སྣ་གཡས་ནས་གསང་གནས་ཀྱི་འཁོར་ལོ་ཚུན་དུ་ལུས་ཀྱི་གཡས་ཕྱོགས་སུ་གནས་པ། གསང་གནས་ཀྱི་འོག་ནས་གཉིས་སུ་གྱེས་ཏེ་གཅི་བ་འབབ་པ་གཅི་ལམ། ཁྲག་འབབ་པ་གསང་རྩའི་གཡོན་དུ་སྐྱེས་པ་ལ་ཁ་སྟེང་དུ་གུག་སྟེ་བལྟ་བའི་ཚུལ། བུད་མེད་ལ་འཕྱང་བས་ཁྲག་ཕལ་པ་འབབ་ལ། དབུ་མ་ལས་ཡལ་ག་གཉིས་པ་སྙིང་སྟོབས་ཀྱི་ཐིག་ལེས་སྐྱེས་པའི་རྐྱང་མ་སྣ་བུག་གཡོན་ནས་གསང་འཁོར་ཐུག་ལུས་ཀྱི་གཡོན་ཕྱོགས་སུ་གནས་པ་འོག་ཏུ་ཁ་གཉིས་སུ་གྱེས་ཏེ། གཅིག་ནས་སྐྱེས་པའི་དཀར་ཆ་ཕལ་པ་འབབ་ལ། བུད་མེད་ལ་སྣ་བལྟབ་ནས་མི་འབབ་པ་དེ་གསང་རྩའི་འོག་ཕྱོགས། གཅིག་ནས་དྲི་ཆུ་འབབ་པ་དབུས་སུ་གནས་ཏེ། རྐྱང་མ་ཤེས་རབ་རང་བཞིན་ཏེ། །ཐབས་ཀྱི་རོ་མ་ཡང་དག་གནས། །ཞེས་དང་། རྐྱང་མ་མི་བསྐྱོད་འབབ་པ་དང་། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཞེས་སོ། དེ་ལ་ལ་ལཱ་ན་སྟེ་ཁ་འོག་ཏུ་འཕྱང་བས་བརྐྱང་མ་འམ་འཕྱང་མ། སྟེང་དུ་ཟླ་བ། སྙིང་སྟོབས། ལུག འཛིན་པའི་རྩ། འོག་ཏུ་དྲི་ཆུ་འབབ་པ་ར་སཱ་ན་སྟེ་ལུས་ལ་ཕན་འདོགས་པར་བྱེད་པའི་བཅུད་ལེན་པའི་རྩ་ཡིན་པས་རོ་མ། ཉི་མ་རྡུལ། གཟུང་བའི་རྩ། སེར་སྐྱ། འོག་ཏུ་གཅི་བ་འབབ་པ་སྟེ་རྣམ་གྲངས་སོ། །དེ་ལྟར་རྩའི་གཙོ་མོ་གསུམ་ལ་སྟེང་འོག་གི་དབྱེ་བས་རིགས་དྲུག་གི་རྩར་བཞག དེ་ལས་མི་ཕྱེད་མ་ལ་སོགས་པའི་མིང་ཅན་སུམ་ཅུ་རྩ་གཉིས་སུ་གྱེས་ཏེ། དེ་ཡང་། འཁོར་ལོ་བཞིའི་ཕྱོགས་སུ་འབྱུང་བའི་རྩ། མཚམས་སུ་འབྱུང་བ་གཉིས་འདྲེས་སམ་འབྱུང་འགྱུར་གྱི་རྩ་སྟེ། བརྒྱུད་དུ་གྱེས་པའི་སུམ་ཅུ་རྩ་གཉིས་ལ་བཞག་པ་གཅིག་དང་། ལྟེ་བ་ལས་སྟེང་དུ་ལས་བྱེད་པ་རོ་མ་ལས་གྱེས་པའི་ཀཱ་ལི་སུམ་ཅུ་རྩ་གཉིས་དང་། འོག་ཏུ་ལས་བྱེད་པ་རྐྱང་མ་ལས་གྱེས་པ་ཨཱ་ལི་སུམ་ཅུ་རྩ་གཉིས་ལ་བཞག་པ་ཞིག་དང་། འབབ་ས་སྤྱི་བོའི་རྩ་སུམ་ཅུ་རྩ་གཉིས་ལ་དང་། འཇུག་ས་གསང་གནས་ཀྱི་སུམ་ཅུ་རྩ་གཉིས་དང་། ལས་བྱེད་ས་གནས་ཉི་ཤུ་རྩ་བཞི་དང་། སྙིང་གའི་ལྔ། གཙོ་མོ་གསུམ་སྟེ་སུམ་ཅུ་རྩ་གཉིས་ལ་བཞག་པ་ཐམས་ཅད་ཤེས་དགོས་ཏེ། རྡོ་རྗེ་སྙིང་འགྲེལ་ལས། བཅོམ་ལྡན་འདས་ཀྱི་བདེ་བ་ཆེན་པོར་ཁུ་བ་འབབ་པ་སུམ་ཅུ་རྩ་གཉིས་རྩ་གསུམ་སྟེ། །མགྲིན་པ་སོན་ཅིང་དེ་བཞིན་སྙིང་ག་ལྟེ་བ་གསང་བར་གང་ཡིན་པའང་། ཅི་ཞིག་འབབ་པ་རྐང་ལག་ཚིགས་དང་ལག་པའི་སོར་མོའི་ཚོགས་སུ་སོང་བ་སྟེ། །དེ་རྣམས་རྒྱལ་བས་ཀྱེ་ཡི་རྡོ་རྗེར་རྡོ་རྗེ་སྙིང་པོ་བདག་ལ་གསུངས་པའང་མེད། །ཅེས་གསུངས་སོ། །དེ་ལས་སྙིང་གའི་མཚམས་ཀྱི་རྩ་འབྱུང་བ་གཉིས་འདྲེས་པ་ལྔ་དབང་པོའི་སྒོར་ཟུག་ནས་དེར་ལས་བྱེད་པ་ཡན་ལག་གི་རྩ་སྟེ། སྔར་ལས་བྱེད་པའི་སྒོ་ལ་སུམ་ཅུ་རྩ་གཉིས་སུ་བཞག་པ་དེའི་སྟེང་དུ་བསྣན་པས་སུམ་ཅུ་རྩ་བདུན་གྱི་གནས་སུམ་ཅུ་རྩ་བདུན་དང་གཞན་བྱང་ཕྱོགས་སོ་བདུན་གྱི་རྩར་བཞག་གོ །དེ་ལས་གྱེས་པ་འཁོར་ལོ་བཞིའི་རྩ་བརྒྱ་ཉི་ཤུ། དེའི་སྟེང་དུ་གཙུག་ཏོར་དང་གསང་གནས་གཉིས་ཀྱི་རྩ་བསྣན་པས་བརྒྱ་ང་དྲུག གཙུག་ཏོར་དང་གསང་བའི་སྣ་རྩེའི་དབུ་མ་ལ་འདབ་མ་བཞིར་བཤད་པ་ནི་ཁ་བྱེ་བའི་དབང་དུ་བྱས་པའོ། །ཕྱག་ཐིག་ཏུ། རླུང་འཁོར་འདབ་མ་དྲུག་པ་བཤད་པའང་གཙུག་ཏོར་གྱི་བཞིའི་སྟེང་དུ་རོ་རྐྱང་གི་སྣ་གཉིས་བགྲངས་པས་དྲུག་འབྱུང་བས་དེ་ཉིད་ཡིན་གྱི། འཁོར་ལོ་ལོགས་པ་ཞིག་ཡོད་པར་མི་སེམས་མོ། །དེ་བས་གཙུག་ཏོར་གྱི་འཁོར་ལོ་ལ་འདབ་མ་བཞི་འམ་དྲུག རྩ་རྒྱུད་འདི། སྡོམ་འབྱུང་། རྡོར་འཕྲེང་སོགས་ནས་སྤྱི་བོ་ལ་སོ་གཉིས། མགྲིན་པ་ལ་བཅུ་དྲུག་བཤད། འབུམ་ལྔ་དུས་འཁོར་ནས། སྤྱི་བོར་ལ་བཅུ་དྲུག མགྲིན་པ་ལ་སོ་གཉིས། དོན་དུ་གཉིས་ཀ་ལ་ཕྱི་བསྐོར་དུ་སོ་གཉིས་ཡོད་ཀྱང་། སྦྱར་གཞིའི་དབང་གིས་ཕྱི་བསྐོར་བགྲང་བ་དང་། བར་བསྐོར་བགྲང་བའི་དབང་གིས་ཐ་དད་པར་སྣང་ངོ་། །སྙིང་ག་ལ་ནང་སྐོར་རྩ་ལྔ། ཕྱི་བསྐོར་རྩ་བཅུ་ཡོད་ཀྱང་། བདུད་བྲལ་མ་དང་། དེ་ལས་གྱེས་པའི་རེག་བྱའི་རྩ་སྤངས་ནས་བརྒྱད་འདྲེན་པ་ཡིན་ནོ། །གཉིས་སྤོང་བའི་རྒྱུ་མཚན་ཡང་བརྟག་པ་ཕྱི་མར། གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པས་ཀུན་གྱི་ལྷག་མ་སྤང་། །ཞེས་འཕྱང་བ་ནས་ལྕེའུ་ཆུང་བརྒྱུད་འཛག་པའི་བདུད་རྩི་འདིས་འཐུངས་ནས་འཆི་བ་བསྐྱེད་པས་རྩ་དེ་ལ་བྱང་སེམས་ཀྱི་ཆ་བཅུ་དྲུག་གི་གང་བ་མེད་པས་ན་བདུད་ཀྱི་བུ་མོ་ཞེས་བཏགས་པའི་ཕྱིར་རོ། །དེས་ན་སྤྱི་མགྲིན་ལྟེ་བ་གསུམ་ལ། དང་པོར་ནང་བསྐོར་བཞི། དེ་ལས་ཕྱི་བསྐོར་བརྒྱད། སྤྱི་མགྲིན་གཉིས་ལ་བརྒྱད་གཉིས་སུ་གྱེས་པའི་བར་བསྐོར་བཅུ་དྲུག དེ་གཉིས་སུ་གྱེས་པའི་སུམ་ཅུ་རྩ་གཉིས། ལྟེ་བའི་བརྒྱད་པོ་ཐུན་བརྒྱད། དེའི་ཕྱོགས་ཀྱི་བཞི་ལ་གཉིས་སུ་གྱེས། མཚམས་མ་གྱེས་པར་འོངས་བའི་བཅུ་གཉིས་དུས་སྦྱོར་བཅུ་གཉིས་ཀྱི་རྩ་བརྒྱད་པོ་དེ་ལས་ལྔ་ལྔར་གྱེས། མཚམས་ལྔར་མ་གྱེས་པའི་རྩེ་མོ་ལས་དྲུག་དྲུག་ཏུ་གྱེས་པའི་ཕྱི་བསྐོར་ལས་དྲུག་དྲུག་ཏུ་གྱེས་པའི་ཕྱི་བསྐོར་ལ་དྲུག་ཅུ་རྩ་བཞི། གསང་གནས་ལ་ནང་དུ་རྩ་དྲུག ཕྱོགས་ཀྱི་བཞི་ལ་གཉིས་སུ་གྱེས། གྱེས་པ་མེད་པའི་གཉིས་ཚད་མཉམ་དུ་འོངས་པས་བར་བསྐོར་ལ་བཅུ། དེ་ནས་བརྒྱད་དང་། གཉིས་པོ་དེ་ལས་བཞི་བཞིར་གྱེས་པའི་ཚད་མཉམ་པའི་ཕྱི་བསྐོར་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་སོ། །ཕྱག་ཐིག་ཏུ། མགྲིན་པའི་འོག་ཏུ་མེ་འཁོར་གྲུ་གསུམ་བཤད་པ་ཡང་གསང་གནས་ཀྱི་རྩ་གསུམ་འདྲེས་པའི་མདུང་གཏུམ་མོ་གནས་པའི་ས་འདི་ཁ་སྟེ་རྡོ་རྗེའི་མགྲིན་པའི་འོག་ཡིན་པའི་ཕྱིར་རོ། །རྔོག་གི་འགྲེལ་པར་རྩེའི་འདབ་མ་ལ་ཀྱོག་ཅེས་གསུངས་པ་ལ་རྩ་འདབ་ཀྱག་ཀྱོག་གི་འབར་འབུར་ལ་འདོད་པར་འདུག་གོ་སྙམ་ནས་གཞན་གྱིས་དགག་པ་བྱེད་པ་དང་། ལུགས་འཛིན་པར་འདོད་པ་འགའ་ཞིག་ཀྱང་དེ་ཀ་ཡིན་པར་བསམས་ནས་འཁྲུལ་མོད། འདིའི་དགོངས་པ་ནི། རྩ་གྱེས་མཚམས་ཀྱི་འབུར་པོ་དང་འཁྱོགས་མཚམས་ལ་ཕྱི་བསྐོར་ནང་བསྐོར་བར་བསྐོར་གྱི་མཚམས་འཛིན་པ་དང་། ཤིང་ལ་ཡལ་ག་ཁྲིའུ་ཅི་ཙམ་གྱེས་ཀྱང་ཤིང་གི་སྡོང་པོ་གཅིག་ཏུ་གྲུབ་པ་བཞིན་དུ་བྱེད་པའི་ལས་མི་མཐུན་པ་བརྒྱད་པོ་དེ་ལས་མེད་ལ། བརྒྱད་པོ་གྱེས་པ་སོ་སོའི་རྩ་བ་ཡིན་པས་སོ། །དེ་ནས་ལས་ཀྱི་འཁོར་ལོ་བཅུ་གཉིས་ལ་རྩ་འདབ་སུམ་ཅུ་སུམ་ཅུ། བྱ་བའི་འཁོར་ལོའི་ཚིགས་དྲུག་ཅུ་ལ་དྲུག་དྲུག རྡོ་རྗེའི་བུམ་པ་ལ་བཅུ་དྲུག ནོར་བུ་ལ་བཞི། དེ་དག་ལས་གྱེས་པ་སྟོང་ཕྲག་བདུན་ཅུ་རྩ་གཉིས། བསྡུ་ན་ཡུལ་ཉི་ཤུ་རྩ་བཞི། དེ་དག་ལས་གྱེས་པ་རིང་བ་འདོམ་གང་ནས་ཐུང་བ་ཁབ་རྩེ་ཙམ་གྱི་བར་བསམ་གྱིས་མི་ཁྱབ་པའི་རྩར་གྲུབ་བོ།། །། གསུམ་པ་བྱེད་ལས་ཀྱི་སྒོ་ནས་འཁོར་འདས་ཀྱི་རྩར་ཕྱེ་བ་ནི། ཀྱེ་བཅོམ་ལྡན་འདས་རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཇི་ལྟ་བུ་ལགས། །ཞེས་སོགས་ཀྱིས་བསྟན་ཏེ། འཁོར་ལོ་དྲུག་པོ་དེ་དག་གི་ནང་བསྐོར་གྱི་ནང་དུ་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་ལུག་གུ་རྒྱུད་དུ་བཅིངས་པ་དབུ་མ་དང་། ནང་བསྐོར་གྱི་པགས་གཅིག་ལ་ཕྱི་བསྐོར་གྱི་པགས་པ་སོ་སོ་བས་རྩ་ཐམས་ཅད་དབུ་མར་གྲུབ་པ་ཡིན་ཏེ། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་པ་སྟེ། སྲིད་གསུམ་ནི་རྩའི་གཙོ་མོ་གསུམ། ཡོངས་གྱུར་ནི་བསམ་གྱིས་མི་ཁྱབ་པའི་རྩ་ཐམས་ཅད་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཨ་ཝ་དྷཱུ་ཏིར་གཅིག་ཅེས་པའི་དོན་ནོ། །འདི་ནི་གནས་པའི་རྩའི་དབང་དུ་མཛད་ལ། རྩ་དེ་ཐམས་ཅད་ཀྱང་གཉུག་མ་དོན་གྱི་དབུ་མར་གཅིག་པར་ཡང་སྟོན་པའི་ཕྱིར། ཡང་ན་ཐབས་ནི་ཐམས་ཅད་ཀྱིས། །དངོས་པོའི་མཚན་ཉིད་དུ་ནི་བརྟག །ཅེས་གསུངས་སོ། །འོ་ན་འཁོར་བའི་རྩ་དང་མྱ་ངན་ལས་འདས་པའི་རྩ་གཉིས་སུ་འབྱེད་པར་མི་རིགས་སོ་ཞེ་ན། དེ་ནི་བྱེད་ལས་ཀྱི་སྒོ་ནས་ཏེ། དབུ་མ་དང་རོ་རྐྱང་འབྲེལ་མཚམས་ཀྱི་བུ་གའི་ཐད་ཀྱི་རོ་བརྐྱང་ཤིན་ཏུ་འཁྱོགས་པས་གཅུས་པ་ལྟ་བུར་སོང་བའི་ཕྱིར། དེར་རྩ་མ་འདྲོངས་བར་དུ་རླུང་རགས་པ་རྒྱུ་མ་ཐུབ། རྩ་འདྲོངས་པ་ནི་རླུང་གིས་གང་བ་ལ་ལྟོས། གང་བ་ནི་རྣལ་འབྱོར་བསྒོམ་པ་ལས་གཞན་གྱིས་རྙེད་དཀའ་བའི་ཕྱིར། ཕལ་ལ་རོ་བརྐྱང་གི་རླུང་ཁ་ཕྱིར་བལྟས་ནས་སྟེང་དང་འོག་གི་སྒོར་འབྱིན་ནོ། །དེའི་ཕྱིར་གཟུང་བ་དང་འཛིན་པ་བསྐྱེད་པས་འཁོར་བ་སྒྲུབ་ལ། རྒྱུ་དེས་དབུ་མ་ལས་གཞན་པའི་གྱེས་པ་ཐམས་ཅད་འཁོར་བའི་རྩར་བཞག་གོ །རྣལ་འབྱོར་གྱི་སྟོབས་ཀྱིས་གང་བའི་ཚེ་དབུ་མ་དང་འགྲོ་འོང་གཅིག་ཏུ་བྱེད་པས་མྱ་ངན་ལས་འདས་པའི་བར་དུ་འགྱུར་བས། དེས་མྱ་ངན་ལས་འདས་པའི་རྩར་ཡང་བཞག་གོ །དཔེར་ན་གཏུམ་པོ་མྱ་ངན་མེད་དང་ཆོས་རྒྱལ་མྱ་ངན་མེད་བཞིན་ནོ། །དེའི་ཕྱིར་རྩ་དག་པ་ཡང་། ཐོག་མར་གནས་པ་རྩའི་དབུ་མར་དག་པ་དང་། དེ་ཆོས་ཉིད་ཀྱི་དབུ་མ་དང་། དེ་དོན་དམ་པའི་དབུ་མར་དག་པ་ཡིན་ནོ། །འགའ་ཞིག་སུམ་ཅུ་རྩ་གཉིས་མདུད་དང་ལྡན་ཞེས་པ་ལ་འཁྲུལ་ནས། རོ་བརྐྱང་དང་དབུ་མའི་འབྲེལ་མཚམས་སུམ་ཅུ་རྩ་གཉིས་སུ་འདོད་མོད། དེ་ནི་མི་རིགས་ཏེ། རྒྱུད་དེ་ཉིད་དང་། འབུམ་ལྔ། དུས་འཁོར་ཐམས་ཅད་དུ། འཁོར་ལོ་དྲུག་ལས་མ་གསུངས་ཤིང་། གསང་གནས་ལས་སྟེང་དུ་ལམ་གསུམ་པ་ལྔ་ལས་མ་བཤད་པའི་ཕྱིར་ཏེ། འབུམ་ལྔ་ལས། ལྟེ་བ་ལ་སོགས་འཁོར་ལོ་ལྔ། དེ་རྣམས་ལམ་གསུམ་ལྔ་རྣམས་ཉིད། །ཅེས་གསུངས་པའི་ཕྱིར་ནོར་བ་ཡིན་ནོ། །འོ་ན་གོང་གི་ལུང་དོན་གང་ཡིན་ཞེ་ན། ལྟེ་བའི་སྟེང་དུ་འཕོ་བ་བཅུ་དྲུག འོག་ཏུ་འཕོ་བ་བཅུ་དྲུག་གི་རྩ་གྱེས་མཚམས་ཀྱི་འཁྱོགས་མདུད་དབུ་མ་ལ་དངོས་སུ་བརྟེན་པའི་ཕྱིར་དེ་སྐད་གསུངས་སོ། །ཡང་འགའ་ཞིག སྲོག་པ་རྩའི་ནང་དུ་དབུ་མ་རོ་རྐྱང་གནས་པར་བཤད་པ་ནི་ལུང་གི་དོན་མ་ཤེས་པར་ཟད་དོ།། །། གཉིས་པ་དེ་ལ་རྒྱུ་བའི་རླུང་ལ། ངོ་བོ། དབྱེ་བའི། གནས། ཁ་དོག རྒྱུ་ཚུལ། བྱེད་ལས་སོ།། །། དང་པོ་ནི། ཤིན་ཏུ་ཕྲ་བའི་སེམས་ཀྱི་རྡོ་རྗེ་ཉིད་ཀུན་ཏུ་འགྲོ་བའི་ཆ་ལ་བཞག་ཅིང་། ཡེ་ཤེས་ལྔའི་རང་བཞིན་གྱི་དབུགས་ཞེས་བྱའོ། །ཕྲ་བ་ནི་མི་ཤིགས་པའི་ཐིག་ལེ་ལ་གཡོ་བའི་ཆ་ནས་རླུང་དུ་བཏགས་པ་སྟེ། གཞོམ་དུ་མེད་པའི་སྒྲ་དང་། འཕྲེང་བ་ནས་རྣམ་པར་མི་རྟོག་པའི་རླུང་ཆེན་པོ་ཕྱིར་རྒྱུ་བ་མེད་པར་བཤད་པ་དེའོ། །དོན་ཁམས་ལྔའི་དྭངས་མ་སྟོང་ཆེན་ཡི་གེ་ལྔར་བཤད་པ་དེ་ཉིད་དོ། །རགས་པ་མངལ་དུ་དབུ་མ་གྲུབ་པ་ནས་སྟེ་བ་ཡན་གྱི་སྟེང་དུ་སྒྲ་གཅན། འོག་ཏུ་དུས་མེ། རོ་རྐྱང་གྲུབ་པ་ནས། ཉི་ཟླ་འམ། གཟུང་འཛིན་ནམ། མེ་ཆུའི་རླུང་། སྙིང་གའི་རྩ་བཅུ་གྲུབ་པ་དང་རླུང་བཅུ་ཕྱིར་མ་སྐྱེས་བར་དུ་རླུང་སྣར་འཕོ་བ་མེད་པས་རླུང་འཕེལ། སྐྱེ་བ་དང་དུས་མཉམ་འཕོ་བས་འཕེལ་བ་སྟོངས་སོ། །གཉིས་པ་དབྱེ་བ་ནི། སྲོག་འཛིན་ཆུ། ཐུར་སེལ་ས། གྱེན་རྒྱུ་མེ། མཉམ་གནས་རླུང་། ཁྱབ་བྱེད་ནམ་མཁའ་སྟེ་རྩ་བའི་རླུང་ལྔ་ཞེས་བྱའོ། །དེ་ལས་འབྱུང་བ་གཉིས་ཐབས་ཤེས་སུ་གྱུར་པའི་གཟུགས་སྒྲ་དྲི་རོ་རེག་བྱའི་རླུང་ལྔར་གྲུབ་ཅིང་དབང་པོའི་སྒོར་ལས་བྱེད་པའི་དུས་ཡན་ལག་གི་རླུང་དུ་བཞག་པ། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། ངེས་པར་རྒྱུ་བ། རབ་ཏུ་རྒྱུ་བ་སྟེ་མིང་གི་རྣམ་གྲངས། ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷས་བྱིན་དང་ནི་གཞུ་ལས་རྒྱལ། །ཞེས་སོ། །རླུང་བཅུ་པོ་ལ་སྒྲ་ཇི་བཞིན་པ་མ་ཡིན་པའི་རླུང་། །ཀོ་ཊ་ཥྱཿལ་སོགས་པའོ། །གསུམ་པ་གནས་ནི། རྡོར་འཕྲེང་དུ། ལྐོག་མ་སྙིང་ག་ལྟེ་བ་དང་། །གསང་བའི་པདྨར་འགྲོ་འོང་སྟོན། །ཞེས་པས། གྱེན་རྒྱུ་མགྲིན་པ། སྲོག་འཛིན་སྙིང་ག མཉམ་གནས་ལྟེ་བ། ཐུར་སེལ་གསང་གནས་དང་། ལུས་ཀུན་ལ་ནི་གནས་པའི་རླུང་། །བྱ་བ་ཀུན་ལ་འཇུག་པའོ། །ཞེས་ཁྱབ་བྱེད་ལུས་ཐམས་ཅད་ལ་གནས་པར་བཤད་ལ། ཡན་ལག་གི་རླུང་ལྔ་ནི་དབང་པོ་ལྔ་ལ་གནས་སོ། །བཞི་པ་ཁ་དོག་ནི། དགོངས་པ་ལུང་སྟོན་ལས། དམར་དང་ནག་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་པ། ཞེས་མེ་རླུང་ས་ཆུ་རིམ་པ་བཞིན་དུ་གསུངས་ལ། འཕྲེང་བར་རླུང་ལྗང་སེར་དུ་བཤད་དོ། །དུས་འཁོར་ལས་རླུང་ནག་པོ། ནམ་མཁའ་སྔོན་པོ། ཡེ་ཤེས་ལྗང་ཁར་བཤད་དོ། །ཡན་ལག་གི་རླུང་ལྔ་ནི་ཐབས་གཙོ་བས་དེའི་རྗེས་སུ་འབྲང་ངོ་། །ལྔ་པ་རྒྱུ་བའི་ཚུལ་ནི། རྡོར་འཕྲེང་དང་སྡོམ་འབྱུང་སོགས་ནས། སྣ་སྒོ་གཡས་འབའ་ཞིག་པའི་རླུང་མེའི་རང་བཞིན་པདྨ་མགོན་པོ་དགུ་བརྒྱ་ཕྲག་གཅིག དེ་བཞིན་གཡོན་འབའ་ཞིག་པའི་རླུང་གི་རླུང་ལས་ཀྱི་མགོན་པོ་དགུ་བརྒྱ་ཕྲག་གཅིག གཡས་ཀྱི་ཕྱི་ལོགས་སུ་ས་རླུང་རིན་ཆེན་མགོན་པོའི་རྒྱུ་བ་མཉམ་རྒྱུ་དགུ་བརྒྱ་པ་ཕྲག་གཅིག གཡོན་གྱི་ཕྱི་ལོགས་སུ་ཆུ་རླུང་རྡོ་རྗེ་མགོན་པོའི་རྒྱུ་བ་མཉམ་རྒྱུ་དགུ་བརྒྱ་པ་ཕྲག་གཅིག་སྟེ། འཆི་ཀའི་དུས་མ་ཡིན་པའི་གནས་སྐབས་ཐམས་ཅད་དུ་མགོན་པོ་གཞི་པོ་བདག་པོར་བྱས་ནས་མགོན་པོ་རེ་ཐུན་ཕྱེད་དུ་རྒྱུའོ། །ནམ་མཁའི་རླུང་རྣམ་སྣང་མགོན་པོ་ནི་འཆི་དུས་སུ་དགུ་བརྒྱ་ཕྲག་གཅིག་ཏུ་འབབ་ལ། གཞན་མ་བདག་པོར་བྱས་ནས་སྣའི་སྒོར་མི་རྒྱུའོ། །དེ་དག་ཐབས་ཀྱི་རྒྱུ་ཚུལ་ཡིན་ལ། ཤེས་རབ་ཀྱི་རྒྱུ་ཚུལ་ནི། དགོངས་པ་ལུང་སྟོན་ལས། བཞི་བཞི་བཞི་ཡི་སྦྱོར་བ་ཡིས། །གོས་དཀར་ལ་སོགས་ལེགས་པར་འབྲི། །ཞེས་པས། མགོན་པོའི་དགུ་བརྒྱ་པོ་འབྱུང་ཆུང་གི་དབང་དུ་བྱས་ནས་ཉིས་བརྒྱ་ཉི་ཤུ་རྩ་ལྔར་བསིལ་བ་གོས་དཀར་མོ་ལ་སོགས་པའི་ལྷ་མོ་བཞིའོ། །འདིར་མཉམ་རྒྱུ་དགུ་བརྒྱ་པ་ཕྲག་གཉིས་གསུངས་པ་ནི། དེ་གཉིས་ཀའི་མཐར་མཉམ་རྒྱུ་ང་དྲུག་རྐང་བཅས་རེ་འབབ་པས་མ་ཕྱེ་བར་གསུངས་པ་སྟེ་དུག་ཅུང་ཟད་འདྲེས་པའི་ཟས་ལ་དུག་ཅན་ཟེར་བ་བཞིན་ནོ། །དེ་ཡང་འབྱུང་འཇུག་གནས་པ་གསུམ་ལ་དབུགས་གཅིག དེ་ཕྱེད་བཅས་སོ་གཉིས་སུ་ལོངས་པའི་ཚེ་མཉམ་རྒྱུའི་ཐོབ་སྐལ་གཅིག་བཞག དེ་འདྲ་བས་འཕོ་ཆུང་རེའི་མཐར་དྲག་པོ་རྐང་བཅས་སུ་ལོངས། འོན་ཀྱང་དངོས་སུ་དེར་མི་རྒྱུ་བས། འཕོ་ཆུང་རེ་རེས་དམན་པ་བབས་ནས་འཕོ་ཆུང་གཞན་འཇུག དེ་འདྲ་བ་ལྔ་རྫོགས་ནས་དུས་སྦྱོར་གཅིག་ལོངས། དེའི་ཚེ་སྣ་གཞན་པར་འཕོ་བའི་འཕོ་ཆེན་འབྱུང་། དེའི་མཚམས་སུ་མཉམ་རྒྱུ་ང་དྲུག་རྐང་པ་དང་བཅས་པ་རེ་དངོས་སུ་འབབ་པ་ཡིན་ནོ། །འོ་ན་དུས་འཁོར་སོགས་ནས་ནམ་མཁའི་རླུང་ཡང་འབབ་པར་བཤད་ལ། འདུས་པ་ལ་སོགས་པའི་ཕྱོགས་ནས་བཞི་ལས་མ་གསུངས་སོ་སྙམ་ན། བདག་པོར་བྱེད་པའི་རྒྱུ་བ་ནི་བཞི། དེ་ནི་དུས་འཁོར་དུ་ཡང་བཞེད། དེའི་ཁོངས་སུ་གཙོ་བོའི་ཚུལ་གྱིས་ལྔ་ཀ་རྒྱུ་བ་འདུས་པར་ཡང་བཤད་དེ། རིན་ཆེན་ཁ་དོག་སྣ་ལྔ་པ། །ཡུངས་དཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །ཞེས་གསུངས་པས་སོ། །སོར་ཚད་ཀྱང་། བཞི་དང་བརྒྱད་དང་བཅུ་དྲུག་དང་། །བཅུ་དང་དྲུག་གི་མཐའ་རུ་སྦྱར། །ཞེས་པ་དང་། བཅུ་གཉིས་ནས་བཅུ་དྲུག་གི་བར་དུ་གསུངས་པ་ཡང་། ལྟ་གཞི་རྒྱུ་བ་གསལ་མི་གསལ་ལ་དགོངས་སོ། །དེ་ནས་སྣ་གཡས་པར་ས་ནས་སྡུད་རིམ་དུ་འབབ་པའི་ཚེ། ནམ་མཁའི་མཐར། གཡོན་པར་ནམ་མཁའ་ནས་བརྩམས་ཏེ་བསྐྱེད་རིམ་དུ་འབབ་པའི་ཚེ། ས་རླུང་གི་མཐར་ཡེ་ཤེས་ཀྱི་རླུང་རྒྱུ་བས་ཚད་ནི་དེ་དག་ཏུ་ངེས་ལ་མདོག་ནི་ལྗང་ཁའོ། དྲག་པོ་རྐང་བཅས་ཀྱི་རྣམ་བཞག་སྡོམ་འབྱུང་ལས་ཀྱང་གསལ་བར་འབྱུང་ངོ་། །འདི་དང་རྡོར་འཕྲེང་སོགས་སུ་ཉིན་ཞག་གཅིག་ལ་དབྱུག་གུ་དྲུག་ཅུ་རྩ་བཞི། དེ་གཉིས་བསྡོམས་པའི་ཆུ་ཚོད་སོ་གཉིས། དེ་གཉིས་བསྡོམས་པའི་འཕོ་བ་བཅུ་དྲུག དེ་གཉིས་བསྡོམས་པའི་ཐུན་ཚོད་བརྒྱད་དུ་གསུངས་པ་ནི་རྩའི་ཐོབ་སྐལ་བརྩིས་པ་ཡིན་ལ། དོན་འབུམ་ལྔ་དུས་འཁོར་དུ་འབྱུང་བ་བཞིན་དབྱུག་གུ་ཆུ་ཚོད་འཕོ་ཆུང་དོན་གཅིག་ཏུ་བྱས་ནས་དྲུག་ཅུ། དེ་ལྔས་འཕོ་ཆེན་ནམ་དུས་སྦྱོར་ཏེ། དེ་འདྲ་བ་བཅུ་གཉིས། འཕོ་ཆེན་རེ་ལ་དབུགས་བརྒྱ་ཕྲག་བཅོ་བརྒྱད། རྡོར་འཕྲེང་དུ་ཐུན་ཕྱེད་པའི་དབང་དུ་བྱས་ནས་དགུ་བརྒྱ་དེ་འདྲ་བ་ཉི་ཤུ་རྩ་བཞི། དོན་ཉིན་ཞག་ཕྲུགས་གཅིག་ལ་ཡེ་ཤེས་ཀྱི་རླུང་ཐེངས་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུའོ། །དྲུག་པ་བྱེད་པའི་ལས་ནི་གཉིས་ཏེ། ཐ་མལ་པའི་རྒྱུད་དང་རྣལ་འབྱོར་པའི་རྒྱུད་ལ་བྱེད་པའི་ལས་སོ། །དང་པོ་ནི། སེམས་ཅན་ཀུན་གྱི་སྲོག་གྱུར་པ། རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ཞེས་འཁོར་བའི་གནས་སྐབས་ཐམས་ཅད་ཀྱི་བྱེད་པ་པོར་བཞག་པ་དང་། བྱེ་བྲག་སྲོག་འཛིན་གྱི་རླུང་ཐམས་ཅད་ཕྱིར་སྤྱོད་པ་དང་ནང་དུ་སྡུད་པ། མེ་མཉམ་གྱིས་ཁ་ཟས་འཇུ་བ། གྱེན་རྒྱུས་བཟའ་མྱང་སྨྲ་བརྗོད་ལྟ་སྣོན་རེག་པ། ཐུར་སེལ་གྱིས་བཤང་གཅི་ཁུ་བ་འདོར་འཆིང་། ཁྱབ་བྱེད་ཀྱིས་འགྲོ་འོང་རེག་བྱའི་བྱ་བ། ཡན་ལག་གི་རླུང་ལྔས་ནི་གཟུགས་འཛིན་པ་སོགས་བྱེད་དོ། །ཡེ་ཤེས་ཀྱི་རླུང་རྒྱུ་བ་དེས་ནི་ནང་དུ་དུས་སྦྱོར་མི་མཉམ་པར་བྱས་པས་འཆི་ལྟས། ཕྱི་རོལ་དུ་ཟླ་བའི་ཤོལ་དུ་འགྱུར་རོ། །དེའི་ཕྱིར་ཕྱིར་འབབ་པའི་རླུང་ཐམས་ཅད་འཕྱང་བའི་རླུང་ཞེས་བཤད་དོ། །རྣལ་འབྱོར་པའི་རྒྱུད་ལ་སྲོག་རྩོལ་གྱི་རླུང་ཕྱིར་རྒྱུ་མི་ཐུབ་པར་འཆིངས་པ་ནི་གར་བ་ཞེས་བྱ། དེས་རྗེས་སུ་ལ་དྲན་པ་ལ་སོགས་པའི་ཡེ་ཤེས་སྐྱེ་བས་ལས་དང་པོའི་ས་ནས་རྡོ་རྗེའི་སའི་བར་ཐམས་ཅད་ཀྱི་སྤངས་པ་དང་རྟོགས་པ་ཐོབ་པར་འགྱུར་རོ། །འདིར་རླུང་སྟེང་དུ་རྒྱུ་བ་ཐམས་ཅད་ལ་སྲོག་རླུང་ཞེས་བཞག་པ་ཞིག་ཡོད་མོད་ཀྱང་། རླུང་བཅུའི་ཡ་གྱལ་དུ་ཕྱེ་བའི་སྲོག་འཛིན་འབབ་ཞིག་ཕྱིར་རྒྱུ་ལ། གཞན་མི་རྒྱུ་བར་སེམས་པ་ནི་ནོར་བ་ཡིན་ནོ།། །། གསུམ་པ་དེ་ལ་ཞོན་པའི་ཐིག་ལེ་བཤད་པ་ལ། ངོ་བོ། དབྱེ་བ། གནས། བྱེད་ལས། ཀུན་སྤྱོད་པའི་ཚུལ་ལྔ་ལས། དང་པོ་ནི། ཤིན་ཏུ་ཕྲ་བ་སེམས་ཀྱི་རྡོ་རྗེའི་སོ་སོར་རང་གིས་རིག་པའི་ཆ་ལ་བྱའོ། །ཕྲ་བ་ནི་མི་ཤིགས་པའི་ཐིག་ལེ། རྟེན་པའི་ངོས་ནས་བྱང་ཆུབ་ཀྱི་སེམས་ཞེས་བཏགས་པ་དེའོ། །དེ་ཡང་བརྟེན་པ་སྟོང་ཆེན་ཡི་གེ་ལྔར་བཤད་པའི་ཆ་ནས་སྔགས་ཀྱི་ཐིག་ལེ། རྟེན་ཐིག་ལེ་སྟོང་པ་དྲུག་ཏུ་བཞག་པའི་ཆ་ནས་འོད་ཀྱི་ཐིག་ལེ། རྟེན་བརྟེན་པ་གཉིས་སུ་མི་ཕྱེད་ཀྱང་ཅུང་ཟད་མཚན་མར་དམིགས་པའི་ཆ་ནས་རྫས་ཀྱི་ཐིག་ལེ་ཞེས་བྱའོ། །རགས་པ་ནི་དེ་ལས་རྡུལ་གཟུང་བ་དང་། སྙིང་སྟོབས་འཛིན་པར་བཞག་པ་སྣང་བ་དཀར་དམར་གྱི་ཐིག་ལེའི་མིང་ཅན་ཏེ། འབུམ་ལྔར། ཟླ་བ་ཉི་མ་ལ་བརྟེན་ནས། །སྲིད་གསུམ་བདག་ཉིད་ཧེ་རུ་ཀ །ཞེས་གསུངས་ལ། དེ་ལྟ་བུའི་རྟེན་བརྟེན་པའི་འབྲེལ་བ་ནི་འཁོར་བའི་གནས་སྐབས་ཐམས་ཅད་དུ་འཇུག་པས་གཟུགས་མེད་པའི་སྲིད་པར་ཡང་ཡོད་དོ། །དམ་པ་དང་པོར། ཇི་སྲིད་འགྱུར་བ་ཐོབ་ཀྱི་བར། །རྟེན་དང་བརྟེན་པའི་འབྲེལ་བས་གནས། །སེམས་ཀྱི་འགྱུར་མེད་ཐོབ་ནས་ནི། །རྟེན་དང་བརྟེན་པའི་འབྲེལ་བ་མེད། །གནས་སྐབས་དེ་དག་ལས་སྣང་བ་གསུམ་དུ་འགྱུར་བ་ཡིན་ནོ། །གཉིས་པར་དབྱེ་བ་ནི། ཕ་ལས་ཐོབ་པ་ཁུ་བ། མ་ལས་ཐོབ་པ་རྡུལ། བདག་ཉིད་ལས་ཐོབ་པ་མུན་ཅན་ཉིད་འོག་ཏུ་དུས་ཀྱི་མེ་དང་སྟེང་དུ་སྒྲ་གཅན་དུ་གྱེས་པས་བཞི། ཁམས་ལྔའི་དྭངས་མ་སྟེ་བདུད་རྩི་ལྔ་ཕའི་ཁུ་བ་ལ་རྩ་རུས་པ་རྐང་གསུམ། མའི་རྡུལ་ལ་ཤ་ཁྲག་པགས་པ་གསུམ་སྟེ་མཛོད་དྲུག་ཅེས་བྱའོ། །དེ་ཡང་འབུམ་ལྔར། ཁུ་བ་ཉིད་ཀྱི་ཁམས་རྣམ་གསུམ། །རྡུལ་གྱིས་ཀྱང་ནི་རྣམ་པ་གསུམ། །ཞེས་སོ། །དེ་ལས་སོ་སེན་ལ་སོགས་པའི་ཁམས་སུམ་ཅུ་རྩ་གཉིས་དང་། སོ་བདུན་དང་། བདུན་ཅུ་རྩ་གཉིས་དང་། བརྒྱ་དང་། གྲངས་མེད་པའི་བར་དུ་འགྱུར་རོ། །གསུམ་པ་གནས་ནི། གཙུག་ཏོར་ན་ཡེ་ཤེས་ཀྱི་ཁམས། སྤྱི་བོ་ན་ཟླ་བ། མགྲིན་པ་ན་ཉི་མ། སྙིང་ག་ན་སྒྲ་གཅན། ལྟེ་བ་ན་དུས་མེ། སྟོང་པའི་ཁམས་གསང་བར། ཡེ་ཤེས་དང་སྟོང་པ། སྒྲ་གཅན་དང་དུས་ཀྱི་མེར་བསྡུས་ན་ཁམས་བཞིར་བཤད་དོ།། །། བཞི་པ་བྱེད་པའི་ལས་ནི། ལུས་ཀྱི་ཐིག་ལེ་རྣམས་ཀྱིས་སད་པའི་གནས་སྐབས་བསྐྱེད། ངག་གིས་རྨི་ལམ། ཡིད་ཀྱིས་གཉིད་སྟུག་གམ་སྙོམས་འཇུག ཡེ་ཤེས་ཀྱི་ཐིག་ལེས་བཞི་པའི་གནས་སྐབས་བསྐྱེད་ལ། སྒྲིབ་པ་དང་བྲལ་བས་འཛག་པ་མེད་པའི་བསམ་གཏན་བཞིར་འགྱུར་རོ། །དེ་ཡང་ཟས་གང་ཟོས་པ་དེ་ཞག་བདུན་གྱི་བར་དུ་ལན་བདུན་དུ་འགྱུར་བ་བརྟེན་ནས་བརྒྱད་པར་བྱང་ཆུབ་ཀྱི་སེམས་སུ་འགྱུར་ལ། དེ་ཡང་སྐྱེས་པ་ལ་ཀུནྡ་ལྟ་བུ་དང་། དེའི་རྟེན་ཀུན་རྫོབ་ཀྱི་བྱང་སེམས་སུ་འགྱུར་ཏེ། ཀུན་རྫོབ་ཀུནྡ་ལྟ་བུ་དང་། བུད་མེད་ལ་བནྡྷུ་ཛཱི་ཝ་ཀ་ལྟ་བུར་འགྱུར་ལ། དེ་ཡོངས་སུ་འགྱུར་བས་མདངས་བཀྲག་སྟོབས་དང་བདེ་བར་འགྱུར་རོ། བདེ་བ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ། དེའི་རྟེན་ཀུན་རྫོབ་ཀྱི་བྱང་སེམས་སུ་འགྱུར་ཏེ། ཀུན་རྫོབ་ཀུནྡ་ལྟ་བུ་སྟེ། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་གསུངས་པས་སོ། །དེ་ཡང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་མིང་ཅན་སེམས་ཀྱི་རྡོ་རྗེ་དེ་ཉིད་སད་པའི་གནས་སྐབས་ན་ལྟེ་བ། གཉིད་སྟུག་སྙིང་ག རྨི་ལམ་མགྲིན་པ། སྙོམས་འཇུག་གམ་བཞི་པའི་གནས་སྐབས་ན་སྤྱི་བོའི་ཐིག་ལེ་ལ་བསྟེན་པས་གནས་སྐབས་དེ་དག་ཏུ་གནས་དེ་སོ་སོར་གནད་དུ་བསྣུན་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་དབང་མེད་པར་འབྱུང་བ་ནི་བའི་ནུ་མ་ལ་འཐེན་ན་འོ་མ་འབྱུང་བ་ལྟ་བུའོ། །དེའི་ཕྱིར་ལུས་དངོས་པོའི་གནས་ལུགས་གཏན་ལ་མ་ཕེབས་པར་སེམས་དངོས་པོའི་གནས་ལུགས་གཏན་ལ་མི་ཕེབས་པས་མན་ངག་ཏུ་ལུས་དངོས་པོའི་གནས་ལུགས་དང་པོར་བཤད་ནས་དེའི་རྗེས་སུ་སེམས་དངོས་པོའི་གནས་ལུགས་བསྟན་པ་ཡིན་ནོ། །ལྔ་པ་ཀུན་ཏུ་སྤྱོད་པའི་ཚུལ་ནི། བྱང་སེམས་ཁུ་བ་ཟླ་བའི་དཀར་ཆ་ལ་འཕེལ་ལ། ནགས་ཕྱོགས་ལ་འགྲིབ་བོ། །དམར་ཆ་བྱང་བགྲོད་དུ་འཕེལ་ལ། ལྷོ་བགྲོད་དུ་འགྲིབ་པས་ནང་གི་རྩར་ཕོ་ཉ་མོ་རྣམས་ཀུན་ཏུ་སྤྱོད་དོ།། །། གསུམ་པ་དེ་གཉིས་བསྡོམས་པ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྡན་ཞིང་ཚང་བར་བསྟན་པ་ལ། སྡོམ་པའི་ངོ་བོ། ཇི་ལྟར་བསྡོམ་པ། དེའི་དབྱེ་བ་བཤད་པ་དང་གསུམ་ལས། །དང་པོ་ནི། སྡོམ་པ་ཞེས་པས་བསྟན་ཏེ། སྲིད་གསུམ་ཡོངས་གྱུར་སོགས་ལས་འཕྲོས་སོ། །རྒྱུ་མཚན་དེར་རྩ་ཐམས་ཅད་དབུ་མར་གྲུབ་པར་བསྟན་ནས་དེར་མ་ཟད་འཁོར་འདས་ཐམས་ཅད་ཀྱང་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་འདི་བསྟན་ནོ། །སྡོམ་པ་ཞེས་པའི་ངོ་བོ་ནི་གཉུག་མའི་ཡེ་ཤེས་ལ་བྱའོ། །གཉིས་པ་ཇི་ལྟར་བསྡོམ་པ་ནི། ཐ་མལ་གྱི་ལུས་དང་རྡོ་རྗེའི་སྐུ་གདོད་མ་ནས་ལྷན་ཅིག་སྐྱེས་པ་ལ་མན་ངག་གིས་ལྷན་ཅིག་ཏུ་སྦྱོར་བས་ན་སྐུ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་རྩེ་གཅིག་གི་རྣལ་འབྱོར། ཐ་མལ་གྱི་ངག་དང་རྡོ་རྗེའི་གསུང་གདོད་མ་ནས་ལྷན་ཅིག་སྐྱེས་པ་ལ་མན་ངག་གིས་ལྷན་ཅིག་ཏུ་སྦྱོར་བས་ན་གསུང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་སྤྲོས་བྲལ་གྱི་རྣལ་འབྱོར། ཐ་མལ་གྱི་ཡིད་དང་ཐུགས་རྡོ་རྗེ་གཉིས་གདོད་མ་ནས་ལྷན་ཅིག་སྐྱེས་པ་ལམ་མན་ངག་གིས་ལྷན་ཅིག་ཏུ་སྦྱོར་བས་ན་ཐུགས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་རོ་གཅིག་གི་རྣལ་འབྱོར། སྒོ་གསུམ་རོ་མཉམ་མམ་གཅིག་འདྲེས་སམ་ཁྱབ་གདལ་ལམ་གདོད་མ་ནས་ལྷན་ཅིག་སྐྱེས་པ་ལ་མན་ངག་གིས་ལྷན་ཅིག་ཏུ་སྦྱོར་བས་ནས་གཉུག་མ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་སྒོམ་མེད་ཀྱི་རྣལ་འབྱོར་གྱིས་སོ། །དེ་ལྟར་ཡང་། ལྷན་ཅིག་སྐྱེས་པ་གང་སྐྱེས་པ། །ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ། །རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །ཡི་གེ་སྙིང་རྗེ་ཐབས་སུ་འགྱུར། །སྟོང་པ་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །ཅེས་དང་། གུར་ལས། སྟོང་པ་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རབ་བསྒོམས་པས། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱིས་ཀྱང་བསྟན་པའོ། །ཞེས་གསུངས། སྡོམ་པ་ཞེས་པ་ཡང་། ཕན་ཚུན་གཉིས་བསྡོམས་པ་ལྟ་བུ་དང་། གཉེན་པོའི་ཆུ་ལོན་ལ་བཞག་པ་དང་། མཚོ་དང་ཀླུ་དང་བཀོད་མ་སོགས་ཆུ་ཐམས་བརླན་ཞིང་གཤེར་བ་ཞེས་པ་ལྟ་བུར་སྡོམ་པ་སོགས་ཡོད་པ་ལས། འདིར་སྣང་ངོར་རབ་དབྱེ་མང་པོར་གྱུར་པའི་ཆོས་ཅན་ཐམས་ཅད་གནས་ཚུལ་གཅིག་ལ་བསྡོམ་པས་ཕྱི་མ་ལྟར་གཟུང་ངོ་། །གསུམ་པ་ནི། དབྱེ་བའང་བཤད་པར་བྱ་སྟེ། ཨཱ་ལི་དང་ཀཱ་ལི་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། གཉིས་ཚན་རྣམས་བསྡོམ་པ་དང་། གསུམ་ཚན་རྣམ་བསྡོམ་པ་དང་བཞི་ཚན་རྣམས་བསྡོམ་པ་དང་། ཞར་ལས་ལྔ་ཚན་དང་དྲུག་ཚན་རྣམས་བསྡོམ་པའོ། །དང་པོ་ནི། ཨཱ་ལི་དང་ཀཱ་ལི་ཞེས་སོགས་ཀྱིས་ཏེ། སྔར་རྒྱུད་བར་མས་གོ་ཚུལ་དུ་བཤད་པ་བཞིན་གཉིས་ཚན་ཐམས་ཅད་དོ། །གཉིས་པ་ནི། ཆོས་དང་ཞེས་པ་ལ་སོགས་པས་ཏེ། སྔར་བཤད་པའི་སུམ་ཚན་ཐམས་ཅད་དོ། །གསུམ་པ་ནི། ཨེ་ཝཾ་ཞེས་པ་ལ་སོགས་པས་ཏེ། མྱ་ངན་ལས་འདས་པའི་ཕྱོགས་ཀྱི་བཞི་ཚན་དུ་བཤད་པ་ཐམས་ཅད་དང་། ཟླ་བ་དང་ཞེས་པས་ཕྱི་རོལ་འཁོར་བའི་ཆོས་ཐམས་ཅད་ཀྱང་ཆད་པར་བསྟན་པས་སོ། །བཞི་པ་ནི། ཞར་ལས་སྔར་གྱི་ལྔ་ཚན་དང་དྲུག་ཚན་དག་གོ །འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་ལུས་སེམས་ལ་ཚང་བའི་ཕྱིར་ཕྱི་རོལ་ལ་ཞེན་པ་བཅད་དེ་ཁ་ནང་དུ་བལྟས་ནས་བསྒོམ་པར་བྱའོ།། །། བཞི་པ་དེ་དག་ཇི་ལྟ་བ་གཏན་ལ་དབབ་པ་གཏུམ་མོའི་རྣལ་འབྱོར་བསྒོམ་པ་ལ། ངོ་བོ། ངེས་ཚིག རྣམ་པར་དབྱེ་བ། བྱེད་པའི་ལས། མཐར་ཐུག་གི་འབྲས་བུ་དང་ལྔ། དང་པོ་ནི། ལྟེ་བར་གཏུམ་མོ་སྦར་བ་ཡིས། །ཞེས་པ་ལ་སོགས་པས་བསྟན་ཏེ། གང་ལས་འཕྲོས་ན་སྡོམ་པའི་ཞེས་པ་ལས་འཕྲོས། དངོས་པོའི་གནས་ལུགས་གཉིས་དང་མཐུན་པར་སྡོམ་པར་བྱེད་པའི་ཐ་བས་འདིས་སྟོན་པའི་ཕྱིར་རོ། །གཏུམ་མོའི་ངོ་བོ་གང་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །རྣམ་པར་འགྱུར་བས་ནི་མ་ལས་ཐོབ་པའི་དྭངས་མ་ཨ་ཤད་དོ། །གཉིས་པ་ནི། ཙ་ཌི་ཁྲོ་བ་ལའོ། །ཞེས་པའི་བྱིངས་ལ་ཙནྜ་བར། །ཨི་རིཏ་ཀྱི་ནུ་མའོ། །ཞེས་པའི་མདོས་ནུ་མ་ཨཱ་ག་མ་བྱིན། ཨུཾ་རྗེས་འབྲེལ། གང་རྗེས་སུ་འཕེལ་བ་མི་སྦྱོར་རོ། །ཞེས་པས་དབྱི་ན་ཡིག་སྲོག་མེད། ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ་དག་གོ་ཞེས་པས་ཎར་བསྒྱུར་ཙིཎྜྻ། པ་ཏི། ཙཎྜྻ་དག་ལ་ཨཱ་ལ་ཉ་འོས། ཨཱ་ལ་ཉའི་རྐྱེན། ཉ་རྗེས་འབྲེལ་དབྱི། ཨིཏ་རྗེས་སུ་འབྲེལ་བ་རྣམས་ཀྱིས་མ་ཡིན་ནོ། ཞེས་པས་ཌའི་ཨི་ཕྱིས། གསལ་བྱེད་དབྱངས་མེད་ཡར་དྲངས་པས། ཙནྜཱ་ལ། ན་ད་སོགས་ཨཉྩྨ་པཱ་ཧ་སོགས་ཀྱིས། ཨཱི་རིང་པོ། བུད་མེད་དུ་བྱས་པའི་ཨཱི་ཡིག་ལ་ཨ་དབྱི་བར་བྱ་འོས་ལའི་སྲོག་གི་ཨོཾ་དབྱི་ཡར་དྲངས། ཙནྜ་ལཱི། ཚིག་ཏུ་སྒྲུབ་བྱེད་ཀྱི་སི་བྱིན། མ་ནིང་ལས་སི་ཨམ་དག་གི་དབྱི་སྟེ། ཞེས་པས་སི་དབྱི། མ་ནིང་ལ་དབྱངས་ཐུང་ངུའོ་ཞེས་པས་ཨི་ཡིག་ཐུང་ངུར་བསྒྱུར་བས། ཙཎྜྻཱ་ལི། གཏུམ་མོ་ཞེས་གྲུབ་བོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དེ་ཉིད་ཕུང་པོ་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འཇོམས་པའི་གཤེད་མ་ཡིན་པའི་ཕྱིར་དང་། རྣམ་འགྱུར་གྱི་ཐིག་ལེས་མ་དག་པ་དག་བསྲེག་པའི་ཕྱིར་ཡང་དེ་སྐད་ཅེས་བྱའོ། །གསུམ་པ་དབྱེ་བ་ནི། ཕྱག་མཚན་བསྒོམ་པའི་ཙཎྜྻཱ་ལི། །སེམས་ཁར་འཇོག་པའི་ཙཎྜྻཱ་ལི། །ཐིག་ལེ་ནཱ་དའི་ཙཎྜྻཱ་ལི། །གཉུག་མ་དོན་གྱི་ཙཎྜྻཱ་ལི་བཞིའོ། །དེ་དག་གི་མིང་གི་རྣམ་གྲངས་རིམ་པ་བཞིན། ལས་ཀྱི་ཙཎྜྻཱ་ལི། ཉམས་ཀྱི་ཙཎྜྻཱ་ལི། འབར་བའི་ཙཎྜྻཱ་ལི། མཆོག་གི་ཙཎྜྻཱ་ལི་ཞེས་དང་། ཡང་རྫས་ཀྱི་ཙཎྜྻཱ་ལི། དྲོད་ཀྱི་ཙཎྜྻཱ་ལི། ཁྱད་པར་གྱི་ཙཎྜྻཱ་ལི། ཕྱག་རྒྱ་ཆེན་པོའི་ཙཎྜྻཱ་ལི་ཞེས་ཀྱང་བཤད་དོ། །སྤྱིའི་མིང་གི་རྣམ་གྲངས་ནི། རྗེས་སུ་དྲན་པའི་ཡེ་ཤེས་དང་། ཛཱ་ལནྡྷ་རིའི་རིམ་པ་ཞེས་བྱའོ། །བཞི་པ་ནི་བྱེད་པའི་ལས་བརྟེན་ནས་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་སྟེ། དཔྱིད་ཀྱི་སྒྲས་ལུས་ཅན་རྣམས་ཡིད་དགའ་བའི་རྒྱུ་སྤྱི་བོའི་ཧཾ་ཡིག་བརྗོད་ལ། ཐིག་ལེས་ཨ་ཤད། བསྡོམ་པས་གནད་རྣམ་པ་ལྔས་རླུང་སེམས་རྣམ་པར་ཤེས་པ་དབུ་མར་ཆུག་སྟེ་སྣང་བ་བདེ་བར་ཤར། དེའི་རྐྱེན་གྱིས་གཏུམ་མོ་འབར་བས་རྩ་སྒོ་རྣམས་ཕྱེ། སྤྱི་བོའི་ཧཾ་ཡིག་ཞུ་སྟེ་རྩའི་ཞིང་ཐམས་ཅད་དུ་ཐིག་ལེ་དཀར་དམར་སྙོམས་པར་ཞུགས་པའི་བདེ་བས་ཕུང་པོ་ལྔར་འཛིན་པའི་རྟོག་པ་ནུབ་པ་ནི། དེ་བཞིན་གཤེགས་པ་ལྔ་བསྲེག་པའོ། །འབྱུང་བ་བཞིར་འཛིན་པའི་རྟོག་པ་ནུབ་པ་ནི་སྤྱན་མ་ལ་སོགས་པ་ཡང་བསྲེག་པའོ། །ཕྱིའི་རྟོག་པ་ནུབ་ཅིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གནས་པ་མཉམ་བཞག་དང་རྗེས་ཐོབ་རོ་མཉམ་པའི་ཚེ་རྩ་རླུང་ཐིག་ལེ་ཐམས་ཅད་ཀྱི་སྙིགས་མ་དག་པས་མཚན་བཅས་ཀྱི་དགེ་བ་ཐམས་ཅད་བཅོས་མར་སོང་། ཕྲ་སོགས་དབང་ཕྱུག་གི་ཡོན་ཏན་བརྒྱད་ཐོབ། སློབ་པའི་ཟུང་འཇུག་ལ་གནས་པར་གྱུར་པ་འདི་ནི་དཔྱིད་ཀྱིས་ཀྱང་ཡིན་ལ་ཐིག་ལེས་ཀྱང་ཡིན་པས་བསྡོམས་ནས་བསྟན་པའི་ཕྱིར་ལམ་འདི་ལ་དཔྱིད་ཀྱི་ཐིག་ལེ་ཞེས་བྱའོ། །ལྔ་པ་མཐར་ཐུག་གི་འབྲས་བུ་ནི། བྱང་ཆུབ་ཀྱི་སེམས་འཛག་པ་ཟད་པར་འཆིངས་པའི། བསམ་གཏན་བཞིའི་རབ་མཐར། རྩ། རླུང་། ཐིག་ལེ། བདེ་བའི་འགྲོས་ཐམས་ཅད་ཡང་དག་པའི་སེམས་ཀྱི་རྡོ་རྗེའི་དབྱིངས་སུ་ཐིམ་པས་མངོན་པར་བྱང་ཆུབ། ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་སྐུར་སད་པས་མངོན་པར་རྫོགས་པ་ཞེས་བྱ་སྟེ། མི་གནས་པའི་མྱ་ཅན་ལས་འདས་པའི་མཚན་ཉིད་ཅན་གྱི་ཟུང་འཇུག་མ་ནིང་གི་གོ་འཕང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་གྲགས་པ་དེ་ཐོབ་པ་ཡིན་ཏེ། ས་ར་ཧས། ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་བཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའ་ཁམས་སུ་མི་ཤོང་ངོ་། །ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་རིགས་ཀྱི་ལེའུ་སྟེ་དང་པོའི་ཞེས་པས། རྗེ་བཙུན་གྱིས། རྡོ་རྗེ་ནི་དངོས་པོའི་གནས་ལུགས་སོ། །རིགས་ནི་དེའི་སྡེ་ཚན་ནོ། ལེའུ་ནི་གཞུང་སྤྱོད་པའོ། །ཞེས་གསུངས་པས། རྡོ་རྗེས་སེམས་ཀྱི་རྡོ་རྗེ། རིགས་ཞེས་པ་དེ་ཀུན་རྫོབ་ཏུ་རྣམ་པར་འགྱུར་བ་ལྟར་སྣང་བའི་ལུས་ངག་ཡིད་ཀྱི་མིང་ཅན། རྩ་རླུང་སེམས་ཀྱི་སྡེ་ཚན་ཚོགས་པའི་ལུས་བརྗོད་པ་ཡིན་ཏེ། འབུམ་ལྔ་ལས། དེ་ཉིད་བརྟེན་པའི་སྦྱོར་བ་ཡིས། །མཛོད་དྲུག་རིགས་སུ་བརྗོད་པར་བྱ། །རིགས་ནི་ལུས་ཞེས་བཤད་པ་སྟེ། །རིགས་ལས་བྱུང་བ་ཁུ་བར་བརྗོད། །ཅེས་གསུངས་པས་སོ།། །། གཉིས་པ་སྔགས་ལེ་བཤད་པར་བྱ་སྟེ། ལེའུ་འདི་གང་ལས་འཕྲོས་ན། དགུག་དང་། དོན་བྱེད་རྣམ་མང་བརྗོད་པ་དང་། །རེངས་པར་བྱེད་དང་སྐྲོད་པ་ཉིད། །སྡེ་རེངས་བྱེད་དང་མངོན་སྤྱོད་དང་། །ཞེས་པ། སྤྱི་དོན་ལྟར་བཤད་པ་ལས་རབ་འབྱམས། སྦས་དོན་དུ་བཤད་པ་ཐུན་མོང་གི་དངོས་གྲུབ། མཐར་ཐུག་ཏུ་བཤད་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མ་ལུས་པ་སྔགས་ཀྱི་ལམ་གྱིས་ཐོབ་པར་བྱེད་དགོས་པའི་ཕྱིར་སྔགས་ཀྱི་ལེའུ་བཤད་པར་བྱའོ་ཞེས་ཞལ་གྱིས་བཞེས་པ་ཡིན་ནོ། །རྒྱུ་མཚན་ཡང་། སྔགས་ནི་དེ་ཁོ་ན་ཉིད་སྐུལ་བར་བྱེད་པ་ཡིན་ལ། དེས་ཚོགས་རྣམ་པ་གཉིས་རྫོགས་ཏེ་ལྷ་མཉེས། རྒྱུ་དེས་དངོས་གྲུབ་རྣམ་པ་གཉིས་སྦྱིན་པར་མཛད་པའི་ཕྱིར་རོ། །དེ་ལྟར་ཡང་འབུམ་ལྔ་ལས། དེ་ལ་སྔགས་ཀྱིས་རབ་བསྐུལ་ན། །ལྷ་རྣམས་ལས་ནི་བྱེད་པར་འགྱུར། །ཞེས་དང་། དགོངས་པ་ལུང་སྟོན་ལས། སྔགས་རྣམས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་སྐུལ་བར་བྱེད་པ་ཞེས་དང་། གུར་ལས། གང་གི་སྔགས་ཀྱི་རིམ་ཐོབ་པ། །ཨེ་མ་དེ་ཡིས་བྱང་ཆུབ་ཐོབ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་། །སྔགས་ཀྱི་སྤྱོད་པ་དང་པོར་འཛིན། །རྡོ་རྗེ་སྔགས་ནི་རབ་བསྒོམས་པས། །མཚུངས་པ་མེད་པའི་ཡེ་ཤེས་ཐོབ། །ཅེས་སོ། །ཤེར་ཕྱིན་ལས། ཀཽ་ཤི་ཀ རིགས་སྔགས་འདི་ལ་བསླབས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་སྔགས་བཤད་པ་ལ། ངོ་བོ། ངེས་ཚིག དབྱེ་བ། རྒྱལ་སྡེབས། སྔགས་བཏུ། བཟླས་པའི་ཆོ་ག གཞུང་ལམ་རིམ་དུ་བཤད་པ་དང་བདུན་ལས། དང་པོ་ནི། ཤིན་ཏུ་ཕྲ་བ་ཐབས་ཤེས་དབྱེར་མི་ཕྱེད་པའི་སེམས་ཀྱི་རྡོ་རྗེའོ། །ཕྲ་བ་ནི་དེ་ཉིད་བག་ཆགས་ཀྱིས་བསླད་པའི་ངོར་མི་ཤིག་པའི་ཐིག་ལེ་ཉིད་སྟོང་ཆེན་ཡི་གེར་བཞག་པ་དེའོ། །རགས་པ་ནི་སྟོང་ཆེན་ཡི་གེ་ལྔ་ལས་དབྱངས་རྣམས་དང་། ཡི་གེ་ལྔ་ཉིད་རབ་ཏུ་ལྡོག་པའི་གསལ་བྱེད་རྣམས་ཏེ། ཨཱ་ལི་ཀཱ་ལི་རབ་བརྟགས་པས། །བརྗོད་པ་བཟླས་པར་ཡང་དག་བཤད། །ཅེས་གསུངས་པའི་ཕྱིར་རོ། །དབྱངས་དུ་གསལ་བྱེད་དུ་ཞེ་ན། འཇིག་རྟེན་ན་གྲགས་ཤིང་ཡི་གེར་གྲུབ་པ་དབྱངས་བཅུ་བཞིའམ་ཉེར་གཉིས་ཕྱེ་བས་བརྒྱ་སོ་གཉིས་སུ་བཞག་པ་དང་། གསལ་བྱེད་སོ་གསུམ་མམ་སོ་མདུན། ཕྱེ་བས་སྟོང་སུམ་བརྒྱ་ང་དྲུག་ཏུ་བཞག་པ་སྟེ། འབུམ་ལྔ། གཙོ་བོ་ཨཱ་སོགས་ཀཱ་སོགས་བདག །ཕུང་པོ་ཁམས་ཀྱི་སྔགས་བདག་ཉིད། །སོ་སོར་སྡུད་པ་བདེ་བྱེད་ཀྱིས། །སྒྲ་སྒྲུབ་པ་ཡི་དོན་དུ་བསྟན། །སྔགས་འགྲུབ་པའང་དེ་ཁོ་ན། ཐམས་ཅད་མཁྱེན་པའང་དེ་བཞིན་སྔགས། །ཞེས་གསུངས་པས་སོ། །རྒྱུད་སྡེར། དབྱངས་བཅུ་བཞིའི་སྟེང་དུ་ང་རོ་དང་རྣམ་བཅད་ཁམས་ཀྱི་དབང་གིས་དབྱངས་སུ་བསྡུས་ནས་བཅུ་དྲུག་གམ། སྟོང་པ་ཆེན་པོ་རང་བྱུང་གི་ཡི་གེ་ལྔ། དེ་དག་གི་ཡོན་ཏན་བསྒྱུར་བའི་ལྔ་སྟེ་བཅོ་ལྔ། ཡང་དེ་དག་རིང་པོར་བྱས་པའི་བཅོ་ལྔ་སྟེ་བསྡོམས་པས་སུམ་ཅུ། རྣམ་བཅད་ཐིག་ལེ་བསྣན་པས་སོ་གཉིས་དང་། གསལ་བྱེད་ལ་སྡེ་པ་ལྔ། མཐར་གནས་བརྒྱད་ཀྱི་སྟེང་དུ་ཀྵ་བསྣན་པས་སོ་བཞི་པ་ཞིག་དང་། ཡང་སྡེ་པ་ལྔ། ས་པ་ཥ་ཤྈྐ། སཾ་པྲ་སཱ་ར་ཎའི་ཧ་ཡ་ར་ཝ་ལ་ཁ་སྐོང་། ཌ་དྷ་ཡ་ར་ལ་ཝ་བསྣན་པའི་བཞི་བཅུ། འདྲ་བའི་ཡི་གེ་གཉིས་བརྩེགས་པའི་བཞི་བཅུ་སྟེ་བརྒྱད་ཅུར་ཡང་གསུངས་སོ། །དེ་དག་གི་སྐྱེ་གནས་དང་ཁམས་ནི། ཧ་ཡིག་གིས་ཤེས་རབ་བྱེད་པ་ཨ་ཀུ་ཧ་ྈྐ་རྣམས་ནི་ནམ་མཁའི་ཁམས་མགྲིན་གྱུར། ཡ་ཡིག་གིས་ཤེས་པར་བྱེད་པ་ཨི་ཙུ་ཡ་ཥ་རླུང་ཁམ་རྐན་གྱུར། ར་ཡིག་གིས་ཤེས་པར་བྱེད་པ་རྀ་ཊུ་ར་ཥ་མེ་སྤྱི་བོར་གྱུར། ཝ་ཡིག་གིས་ཤེས་པར་བྱེད་པ་ཨུ་པུ་ཝ་པ་ཆུ་ཁམས་མཆུར་གྱུར། ལ་ཡིག་གིས་ཤེས་པར་བྱེད་པ་ལྀ་ཏུ་ལ་ས་ས་ཁམས་སོར་གྱུར། རྗེས་སུ་ང་རོ་རྣམ་བཅད་གཉིས་ཡེ་ཤེས་ཀྱི་ཁམས་ཏེ་འབྱུང་ཆེན་གྱི་དབང་དུ་བྱས་པའོ། །དེ་ལྟར་ཡང་འབུམ་ལྔ། ཨ་ཀུ་ཧ་རྣམས་མགྲིན་བྱུང་གང་། །ཞེས་པ་ནས། དེ་ལྟར་ཁམས་དྲུག་རིགས་ཅན་ཏེ། །ཞེས་པའི་བར་གྱིས་སོ། །འབྱུང་ཆུང་ལ། སྡེ་པ་ལྔའི་ཐོག་མ་རྣམས་ས། གཉིས་པ་རྣམས་ཆུ། གསུམ་པ་རྣམས་མེ། བཞི་པ་རྣམས་རླུང་། ལྔ་པ་རྣམས་སྟོང་པའི་ཁམས་སོ། །དེ་ལྟར་ཡང་འབུམ་ལྔར། སླར་ཡང་སྡེ་པ་སོ་སོ་ལ། །རང་བཞིན་རྣམ་པར་ལྔ་རུ་བཤད། །ཅེས་པ་ནས། རིགས་ནི་རྣམ་པར་ལྔ་རུ་འགྱུར། །ཞེས་པའི་བར་གྱིས་སོ། །དེ་ལྟར་ཁམས་དྲུག་ཏུ་ཕྱེ་བའི་དབང་ལས། རིགས་སུམ་ཅུ་རྩ་དྲུག་ནས་བརྒྱ་ལ་སོགས་པའི་བར་དུ་ཡང་ཤེས་པར་བྱའོ། །ཁམས་ཀྱི་དབྱེ་བ་དེ་དག་དགྲར་འབྱུང་ཚུལ་ནི། ཆུ་དགྲ་རླུང་། ས་དགྲ་མེ། མེ་དགྲ་ཆུ། རླུང་དགྲ་སའོ། །གྲོགས་དང་བཏང་སྙོམས་པར་འགྱུར་ཚུལ་ནི། ཡེ་ཤེས་དང་ནམ་མཁའ་ཐམས་ཅད་ཀྱི་གྲོགས་སོ། །རླུང་གྲོགས་མེ། ཐ་མལ་བ་ཆུ། མེ་གྲོགས་རླུང་། ཐ་མལ་པ་ས། ཆུ་གྲོགས་ས། ཐ་མལ་པ་མེ། ས་གྲོགས་ཆུ། ཐ་མལ་པ་རླུང་སྟེ། དགྲ་དང་བཤེས་དང་བཏང་སྙོམས་པ། །སེམས་ཅན་དོན་ཕྱིར་བརྗོད་པར་བྱ། །ཞེས་པ་ལ་སོགས་པས་སོ། །སྒྲུབ་པ་པོའི་རང་མིང་ཐོག་མ་དང་། བགྲང་བྱའི་སྔགས་ཀྱི་ཐོག་མ་འབྱུང་ཆེན་ནམ་འབྱུང་ཆུང་གི་དབྱངས་དགྲ་གྱུར་ན་སྲོག་གི་དགྲ་ཡིན་པས་འཆི། གསལ་བྱེད་དགྲ་གྱུར་ན་ལུས་ཀྱི་དགྲ་ཡིན་པས་ནད་འབྱུང་། དབྱངས་གྲོགས་པོར་གྱུར་ན་སྲོག་གི་གྲོགས་ཞེས་བྱ་སྟེ་ལྷག་ཏུ་བཟང་། གསལ་བྱེད་གྲོགས་པོར་གྱུར་ན་ལུས་ཀྱི་གྲོགས་པོར་ཞེས་བྱ་སྟེ་འབྲིང་། དབྱངས་གསལ་གཉིས་ཀའི་ཐ་མལ་པ་ནང་ཕྲད་ན་བཏང་སྙོམས་སུ་འགྱུར་རོ། །དེ་ལྟར་ཡང་འབུམ་ལྔ་ལས། སྲོག་གི་དགྲ་དང་གྲོགས་པོའམ། །ཐ་མལ་པ་ནི་དབྱངས་རྣམས་བཤད། །ལུས་ཀྱི་དགྲ་དང་གྲོགས་པོ་དང་། །བཏང་སྙོམས་པ་རྣམས་གསལ་བྱེད་བཤད། །དབྱངས་ཀྱི་དགྲ་ཡིས་སྒྲུབ་པ་པོའི། །སྲོག་འཕྲོག་བྱེད་པར་ཐེ་ཚོམ་མེད། །ལུས་ཀྱི་དགྲ་བོ་གསལ་བྱེད་ཀྱི། །མཚན་ཉིད་ཅན་གྱིས་ནད་སོགས་བྱེད། །ཅེས་གསུངས་སོ། །དེ་ཡང་། རང་མིང་ཐོག་མ་ཆུ་ཡིན་ལ། སྔགས་ཀྱི་ཐོག་མ་རླུང་ཡིན་ན་དགྲར་འགྱུར་ལ། རང་མིང་གི་ཐོག་མ་རླུང་ཡིན་ལ། བགྲང་བྱའི་ཐོག་མར་ཆུ་བྱུང་ན་དགྲར་མི་འགྱུར་ཏེ། དེ་ལ་དེ་ཐ་མལ་པ་ཡིན་ལ། སྐབས་འདིར་སྒྲུབ་པ་པོ་ལ་དངོས་གྲུབ་འབྱུང་མི་འབྱུང་དཔྱད་པའི་གཞི་ཡིན་པའི་ཕྱིར་རོ། །འབྱུང་ཆུང་ལ། སྐྱེ་དུས་ཀྱི་ཡུད་ཙམ་གང་ལ་འཆར་བའི་དབྱངས་དང་། དུས་སྦྱོར་གང་ལ་འཆར་བའི་གསལ་བྱེད་དང་། སྔགས་ཐོག་གི་དབྱངས་གསལ་བརྩི་བ་ཡིན་ལ། གལ་ཏེ་སྐྱེ་དུས་ཀྱི་ཡུད་ཙམ་དང་དུས་སྦྱོར་མ་ཤེས་ན་འདིར་ཡང་མིང་ཐོག་གཟུང་ངོ་། །དེ་ལྟར་ཡང་འབུམ་ལྔར། སྒྲུབ་པ་པོ་ཡི་ཡི་གེ་གཉིས། །སྐྱེ་ལས་སྐྱེས་དང་མིང་སྐྱེས་འགྱུར། །དེ་ཡང་རྣམ་གཉིས་ཡོངས་ཤིས་བྱ། །སྔགས་དང་གསལ་བྱེད་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་ལས་འཕྲོས་ནས་ཚེས་གང་ལ་དབྱངས་ཅི་འཆར་བ་ནི། དཀར་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་དབྱངས་ཐུང་ངུ་བཅོ་ལྔ་ལུགས་འབྱུང་། གང་བའི་མཐར་ཐིག་ལེ། ནག་པོའི་ཚེས་གཅིག་ནས་དབྱངས་རིང་པོ་ལུགས་བཟློག གནམ་སྟོང་གི་མཐར་རྣམ་བཅད། ཟླ་བའི་ཆོས་ཉིད་གང་ཡིན་པ་ཉ་ནི་ཞག་གི་ཡུད་ཙམ་ལ་བརྩི་སྟེ། མཚན་མོ་དཀར་ཆ་དང་ཉིན་མོའི་ནག་ཕྱོགས་ཏེ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་བརྟག་པར་བྱ། །ཞེས་གསུངས་པས་སོ། །དེ་ལྟར་ཡང་འབུམ་ལྔར། ཆ་གང་ལ་ནི་འཆར་བའི་དབྱངས། །གང་ཡིན་གཙོ་བོར་འགྲོ་བ་ཡིན། །ཞེས་སོ། །དུས་སྦྱོར་གང་ལ་གསལ་བྱེད་ཅི་འཆར་ན། ཆུ་སྲིན་ལ་ཀཱ་སོགས། བུམ་པར་ང་སོགས། ཉ་ལ་ཙ་སོགས། ལུག་ལ་ཉ་སོགས། གླང་ལ་ཊ་སོགས། འཁྲིགས་པ་ལ་ཎ་སོགས། ཀརྐ་ཊ་ལ་པཱ་སོགས། སེང་གེ་ལ་མ་སོགས། བུ་མོ་ལ་ཏཱ་སོགས། སྲང་ལ་ན་སོགས། སྡིག་པ་ལ་སཱ་སོགས། གཞུ་ལ་ྈྐ་སོགས་ཏེ། འབུམ་ལྔར། སྐྱེ་བའི་དུས་སུའང་དུས་སྦྱོར་གང་། །དབྱུག་གུ་ལྔ་ཡི་བདག་ཉིད་འགྱུར། །སྐྱེས་པའང་མོ་ཡི་ཆུ་སྲིན་སོགས། །དེ་ཡི་གསལ་བྱེད་སྦྱང་བར་བྱ། །ཞེས་སོ། །སྔགས་ཀྱང་། ཨོཾ་ལ་སོགས་པའི་མགོ་འདྲེན་སྤངས་པའི་ཐོག་མ་གང་ཡིན་པ་དེ་ཐུགས་ཡིན་ལ། ལྷག་མ་དག་ནི་དེའི་རྒྱུན་ཡིན་པའི་ཕྱིར་དང་། གསལ་བྱེད་གཉིས་བརྩེགས་ན་དང་པོ་བརྗོད་པའི་རྒྱུ་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་དེས་དེ་དག་གཉིས་དང་བརྩི་བ་ཡིན་ནོ། །དེ་ལྟར་ཡང་འབུམ་ལྔར། ཨོཾ་གྱི་ཡི་གེ་སྤངས་ནས་ནི། །སྔགས་ཀྱི་ཡི་གེ་དང་པོའི་རིགས། །དེ་ཉིད་སྔགས་ཀྱི་ཐུགས་ཡིན་ཏེ། །གཟུགས་ནི་རྫོགས་པའི་རྒྱུ་ཡིན་ནོ། །གང་ཚེ་སྔགས་ཀྱི་དང་པོ་ཡི། །ཡི་གེ་གསལ་བྱེད་གཞན་བརྩེགས་ན། །དེ་དག་ལས་དེར་དང་པོར་གཟུང་། །དང་པོར་བརྗོད་པའི་རྒྱུ་ཡི་ཕྱིར། །དབྱངས་དང་གསལ་བྱེད་དབྱེ་བ་ཡིས། །དེ་ཉིད་རྣམ་པ་གཉིས་སུ་འགྱུར་ཞེས་གསུངས་སོ། །གཉིས་པ་ངེས་ཚིག་ནི། མནྟྲ་ཞེས་པ་ལ། མནྟྲ་ནི་གསང་སྟེ་འཆད་པ་པའོ། ཞེས་སྔགས་ཀྱི་ལྷ་ལ་སོགས་པ་དགུག་ཅིང་གསང་སྟེ་བརྗོད་པ་ཡིན་པས་ན་སྔགས་ཞེས་བྱ། ཞེས་བྱེ་བྲག་རྟོག་བྱེད་འབྲིང་པོ་ལས་བཤད་པ་ལྟར། གུར་ལས་ཀྱང་། སྔགས་ནི་སྙན་གསན་འབེབས་པར་བརྗོད། །དཔེར་ན་སྐྱེས་ཆེན་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། །ཐོས་པ་ཙམ་གྱིས་འོང་འགྱུར་བ། །དེ་ལྟར་སྐད་ཅིག་སངས་རྒྱས་གཤེགས། །ཞེས་གསུངས། ཡང་ན། ནཱ་རོ་འགྲེལ་ཆེན་ལས། མནྟྲ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་དོན་ཡིད་ལ་བྱེད་པས་ན། མན་ནི་མནའོ། །འགྲོ་བ་ཐམས་ཅད་སྐྱོབ་པའི་ཕྱིར་ཏྲ་ཞེས་བྱ་སྟེ་མནྟྲའོ། །ཏིང་ངེ་འཛིན་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཞེས་པའི་དོན་ནོ། །ཞེས་འབྱུང་བ་ལྟར་འདུས་པར། མན་ནི་ཡིད་ཀྱི་བྱ་བ་སྟེ། །ཏྲ་ནི་སྐྱོབ་པར་བྱེད་པ་ཉིད། །ཅེས་སོ། །གསུམ་པ་དབྱེ་བ་ནི། དེ་བཞིན་ཉིད་ཀྱི་སྔགས་དང་། ཐ་སྙད་བརྗོད་པའི་སྔགས་དང་། རྣམ་གྲངས་བརྡ་ཅན་དོན་དམ་པའི་སྔགས་དང་། ཀུན་རྫོབ་བརྡའི་སྔགས་ཞེས་སམ། སྔགས་མཚན་ཉིད་པ་དང་རྒྱུ་མཐུན་པའི་སྔགས་ཞེས་ཀྱང་བྱའོ། །དང་པོ་ནི། བརྗོད་བྱ་དོན་དམ་པའི་རྒྱུད་ཉིད་བརྗོད་དུ་མེད་ཀྱང་བརྗོད་པ་ཐམས་ཅད་ཀྱི་རྒྱུར་འགྱུར་བ་མཚོན་བྱ་དོན་གྱི་ཨར་བཞག་པ་དེ་ལ་བྱ་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་དང་། འབུམ་ལྔ་ལས། སེམས་ཅན་ཀུན་གྱི་སྐད་ཅན་ཚིག །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜྻཱི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པའོ། །ཀུན་ཏུ་འགྲོ་བའི་ངག་ཏུ་བརྗོད། །ཅེས་དང་། རྡོ་རྗེ་རྩེ་མོར། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །བདེ་བར་གཤེགས་པའི་ཐུགས་ལ་གནས། །ཞེས་སོ། །གཉིས་པ་ནི། དགོངས་པ་ལུང་སྟོན་ལས། ཐུང་ངུ་མ་ལུས་ངག་ཏུ་འགྱུར། །ཞེས་གསུངས་པ་ལྟར། མཚོན་བྱེད་དཔེའི་ཨར་གྱུར་པས་དབྱངས་དང་གསལ་བྱེད་དེ་གཉིས་རྟེན་པར་སྦྱར་ནས་དངོས་གྲུབ་བསྒྲུབ་པ་ལ་མི་བསླུ་བའི་བརྗོད་པ་ཐམས་ཅད་དེ། འབུམ་ལྔར། གང་ལ་ཐ་སྙད་རབ་བརྗོད་སྔགས། བརྡ་ཡི་དོན་རྣམས་གསལ་བྱེད་པའོ། །ཞེས་གསུངས་སོ། །དེ་ལྟར་རྣམ་པར་དབྱེ་བ་འདི་གཉིས་རྡོ་རྗེ་སྙིང་པོས་བཤད་དེ། སངས་རྒྱས་རྣམས་ཀྱི་སྔགས་ཀྱི་བརྡ། །རྒྱུད་དུ་རྣམ་གཉིས་གསལ་མཛད་དེ། །དེ་བཞིན་ཉིད་ཀྱི་བརྡ་ཅན་གཅིག །ཐ་སྙད་རབ་བརྗོད་གཉིས་པའོ། །ཞེས་གསུངས་སོ། །རྒྱུ་མཐུན་པའི་སྔགས་དེ་ལ་དབྱེ་ན། ས་བོན་གྱི་སྔགས་དང་། སྙིང་པོ་བསྐུལ་བའི་སྔགས་དང་། བྱིན་གྱིས་རླབས་པའི་སྔགས་དང་། ལས་ཚོགས་ཀྱི་སྔགས་དང་བཞིའོ། །དང་པོ་ནི། དབྱངས་དང་གསལ་བྱེད་དག་སྟེ། རྡོ་རྗེ་སྙིང་འགྲེལ་ལས། ཨཱ་ལི་དང་ཀཱ་ལིའི་བཟླས་པ་འབུམ་ཕྲག་བཟླས་པས་འཇིག་རྟེན་གསུམ་སྐྱོང་བར་བྱེད་ན་གྲོང་ཁྱེར་གཅིག་ཙམ་ལྟ་ཅི་སྨོས་ཞེས་པའོ། །གཉིས་པ་ནི། རྩ་སྔགས། སྙིང་པོ། ཉེ་སྙིང་། ས་བོན་གྱི་སྔགས་ཞེས་སམ། རིམ་པ་བཞིན་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་སྔགས་སུ་བཞག་པ་དག་སྟེ། འབུམ་ལྔར། རྩ་བའི་སྔགས་ནི་སྐུ་རུ་འགྱུར། །སྙིང་པོ་ཞེས་བྱ་མཐུ་ལྡན་གསུང་། །དེ་བཞིན་ཉེ་བའི་སྙིང་པོ་ནི། །ཐུགས་ཀྱི་སྔགས་སུ་བརྗོད་པར་འགྱུར། །ཡེ་ཤེས་ས་བོན་ཞེས་བཤད་པ། །ཡེ་ཤེས་སྔགས་སུ་དེ་བརྗོད་བྱ། །ཞེས་གསུངས་སོ། །མཚན་གཞི་ནི། ཨཥྚ་རྩ་སྔགས། དེ་ཝ་པི་ཙུ་སོགས་བཞི་སྙིང་པོ། བཛྭ་ཀརྟའི་ཉེ་སྙིང་། རིགས་ལྔ་དང་རྣལ་འབྱོར་མ་བཅོ་ལྔའི་ས་བོན་གྱི་སྔགས་སོ། །གསུམ་པ་བྱིན་གྱིས་རླབས་པའི་སྔགས་ནི། ཨོཾ་ཨཱཿཧཱུྃ་ལ་སོགས་པའོ། །བཞི་པ་ལས་ཚོགས་ཀྱི་སྔགས་ནི། གཏོར་མ་ནི་ལས་ཐམས་ཅད་པའོ། །ས་སྦྱངས་པ་ནི་བསྲུང་བའི་འོ། །གཞན་ལེའུ་འདི་ཉིད་དུ་གྲོང་ཁྱེར་དཀྲུག་པ། རེངས་པར་བྱེད་པ་སོགས་བདུན། ཀུ་རུ་ཀུལླེ། ཆར་འབེབས་བཅོད། རྡོ་རྗེ་གྲི་གུག ལྷ་འགས་པ། ཚ་བ། ཆར་སྐྱུག་པ། བུ་མོ་དགུག་པ། ཉི་ཟླ་འཛིན་པ། རྡོ་རྗེ་ཀརྨ། གླང་པོ། སྟག བསེ། སྦྲུལ། ཁྱི་འབྲོས་པར་བྱེད་པ་སྟེ་ལས་ཉི་ཤུ་རྩ་བཞི་དངོས་སུ་གསུངས་པ། དེ་ལས་ཆར་དབབ་གཅོད་ནི་རྒྱས་པ། རྡོ་རྗེ་གྲི་གུག་ནི་དགྲའི་སྡེ་འཇོམས་པ། དབྱེ་བ་དང་། རེངས་པ་དང་། དགས་པ་དང་། རིམས་དང་། སྐྱུག་པ་ནི་མངོན་སྤྱོད། བུད་མེད་དང་། ཉི་ཟླ་དང་། དབང་དང་། པྲ་ནི་དབང་། གླང་པོ་འབྲོས་པ་ལ་སོགས་པ་ལྔ་ནི་བསྐྲད་པའོ། །མན་ངག་གི་དབང་ལས་ནི་ལས་དཔག་ཏུ་མེད་པར་འགྱུར་རོ། །བཞི་པ་རྒྱལ་སྡེབས་ནི། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ། གྲོང་ཁྱེར་དཀྲུག་པའི་སྔགས་སོ། །ཞེས་པ་འདིས་བསྟན་ཏེ། ཨ་ལ་སོགས་པས་དབྱངས་དང་། སྡེ་པ་རྣམས་དང་། མཐར་གནས་དེ་གྲོང་ཁྱེར་དུ་བཤད་ལ། དེ་ཁམས་དང་ལས་ཀྱི་དབང་གིས་དཀྲུག་པར་བྱ་བ་ནི་བླ་མའི་མན་ངག་ཤེས་པའི་དབང་གིས་ཏེ། སྙིང་འགྲེལ་དུ། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡེ་ཤ་སྭཱ་ཧཱ། ཞེས་པ་དྲང་བའི་དོན་གྱིས་སོ། །ངེས་པའི་དོན་དུ་ནི་ཨ་ཀུ་ཧ་རྣམ་པར་བཅད་བྱ་ཞེས་པ་ནས། སྔགས་བཏུ་བའི་ལེའུ་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ཞེས་པའི་བར་གྱིས་བསྟན་ནོ། །དེ་ལྟ་བུའི་མན་ངག་དང་བྲལ་བ་རྣམས་ལ་བཟླས་བརྗོད་ནི་འབྲས་བུ་རྙེད་དཀའ་བས་ཉོན་མོངས་པར་འགྱུར་བ་སྟེ། འབུམ་ལྔར། གླེག་བམ་ལ་ནི་ཀློག་པའི་སྔགས། །མན་ངག་རྣམ་པར་སྤངས་རྣམས་ཀྱི། །སྒྲུབ་པར་རབ་ཏུ་བྱེད་པའི་མི། །དེ་རྣམས་ས་ལ་ཉོན་མོངས་སོ། །ཞེས་གསུངས་པས་སོ། །དེའི་ཕྱིར་མན་ངག་དེ་ནི་རྒྱལ་སྡེབས་ཞེས་བྱ་སྟེ། རྒྱལ་བས་གསུངས་པའི་སྔགས། ལས་གང་འདོད་པའི་ཐེབས་དང་སྡེབས་པས་སོ། །དེ་ཡང་ཡུང་བ་དང་རྡོ་ཐལ་གྱི་སྦྱོར་བ་ལས་དམར་བ་ཉིད་བཞིན་དུ་ལས་ཐམས་ཅད་འགྲུབ་པར་ཡང་ཤེས་པར་བྱའོ།། །། དེ་ལ་ཡང་། རང་ཚུགས་སུ་བཏང་བ། ཐེམས་སུ་སྟེམ་པ། འཁྲུལ་དུ་བསྐོར་བ་གསུམ་ཡིན་པར་ཡང་འབུམ་ལྔ་ལས། རྒྱུད་གསུམ་ཆོ་གས་ཐམས་ཅད་བྱ། །དེ་ནས་ལྷ་ནི་འགྲུབ་འགྱུར་ཏེ། །གྲུབ་པ་དེ་ཡི་གསང་སྔགས་ལ། །མཆོག་སྡེར་གང་ཞིག་དོན་གཉེར་བའོ། །ཞེས་གསུངས་པས་སོ།། །། དང་པོ་ནི། བསྙེན་སྒྲུབ་ལས་སྦྱོར་སོ་སོའི་གཞུང་ན་ཅི་སྐད་འབྱུང་བ་ཉིད་དོ།། །། གཉིས་པ་ལ། བསྙེན་པའི། སྒྲུབ་པའི། ལས་སྦྱོར་གྱི་རྒྱལ་སྡེབས་གསུམ་ལས། དང་པོ་ནི། བརྡེག་དབབ་སྲེག་བལྟབ་རྒྱས་མཉེས་པ་དྲུག་སྟེ། རྣམ་བཅད་དང་ཞེས་པའི་སྟོང་པའི་ཡི་གེས་སྔགས་ཀྱི་དང་པོ་མནན་ཞིང་། བར་ཕཊ྄་བཏགས་པས་མཚོན་གྱི་རྒྱལ་པོ་བསྣུན་པ་ལྟ་བུ་ཡིན་པས་ལྷ་བརྒྱལ་བར་འགྱུར་ཞིང་། འབུམ་དུ་བཟླས་པས་ལྷ་དེས་ང་རྒྱལ་བཏབ་ནས་སྒྲུབ་པ་པོའི་དབང་དུ་འགྱུར་རོ། །དེ་ནས་དེ་བཞིན་དུ་མགོར་རླུང་གི་ཡི་གེས་མནན་མཐར་ཧཱུྃ་གིས་རྣལ་འབྱོར་པ་ལ་འབབ་པར་འགྱུར་རོ། །དེ་ནས་མེས་མནན་ཅིང་བོ་ཥ་ཊ་ཀྱིས་བསྲེག་གོ དེ་ནས་ཆུས་མནན་ཅིང་ན་མཿབལྟབ་པ་སྟེ་ཤི་བར་འགྱུར་རོ། །དེ་ནས་སས་མནན་ཅིང་སྭཱ་ཧཱས་ལྷ་གསོས་ཏེ་རྒྱས་པར་འགྱུར་རོ། །དེ་ནས་ཐིག་ལེས་མནན་ཅིང་མཐར་ཝ་ཥ་ཊ་ཀྱིས་མཉེས་ཏེ་མཆོག་སྟེར་བར་འགྱུར་རོ། །དེ་ལྟར་ཡང་འབུམ་ལྔ་ལས། བསྙེན་པ་བཟླས་པ་བྱེད་པ་ལ། །འདིར་ནི་ལས་རྣམ་དྲུག་ཏུ་གསུངས། །ཞེས་པ་ལ་སོགས་པས་བསྟན་ནོ། །རླུང་གིས་མནན་པ་མན་ལ་ཡང་འབུམ་ཕྲག་རེ་རེར་བསྙེན་ཏེ། དེ་ལྟར་དྲུག་འབུམ་བཟླས་པ་ཡིས། །སྔོན་དུ་བསྙེན་པར་གསུངས་པས་ཏེ། །ཞེས་གསུངས་པས་སོ།། །། གཉིས་པ་བསྒྲུབ་པའི་སྔགས་ནི། རྩ་བའི་ལྷ་སྙིང་པོ། བར་དུ་བརྡ་སྦྱར་གྱི་སྙིང་པོ། ཐ་མར་ཡན་ལག་ལས་སྒྲུབ་ཀྱི་སྙིང་པོ་གསུམ་དུ་སྡེབ་ལ། ཡན་ལག་ལས་སྒྲུབ་ཀྱི་སྙིང་པོ་ལ་ཡང་། འབྱུང་བའི་ས་བོན་རྐྱང་པ་དང་། གཉིས་བསྲེ་བ་དང་། ཕན་ཚུན་སྦྱོར་བ་སྟེ། དང་པོ་ནི། ཨོཾ་ཨ་ཨཱ་ཧ་ཧཱ་ང་ཉ་ཎ་མ་ན་ྈྐ་སྭཱ་ཧཱ། ཞེས་པ་ལྟ་བུ་ཁམས་དྲུག་སོ་སོའི་ས་བོན་ལས་ཏེ། སའི་ས་བོན་གྱིས་རེངས་རྨོངས་ཕུར་བུས་གདབ་པ། ཆུས་ཞི་རྒྱས་དུག་མེད་པ། མེས་འགུགས་དབང་བསྐྱོད་པ། རླུང་གིས་སྡང་འབྱེད་བསྐྲད་པ་དང་དུག་འཕེལ་བ། སྟོང་པས་དུག་གཅོད་གསོད་འཚེ། ཡེ་ཤེས་ཀྱིས་གསོ་བསླང་དགའ་བར་བྱེད་པ་དང་། ཐུགས་གསུང་སྐུའི་ས་བོན་གྱིས་ལྐུགས་འོན་མ་ནིང་དུ་བྱེད་པ་སྟེ། འབུམ་ལྔར། ས་ཡི་ས་བོན་གྱིས་རེངས་བྱེད། ཅེས་པ་ལ་སོགས་པ་གསུངས་སོ། གཉིས་བསྲེ་བ་ནི། ས་ཆུ་བསྲེས་པས་ལུས་ཅན་ཀུན་གྱི་རྒྱས་པ། རླུང་དང་མེ་འགུགས་པ། རླུང་དང་ཆུ་བསྐྱོད་པ། ས་དང་སྟོང་པ་ལྟུང་བ། ས་དང་ཡེ་ཤེས་སློང་བ། ཆུ་དང་མེས་འབྱེད་པ། ས་དང་རླུང་རྨོངས་དང་ཕུར་བུར་འདེབས་པ། སྟོང་པ་དང་ཆུ་བལྟབ་པ། སྟོང་པ་དང་ཡེ་ཤེས་ཕྱིར་འཚོ་བ། མེ་དང་སས་གདུང་བ། མེ་དང་སྟོང་པ་རིམས། མེ་དང་ཡེ་ཤེས་འཁྲུག་པ། རླུང་དང་སྟོང་པ་སྐྲོད་པ། རླུང་དང་ཡེ་ཤེས་རེངས་པའམ་འཆིང་བ་སྟེ། འབུམ་ལྔར། ས་དང་ཆུ་ནི་བསྲེས་པ་ཡིས། །ལུས་ཅན་ཀུན་གྱི་རྒྱས་པའོ། །ཞེས་པ་ལ་སོགས་པས་གསུངས་སོ། །གསུམ་པ་ཕན་ཚུན་སྦྱར་བ་ནི། རྩ་བ་ལྷའི་སྔགས་གསུམ་དུ་བཅད་པའི་དང་པོ་ཐུགས། བར་ལ་གསུང་། ཐ་མ་སྐུ། བཞིར་བཅད་པའི་དང་པོ་ཡེ་ཤེས་ནས་ཐ་མ་སྐུ། ལྔར་བཅད་པའི་དང་པོ་ས་ནས་ཐ་མ་ནམ་མཁའ་སྟེ། བཅད་པའི་མཚམས་སུ་ལས་སྒྲུབ་ཀྱི་སྔགས་གྲོགས་སུ་སྤྲད། དགྲར་སྤྲད། གྲོགས་སུ་སྤྲད་པའི་ཚེ་དགྲའི་ཡིག་འབྲུ་དུག་ཡིན་པས་དབྱུང་། དགྲར་སྤྲད་པའི་ཚེ་གྲོགས་ཀྱི་ཡི་གེ་ཡང་དེ་བཞིན་ནོ། །འབུམ་ལྔར། འདི་ལྟར་སྔགས་གང་རིགས་གསུམ་དང་། །བཞི་དང་ལྔ་ཡི་རིགས་རྣམས་ཀྱང་། །ཁམས་རྣམས་ཀྱི་ནི་རང་བཞིན་ཁམས། །ཆོ་གས་མཐའ་ཡས་ལས་རྣམས་བྱེད། །ཅེས་གསུངས་སོ།། །། གསུམ་པ་ལས་སྦྱོར་གྱི་སྔགས་སྡེབ་པ་ནི། སྔགས་ཀྱི་མཐའ་ལས་ཐུན་གྱི་སྤེལ་ཚིག་སྦྱར་བ་སྟེ། ཞི་བའི་མཐར་སྭཱ་ཧཱ། རྒྱས་པའི་མཐར་བཽ་ཥ་ཊ། དབང་དགུག་གི་མཐར་ཛ་སྲིཿ དྲག་པོ་རྣམས་ལ་ཧཱུྃ་ཕཊ྄་དེ། གུར་ལས། མཐར་ནི་སྭཱ་ཧཱས་ཞི་བ་སྟེ། །ཞེས་སོགས་གསུངས་སོ། །གསུམ་པ་འཕྲུལ་དུ་བསྐོར་བ་ནི། རེངས་པ་རུ་སྦལ་གྱི་འཕྲུལ་འཁོར་ལ་སོགས་པ་སྟོན་པ་སྟེ། འབུམ་ལྔར། ས་ཆུ་ཡེ་ཤེས་སྟོན་པ་དང་། །ཡེ་ཤེས་དཀྱིལ་འཁོར་སྦྱོར་བ་ལས། །རེངས་པ་ལ་སོགས་ལས་རྣམས་ནི། །སྒྲུབ་པ་མཆོག་གིས་གྲུབ་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །ལྔ་པ་སྔགས་བཏུ་བ་ནི། གང་ལས་བཏུ་པའི་སྔགས་ཀྱི་དཀྱིལ་འཁོར་བྲིས་ཏེ་མཆོད་པ་དང་། ཇི་ལྟར་བཏུ་བའི་ཚུལ་གཉིས་ལས། དང་པོ་ནི། འབུམ་ལྔར། ཡ་ར་ཝ་ཡི་ཡི་གེ་གང་། །ཞེས་པ་ལ་སོགས་པས་གསུངས་ལ། ཕྱི་མ་ནི་བརྟག་པ་གཉིས་པ་ལས་སོ། །དྲུག་པ་བཟླས་པའི་ཆོ་ག་ལ། སྔོན་དུ་དགོས་པ་བགྲང་འཕྲེང་གི་རྣམ་བཞག དངོས་གཞིར་དགོས་པ་ཆོ་གའི་རྣམ་གཞག ཐ་མར་དགོས་པ་བསྙེན་པའི་གྲངས་རྟགས་བཤད་པ་གསུམ་ལས། དང་པོ་ནི། སྤྱིར་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཞི་རྒྱས་དེ་བཞིན་དབང་དང་ནི། །ཞེས་པ་ནས། མངོན་སྤྱོད་ལ་ནི་འབྲས་རབ་སྟེར། །ཞེས་པའི་བར་གྱིས། བོ་དེ་ཙི་ལས་ཐམས་ཅད་ལ་དང་། ཤེལ་ཉ་ལྕིབས་མུ་ཏིག་དུང་རྣམས་ཚེ་འཕེལ་བ། གསེར་དངུལ་པདྨའི་ས་བོན་དབང་ཕྱུག་རྒྱས་པ། དྲི་བཟང་པོའི་རིལ་བུ་དང་བྱི་རུ་ཙན་དན་དམར་པོ་དང་དམར་པོའི་རིགས་ཀྱི་རིལ་བུ་དབང་། རཀྵ་ལུང་ཐང་མི་རུས་དྲག་པོའི་ལས་ལ་བཤད་ལ། གྲངས་ཀྱང་། ཞི་བ་ལ་ནི་བརྒྱ་ཕྲག་གཅིག །རྒྱས་པ་དེ་བཞིན་ལྷག་པ་བརྒྱད། །དབང་ལ་ཉི་ཤུ་རྩ་ལྔ་སྟེ། །སྔགས་སྒྲུབ་པ་ལ་བརྒྱ་ཕྲག་ཕྱེད། །ཅེས་གསུངས་པས་སྔགས་སྒྲུབ་པ་ནི་ཐུན་མོང་བ་ལ་དགོངས་ལ། འབུམ་ལྔར། ཨ་སོགས་ཀ་སོགས་ཡང་དག་ལྡན། །ཞེས་ནས། ཇི་ལྟར་རྙེད་པ་དེ་བཞིན་བྱོས། །ཞེས་པའི་བར་གྱིས་ཤེལ་དང་མུ་ཏིག་དང་། མི་སོ་དང་། བོང་བུའི་སོ་དང་། བོ་དེ་ཙེ་དང་། པདྨའི་ས་བོན་ནམ་ཙན་དན་དམར་པོ་དང་། ལུང་ཐང་དང་། རཀྵ་བརྒྱད། ཞི་བ་དང་། རྒྱས་པ་དང་། གསད་པ་དང་། སྡང་ངམ་བསྐྲད་པ་དང་། དབང་དང་། འཁྲུག་པ་དང་། རྨོངས་པ་དང་། རེངས་པ་ལ་རིམ་བཞིན་གསུངས་ལ། གྲངས་ཞི་བར་བརྒྱ་རྩ་བརྒྱད། རྒྱས་པར་ང་བརྒྱད། གསད་པར་ཉེར་བདུན། སྡང་བསྐྲད་དབང་དགུག་ལ་ཉེར་བཞི། རྨོངས་པ་ལ་བཅུ་བཞི། རེངས་པ་ལ་བཞི། མདུད་འཛིན་ཁམས་འདྲེས་མའམ་ནོར་བུའོ། །གུར་ལས། བསེ་རུ་དུང་དང་རུ་དྲཱ་ཀྵ། ཞེས་པ་ལ་སོགས་པས། བསེ་རུ་ར་ནི་འབྱུང་། དུང་རྣམ་སྣང་། རཀྵ་མི་བསྐྱོད་པ། པདྨའི་ས་བོན་ནམ་བྱི་རུ་སྣང་མཐའ། མུ་ཏིག་དོན་གྲུབ་རིགས་ལ་གཙོ་ཆེར་བཤད་དོ། །འདི་ཉིད་ལས། ཤེལ་གྱིས་རེངས་པའི་བཟླས་པ་ཉིད། །ཅེས་པ་སོགས་པས། ཤེལ། ཙན་དན། ལུང་ཐང་། མི་རྟ་བྲམ་ཟེ་གླང་པོ་མ་ཧེའི་རུས་པ་རེངས་དབང་མངོན་སྤྱོད་སྡང་སྐྲོད་དགུག་ཆར་བསད་པ་ལ་རིམ་པ་བཞིན་གསུངས་སོ། །བྱིན་རླབས་ནི། གདན་བཞིར། རྡོག་པོ་རྣམས་ནི་དགྲ་བཅོམ་སྟེ། །ཀུན་གྱི་སྟེང་དུ་མཆོད་རྟེན་བརྟགས། །པདྨ་རྡོ་རྗེ་རབ་ཞུགས་པས། །སྐུད་པ་ཁ་སྦྱོར་དབུས་ཉིད་དུ། །མ་ལུས་དེ་ཉིད་བསྒོམ་བྱས་ནས། །བགྲེང་འཕྲེང་རབ་ཏུ་གནས་པར་བྱ། །ཞེས་སམ། མདོར་བསྡུ་ན། བགྲེང་འཕྲེང་གསུང་རྡོ་རྗེར་བསྐྱེད། ཡེ་ཤེས་པ་བསྟིམ། བུམ་པའི་ཆུས་དབང་བསྐུར། མཆོད་དེ། གསུང་རྡོ་རྗེའི་སྙིང་པོ་བརྒྱ་བརྒྱད་བཟླས་ནས་འཕྲེང་བར་བསྒྱུར་བའོ། །འདྲེན་ཚུལ་ནི། ཞི་བ་ལ་མཛུབ་མོའི་སྟེང་དུ་བཞག་ལ་བགྲང་། རྒྱས་པ་ལ་གུང་མོ། དབང་ལ་སྲིན་ལག མངོན་སྤྱོད་ལ་མཐེའུ་ཆུང་ངོ་། །གཉིས་པ་ནི། དང་པོར་དཀྱིལ་འཁོར་དུ་ཞུགས་པའི་ཚེ། མེ་ཏོག་གང་ལ་ཕོག་པའི་རིགས་དེ་བསྙེན་ན་དངོས་གྲུབ་མཆོག་ཏུ་རྙེད་སླ་བས་རིགས་དེ་བསྒྲུབ་ལ། མི་བསྐྱོད་དགྱེས་པ་རྡོ་རྗེའི་རིགས་བཞིའམ། བདག་མེད་མ་ནི་རང་གི་མོས་པས་གང་འདོད་ལ་འཇུག་པ་ཉིད་དོ། །བསྙེན་པ་ལེགས་པར་སོང་བས་སམ། ལྷ་ཐམས་ཅད་གང་འདུལ་གྱི་སྐུར་རིག་ན་གཅིག་བསྙེན་པས་ཐམས་ཅད་བསྙེན་པར་འགྱུར་བའི་ཕྱིར། ལས་དེ་དང་དེའི་ལྷ་ཞེས་མཐའ་གཅིག་ཏུ་འཛིན་མི་དགོས་སོ། །གཞན་དུ། རྣམ་སྣང་ཞི་བ། རིན་འབྱུང་རྒྱས་པ། སྣང་མཐའ་དབང་། རྡོར་སེམས་དང་དོན་གྲུབ་སོགས་དྲག་པོ། གཞན་ཡང་ལྷ་མོ་བདུན་ལ་སོགས་པ་དང་། གནས་ཞི་བ་ཆུ་ངོགས། རྒྱས་པ་སྐྱེད་ཚལ། དབང་ལམ་གྱི་བཞི་མདོ། མངོན་སྤྱོད་དུར་ཁྲོད་སོགས་སོ། །གྲོགས་རིགས་ཀྱི་རིག་མ། ཁ་ཟས་འོ་མ་སོགས། ཆས་གོས་མཆོད་རྫས་དཀར་སེར་དམར་སྔོ། བསམ་པའི་ཁྱད་པར་ཞི་བ་རྒྱས་པ་དབང་མ་རུངས་པའི་སེམས། དུས་ཞི་རྒྱས་ཡར་ངོ་། དབང་མངོན་སྤྱོད་མར་ངོ་། ཞི་བ་སྲོད། རྒྱས་པ་སྔ་དྲོ། དབང་མཚན། མངོན་སྤྱོད་ནམ་ཕྱེད་ཉིན་ཕྱེད། ཆེད་དུ་བྱ་བ། ཞི་བ་ནད་སྒྲིབ་ཞི་ཆེད། རྒྱས་པ་ཚེ་ནོར་དཔལ་བསྐྱེད་པའི་ཕྱིར་དུ། དབང་རྒྱལ་པོ་དང་བུ་མོ་སོགས་འགུགས་པའི་དོན་དུ། མངོན་སྤྱོད་བསྒྲལ་བའི་ཞིང་སྒྲོལ་བ་ལའོ། །ཆོ་གའི་ཁྱད་པར། ཏིང་ངེ་འཛིན་ཙམ་གྱིས་འགྲུབ་པ། ཏིང་ངེ་འཛིན་དང་སྔགས་གཉིས་ཀྱིས་འགྲུབ་པ། ཏིང་ངེ་འཛིན་སྔགས་རྫས་གསུམ་གྱིས་འགྲུབ་པ། སྦྱིན་སྲེག་གིས་འགྲུབ་པ། འཕྲུལ་འཁོར་གྱིས་འགྲུབ་པའོ།། །། བཟླ་ཚུལ་ནི། བདེ་མཆོག་སྡོམ་འབྱུང་ལས། སྔགས་ཀྱི་ཚུལ་ནི་བཞི་པོ་ལ། །འདི་ནི་ངག་གི་བཟླས་པ་སྟེ། ཞེས་པས་ངག་གི་དང་། གཟུགས་ཀྱི་དང་། རྣལ་འབྱོར་གྱི་དང་། རྡོ་རྗེའི་བཟླས་པ་དང་བཞིའི་དང་པོ་ལ། །ངེས་བརྗོད་བླ་མར། དམ་ཚིག་རྣམ་གསུམ་མཆོག་གི་བཟླ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །རྣལ་འབྱོར་བསྒོམ་པའི་བཟླས་པ་བྱ། །ཞེས་བཤད་པ་ལྟར་སྔགས་བགྲང་བའི་ཚེ། ས་བོན་ལས་ལྷ་སྤྲོས། དོན་བྱས་ས་བོན་ལ་བསྟིམ་པ་སྟེ་སྤྲོ་བསྡུའི་བཟླས་པའམ་དམ་ཚིག་གི་བཟླས་པ། སྔགས་འཕྲེང་རང་གི་རྡོ་རྗེ་ནས་ཡུམ་གྱི་པདྨར་ཞུགས་སྐུའི་དབྱིབས་བརྒྱུད་ནས་ཡུམ་གྱི་ཞལ་ནས་རང་གི་ཞལ་དུ་ཞུགས་ནས་འཁོར་བ་ལ་དམིགས་པ་གཏད་པ་དོ་ལི་སྟེ་ཁྱོགས་ཀྱི་བཟླས་པ། ཡང་སྔགས་འཕྲེང་སྔར་ལས་བཟློག་ནས་ཡུམ་གྱི་ཞལ་དུ་ཞུགས་པ་སོགས་ནི་ཁྲོ་བོའི་བཟླས་པའོ། །དེ་དག་ལའང་ལས་ཀྱི་བྱེ་བྲག་གིས་བཞི་སྟེ། ཞི་བ་ལ་སྔགས་འཕྲེང་མགལ་མེའི་འཁོར་ལོ་ལྟ་བུ། རྒྱས་པ་ལ་སྒྲོའི་ཆུན་པོ་ལྟ་བུ། དབང་ལ་ལྕགས་སྦྲེལ་བ་ལྟ་བུ། དྲག་པོ་ལ་ཐག་མདུང་འཕེན་པའམ་ཐག་གུ་བསྒྲིལ་བ་ལྟ་བུའོ། །གཉིས་པ་ནི་ལྷའི་རྣམ་པ་ཙམ་རྗེས་སུ་དྲན་པའོ། །གསུམ་པ་ནི་དེ་ཁོ་ན་ཉིད་ཙམ་རྗེས་སུ་སེམས་པའོ། །བཞི་པ་རླུང་འབྱུང་འཇུག་གནས་གསུམ་ལ་དམིགས་པ་སྟེ། འདི་ལ་དབྱེ་བ་བཅུ་གཅིག་ཡོད། སྲོག་རྩོལ་བཀག་པ་ནི། འགོག་པའམ་ཡེ་ཤེས་ཀྱི་བཟླས་པའོ། །གསུམ་པ་ཐ་མར་དགོས་པ་བསྙེན་པའི་གྲངས་རྟགས་བཤད་པ་ནི། སྔོན་དུ་ལྷའི་རྣལ་འབྱོར་དང་ལྡན་པ་གྲངས་ཀྱི་བསྙེན་པ། སྤྱིར་ལེགས་པར་གྲུབ་པའི་རྒྱུད་ནས། མཁས་པས་གསང་སྔགས་ཡི་གེ་ནི། །བཅོ་ལྔ་མན་ཆད་གྲངས་མན་ལ། །སྤྱིར་ནི་ཡི་གེ་དུ་ཡོད་པ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་གཉིས་ལ། །བཟླས་བརྗོད་གསུམ་འབུམ་བྱ་བར་བཤད། །དེ་བས་ཡི་གེ་མང་པོ་ལ། །སྔོན་དུ་བསྙེན་པ་ཁྲི་བྱའོ། །ཞེས་དང་། ཡང་ན། སངས་རྒྱས་ཐོད་པའི་རྒྱུད་ལས་བསོད་ནམས་རབ་འབྲིང་ཐ་གསུམ་གྱིས་ཁྲི་དང་འབུམ་དང་བྱེ་བ་སོགས་བཟླས་པར་བཤད་ལ། འདི་ཉིད་ནས། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་གསུངས་པ་རྫོགས་ལྡན་གྱི་དབང་དུ་མཛད་ལ། ད་ལྟར་བཞི་འགྱུར་དུ་བཟླ་དགོས་ཏེ། སྡོམ་འབྱུང་ལས། རྫོགས་ལྡན་དུས་སུ་གཅིག་བཟླས་པ། །གཉིས་ལྡན་དུས་སུ་ཉིས་འགྱུར་རོ། །གསུམ་ལྡན་དུས་སུ་སུམ་འགྱུར་ཏེ། །རྩོད་ལྡན་དུས་སུ་བཞི་འགྱུར་རོ། །ཞེས་སོ། །སྙིང་པོ་ཉེ་སྙིང་ཡང་འབུམ་ཕྲག་བཞི། རྩ་སྔགས་དང་འཁོར་གྱི་རྣམས་ལ་ཁྲི་ཚོ་བཞི་ནི་གྲངས་ཀྱི་བསྙེན་པའོ། །འབུམ་ལྔ་ལས་གསུངས་པ་ནི་སྔར་བཤད་པ་ཉིད་དོ། །ལྷས་མཆོག་སྦྱིན་པ་ནི་མཚན་མའི་འོ། །གྲངས་བཅུ་ཆ་སྦྱིན་སྲེག་བྱའོ། །བདུན་པ་གཞུང་ལམ་རིམ་དུ་བཤད་པ་ནི། ཨ་ཀཱ་རོའི་སྔགས་ཀྱི་ལྟ་བ་བསྟན། རིགས་ལྔའི་ས་བོན་གྱིས་དབང་། དེ་ཝ་པི་ཙུའི་ཨོཾ་ཡིག་ལྷའི་གདན། དེ་ཡི་གེས་ལྷར་སྒྲུབ། ཡི་གེ་ལྷག་མ་དག་ཡན་ལག་ལ་འགོད་པར་བཤད་པའི་ཕྱིར་བསྐྱེད། གྲོང་ཁྱེར་དཀྲུག་པ་ལས་ཀྱི་ཕྱག་རྒྱ་དང་མངོན་པར་འདུ་བྱ་བ། རྣལ་འབྱོར་མའི་ས་བོན་དེ་ལས་སྐྱེས་པའི་དགའ་བའི་དགའ་བ་ནས་ལྷན་སྐྱེས་ཀྱི་ཁྱད་དགའི་བར་བསྡོམས་པས་ལས་རྒྱ། ཏྲཻ་ལོཀྱ་ནི་འཇིག་རྟེན་གསུམ་ལྷའི་རྣམ་པས་རྣམ་པར་སྦྱང་བའི་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པར་བྱེད་པ། ཛྷ་ལ་ནི་རང་སྣང་གི་ལྷ་མོ་དང་ཡང་དག་པར་སྦྱར་བས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ཏེ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཁམས་རྣམས་ཞུ་ནས་ནོར་བུའི་ཟེའུ་འབྲུར་བབ་པའི་བྱང་ཆུབ་ཀྱི་སེམས་ཆ་བཅུ་དྲུག་པ་དང་། ཡུལ་དང་དབང་པོ་མ་ལུས་པ་རོ་མཉམ་པར་བྱས་པ་ཡེ་རྒྱ། ཀི་ཊི་ཀི་ཊི་ནི་དེར་རྨི་ལམ་དང་མིག་འཕྲུལ་དང་ཡིད་ཀྱི་རང་བཞིན་མཚུངས་པའི་ཕྱག་རྒྱ་ཆེན་མོ་ཐོབ་པ་ལ་ཡང་དག་པར་འཁྱུད་པ། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་ནི་ལུས་དང་ངག་དང་ཡིད་དང་ཡེ་ཤེས་དག་པའི་དམ་ཚིག་གི་ཕྱག་རྒྱ། རཀྵ་ནི་འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་རྒྱུ་མཐུན་པ་ནས་དྲི་མ་མེད་པའི་འབྲས་བུ་ནོར་བུ་ནས་གཙུག་ཏོར་གྱི་བར་དུ་གྱེན་དུ་གཤེགས་པས་ས་ལྷག་མ་ཡོངས་སུ་སྦྱོང་བ། རེངས་པ་རྩ་མདུད་གྲོལ་བ། དབང་དུ་བྱེད་པ་རླུང་དབུ་མར་ཐིམ་པ། སྐྲོད་པ་ཐིག་ལེ་དཀར་པོ་གཙུག་ཏོར་དུ་དང་དམར་པོ་རྐང་མཐིལ་དུ། སྡང་བ་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་སྒྲིབ་པ་དང་བྲལ་བ། མངོན་སྤྱོད་སྙིགས་མ་ཐམས་ཅད་འཇོམས་པ། འགུགས་པ་གཙུག་ཏོར་མཆོག་ཏུ་རྩ་རླུང་སེམས་བདེ་བའི་འགྲོས་ཐམས་ཅད། བསད་པ་དེ་དག་ཕྱག་རྒྱ་ཆེན་པོར་ཐིམ་ནས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་སྐུར་གྲུབ། དེར་ཆར་དབབ་པས་སྙིང་རྗེ་བཅུ་དྲུག་གི་ཕ་རོལ་ཏུ་ཕྱིན་པས་ཞི་བར་མི་གནས་པ་དང་། སྤྲིན་བྲལ་བས་སྟོང་པ་བཅུ་དྲུག་གི་ཕ་རོལ་ཏུ་ཕྱིན་ཏེ་འཁོར་བར་མི་གནས་པ་དང་། ལས་ཚོགས་ལྷག་མས་ནམ་མཁའ་ཇི་སྲིད་པར་འཕྲིན་ལས་སྣ་ཚོགས་པས་སེམས་ཅན་གྱི་དོན་མཛད་པ་མཚོན་ནོ།། །། ད་ནི་ལེའུ་གསུམ་པ་སྟོན་ཏེ། དེ་ནས་ལྷའི་ལེའུ་བཤད་པར་བྱའོ་ཞེས་པ་ལ་སོགས་པའི་གཞུང་གིས་སོ། །དེ་ཡང་སྔགས་ཀྱི་ལེའུ་བཤད་པའི་དེ་མ་ཐག་ཏུ་འབྱུང་བའི་འབྲེལ་ནི། གུར་ལས། བསམ་གཏན་ལྡན་པས་སྔགས་བཟླས་བྱ། །ཞེས་གསུངས་པ་བཞིན་སྔགས་བཟླས་བརྗོད་ཀྱིས་འགྲུབ་ལ། བཟླས་བརྗོད་ཀྱང་ལྷའི་རྣལ་འབྱོར་ལ་རག་ལས་པའི་ཕྱིར་འདིར་ལྷའི་རྣལ་འབྱོར་བསྟན་པས་ལེའུ་འདི་ལ་ལྷའི་ཞེས་བྱའོ། །ལྷ་ཞེས་པ་ཡང་། སྔོན་མུ་སྟེགས་བྱེད་ཀྱིས་ཚངས་པ་ལ་སོགས་པ་ལ་ལྷར་བཏགས་པ་དག་འདུལ་བར་བྱེད་པའི་དབང་གིས་སམ། དེ་ཝ་ཨུཏ་བྷ་ཝ་ཡིན་པའི་ཕྱིར། དེ་ཝ་སྟེ་ལུས་ལས་འབྱུང་བས་ན་ལྷའོ། །ལུས་ལས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དེ་ལས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འབྱུང་ཞིང་། དེ་ཉིད་ལྷའི་འཁོར་ལོ་ཐམས་ཅད་པར་འཆར་བས་ཏེ། སམྤུ་ཊར། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་དང་། དམ་པ་དང་པོ་ལས། གང་ཕྱིར་བདེ་ལ་ཡང་དག་འཇུག །དེ་ཕྱིར་ལྷ་ཞེས་བརྗོད་པར་བྱ། །ཞེས་དང་། འདི་ཉིད་ལས། གང་ཕྱིར་ལུས་ལས་བྱུང་བ་ཉིད། །ལྷ་ཞེས་མངོན་པར་བརྗོད་པར་བྱ། །ཞེས་གསུངས། ལེའུ་འདི་ཡང་གང་ལས་འཕྲོས་ན། ལྷ་རྣམས་ཇི་ལྟར་འབྱུང་བའོ་ཞེས་པ་ལས་ཏེ། ལྷ་རྣམས་ནི་ཧེ་རུ་ཀ་བཞི་ལ་སོགས་པའོ། །ཇི་ལྟར་འབྱུང་བ་ནི། མི་ཟབ་པའམ་ཟབ་པའི་བསྐྱེད་པའི་རིམ་པ་ཇི་ལྟར་རིགས་པས་བསྐྱེད་པ་ཡིན་ཏེ། དེ་འདིར་རྒྱས་པར་བཤད་པའི་ཕྱིར་རོ།། །།འདི་ལ་རྣལ་འབྱོར་གྱི་རྣམ་གཞག བསྐྱེད་རིམ་བྱེ་བྲག་ཏུ་བཤད་པའོ།། །། དང་པོ་ནི། རྗེ་བཙུན་གྱིས། བསྐྱེད་རིམ་ནི་སྔགས་ཀྱི་ཐེག་པས་མིང་བཏགས། ཕ་རོལ་ཏུ་ཕྱིན་པས་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །རྫོགས་པའི་རིམ་པ་ནི། རྡོ་རྗེ་ཐེག་པར་མིང་བཏགས། གཞན་དུ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །རིམ་པ་གཉིས་མཉམ་པར་གནས་པ་ནི་མཚན་ཉིད་ཀྱི་ཐེག་པར་ཤཱཀྱ་ཐུབ་ཀྱིས་བདེན་གཉིས་དབྱེར་མེད་དུ་བཤད་པ་ལྟར། འདིར་རྡོ་རྗེ་འཆང་གིས་བསྐྱེད་རྫོགས་དབྱེར་མེད་དུ་གསུངས་སོ། །ཞེས་གསུངས་ལ། རྡོ་རྗེ་སྙིང་པོས། བསྐྱེད་པའི་རིམ་པ་ལ་སྨོན་པའི་སེམས། རྫོགས་པའི་རིམ་པ་ལ་འཇུག་པའི་སེམས། ཞེས་གསུངས་ཏེ། དྲག་པོ་ཆགས་བཅས་མཆོག་ཏུ་ཞི་བའི་གཟུགས། །གང་འདྲར་རྒྱལ་དབང་གང་གིས་བསྒོམ་གྱུར་པ། །དེ་འདྲར་དེ་ཡི་རང་གི་སེམས་མཐོང་སྟེ། །གཟུགས་དེ་ཐམས་ཅད་སྨོན་པའི་སེམས་ཡིན་ནོ། །འཇུག་པའི་སེམས་ཀྱང་སེམས་གཅིག་དེ་ཡིན་ཏེ། །ཞེས་པས་སོ། །ཡང་བསྐྱེད་རིམ་སེམས་ཅན་དང་ཆོས་ལ་དམིགས་པ། རྫོགས་རིམ་དམིགས་མེད་ཀྱིར་ཡང་དེར་བསྟན་ཏེ། བསྐྱེད་པའི་རིམ་པ་གཅིག་ཡིན་ཏེ། །སེམས་ཅན་ཆོས་ལ་དམིགས་པའོ། །གཉིས་པ་དམིགས་པར་མེད་པ་ནི། །རྫོགས་པའི་རིམ་པ་སྒྲུབ་བྱེད་པའོ། །འདི་དང་དུས་འཁོར་གཉིས་ཀར། བསྐྱེད་རིམ་ལ་རྗེས་སུ་དཔག་པ་དང་། རྫོགས་རིམ་ལ་མངོན་སུམ་གྱི་རྣལ་འབྱོར་དུ་ཡང་གསུངས་སོ། །དེ་ལྟ་བུའི་བསྐྱེད་རྫོགས་གཉིས་ཀྱང་། སྐས་ཀྱི་རིམ་པ་ལྟར། འདོད་པ་ལ་སོགས་པ་མང་དུ་བྱུང་མོད་ཀྱང་། ཇོ་བོ་ནཱ་རོ་པ། ལས་དང་པོ་པ་ལ་གདན་གཅིག་ཏུ་སྤྲུགས་ནས་དང་གཞན་དུ་ཟུང་འཇུག་དུ་བསྒོམ་པར་བཞེད་དེ། འདི་ཉིད་ལས་ཀྱང་། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་པས་སོ། །སྐབས་འདིར་ལས་དང་པོ་འདི་དབང་དུ་མཛད་ནས། ལུས་ཀྱི་ཞེན་པ་བཟློག་པའི་ཕྱིར་བསྐྱེད་རིམ། ངག་གི་ཞེན་པ་བཟློག་པའི་ཕྱིར་བཟླས་པ། ཡིད་ཀྱི་ཞེན་པ་བཟློག་པའི་ཕྱིར་རྫོགས་རིམ་ཞེས་གསུངས་སོ།། །། བསྐྱེད་རིམ་ལ་ངོ་བོ། །ངེས་ཚིག དབྱེ་བ། མངོན་པར་རྟོགས་པའི་ཆིངས། འབྲས་བུ་བཤད་པ་དང་ལྔ་ལས། དང་པོ་ནི། བསྐྱེད་རྒྱུའི་ལྷ་བསྐྱེད་ཚུལ་ཅི་རིགས་པ་ཞིག་གིས་བསྐྱེད་པས་སོ། །གཉིས་པ་ནི། ཡེ་ཤེས་རྒྱུད་ནས་བསྐྱེད་པས་ནི་བསྐྱེད་རིམ་སྟེ། བསྒོམས་མ་ཐག་ཏུ་མི་སྐྱེ་བར་ཁད་ཀྱིས་སྐྱེ་བ་ཞེས་པའི་དོན་ནོ། །གསུམ་པ་དབྱེ་བ་ལ། བློས་བརྟགས་ནས་བསྒོམ་པ་མི་ཟབ་པའི་བསྐྱེད་པའི་རིམ་པ་དང་། རང་བཞིན་གྱིས་གྲུབ་པའི་ལྷར་བསྒོམ་པ་ཟབ་པའི་བསྐྱེད་རིམ་གཉིས་སོ། །དང་པོ་ལ། སྦྱང་གཞི་ངོས་གཟུང་། སྦྱོང་བྱེད་ཀྱི་བསྐྱེད་རིམ་བཤད་པ་གཉིས། དང་པོ་ནི། སྤྱིར་བསྐྱེད་རིམ་པའི་སྦྱང་གཞི། ཐ་མལ་པའི་ཆ། སྣང་བའི་ཆ། ཞེན་པའི་ཆ་གསུམ་ཡིན་ལ། བྱེ་བྲག་སེམས་ཅན་གྱི་སྐྱེ་གནས་བཞི། དེ་ལས་ཀྱང་མངལ་སྐྱེས་ལ། གནས་སྐབས་ལྔ་དང་། ཆེན་པོ་བཞི་དང་། རང་རིག་པ་བདེ་བ་ཆེན་པོ་དང་། དུམ་བུ་དང་ཆ་ཤས་ལས་བསྐྱེད་པ་བཞིའོ། །གནས་སྐབས་ལྔ་ལས་བསྐྱེད་པ་ནི། མངལ་གྱི་ཁུ་ཁྲག་རྣམ་ཤེས་འདྲེས་པའི་གོང་བུ་གཟུགས་རྫོགས་པ་དང་ལྔའོ། །ཆེན་པོ་བཞི་ནི་འབྱུང་བ་བཞིའོ། །རང་རིག་པ་བདེ་བ་ཆེན་པོ་ནི་ཕ་མ་འཁྲིག་དུས་ཐིག་ལེ་གཉིས་དང་རྣམ་ཤེས་བདེ་བའི་ལུགས་སུ་བླུགས་པ་གོང་བུར་འདྲེས་པའི་ངོ་བོ། དུམ་བུ་དང་ཆ་ཤས་ཞེས་པ་ནི་མེར་མེར་པོ་ནས་སྐྱེ་བའི་མཐར་ཐུག་པའི་བར་རྣམས་སོ། །གཞན་ཡང་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་རྣམས་ཤས་ཆེ་བ་དང་ཆ་མཉམ་པའོ། །ཡང་ན་སྐྱེས་པ་དང་བུད་མེད་ཀྱི་དབྱེ་བས་གཉིས་སོ། །གཉིས་པ་ནི། དེ་བཞིན་ཉིད་ཀྱི་དག་པས་ཐ་མལ་གྱི་ཆ་སྦྱོང་། ལྷའི་དག་པས་སྣང་བའི་ཆ། རང་རིག་གི་དག་པས་ཞེན་པའི་ཆ་དང་། སྐད་ཅིག་གིས་བསྐྱེད་པས་རྫུས་སྐྱེས། ཉི་ཟླ་ས་བོན་དང་བཅས་པ་ལས་སྐྱེས་ཤིང་ཞུ་བ་གླུས་བསྐུལ་མེད་པ་སྒོང་སྐྱེས། ཞུ་བ་གླུས་བསྐུལ་བས་བཞེངས་ཏེ་མངལ་ནས་ལྷ་སྤྲོ་བ་མངལ་སྐྱེས། ཟླ་བ་དང་ས་བོན་ཙམ་ལས་བསྐྱེད་པ་དྲོད་གཤེར་སྐྱེས་སྦྱོང་བྱེད་དོ། །གནས་སྐབས་ལྔ་སྦྱོང་བྱེད་བྱང་ཆུབ་པ་ལྔ། ཆེན་པོ་བཞིའི་སྦྱོང་བྱེད་འབྱུང་བ་བཞི་རྣམ་པར་དག་པའི་ལྷ་མོ་བཞི་བ་སྐྱེད་པའམ། མཚམས་ཀྱི་ལྷ་མོ་བཞིས་མྱ་ངན་གྱི་གླུས་བསྐུལ་བའོ། །རང་རིག་པ་བདེ་བ་ཆེན་པོ་ལས་བསྐྱེད་པའི་སྦྱོང་བྱེད་དུ་དྲི་ཟ་ཉེ་བར་ཞུགས་ཏེ་གཙོ་བོ་ཡབ་ཡུམ་ཞུ་བ་དང་། ནམ་མཁའི་ནཱ་ད་ཞུགས་ཏེ་བདེ་བ་ཆེན་པོ་རྒྱས་པར་བསྒོམ་པའོ། །དུམ་བུ་དང་ཆ་ཤས་ལས་བསྐྱེད་པའི་སྦྱོང་བྱེད་དུ་ནི་བླ་མ་དག་པའི་ཆོ་ག་ནས་བསྐྱེད་རིམ་གྱི་ཏིང་ངེ་འཛིན་གྱི་བར་དུ་ཞིབ་ནལ་གྱིས་བསྒོམ་པའོ། །ཉོན་མོངས་པ་ཞེ་སྡང་ཅན་སྦྱོང་བྱེད་མི་བསྐྱོད་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར། གཏི་མུག་ཅན་རྡོ་རྗེ་རྟག་པ། སེར་སྣ་ཅན་རྡོ་རྗེ་ཉི་མ། འདོད་ཆགས་ཅན་པདྨ་གར་དབང་། ཕྲག་དོག་ཅན་རྟ་མཆོག ཆ་མཉམ་དུ་སྤྱོད་པ་ལ་རིགས་བསྡུས་པའི་དང་། སྐྱེས་པ་ལ་ཁྲག་འཐུང་ལྷ་དགུའི་དཀྱིལ་འཁོར་དང་། བུད་མེད་ལ་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་རོ། །བཞི་པ་མངོན་པར་རྟོགས་པའི་ཆིངས་བཤད་པ་ལ། ཆོ་གའི་ཆིངས་དང་། དེ་ཡན་ལག་བཞི་དྲུག་སོགས་སུ་བཤད་པ་གཉིས་ལས། དང་པོ་ནི། སློབ་དཔོན་ཞེ་སྡང་རྡོ་རྗེས་གུར་གྱི་བཤད་སྦྱར་དུ། རྫུས་སྐྱེས་ཀྱི་བསྐྱེད་ཆོག་ལ་མོས་ན། བླ་མ་དག་པའི་ཆོ་ག་དང་། ཚད་མེད་པ་བཞི་དང་། སྟོང་པ་ཉིད་བསྒོམ་པ་དང་། སྲུང་བའི་འཁོར་ལོ་བསྒོམ་པ་དང་། ཆོས་འབྱུང་བསྒོམ་པ་དང་། འབྱུང་བ་རིམ་བརྩེགས་བསྒོམ་པ་དང་། དེ་ཞུ་བ་ལས་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པ་བསྐྱེད་པ་དང་། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྲེ་བ་དང་། དབང་བསྐུར་བ་དང་། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་དང་། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པའོ། །གལ་ཏེ་སྒོང་སྐྱེས་ལ་མོས་ན་ཆོ་ག་རྐང་གྲངས་བཅུ་བདུན་གྱིས་བསྐྱེད་པ་སྟེ། བླ་མ་དག་པ། ཚད་མེད་གཞི། སྟོང་ཉིད། སྲུང་འཁོར། འབྱུང་བ་རིམ་བརྩེགས། གཞལ་ཡས་ཁང་། བྱང་ཆུབ་པ་ལྔས་གཙོ་བོ་ཡབ་ཡུམ། མཁའ་གསང་བྱིན་རླབས། འཁོར་གྱི་ལྷ་བསྐྱེད་པ། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྲེ་བ། དབང་བསྐུར་བ། མཆོད་པ། བསྟོད་པ། བདུད་རྩི་མྱང་བ། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཐུན་མཚམས་ཀྱི་ཆོས་བསྒོམ་པའོ། །མངལ་སྐྱེས་ལ་ནི་འདི་ནས་འབྱུང་བ་དང་མཐུན་ནོ། །ལེའུ་འདི་ཉིད་ལས་མི་བསྐྱོད་ཧེ་རུ་ཀ་གསུམ་གྱི་སྒྲུབ་ཐབས་བཤད་དེ། དང་པོར་བྱམས་པ་བསྒོམ་པར་བྱ། །ཞེས་སོགས་ཀྱི་ཕྱག་གཉིས་པ་ལ་དངོས་སྐུ་དང་། གཞན་གཉིས་ལ་རིགས་བསྒྲེས་ནས་བསྟན་ལ། འདིར་རིམ་གྱིས་སྒོང་སྐྱེས་ཀྱི་བསྐྱེད་རིམ་ཙམ་སྟོན་པར་གསུངས་ཀྱང་། རྗེ་བཙུན་གྱི་གསུང་ལས་གདུལ་བྱ་སྤྲོས་པ་ལ་དགའ་མི་དགའི་དབང་དུ་བྱས་ཏེ་རྡོ་རྗེ་རྣམ་བཞི་དང་། ཆོ་ག་གསུམ་དང་། མངོན་བྱང་ལྔས་བསྐྱེད་པ་བསྟན་པས་སྒྲུབ་ཐབས་དགུར་འགྱུར་རོ། །དང་པོ་སྤྲོས་པ་ཉུང་ངུ་ལ་དགའ་བའི་དབང་དུ་མཛད་ནས་ཆོ་གའི་ཆིངས་བཅུ་གཉིས་གསུངས་ཏེ། བླ་མ་དག་པ། ཚད་མེད་བཞི། སྟོང་པ་ཉིད། ས་བོན་བསྡུ་བ། གཟུགས་རྫོགས་པ། ཡི་གེ་དགོད་པ། ཡེ་ཤེས་སེམས་དཔའ་དང་བསྲེ་བ། དབང་བསྐུར་བ། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་རྣམ་དག་དང་བཅས་ཏེ་བསྒོམ་པ། ཐུན་མཚམས་ཀྱི་ཆོས་ཀྱི་གཏོར་མ་གཏང་བ། རྡོ་རྗེའི་གླུ་བླང་བ། སྨོན་ལམ་གདབ་པ་སྟེ་བཅུ་གཉིས། སྤྲོས་པ་ལ་དགའ་བའི་དབང་དུ་མཛད་ནས་ཆོ་ག་གསུམ་གྱིས་བསྐྱེད་པ་ཆིངས་བཅུ་དྲུག་སྟེ། བླ་མ་དག་པ། ཚད་མེད་བཞི། སྟོང་ཉིད། སྲུང་འཁོར། རོ་གདན། ཆོ་ག་གསུམ་གྱིས་སྐུ་བསྐྱེད་པ། ས་བོན་དགོད་པ། ཡེ་ཤེས་སེམས་དཔའ་བསྲེ་བ། དབང་བསྐུར་བ། མཆོད་པ། བསྟོད་པ། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པ། རྣམ་དག་དང་བཅུ་གསུམ། ཐུན་མཚམས་ཀྱི་ཆོས་གསུམ་སྟེ་བཅུ་དྲུག ཤིན་ཏུ་སྤྲོས་པ་ལ་དགའ་བའི་དབང་དུ་མཛད་ནས་ཆོ་ག་ཉི་ཤུར་གསུངས་ཏེ། རྒྱུའི་ཧེ་རུ་ཀ་བསྐྱེད་པའི་ཆོ་ག་བཅུ། འབྲས་བུའི་ཧེ་རུ་ཀ་བསྐྱེད་པའི་ཆོ་ག་བཅུ་ལས། རྒྱུའི་ཧེ་རུ་ཀ་བསྐྱེད་པའི་ཆོ་ག་བཅུ་ནི། བླ་མ་དག་པའི་ཆོ་ག་དང་། ཚད་མེད་པ་བཞི་དང་། སྟོང་པ་ཉིད་དུ་བསྒོམ་པ་དང་། སྲུང་བའི་འཁོར་ལོ་བསྒོམ་པ་དང་། ཆོས་འབྱུང་བསྒོམ་པ་དང་། འབྱུང་བ་རིམ་བརྩེགས་བསྒོམ་པ་དང་། དེ་ཞུ་བ་ལས་གཞལ་ཡས་ཁང་བསྐྱེད་པ་དང་། བྱང་ཆུབ་ལྔས་གཙོ་བོས་ཡབ་ཡུམ་བསྐྱེད་པ་དང་། རྡོ་རྗེ་པདྨ་བྱིན་གྱིས་བརླབས་ནས་སྙོམས་འཇུག་བྱ་བ་དང་། འཁོར་གྱི་ལྷ་མོ་བརྒྱད་བསྐྱེད་པའོ། །འབྲས་བུའི་ཧེ་རུ་ཀ་བསྐྱེད་པའི་ཆོས་བཅུ་ནི། དྲི་ཟ་ཉེ་བར་ཞུགས་པ་དང་། ལྷ་མོ་བཞིས་མྱ་ངན་གྱི་གླུས་བསྐུལ་བ་དང་། འབྲས་བུའི་ཧེ་རུ་ཀར་བཞེངས་པ་དང་། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྲེ་བ་དང་། དབང་བསྐུར་བ་དང་། བདུད་རྩི་མྱང་བ་དང་། མཆོད་པ་དང་། བསྟོད་པ་དང་། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པའོ། །གཉིས་པ་ནི། དེ་དག་ཀྱང་བསྡུས་པའི་དབང་དུ་མཛད་ནས་རྡོ་རྗེ་རྣམ་པ་བཞིའི་བསྐྱེད་ཆོག་ཅེས་བྱ་སྟེ། སྟོང་ཉིད་བསྒོམ་པ། ས་བོན་བསྡུ་བ། གཟུགས་རྫོགས་པ། ཡི་གེ་དགོད་པ་བཞིར་འདུ་བས་སོ། །རྒྱས་པའི་དབང་དུ་བྱས་ནས་ཡན་ལག་དྲུག་ཏུ་བཤད་དེ། ཕོ་བྲང་རྣམ་པར་སྣང་མཛད་ཀྱི་དང་། རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་དང་། དབང་བསྐུར་བ་མི་བསྐྱོད་པའི་དང་། བདུད་རྩི་མྱང་བ་སྣང་མཐའི་དང་། མཆོད་པ་དོན་གྲུབ་ཀྱི་དང་། བསྟོད་པ་རིན་འབྱུང་གི་ཡན་ལག་གོ །ཕོ་བྲང་རྣམ་སྣང་གི་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ཡང་། རྣམ་སྣང་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ཡིན་ལ། གཞལ་ཡས་ཁང་ཡང་ཡིན་པས་རགས་པར་ཆོས་མཐུན་པས་སོ། །དེ་ཡང་ཕྲ་བར་བརྩིས་ནས་འབྱུང་བཞི་ཡེ་ཤེས་བཞི། ནཱ་ད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྔ་སྟེ་དེ་རྣམས་འདྲེས་པ་ལས་རྡོ་རྗེ་འཆང་གི་ཡན་ལག་སྟེ་དྲུག་གོ །རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ཡང་། རྡོ་རྗེ་སེམས་དཔའ་ཡང་བདེ་བ་ཡིན་ལ་རྗེས་སུ་ཆགས་པ་ཡང་བདེ་བ་ཡིན་པས་བདེ་བར་ཆོས་མཐུན་པས་སོ། །དེ་ཡང་ཕྲ་བར་བརྩི་ན། པདྨ་བྱིན་གྱིས་བརླབ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རྡོ་རྗེ་བྱིན་གྱིས་བརླབ་པ་མེ་ལོང་ལྟ་བུ། དགའ་བ་གསུམ་ཡེ་ཤེས་རྣམ་པ་གསུམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེ་འཆང་ངོ་། །དབང་བསྐུར་མི་བསྐྱོད་པར་འཇོག་པའི་རྒྱུ་མཚན་ཡང་། མི་བསྐྱོད་པ་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པ་བཞིན་དུ་དབང་བསྐུར་བས་ཀྱང་རྣམ་རྟོག་གི་དྲི་མས་བསྐྱོད་པར་མི་ནུས་པས་སོ། །ཕྲ་བ་བརྩིས་ན། བདུད་རྩི་ལྔའི་ཆུས་ཡེ་ཤེས་ལྔ། དེས་བདེ་བ་སྐྱེས་པ་རྡོ་རྗེ་འཆང་། བདུད་རྩི་མྱང་བ་སྣང་མཐར་འཇོག་པའི་རྒྱུ་མཚན་ཡང་། སྣང་མཐའ་གསུང་གི་ལྷ་ཡིན་ལ་བདུད་རྩི་ཡང་མགྲིན་པར་ལོངས་སྤྱོད་པས་སམ། ཡང་ན་ཨ་མྲྀ་ཏ་བྷ་ཝ་ཞེས་པས་འཆི་བ་མེད་པ་ཡིན་ལ། བདུད་རྩི་མྱངས་པས་ཀྱང་ཨ་མྲྀ་ཏ་བྷ་ཝ་ཞེས་པ་འཆི་བ་མེད་པའི་བདག་ཉིད་དུ་གནས་པས་སོ། །ཕྲ་བར་བརྩིས་ན་བདུད་རྩི་ལྔ་ཡེ་ཤེས་ལྔའམ་རིགས་ལྔའོ། །བདུད་རྩི་མྱངས་པས་མི་རྟོག་པ་སྐྱེས་པ་རྡོ་རྗེ་འཆང་། མཆོད་པ་དོན་གྲུབ་ཏུ་འཇོག་པའི་རྒྱུ་མཚན་ཡང་། དོན་གྲུབ་འཕྲིན་ལས་ཀྱི་ལྷ་ཡིན་ལ། མཆོད་པས་ཀྱང་འཕྲིན་ལས་ལ་སྦྱོར་བར་བྱེད་པས་སོ། །ཕྲ་བར་བརྩི་ན་འདོད་ཡོན་ལྔའམ་བདུད་རྩི་ལྔས་རིགས་ལྔ། ཌོམྦི་ནིས་འཁྱུད་པས་བདེ་བ་སྐྱེས་པ་རྡོ་རྗེ་འཆང་ངོ་། །བསྟོད་པ་རིན་འབྱུང་དུ་འཇོག་པ་ཡང་། རིན་འབྱུང་ཡང་སྐུ་གསུང་ཐུགས་ཡོན་ཏན་གྱི་སྒོ་ནས་བསྟོད་པའི་ལྷ་ཡིན་ལ། བསྟོད་པ་ཡང་སྐུ་གསུང་ཐུགས་ཡོན་ཏན་གྱི་སྒོ་ནས་བསྟོད་པས་སོ། །ཕྲ་བར་བརྩི་ན་བསྟོད་པ་ལ་ཡེ་ཤེས་ལྔས་བསྟོད་པ་དེ་རིགས་ལྔ། བསྟོད་པས་མི་རྟོག་པ་སྐྱེས་པ་དེ་རྡོ་རྗེ་འཆང་གི་ཡན་ལག་གོ །ཤིན་ཏུ་རྒྱས་པའི་དབང་དུ་མཛད་ནས་འབུམ་ལྔར། སྒོང་སྐྱེས་དང་ནི་མངལ་སྐྱེས་དང་། །སྲིད་པ་སྐྱེ་བའི་རིམ་པ་གཉིས། །ཞེས་པས། མུ་སྟེགས་པ་ཚངས་པའི་སྒོ་ང་ཞེས་པ་ཕྱི་འཇིག་རྟེན་ལ་འདོད་པ་དང་། སྒོ་བསྟན་ནས་གཞལ་ཡལ་ཁང་བསྐྱེད་པ་སྒོང་སྐྱེས་སྦྱོང་བྱེད་དང་། སྲོག་ཆགས་རྣམས་ཀྱི་འཆི་བ་བར་ངོའི་སྣང་བ་དང་བཅས་པ་ནི་སྟོང་ཉིད་ཀྱི་བྱང་ཆུབ་ཀྱིས་སྦྱོང་། ཀུན་གཞི་དང་ཁུ་ཁྲག་ཚོགས་པ་ནི་ས་བོན་བསྡུ་བས། དེ་ནས་ཟླ་བ་བདུན་གྱིས་གཟུགས་རྫོགས་པ་ནི་གཟུགས་རྫོགས་པས། དེ་ནས་བཙས་ནས་དབང་པོ་དྲུག་སད་དེ་ཡུལ་ལ་འཇུག་པ་ནི་ཡི་གེ་འགོད་པས་སྦྱོང་བར་བྱེད་པ་མི་ཟབ་པའི་བསྐྱེད་རིམ་ཡིན་ལ། འདི་ཙམ་བསྒོམས་པས་མཚན་མ་རྙེད་ན་ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་ལ་འཇུག་པ་ཡིན་ནོ། །དེ་ལྟ་བུའི་རྡོ་རྗེ་རྣམ་པ་བཞིས་བསྐྱེད་པ་ནི་དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་སྟེ་དམན་པ་བྱིས་པ་སྐྱེས་མ་ཐག་སྦྱོང་བྱེད། སླར་ཡང་ལས་རྒྱལ་མཆོག་གིས་བྱང་ཆུབ་པ་བཞི་ནི་ཉེར་བསྒྲུབ། འབྲིང་སོ་སྐྱེས་པའི་སྐབས་སྦྱོང་བྱེད། ཐིག་ལེའི་རྣལ་འབྱོར་ནི་བསྒྲུབ་པ། སོ་བརྗེ་བའི་སྐབས་སྦྱོང་བྱེད། ཕྲ་མོའི་རྣལ་འབྱོར་ནི་སྒྲུབ་པ་ཆེན་པོ། ཆེན་པོ་བཅུ་དྲུག་མན་གྱི་དར་མའི་སྐབས་སྦྱོང་བྱེད་དེ་ཟབ་པ་བསྐྱེད་པའི་རིམ་པར་ཡང་བཤད་དོ། །རེ་ཕས་ཉི་མ་སྔོན་དུ་རྣམས་བསྒོམ་ནས། །ཞེས་པ་ལ་སོགས་པའི་ཤླཽ་ཀ་གཅིག་གིས་བསྟན་པའི་དོན་འབུམ་ལྔར། སྲུང་བའི་འཁོར་ལོ་རྣལ་འབྱོར་གྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཁྲོ་བོ་བཅུ་བསྐྱེད་པ་དང་། ཕྱིས་ནས་རྣལ་འབྱོར་མས་བསྐོར་བའི་འདོད་པའི་ལྷ་བསྒྲུབ་པར་གསུངས་པ་སྟེ། སྙིང་འབྲེལ་དུ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱེའི་རྡོ་རྗེའི་རྒྱུད་འདི་ནི་རྣལ་འབྱོར་རྒྱུད་དེ་ཕྱིན་ནས་བདག་མེད་མའི་སྒྲུབ་ཐབས་ཀྱི་ངོར་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པས་རྣལ་འབྱོར་མའི་རྒྱུད་བཤད་པར་བྱའོ། །དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཀྱི་ཆོ་ག་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོའི་དབང་པོ་རྣམས་བསྲུང་བའི་འཁོར་ལོ་ལ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །གཞན་ཡང་། གསང་འདུས་ནས་བཤད་པ་ལྟར་བསྙེན་སྒྲུབ་ཡན་ལག་བཞིའམ། ཀུན་སྤྱོད་ནས་བཤད་པ་ལྟར། སྐུ་གསུམ་ནི་ལྷག་མོས་གསུམ་མམ། གཤིན་རྗེ་གཤེད་དགྲ་ནག་ནས་འབྱུང་བ་ལྟར། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་སྟེ་རྣལ་འབྱོར་བཞི་འམ། རྡོ་རྗེ་རྩེ་མོའི་དགོངས་པ་དང་། རྡོ་རྗེ་འཕྲེང་བའི་རྒྱུད་ལས་གསུངས་པ་ལྟར། དང་པོ་སྦྱོང་བ། དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་མཆོག་སྟེ་ཏིང་ངེ་འཛིན་གསུམ་གྱིས་བསྐྱེད་པའི་ཆོ་གའམ། སློབ་དཔོན་མཻ་ཏྲི་པའི་བཞེད་པས་ཕྱག་རྒྱ་བཞི་དང་། རིམ་པ་ལྔར་བཤད་པ་ལྟར་ཡང་ཤེས་པར་བྱའོ། །ཆོ་ག་ཉི་ཤུའི་མཐར་ལྷ་མོ་བརྒྱད་བསྡུས་ཏེ་བཟླས་པ་བྱ། དེ་ནས་རྫོགས་རིམ་བསྒོམ། དེ་དག་གིས་སེམས་མི་གནས་པ་གནས་པར་བྱས་ལ་དང་པོར་བསྒོམ། དེ་ནས་རྗེས་ཤེས་སུ་ཐུན་མཚམས་ཀྱི་སྤྱོད་པ་ལ་བསླབ། གནས་པ་བསྟན་པར་བྱེད་པ་ལ་ཡང་ཡང་བསྒོམ། བརྟན་པ་བོགས་དབྱུང་བའི་ཕྱིར་རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་བྱས་ལ་འཚང་རྒྱ་བའི་སྒྲུབ་པ་ཆེན་པོ་ནི་དངོས་གྲུབ་གཏན་ལ་དབབ་པའི་ལེའུ་ནས་བཤད་པ་བཞིན་ནོ།། །། གཉིས་པ་རང་བཞིན་གྱིས་གྲུབ་པའི་ལྷར་བསྒོམ་པ་ཟབ་པའི་བསྐྱེད་པའི་རིམ་པ་ནི། འོག་ནས། ནམ་མཁའི་ཁམས་ནི་པདྨ་ལ། །བྷ་ག་ཞེས་བྱ་ཡེ་ཤེས་བརྗོད། །བསྒོམ་པ་ཞེས་བྱ་སྙོམས་འཇུག་ཉིད། །དེ་ཡི་བདེ་བ་འཁོར་ལོར་བརྗོད། །རིམ་པ་ཇི་བཞིན་རང་རིག་ཉིད། །ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །ཇི་ལྟར་འབྱུང་བ་ཁུ་བ་ཉིད། །ཅེས་པའི་དོན། སམྤུ་ཊ་ལས་རྒྱས་པར་གསུངས་པ་ལྟར། རྐང་པ་གཉིས་བགྲང་བ་གཞུའི་དབྱིབས་རླུང་། སུམ་མདོ་གྲུ་གསུམ་མེ། ལྟོ་ཟླུམ་པོ་ཆུ། བྲང་གྲུ་བཞི་ས། སྒལ་ཚིགས་རིའི་རྒྱལ་པོ་རི་རབ། མགོ་བོ་རི་རབ་ཀྱི་སྟོད་ཀྱི་ཆ། ལུས་འདོམ་གང་གྲུ་བཞི་མཉམ་པ། གཞལ་ཡས་ཁང་ལ་སོགས་པ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་སོ་གཉིས་ནི་རི་རབ་ཀྱི་སྟེང་གི་པདྨ་དང་དབྱངས་གསལ། ཀླད་པ་ནི་ལྷ་བསྐྱེད་པའི་རྒྱུ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་རྩ་ཧཾ་གི་དབྱིབས་ཅན་གྱི་ནང་དུ་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟོང་ཉིད་དང་རོ་གཅིག་པས་སྤྲོས་པས་མི་ཤིགས་པ་ནི་རྒྱུ་རྡོ་རྗེ་འཆང་། དེ་རྣམ་པར་འགྱུར་བའི་བྱང་ཆུབ་ཀྱི་སེམས། དེ་ཉིད་ལྟེ་བ་དང་གསང་བ་དང་རྡོ་རྗེ་ནོར་བུ་ལ་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་ནི་བཅོམ་ལྡན་འདས་ཧེ་རུ་ཀར་བཤད་དོ། །དེའི་ཕྱིར་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་རྡོ་རྗེ་ནི་བཞི་པའོ། །དེ་ནི་ཕྱི་དང་ནང་གི་རང་བཞིན་གྱིས་ཀུན་ལ་ཁྱབ་པར་རྣམ་པར་གནས་པ་སྟེ་ལྷན་ཅིག་སྐྱེས་པའི་སྐུའོ། །དེ་ཉིད་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་བདག་ཉིད་དེ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་འབྲས་བུའི་ཧེ་རུ་ཀ་སྟེ། དེ་དག་དང་རྫས་ཐིག་ལེས་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། དཔྲལ་བར་སོན་པའི་ཐིག་ལེ་བཞི་པོ་རྣམས་ཀྱི་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང་སྐྱེས་བུའི་བྱེད་པ་དང་དྲི་མ་མེད་པའི་རང་བཞིན་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བ་ལུགས་མི་མཐུན་པའི་ཆོས་དེས་མཆོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་མི་འཛག་པའི་ཐིག་ལེས་བདེ་བ་ཆེན་པོ་འགྱུར་བ་མེད་པ་རྣམས་ཀྱིས་ཡོངས་སུ་དག་པར་བྱའོ། །ལྔ་པ་འབྲས་བུ་ནི། གུར་ལས། སངས་རྒྱས་དེ་ཉིད་ལ་བསྒོམས་ནས། །བྱང་ཆུབ་མ་ཐོབ་ན་ཡང་ཀྱེ། །ཞེས་སོགས་གསུངས་ལ། སམྤུ་ཊར། རྡོ་རྗེ་འཛིན་པ་ཉིད་དང་ནི། །མི་རྣམས་འཁོར་ལོ་སྒྱུར་ཉིད་དང་། །ཡིད་ལ་འདོད་པ་གཞན་ཡང་ཐོབ། །ཅེས་སོ། །སེམས་འགྲེལ་པས་མི་ཟབ་པ་བསྐྱེད་རིམ་ལས་འོག་མིན་གྱི་བར་གྱི་དངོས་གྲུབ་དང་། ཟབ་པས་མཆོག་ཀྱང་གྲུབ་པར་བཞེད་དོ།། །། ད་ནི་ལེའུ་བཞི་པ་སྟོན་ཏེ། ལྷ་དབང་བསྐུར་བའི་ལེའུ་བཤད་པར་བྱའོ། །ཞེས་པའི་གཞུང་གིས་སོ། །ལེའུ་གསུམ་པའི་དེ་མ་ཐག་ཏུ་འབྱུང་བའི་འབྲེལ་ནི། དེར་བསྐྱེད་པའི་རིམ་པ་བཤད་ཀྱང་ལྷ་ལ་དབང་བསྐུར་བ་མ་བཤད་པས་ཆོ་ག་མ་རྫོགས་ཤིང་འདིར་བསྟན་པས་རྫོགས་པར་བྱེད་པའི་ཕྱིར་དང་། རྒྱུ་མཚན་དེས་འདི་ལ་ལྷ་དབང་བསྐུར་བའི་ལེའུ་ཞེས་བྱའོ། །ལེའུ་འདི་ཡང་གང་ལས་འཕྲོས་ན་མདོར་བསྟན་གྱི་གནས་དང་ཞེས་པ་ལས་ཏེ་གནས་ཞེས་པ་གནས་སྐབས་ཀྱི་བྱ་བ་རྫོགས་པར་བྱེད་པ་ལ་བཞག་ནས་དེ་འདིར་རྒྱས་པར་བཤད་པའི་ཕྱིར་རོ། །ལྷ་དབང་བསྐུར་བ་ཡང་འབུམ་ལྔར། བྱིས་པ་འཁྲུད་པ། གཙུག་ཕུད་འཇོག་པ། རྣ་བ་འབུགས་པ། སྨྲ་རྒོད། ལོངས་སྤྱོད། མིང་། ཐ་སྙད་སློབ་པ་རྣམས་སྦྱོང་བྱེད་དབང་བདུན། བག་མ་ལེན་པ་སོགས་སྦྱོང་བྱེད་དབང་གོང་མ་སྟོན་པར་བྱེད། བསྡུས་པའི་རྒྱུད་འདིར། སད་པ་ལ་སོགས་པའི་གནས་སྐབས་སྦྱོང་བྱེད་དུ་དབང་བསྐུར་བ་ཡིན་ནོ། །ལྷ་ལ་དབང་བསྐུར་བ་ཡང་ལྷ་ལ་རྒྱས་འདེབས་པ་སྟེ། རྒྱུ་རྣམས་མེད་པས་འབྲས་བུ་རྣམ་བཅས་ཀྱི་ལྷར་ལྡང་བ་ལྟ་བུས་རྒྱུ་ལ་རྒྱས་བཏབ། རྣམ་བཅས་དེ་ཡང་རང་བཞིན་མེད་པའི་རང་བཞིན་དུ་རིག་པ་ལྟ་བུས་འབྲས་བུ་ལ་རྒྱས་བཏབ་པའོ། །ངེས་པའི་དོན་རང་གི་སྙིང་གའི་འོད་ཀྱི། གསང་བའི་སྙིང་ག་ན་གནས་པའི་གཏུམ་མོ། ཁམས་གསུམ་གྱི་དེ་བཞིན་གཤེགས་པ་ནི་ཕུང་ཁམས་སྐྱེ་མཆེད་ཞུ་བའི་ཐིག་ལེ་གསང་བར་བབ་པ། མ་མོ་དབུ་མའི་ཁ་སྒོ། བརྒྱད་འབྱུང་བ་བཞི་འབྱུང་འགྱུར་བའི་སྟེ་རང་རྫས་ཀྱི་ཐིག་ལེ། གསོལ་གདབ་དུས་དེར་རང་གི་རིག་པར་བྱ་བ། སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པ་ཞེས་པ། ཞུ་བའི་དུས་དེར་རྣམ་པ་ཐམས་ཅད་པའི་གཟུགས་རྗེས་སུ་དྲན་པ། བདུད་རྩི་བུམ་པ། སྲོག་ཐུར་འདྲེས་པ་འཛག་མེད་པ་འཆིང་བའི་བྱང་སེམས་མེ་ཏོག་རྒྱུ་དེས་ཐིག་ལེ་ཐམས་ཅད་ལུས་ལ་ཁྱབ་པ། རྔ་སྒྲ་གཞོམ་མེད་ཀྱི་སྒྲ། གུར་ཀུམ་ནི་གནས་པ་རྩ་དབུ་མའི་གེ་སར་ཆོས་ཉིད་ཀྱི་དབུ་མར་དག་པ། གཟུགས་ཞེས་སོགས་སྒྱུ་མ་ཙམ་དུ་དག་པ། སྤྱན་མ་སོགས་ཀྱི་གླུ་འབྲས་བུ་བཞིས་ཁམས་གྱེན་དུ་གཤེགས་པ། ཅོད་པན་གཙུག་ཏོར་མཆོག་བྱང་སེམས་ཀྱིས་གང་བས་འཚང་རྒྱ་བའི་ཕྱིར་ཧེ་རུ་ཀ་རྫོགས་པ་ཞེས་བྱའོ། །སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་ཞེས་པ་ནི་ལུས་ངག་ཡིད་སྐུ་གསུམ་དུ་སོང་བ། ཐུན་གསུམ་དུ་ཞེས་པ། རྒྱུ་ལམ་འབྲས་བུའི་གནས་སྐབས་སུ་དབང་བསྐུར་བ། ལངས་ཏེ་ཞེས་པ་མན་ནི་གཞན་གྱིས་དོན་ནོ།། །། ད་ནི་ལེའུ་ལྔ་བ་བཤད་པར་བྱ་སྟེ། དེ་ནས་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱའོ། །ཞེས་པ་ལ་སོགས་པའི་གཞུང་གིས་སོ། །ལྷ་དབང་བསྐུར་བའི་དེ་མ་ཐག་ཏུ་དེ་ཁོ་ན་ཉིད་སྟོན་པའི་རྒྱུ་མཚན་ཡང་། དབང་བསྐུར་བས་གནས་སྐབས་ཀྱི་ཆོ་ག་རྫོགས་ཀྱང་མཐར་ཐུག་གི་འབྲས་བུ་ཐོབ་པའི་ཆོ་ག་རྫོགས་པ་ནི་རྫོགས་པའི་རིམ་པ་ལ་རག་ལས་པས་དེ་སྟོན་པའི་ཕྱིར་དུའོ། །འདི་ཡང་གང་ལས་འཕྲོས་ན། ཧེ་རུ་ཀ་ནི་བསྐྱོད་པའི་རྒྱུ། །དང་པོར་གཅིག་ནི་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ་ལས་འཕྲོས་ཏེ། དེར། ཨེ་ཀས་གསུངས་པའི་བསྒོམ་རྒྱུ་དེ་འདིར་གཏན་ལ་དབབ་པའི་ཕྱིར་རོ།། །། དེ་ལྟ་བུའི་རྫོགས་པའི་རིམ་པ་དེ་ལ་ཡང་། ངོ་བོ། ངེས་ཚིག སྦྱང་གཞི་སྦྱོང་བྱེད་ཀྱི་སྒོ་ནས་རྣམ་པར་དབྱེ་བ། མངོན་པར་རྟོགས་པ་དང་བཞི་ལས། དང་པོ་ནི། རྗེ་བཙུན་གྱིས། བདེ་བ་ལ་བརྟེན་ཏེ་བདེ་བ་ཆེན་པོ་བསྐྱེད་པའོ། །ཞེས་གསུངས་པའི་བདེ་བ་དེ་ཉིད། དྲི་མེད་འོད་ལས། ལྷན་ཅིག་སྐྱེས་པ་དང་། རྣམ་པར་མི་རྟོག་པ་དང་། རྣམ་པ་ཐམས་ཅད་པའི་མཚན་ཉིད་གསུམ་ལྡན་དུ་གསུངས་སོ། །འདི་ཉིད་ལས་ཀྱང་། རྫོགས་པའི་རིམ་པའི་རྣལ་འབྱོར་ནི། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །ཅེས་གསུངས་སོ། །གཉིས་པ་ངེས་ཚིག་ནི། ཡེ་ཤེས་དངོས་སུ་བསྐྱེད་པས་རྫོགས་རིམ་མོ། །དེ་ཡང་ཇོ་བོ་ནཱ་རོ་པས། དུས་འདིའི་དུས་ལུས་འདི་ལྟར་འཆོས་ལ། སེམས་འདི་ལྟར་གཏོད་དང་ཡེ་ཤེས་མི་སྐྱེ་མི་སྲིད་ཅེས་གསུངས་ལ། དཔེ་ལུས་ལ་མེ་རྩ་བཏབ་ན་ཚ་བ་འཕྲལ་དུ་འབྱུང་བ་ལྟ་བུར་ཤེས་པར་བྱའོ། །གསུམ་པ་ལ་སྦྱང་གཞི་ངོས་གཟུང་། དེ་སྦྱོང་བྱེད་ཀྱི་རྫོགས་རིམ་བཤད་པ་གཉིས་ལས། དང་པོ་ནི། ལེའུ་འདི་ཉིད་ནས། རིགས་དང་འབྱུང་བ་ལྔ་རྣམས་དང་། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་གསུངས་པས། ཁམས་དྲུག་དང་། ཁམས་ལྔ་དང་། སད་པ་ལ་སོགས་པའི་གནས་སྐབས་བཞི་དང་། ལུས་ངག་ཡིད་གསུམ་དང་། སྐྱེ་འཆི་གཉིས་དང་། མི་ཤིགས་པའི་ཐིག་ལེ་གཅིག་ཏུ་བཞག་པའི་དབྱེ་བས། རྩ་རླུང་ཐིག་ལེ་རྣམ་པར་ཤེས་པའི་ཚོགས་རེ་རེ་ཡང་རིགས་དྲུག་དང་། རིགས་ལྔ་དང་། རིགས་བཞི་དང་། རིགས་གསུམ་དང་། རིགས་གཉིས་དང་། གསང་བ་ཆེན་པོ་རིགས་གཅིག་ཏུ་བཤད་པ་དེ་དག་གོ །གཉིས་པ་དེ་སྦྱོང་བྱེད་ཀྱི་རྫོགས་རིམ་དྲུག་ཚན་གྱི་དབང་ལས། སོར་སྡུད་དང་། བསམ་གཏན་དང་། སྲོག་རྩོལ་དང་། འཛིན་པ་དང་། རྗེས་དྲན་དང་། ཏིང་ངེ་འཛིན་ཏེ་སྦྱོར་བ་ཡན་ལག་དྲུག རིགས་ལྔའི་དབང་ལས། རྡོ་རྗེའི་བཟླས་པ། སེམས་དབེན། སྒྱུ་ལུས། མངོན་པར་བྱང་ཆུབ། ཟུང་འཇུག་སྟེ་རིམ་པ་ལྔ། རིགས་བཞིའི་དབང་གིས་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་མོ་དང་། དམ་ཚིག་གི་ཕྱག་རྒྱ་སྟེ་ཕྱག་རྒྱ་བཞིའོ། །རིགས་གསུམ་གྱི་དབང་ལས། དམན་པ་དབྱིབས་ཀྱི་རྣལ་འབྱོར། ཟབ་པ་སྔགས་ཀྱི་རྣལ་འབྱོར་དང་། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་ཏེ་རྣལ་འབྱོར་གསུམ། རིགས་གཉིས་ཀྱི་དབྱེ་བས། ཀུན་རྫོབ་ཀྱི་བདེན་པ་སྟོན་པ་མཚན་མ་དང་བཅས་པ་དང་། དོན་དམ་པའི་བདེན་པ་སྟོན་པ་མཚན་མ་མེད་པའི་རྫོགས་རིམ་དུ་བསྡུས་པ་གཉིས་སོ། །རིགས་གཅིག་གི་སྦྱོང་བྱེད་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་དག་གིས་མཚོན་ནས་རྫོགས་རིམ་གང་། ལམ་གྱི་ཁྲིགས་དྲུག་དང་ལྔ་ལ་སོགས་པར་བསྟན་པ་ཐམས་ཅད་ཤེས་པར་བྱའོ། །སྦྱོང་བྱེད་དུ་བཞག་པ་དེ་དག་གིའང་ཕ་རོལ་ཏུ་ཕྱིན་པ་ལས་དངོས་སུ་བསྟན་པ་བཞིན་དུ། སྦྱང་གཞི་དེ་དག་སྤོང་བ་དང་། རྒྱུད་སྡེ་ཕྱི་མ་དང་། མི་ཟབ་པ་བསྐྱེད་རིམ་མན་ཆད་ལ་གྲགས་པ་བཞིན་དུ་བསྒྱུར་བ་མ་ཡིན་ལ། དེ་དག་གི་དེ་ཁོ་ན་ཉིད་ཇི་ལྟར་བཞིན་ཤེས་པའི་ཕྱིར་སྦྱང་གཞི་སྤང་དུ་མེད་ཅིང་། སྦྱོང་བྱེད་བླང་དུ་མེད་པས་ལམ་གང་ཤར་ལ་སྤང་བླང་མེད་པ་སྟེ། གཞི་ལམ་དང་འབྲས་བུ་དབྱེ་བ་མེད་པ་ཞེས་བྱ་བ་ཡང་འདིས་ཡིན་ནོ། །འོན་ཀྱང་རྫོགས་པ་དེ་ལྟ་བུ་ལ་རིམ་པ་ཞེས་བཞག་ཏུ་མེད་ཀྱང་། གང་ཟག་གིས་རྟོགས་ཚུལ་རྣམ་གཉིས་སུ་གྱུར་ཏེ། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པས། སྤྲིན་མཐོང་གི་རྒྱན་ནམ་མཁའ་ལྟ་བུ་དང་། སྤྲིན་མེད་པའི་རྒྱན་ནམ་མཁའ་ལྟ་བུའོ།། །། བཞི་པ་མངོན་པར་རྟོགས་པ་ཉམས་ལེན་དུ་བསྟན་པ་ནི། བསྐྱེད་རྫོགས་དེ་དག་ཀྱང་། མཆོག་གཟིགས་གཉིས་ཀྱི་ཤིང་རྟའི་སྲོལ་ཆེན་པོ་འདིར་ནི། ལས་དང་པོ་པའི་ལམ་དང་། སྦྱངས་པ་ཅན་ཅིག་ཅར་བའི་ལམ་གཉིས་སུ་བསྟན་ནས། དང་པོ་ལ་བུམ་པའི་དབང་བསྐུར། བསྐྱེད་རིམ་བསྟན་དེ་ལོབས་ནས་ལུས་དབེན། དེ་ནས་ངག་དབེན། དེ་ནས་སེམས་དབེན། དེ་ནས་གསང་དབང་བསྐུར་ནས་སྒྱུ་ལུས་སྟོན་ཏེ། མངོན་པར་རྟོགས་པའི་རིམ་པ་དང་། རང་ལྷག་པར་གནས་པའི་རིམ་པ་གཉིས་ཀྱིས་སོ། །ཕྱི་མ་ལ་ཡང་། མ་བསྒོམས་པར་འཚང་རྒྱ་བ་འཕོ་བ། དེའི་ཡན་ལག་གྲོང་འཇུག བག་ཆགས་དག་པས་སངས་རྒྱ་བ་རྨི་ལམ། དོན་ཤེས་པས་སངས་རྒྱ་བ་བར་དོ་དང་བཞིའོ།། །། ཅིག་ཅར་བ་ལ་ལུས་དངོས་པོའི་གནས་ལུགས་དང་པོར་བསྟན། དེ་ནས་སེམས་དངོས་པོའི་གནས་ལུགས་ཕྱག་རྒྱ་ཆེན་པོ་བསྟན་པས་དེ་ཉིད་དུ་དངོས་གྲུབ་མཆོག་ཐོབ་པར་འགྱུར་པའམ། གལ་ཏེ་མ་ཐོབ་ཀྱང་། ཕྱག་རྒྱ་ཆེན་པོ་བསྟན་པའི་རྒྱུ་དེས་ལྟ་བ་དོན་སྤྱིའི་ཚུལ་གྱིས་གཏན་ལ་ཕེབས་ནས། དབང་དང་བསྐྱེད་རྫོགས་ལ་དེར་ཞེན་གྱིས་མཚན་མ་མི་སྐྱེ་བས་དེ་དག་གིས་མི་འཆིང་ཞིང་གྲོལ་བའི་ཐབས་མཆོག་ཏུ་འགྱུར་བར་བྱེད་དོ། །དེ་ནས་སྨིན་ལམ་དབང་བཞི་བསྐུར་བས་གྲོལ་བར་འགྱུར་རོ། །གལ་ཏེ་མ་གྲོལ་ན་ལམ་བསྐྱེད་རྫོགས་ཟུང་འཇུག་ཏུ་བསླབ་ཏེ། ཟབ་པ་སྟོང་པ་ཉིད་ལས་གསལ་བ་ལྷའི་རྣམ་པར་ལངས་པ་སྣང་ཙམ་མི་འགག་ལ། དེ་ལྟ་བུར་ཞེན་པ་མེད་པ་ལ་སེམས་རྩེ་གཅིག་པ་ཐོབ་ན་བསྐྱེད་རིམ་གཙོ་བོར་གྱུར་བའི་བསྐྱེད་རྫོགས་ཟུང་འཇུག་ཡིན་པ་དེས་འགྲུབ་ལ། གལ་ཏེ་མ་འགྲུབ་ན་རྫོགས་རིམ་གཙོ་བོར་གྱུར་པའི་ཟུང་འཇུག་གི་ལམ་ལ་བསླབ་སྟེ། གཏུམ་མོ་དང་། ལས་རྒྱ་དང་། སྒྱུ་ལུས་དང་། རྨི་ལམ་དང་། འོད་གསལ་དང་། བར་དོ་དང་། འཕོ་བ་དང་། གྲོང་འཇུག་གོ །དེ་ལས་གཏུམ་མོ་ལམ་གྱི་གཞིར་བྱས་པས་དེ་ཙམ་གྱིས་མཆོག་གྲུབ་ན་ལམ་ལྷག་མ་རྣམས་ལ་བསླབ་མི་དགོས་ལ། མ་གྲུབ་ན་སྐལ་བ་དང་མཐུན་པར་ལྷག་མའི་ལམ་ཅི་རིགས་པ་ལ་བསླབ་སྟེ། དཔེར་ན་སྨན་པ་ལ་སྨན་ཇི་སྙེད་ཡོད་ཀྱང་ནད་ལ་གང་འཕྲོད་པ་དེ་སྦྱོར་བ་བཞིན་ནོ། །ཚུལ་དེས་འབྲས་བུ་སློབ་པའི་ཟུང་འཇུག་མངོན་དུ་བྱེད་དེ། དེ་ཡང་། གཟུགས་ཕྲ་རེག་ན་ཡང་བ་དང་། །ཁྱབ་དང་ཡང་དག་ཐོབ་པ་དང་། །རབ་ཏུ་སྣང་དང་བརྟན་པ་དང་། །དབང་སྒྱུར་འདོད་དགུར་བསྒྱུར་བ་སྟེ། །ཞེས་གསུངས་པས། དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པའི་ཡེ་ཤེས་ཀྱི་སྐུའོ། །འདི་ལ་མཚན་ཉིད་ཐེག་པ་ནས་ས་བདུན་པ་མན་ལ་སྨོན་ལམ་གྱི་ལུས་དང་། བརྒྱད་པ་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ཞེས་བཤད་དོ། །དེ་ནས་མི་སློབ་པའི་ཟུང་འཇུག་ཐོབ་སྟེ། སྐུ་དང་གསུང་གི་དབང་ཕྱུག་དང་། །ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་དང་། ཅི་འདོད་བསྐྱེད་དང་ཡོན་ཏན་བརྒྱན། །དེ་ནི་འབྲས་བུའི་དབང་ཕྱུག་བརྒྱད། །ཅེས་གསུངས་པའི་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པའམ། ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ་སྟེ། ལོངས་སྤྱོད་རྫོགས་པ་དང་། ཁ་སྦྱོར་དང་། བདེ་ཆེན་དང་། རང་བཞིན་མེད་པ་དང་། སྙིང་རྗེས་ངེས་པར་གང་བ་དང་། རྒྱུན་མི་ཆད་པ་དང་། འགོག་པ་མེད་པའི་ཡན་ལག་གོ །རྩ་རྒྱུད་འདི་ཉིད་ལས། སྒྱུ་མ་སུམ་འཁྱུད་ནི། སྤྲོས་པ་རྨི་ལམ་ལྟར་བྱས་ནས། །ཞེས་ནས། དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །ཅེས་པའི་བར་གྱིས་བསྟན། རྨི་ལམ་ལ་གཞན་ཡང་། ཉལ་དང་ལོག་པའི་ཁྱད་པར་ལས། ནས། རྣལ་འབྱོར་པ་ཡི་ཕྱག་རྒྱས་འགྲུབ། །ཅེས་པའི་བར་གྱིས་བསྟན། འོད་གསལ་ནི། གཉིད་ནི་སྤང་བར་མི་བྱ་སྟེ། ཞེས་པའི་ཤློ་ཀ་གཅིག་གིས་བསྟན། འཕོ་བ་དང་བར་དོ་ནི། གུར་ལས། འཆི་བ་ཞེས་བྱ་རྣམ་རྟོག་གིས། །ཞེས་པ་ལ་སོགས་པས་བསྟན། གྲོང་འཇུག་ནི། ཆགས་དང་འཇིག་པ་དག་གིས་ཀྱང་། །ཐབས་དང་ཤེས་རབ་གནོད་མི་འགྱུར། །ཞེས་པས་བསྟན་ནོ། །གཏུམ་མོ་དང་ལས་རྒྱ་བསྟེན་པ་ནི་མང་བས་ངེས་སླ་བའི་ཕྱིར་མ་སྤྲོས་སོ། །དེ་དག་ཀྱང་ལེའུ་འདིར་དེ་ཁོ་ན་ཉིད་བཞིར་བསྡུས་ནས་གསུངས་ཏེ། བདག་གི་དེ་ཁོ་ན་ཉིད་དང་། ལྷའི་དང་། སྔགས་ཀྱི་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་བདག་གི་དེ་ཁོ་ན་ཉིད་ནི། ལུས་དངོས་པོའི་གནས་ལུགས་ཏེ། ཨཱ་ལི་ཀཱ་ལི་རབ་བརྟགས་པ། །སོགས་ཀྱིས་བསྟན། ལྷའི་དེ་ཁོ་ན་ཉིད་ནི་སེམས་ཀྱི་གནས་ལུགས་ཏེ། སྒོམ་པ་པོ་མེད་སྒོམ་པའང་མེད། །ཅེས་སོགས་ཀྱིས་བསྟན། སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཐབས་གང་དང་གང་གིས་གདུལ་བྱའི་ཡིད་སྐྱོབ་པར་བྱེད་པ་ལམ་གྱི་གནས་ཐབས་ཡིན་ནོ། །འདི་ལ་ཡང་། ཆགས་ཅན་གྱི་གང་ཟག་གི་འོག་སྒོ་བདེ་བ་ཆེན་པོའི་ལམ་བསྒོམ་པ་དང་། ཆགས་བྲལ་བའི་གང་ཟག་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་བསྒོམ་པ་གཉིས་ལས། དང་པོ་ལ། སྐྱེད་བྱེད་མ་དང་སྲིང་མོ་ཉིད། །ཅེས་སོགས་ཀྱི་ཕྱག་རྒྱ་བརྟག་པ། བྱིན་རླབས་སྙོམས་འཇུག་གི་ཆོ་ག མི་རྣམ་པར་བྱ་བ། མ་གསང་བའི་སྐྱོན། བསྟེན་པའི་དགོས་པ། ངེས་ཚིག རིགས་ཀྱི་དབྱེ་བ། འབྲས་བུ། ཕྱག་རྒྱའི་དེ་ཉིད་རྣམས་ཀྱིས་བཤད་ལ། གཉིས་པ་ནི། རིགས་ནི་རྣམ་པ་དྲུག་བརྗོད་ཅིང་། ཞེས་སོགས་ཀྱིས་ཆོས་དྲུག་དང་། འཕོ་བ་དང་གྲོང་འཇུག་བསྡོམས་པའི་ལྔ་དང་། བསྒོམས་ཏེ་སངས་རྒྱས། མ་བསྒོམས་པས། ཉལ་བས། རང་བཞིན་ཤེས་པས་སངས་རྒྱས་དང་བཞི་དང་། ཅིག་ཅར། ཐོད་རྒལ། རིམ་གྱིས་པའི་བསྲེ་འཕོ་གསུམ་དང་། ཅིག་ཅར་རིམ་གྱིས་གཉིས་དང་། ཕྱག་རྒྱ་ཆེན་པོའི་ལམ་གཅིག་ཏུ་བསྡུས་ཏེ་གསུངས་སོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི། ཚུལ་དེ་དག་གིས་མཉམ་བཞག་དང་རྗེས་ཐོབ་འདྲེས་པའི་ཚེ། ཡུལ་དྲུག་དང་། དབང་པོ་དྲུག་དང་། རྣམ་པར་ཤེས་པ་དྲུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཐིམ་པའི་འབྲས་བུའི་གནས་ཐབས་ཏེ་ཇོ་བོ་གཟུགས་མེད་ལ་སོགས་པས་གསུངས་སོ།། །། ད་ནི་ལེའུ་དྲུག་པ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་རབ་བཤད་བྱ། །ལེའུ་ལྔ་པའི་རྗེས་དེ་ནས་བསྐྱེད་རྫོགས་ཀྱི་བསྒོམ་པ་ལས་གཞན་དུ་གྱུར་པ་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་ཐབས་སྤྱོད་པ་ཡང་བཤད་པར་བྱའོ་ཞེས་ཞལ་གྱིས་བཞེས་པ་ཡིན་ནོ། །དེའི་ཕྱིར་ལེའུ་འདི་ལ་སྤྱོད་པའི་ལེའུ་ཞེས་བྱའོ། །རྫོགས་རིམ་གྱི་དེ་མ་ཐག་ཏུ་འདི་སྟོན་པའི་རྒྱུ་མཚན་ཡང་། བསྐྱེད་རྫོགས་ཀྱིས་སེམས་མི་གནས་པ་གནས་པར་བྱེད་ལ། སྤྱོད་པས་གནས་པ་བོགས་དབྱུང་བའི་ཕྱིར་ཡིན་པས་སོ། །འདི་ཡང་གང་ལས་འཕྲོས་ནས། མདོར་བསྟན་གྱི། ནུས་པའི་ཞེས་པ་ལས་འཕྲོས་ཏེ། རྒྱུ་མཚན། བསྐྱེད་རྫོགས་ལ་སེམས་བརྟན་པས་གཞན་མི་དད་པ་བསྒྱུར་བའི་ནུས་པ་རྙེད་པ་ཞིག་གིས་སྤྱོད་པ་བྱ་དགོས་པའི་ཕྱིར་རོ། །དེ་ལ་ཡང་ངོ་བོ། ངེས་ཚིག དགོས་པ། དུས་ཚོད། དབྱེ་བ། ཇི་ལྟར་བྱ་བའི་རིམ་པ་དྲུག་ལས། དང་པོ་ནི། སྲིད་པའི་ཕྱོགས་སྤང་བ་དང་ཞི་བའི་ཕྱོགས་བླང་དུ་མེད་པས་སྲིད་པ་དང་ཞི་བར་རོ་མཉམ་དུ་སྤྱོད་བའོ། །གཉིས་པ་ངེས་ཚིག་ནི། བསྐྱེད་རིམ་ལ་ནི། རིམ་པ་ནི་ལྷའི་སྐུ། བརཏལ་བ་ནི་ཐ་མལ་གྱི་ལུས་ངག་ཡིད་ཀྱི་སྤྱོད་པ། ཞུགས་པ་ནི་ཧེ་རུ་ཀའི་ཆ་བྱེད་དུ་བསྒྱུར་བའོ། །རྫོགས་རིམ་པ་ལ། རིག་པ་ནི་ལྷན་ཅིག་སྐྱེས་པའི་ཉམས་སུ་མྱོང་བ། བརཏལ་བ་ནི་ཐ་མལ་གྱི་རྣམ་རྟོག ཞུགས་པ་ནི་བདེ་བ་ཉམས་སུ་མྱོང་བའོ། །གསུམ་པ་དགོས་པ་ནི། སྤྱོད་པས་ཕ་རོལ་ཕྱིན་མཆོག་ཉིད། །ཅེས་སོགས་ཀྱིས་བསྟན་ཏེ། བཀའ་མི་བཅག་པ་དང་། གནས་བཅུ་གཉིས་སུ་བགྲོད་པ་ས་བཅུ་གཉིས་བགྲོད་པ་དང་། མཁའ་འགྲོ་མས་བྱིན་གྱིས་རློབ་པ་དང་། སངས་རྒྱས་ལ་ཉེ་བ་དང་། དགྱེས་པ་རྡོ་རྗེའི་དངོས་གྲུབ་ཐོབ་པར་འགྱུར་རོ། །བཞི་པ་དུས་ཚོད་ནི། ཅུང་ཟད་དྲོད་ནི་ཐོབ་པ་ན། །ཞེས་པ་ལ་སོགས་ཏེ། དྲོད་ཐོབ་ཅིང་ནུས་པ་རྙེད་པ་སྟེ་གཞན་གྱི་མི་དད་པ་བསྒྱུར་ནུས་པའི་ཚེའོ། །ལྔ་པ་དབྱེ་བ་ལ། སྤྱིར་སྤྱོད་པ་ལ། ལས་དང་པོ་པའི་སྤྱོད་པ་དང་། རྟེན་པ་བསམ་པ་སློབ་པའི་སྤྱོད་པ་དང་། རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་གསུམ་གསུངས་ལ། དང་པོ་ནི། བསྐྱེད་རིམ་ལ་སློབ་པས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པ་དག་ཡིན་ལ། གཉིས་པ་ནི། ཅུང་ཟད་གོམས་པས་ཐུན་མཚམས་ཀྱི་བྱ་བ་བཞག་སྟེ་བསྐྱེད་རྫོགས་གཉིས་ཀྱིས་སེམས་གནས་པར་བྱེད་པའོ། །དྲུག་པ་ཇི་ལྟར་བྱ་བའི་རིམ་པ་ནི། ཐ་མལ་གྱིས་ལུས་ངག་ཡིད་གསུམ་ལ་རྡོ་རྗེ་ཨ་ར་ལིས་མཚན་མར་འཛིན་པ་རང་སར་འགོག་པ་སྟེ། ཐོག་མ་དང་ཐ་མ་མེད་པའི་བརྟན་གཡོ་ཐམས་ཅད་ཀྱི་ཁྱབ་བདག་ཀུན་ཏུ་བཟང་པོའི་དབྱིངས་སུ་སྤྱོད་པའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱའོ། །དེ་ཉིད་ཀྱང་། གང་ཤར་གྱི་རྣམ་པར་རྟོག་པ་རེ་རེའི་སྟེང་དུ་ལྟ་སྟངས་ཀྱིས་གཅུན། འཕུང་བར་བྱེད་པའི་མཁན་པོ་རྩད་བཅ། དེ་ཉིད་ཇི་ལྟ་བ་བཞིན་མ་བཅོས་པར་མཉམ་པར་བཞག་པས་ཆོས་ཐམས་ཅད་རང་གི་སེམས་སུ་ཤེས། རང་སེམས་སངས་རྒྱས་སུ་གཏན་ལ་ཕབས་པས་ལྟས་ངན་པ་གཡང་དུ་ལོན་པ་ལྟ་བུར། འཁོར་བར་འཆིང་བའི་རྣམ་པར་རྟོག་པ་ཐམས་ཅད་རང་བཞིན་མེད་པའི་ངང་དུ་རོ་མཉམ་པས་རྣམ་རྟོག་ལམ་འཁྱེར་གྱི་གདམས་ངག་ཅེས་བྱའོ། །ཚུལ་དེ་ཤེས་པ་ཚུན་ནས་གཏི་མུག་ཆེན་པོར་འཁྱེར་ཞིང་། དེ་བཞིན་དུ། འདོད་ཆགས། ཞེ་སྡང་། ང་རྒྱལ། ཕྲག་དོག་ཀྱང་ཕྲག་དོག་ཆེན་པོར་འཁྱེར་བས་ཉོན་མོངས་པ་དེ་དག་གིས་མི་འཆིང་ཞིང་གྲོལ་བའི་ཐབས་ཀྱི་མཆོག་བྱེད་པས་དུག་བདུད་རྩིར་བསྒྱུར་བ་ལྟ་བུ་ཡིན་པའི་ཕྱིར་ཉོན་མོངས་ལམ་དུ་འཁྱེར་བ་ཞེས་སམ། གཞན་དག་མི་འདོད་པ་ཐམས་ཅད་འདིར་བསྒྲུབ་བྱར་བྱེད་པས་བཟློག་པའི་བསྒོམ་པ་ཞེས་ཀྱང་བྱའོ། །དེ་ཡང་། རྟག་ཏུ་བསྒོམ་པའི་རྣལ་འབྱོར་གྱིས། །མཉམ་པར་བཞག་པས་དངོས་གྲུབ་ཐོབ། །ཅེས་པས་བསྟན་ལ། དེ་ནས་གསང་བའི་སྤྱོད་བ་བརྩམ་སྟེ། ཟླ་བ་གཅིག་ཏུ་གསངས་ལ་སྤྱོད། །ཅེས་གསུངས་པ་སྟེ། འདི་ནི་སློང་མོ་པའམ་སྨྱོན་པ་ལྟ་བུར་བརྫུས་ནས་སྤྱོད་པ་གསང་བའི་ཕྱིར་གསང་སྤྱོད་དོ། །དེ་ལ། གོས་དང་། རྒྱན་དང་། ཟས་དང་། གྲོགས། ཆོ་ག་ཤེས་པས་དུར་ཁྲོད་དང་། བས་མཐའ་ལ་སོགས་པར། ཞེ་ལ་རེ་བ་རྒྱབ་ཏུ་བོར། དོགས་པ་དང་དུ་བླངས་ནས་ལྷ་འདྲེ་དག་ཚར་བཅད་ཅིང་དབང་དུ་བསྡུས་པར་བྱ་བའི་ཕྱིར་བར་ཆད་དངོས་གྲུབ་ཏུ་སྡུད་པ་ལྷ་འདྲེ་ལམ་འཁྱེར་ཞེས་བྱའོ། །དེ་ནས་ཚོགས་ཀྱི་སྤྱོད་པ་བརྩམ་སྟེ། ནུས་པ་རྙེད་པ་འདིའི་སྤྱོད་པ་ཚོགས་སུ་དབྱུང་བའི་ཕྱིར་ཚོགས་སྤྱོད་དོ། །སྒོམ་པ་པོ་ཡི་རྣམ་འཛིན་པ། ཞེས་པ་ལ་སོགས་པའི་གཞུང་གིས་བསྟན་པ། ཧེ་རུ་ཀའི་ཆ་ལུགས་སུ་བསྒྱུར་ཏེ་རིགས་དང་མཐུན་པའི་ཕྱག་རྒྱ་མ་གཅིག་གམ་བརྒྱད་དམ། བཅོ་ལྔ་ཁྲིད་པས། ཤིན་ཏུ་སྤྲོས་མེད། སྤྲོས་མེད། སྤྲོས་བཅས་ཀྱི་སྤྱོད་པ་ཞེས་བཞག་པ། བླ་མ་ལ་ལུས་ཕུལ་ཏེ། བླང་བྱ་དོར་བྱ་ཕྱེ་བར་བྱས་ནས་བླང་དོར་མེད་པའི་རྣལ་འབྱོར་ལ་གནས་པས་རྡོ་རྗེ་ཨ་ར་ལིའི་སྤྱོད་པ་ཆེན་པོ་བརྩམ་པར་བྱ་སྟེ། འདི་ཡང་། དཀྱིལ་འཁོར་གྱི་འཁོར་ལོའི་ཐབས་དང་། རང་བྱིན་གྱིས་བརླབ་པའི་རིམ་པས་འཁོར་བའི་གནས་སྐབས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་སྦྱོང་བའི་ཕྱིར་སྡུག་བསྔལ་ལམ་འཁྱེར་དང་། ན་ཚ་ལ་སོགས་པའི་རྐྱེན་ཕྲ་རགས་ཐམས་ཅད་མཉམ་པ་ཉིད་ཀྱི་རོལ་མོར་འདག་པར་བྱེད་པའི་ཕྱིར་ན་ན་ཚ་ལམ་དུ་འཁྱེར་བ་འབྱུང་བ་རོ་སྙོམས་ཞེས་སོ། །དེ་ནས་བསྒྲུབ་པ་ཆེན་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བརྩམ་པར་བྱ་སྟེ། འདིས་གཟུང་འཛིན་ནམ་བདུད་བཞི་ལས་རྒྱལ་བར་བྱེད་པས་ཕྱོགས་ལས་རྣམ་རྒྱལ་ཞེས་བྱའོ། །ཚོགས་ཀྱི་སྤྱོད་པ་ཟླ་བ་གསུམ་དུ་སྤྱད་ནས། ཡི་དམ་གྱི་ལྷའི་སྤྲོ་བསྡུ། རྨི་ལམ། སྒྱུ་མ། བར་དོ་ལྟར་སྣང་ལ་རང་བཞིན་མེད་པས་ཞག་བདུན་དུ་བྱས་ནས། བདུན་ལོན་པའི་ནམ་གྱི་ཐུན་ཐ་མ་ལ་སྤྲོས་པ་རྣམས་དབུགས་ཀྱི་རླུང་མེ་ལོང་ལ་ཐིམ་པ་ལྟར། ཡང་དག་པའི་མཐའ་ལ་བསྟིམ་པས་ཆོས་ཅན་དང་ཆོས་ཉིད་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་ཏུ་གྱུར་པས་རང་དོན་ཕུན་སུམ་ཚོགས་པ་ཆོས་སྐུ། ཐུན་མཚམས་སུ་ཆུ་ལས་ཉ་འཕར་བ་ལྟར་གཞན་དོན་ཕུན་སུམ་ཚོགས་པ་བསོད་ནམས་ཀྱི་འདུས་བྱས་པའི་ལོངས་སྤྱོད་རྫོགས་སྐུ་དང་། རྒྱུ་མཐུན་པའི་སྤྲུལ་པའི་སྐུར་གྲུབ་སྟེ་ཟུང་འཇུག་གི་མི་སློབ་པ་ལ་གནས་པ་དེའི་ཚེ་འཁོར་འདས་སུ་འཛིན་པའི་ཆོས་ཐམས་ཅད་འཇིག་པས་འཆི་བ་ལམ་དུ་འཁྱེར་བ་ཞེས་བྱའོ། །གལ་ཏེ་དངོས་གྲུབ་མ་རྙེད་ན་རྟོག་པའི་ཚོགས་ལ་ཕུར་བུས་གདབ་ཅིང་ལྷ་གནད་ལ་བོར་ཏེ། དེ་བཞིན་གཤེགས་པའི་ཚོགས་གསད་ལ་ཟོས་ན་དངོས་གྲུབ་ཐོབ་པར་འགྱུར་ཏེ། ཆོ་ག་ནི་རྡོ་རྗེ་གུར་ལས་བསྟན་ནོ། །འདུས་པ་ལས། དམ་ཚིག་ཁུ་བྱུང་ཆོ་ག་བཞིན། །དངོས་གྲུབ་འདོད་པས་བཏུང་བར་བྱ། །དེ་བཞིན་གཤེགས་པའི་ཚོགས་གསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་སོ། །དེ་ཡང་དུས་འཁོར་ལས། ལས་དང་པོ་པའི་སྤྱོད་པ། རྣལ་འབྱོར་པའི། གྲུབ་པའི། ཐམས་ཅད་མཁྱེན་པའི་སྤྱོད་པ་ཞེས་གསུངས་པའི། དང་པོས་ལས་དང་པོར་དང་། རྟེན་བསམ་པ་སློབ་པ་གཉིས་བསྡུས་ལ། ལྷག་མ་གསུམ་དང་འདིར་བསྟན་ཅི་རིགས་པར་སྦྱར་རོ།། །། ད་ནི་ལེའུ་བདུན་པ་བཤད་བྱ་སྟེ། དེ་ནས་ཙྪོ་མའི་ལེའུ་བཤད་པར་བྱའོ། །ཞེས་པ་ལ་སོགས་པས་ཏེ། སྤྱོད་པའི་ལེའུའི་རྗེས་སུ་བརྡའི་ལེའུ་སྟོན་པའི་རྒྱུ་མཚན་ཡང་། སྤྱོད་པའི་དུས་སུ་དགྱེས་པ་རྡོ་རྗེ་སྤུན་ནམ་མིང་སྲིང་ངོ་ཤེས་པར་བྱ་བའི་ཕྱིར་བརྡ་དགོས་པས་དང་། གང་དུ་རྒྱུ་བའི་གནས་བཤད་པས་དང་། གང་ལ་འདུ་བའི་ཚོགས་ཀྱི་རྣམ་གཞག་ཤེས་པར་བྱ་དགོས་པས་དེ་འདིར་བསྟན་པས་སོ། །དེའི་ཕྱིར་ལེའུ་འདི་ལ་བརྡ་དང་གནས་གཏན་ལ་ཕབ་པ་ཞེས་བྱའོ། །ལེའུ་འདི་གང་ལས་འཕྲོས་ན། མདོར་བསྟན་གྱི་བརྡ་ཆེན་དང་གནས་དང་བྱེད་རྒྱུ་ཞེས་པ་ལས་འཕྲོས། རྒྱུ་མཚན། བརྡ་ནི་ལུས་ངག་གི་ཡིན་ལ། དེ་ལས་ལུས་ཀྱི་བརྡ་འདིར་བསྟན་པས་དང་། གནས་བཅུ་གཉིས་རྣམ་པར་དབྱེ་བ་དང་བཅས་པ་སངས་རྒྱ་བའི་བྱེད་རྒྱུ་དམ་ཚིག་ལས་བཟའ་བའི་དམ་ཚིག་འདིར་རྒྱས་པར་བཤད་པའི་ཕྱིར་རོ། །འདི་ལ་བརྡ་དང་། གནས་དང་། ཚོགས་ཀྱི་རྣམ་བཞག་བཤད་པ་གསུམ་ལས། དང་པོ་ལ། ངོ་བོ། ངེས་ཚིག དགོས་པ། དབྱེ་བ། དུས། ཇི་ལྟར་བྱ་བ་དྲུག་ལས། དང་པོ་ནི། དོན་སྒྲ་ཇི་བཞིན་པ་མ་ཡིན་པ་མཚོན་པའི་ལུས་སམ་ངག་གི་རྣམ་པར་འགྱུར་བའོ། །ངེས་ཚིག་ནི། རྣལ་འབྱོར་པ་ནང་གིས་ངོ་ཤེས་གཞན་གྱིས་མི་གོ་བ་ཀླ་ཀློའི་སྐད་ལྟ་བུ་ཡིན་པའི་ཕྱིར་བརྡ་ཞེས་བརྟགས་སོ། །དགོས་པ་ནི། གང་གི་སྤུན་དང་སོགས་ཀྱིས་བསྟན་པ། དགྱེས་པ་རྡོ་རྗེ་སྤུན་དང་མིང་སྲིང་དུ་ངོ་ཤེས་པར་བྱེད་པའོ། །དབྱེ་བ། ལུས་ཀྱི་བརྡ་དང་ངག་གི་བརྡའོ། །དུས་ནི། དབང་དང་། སྤྱོད་པ་དང་། ཚོགས་དང་། ཐུན་མཚམས་སུ་བྱ་བའོ། །ཇི་ལྟར་བྱ་བ་ནི། གང་གིས་སོར་མོ་གཅིག་སྟོན་པ། །ཞེས་པ་ལ་སོགས་པས་ལུས་དང་། བརྟག་པ་ཕྱི་མ་ནས་ངག་གི་བརྡ་བསྟན་ནོ། །གཉིས་པ་གནས་ནི། ཀྱེ་བཅོམ་ལྡན་འདས་འདུ་བའི་གནས་དུ་ལགས། ཞེས་དྲིས་པ་ལ། གནས་ལ་སོགས་པ་བཅུ་གཉིས་བསྟན། དེའི་རྣམ་པར་དབྱེ་བ། དྲི་བ་དྲིས་ལན་གྱི་སྒོ་ནས་སུ་མ་ཅུ་རྩ་གཉིས་སུ་བསྟན་ཞིང་། འདུ་བ་མ་ག་དྷ་རྡོ་རྗེའི་གདན་དང་། ཉེ་བའི་འདུ་བ་ཨངྒའི་ཡུལ་བཤད་པའི་གཞིར་མཛད་ནས་སུམ་ཅུ་རྩ་བཞིར་བཤད་པ་ཞིག་དང་། འཐུང་གཅོད་དེ་དང་ཉེ་བའི་ལྔ་ཞེས་བཏོན་ནས་འཐུང་གཅོད་ལྔ་ཡིན་པ་བཞིན་ཉེ་བའི་འཐུང་གཅོད་ལྔར་བཤད་ནས་སུམ་ཅུ་རྩ་བདུན་དུ་གསུངས་ཏེ། དོན་ལ་གདུལ་བྱ་དབང་པོ་རཏལ་འབྲིང་། རྣོ་བའི་རཏལ་འབྲིང་ཆེན་པོ་ལྔ་ལས་དང་པོའི་བསམ་པའི་དབང་གིས། ཕྱི་འཇིག་རྟེན་གྱི་ཁམས་ལ་ཁྱབ་པར་གསུངས་པ་དང་། ཁྱད་པར་འཛམ་བུ་གླིང་ལ་དང་། དེ་བསྡུ་ན། རྒྱ་གར་དང་། བོད་དང་། ལི་དང་། རྒྱ་ནག་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་རེ་རེ་ལའང་ཚང་བ་དང་། གཉིས་པའི་དབང་དུ་བྱས་ནས་དཀྱིལ་འཁོར་གཅིག་ལ་དང་། གསུམ་པའི་དབང་དུ་བྱས་ནས་ལུས་ཀྱི་གནས་དང་། བཞི་པའི་དབང་དུ་བྱས་ཏེ་རྩ། ལྔ་པའི་དབང་དུ་བྱས་ནས་བྱང་ཆུབ་ཀྱི་ཕྱོགས་ལ་གསུངས་སོ། །དེ་བས་ན་དེ་ཁོ་ན་ཉིད་རྩེ་གཅིག་ཏུ་བསྒོམས་པར་མི་ནུས་པ་ལ། འཁོར་བ་ལ་སྐྱོ་བ་བསྐྱེད་ཅིང་ཕ་ཡུལ་ལ་ཞེན་པ་སྤང་བའི་ཕྱིར། གནས་དེ་རྣམས་སུ་ཕྱིན་ན་མཁའ་འགྲོ་མས་དངོས་གྲུབ་སྟེར་རོ། །ཞེས་གསུངས་ཀྱི། དེ་དོན་ལ། དེ་ཁོ་ན་ཉིད་ཀྱི་བསམ་གཏན་མེད་ན། ཕྱིའི་གནས་སྐོར་ཡང་ལུས་ཀྱི་ཁམས་ཟད་པར་བས་ཀྱི་དངོས་གྲུབ་མི་ཐོབ། ཡོད་ན་གནས་གང་དུ་གནས་ཀྱང་དངོས་གྲུབ་སྟེར་བ་མངོན་བརྗོད་བླ་མར་གསུངས་སོ། །གསུམ་པ་ཚོགས་ཀྱི་རྣམ་པར་གཞག་པ་ལ། རྒྱལ་མཚན་དང་ནི་ཞེས་སོགས་ཀྱིས་བསྟན་པའི་དོན། རྣམ་པར་དབྱེ་བ། གནས་སྐབས་ཀྱི་དགོས་པ། གནས། གང་འདུ་བ། དུས། བརཏལ་ཞུགས། ཚོགས་བྱ་བའི་ཐབས་དང་བདུན་ལས། དང་པོ་ནི། ཀྱེའི་རྡོ་རྗེའི་རྣལ་འབྱོར་ཕོ་མོ་གྲངས་མཉམ་པའི་སྒྲུབ་པ་པོ་ལྷ་མོ་བརྒྱད་དམ་བཅོ་ལྔ་དང་ལྷན་ཅིག་འདུས་པའི་ཚོགས་ཀྱི་དཀྱིལ་འཁོར་དུ་ཐབས་ཤེས་སྙོམས་པར་འཇུག་པའི་རྡོ་རྗེ་ཅན་གྱི་བཟའ་བཏུང་ལ་ལོངས་སྤྱོད་པ་ནི་ཚོགས་ཞེས་བྱ་ལ། གཙོ་བོའི་ཕྱག་རྒྱ་བཏགས་པའི་བུད་མེད་གཅིག་ལ་གཞན་སྐྱེས་པ་འབའ་ཞིག་ཚོགས་ཤིང་ཐབས་ཤེས་སྙོམས་འཇུག་དང་བྲལ་བའི་བཟའ་བཏུང་ལ་སྤྱོད་པ་དཔའ་བོའི་སྟོན་མོ། གཙོ་མོའི་ཕྱག་རྒྱར་བཏགས་པའི་སྐྱེས་པ་གཅིག གཞན་བུད་མེད་འབའ་ཞིག་ཚོགས་པ་སྙོམས་པར་འཇུག་པ་དང་བྲལ་བའི་བཟའ་བཏུང་ལ་སྤྱོད་པ་དཔའ་མོའི་སྟོན་མོ། རབ་ཏུ་བྱུང་བས་ནི་ཕ་མའི་དབྱེ་བས་ཕྱི་མ་གཉིས་གཟུང་ངོ་། །འདི་ལ་སློབ་དཔོན་འགྲོ་བའི་མེ་ལོང་གིས་མཛད་པའི་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པར། སྟོན་མོ་དང་སྟོན་མོ་ཆེན་མོ། ཚོགས་འཁོར་དང་ཚོགས་འཁོར་ཆེན་མོ། མཚན་མོའི་འཁོར་ལོ་དང་ཕྱོགས་འབྲང་འཁོར་ལོ་དྲུག་ཏུའང་གསུངས་སོ། །གནས་སྐབས་ཀྱི་དགོས་པ་ནི། བགེགས་དང་ནད་ཞི་བའི་ཕྱིར་དང་། དམ་ཚིག་གསོ་བ་དང་། བསོད་ནམས་ཀྱི་ཚོགས་སྤེལ་བའི་ཕྱིར་ཏེ། གནས་ནི་དུར་ཁྲོད་ལ་སོགས་པའོ། །གང་འདུ་བ་ནི་དགེ་སློང་དང་། དགེ་ཚུལ་དང་། དགེ་བསྙེན་ཕ་མ་དགྱེས་པའི་རྡོ་རྗེའི་དབང་ཐོབ་པ་དག་གོ །དེ་དག་ལས་སྔར་དགེ་སློང་། ཕྱིས་རྡོ་རྗེ་འཛིན་པར་བྱས་པ་ནི་ཚོགས་ཀྱི་རྗེ་རབ་བོ། །མེད་ན་དེ་ལྟ་བུའི་དགེ་ཚུལ་འབྲིང་ངོ་། །མེད་ན་ཁྱིམ་པ་དེ་ལྟ་བུ་ཐ་མ་སྟེ། དམ་པ་དང་པོར། ཁྱིམ་གནས་དགེ་ཚུལ་དགེ་སློང་ནི། །དམན་པ་འབྲིང་དང་མཆོག་ཡིན་ནོ། །ཞེས་པས་སོ། །དེ་ལྟ་བུའི་དགེ་སློང་ལ་སོགས་པ་མེད་ན་དབང་ཐོབ་པ་སྔ་ཤོས་ཀྱིས་རྡོ་རྗེ་སློབ་དཔོན་བྱའོ། །གལ་ཏེ་བསླབ་པས་རྒན་པ་ཡིན་ཀྱང་རྨོངས་པར་གྱུར་ན། དེ་དག་ཁྱིམ་གཞན་དུ་མཆོད་ཅིང་ཚོགས་ཀྱི་གཙོ་བོར་གཞོན་རབས་སམ་གོས་དཀར་ཅན་ཐོས་པ་འཛིན་པས་སོ། །ཁྱིམ་པ་སོགས་གསུམ་ལས་མངོན་ཤེས་སོགས་ཀྱི་ནུས་པ་ཐོབ་པ་ཞིག་ཡོད་ན་ཁྱིམ་པ་ཡིན་ཡང་དེ་གཙོ་བོར་བྱའོ། །དུས་ནི། རྣལ་འབྱོར་མ་རྣམས་ལེགས་པར་འདུ་བའི་ཉི་མ་གང་ལ་སྟེ། ཡི་དྭགས་ཟླ་ཕྱེད་བཅུ་བཞི་སྟེ། །ཞེས་པ་ལ་སོགས་པའོ། །རྒྱུན་ནི་ལོ་ལ་སོགས་པ་ཇི་ཙམ་འདོད་ཀྱི་བར་དུའོ། །བརཏལ་ཞུགས་ནི། དབེན་པའི་ཁྱིམ་དང་གསང་གནས་སུ། །རིགས་ཀུན་ཕོ་ཉ་གོས་བྲལ་མ། །སྒྲུབ་པོའང་ཕྱག་རྒྱ་ལྔ་ཡིས་བརྒྱན། །རྣལ་འབྱོར་མ་རྣམས་སྐྲ་གྲོལ་ཞིང་། །སྒྲུབ་པ་པོ་ཡང་གཙུག་ཕུད་བཅིང་། །གདན་རྣམས་བསྟབ་པར་བྱས་ནས་ནི། །རང་རང་གི་ནི་གནས་ལ་འཁོད། །ཅེས་པས་སོ། །ཚོགས་བྱ་བའི་ཐབས་ལ། ཕྱིའི་དང་། ནང་གི་གཉིས་ལས། དང་པོ་ནི། དཀྱིལ་འཁོར་གྱི་ཁང་པའི་ཕྱི་ལོགས་སུ་ཁྲུས་བྱས་ནས། དབྱུག་སྔོན་ཅན་གྱིས་སྒོ་བཅད། དེ་ལ་སོལ་བ་བཏབ། དེས་བརྡ་དྲི། བརྡའི་ལན་ཐེབས་པ་རྣམས་ནང་དུ་བཏང་། སློབ་དཔོན་གྲལ་གྱི་དབུས་སུ་ཁ་ཤར་དུ་ཕྱོགས་པས་བ་གླང་དང་སྟག་གི་པགས་པའི་གདན་ལ་འཁོད། གཞན་རྣལ་འབྱོར་མ་རྣམས་རང་རང་གི་གནས་སུ་མིའི་པགས་པ་ལ་འདུག་སྟེ། ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྔོན་དུ་བྱ་སྟེ། བཟའ་དང་བཅའ་བ་དང་བཏུང་ལ་སོགས་པ་རྣམས་སྦྱངས་རྟོགས་སྦར་བདུད་རྩིར་བྱས། གཏོར་མ་བཤམས། རིལ་བུ་ལ་སྔགས་ཀྱིས་བསང་གཏོར་བྱས་ནས་ལག་པ་གཡོན་པས་བཀབ་སྟེ། ཨོཾ་ཡིག་གིས་སྦྱང་བ་དང་། ལག་པ་གཡས་པའི་ཨཱཿཡིག་གིས་རྟོགས་པར་བྱ་བ་དང་། ཐལ་མོ་བཀབ་སྦྱོར་བའི་ཧཱུྃ་ཡིག་གིས་རབ་ཏུ་སྦར་བ་དང་། ནམ་མཁའ་ལྡིང་ཕྱག་རྒྱ་དང་ཧོཿཡིག་གིས་བདུད་རྩིར་བྱས་ཏེ་གཡོན་པའི་མིང་མེད་ཀྱི་རྩེ་མོས་ཆང་གི་ཐིགས་པས་ས་ལ་ཆོས་འབྱུང་གྲུ་གསུམ་བྱས་ལ་དབུས་སུ་ཐིག་ལེ་ཟླུམ་པོར་བྱས་ལ། དེའི་དབུས་སུ་ཡེ་ཤེས་ཀྱི་འཁོར་ལོའི་བདག་ཉིད་ཀྱི་ལྷ་རྣམས་དྲི་མ་མེད་པའི་པྲ་ཕབས་དང་མཚུངས་པ་དེ་ལ་ཐིམ་པར་བྱའོ། །འོག་ནས་འཆད་པའི་ཆོ་གས་ཞིང་སྐྱོང་ལ་སོགས་པ་ལ་ཨོཾ་དང་། བར་དུ་མིང་དང་། ཐ་མར་ཨཱཿཧཱུྃ་བཏགས་པས་གཏོར་མ་ཕུལ་བ་བཟའ་བཏུང་ཇི་སྙེད་པའི་ཕུད་ཀྱང་དབུལ་བར་བྱའོ། །དེ་ནས་བཟའ་བ་རྣམས་མིའི་པགས་པ་ཁྲུ་གང་བའི་སྟེང་དུ་ཚོགས་ཀྱི་གཙོ་བོ་ལ་གཡོན་སྐོར་དུ་དབུལ་བར་བྱའོ། །དེ་བཞིན་དུ། ཤར་དང་ལྷོ་དང་ནུབ་དང་བྱང་གི་རྣལ་འབྱོར་མ་རྣམས་ལ་བཟའ་བ་ཐམས་ཅད་རྟ་དང་ཁྱི་དང་མི་གླང་པོ་ཆེའི་པགས་པའི་སྣོད་དུ། དབང་ལྡན། རླུང་། བདེན་བྲལ་མེའི་མཚམས་ཀྱི་རྣལ་འབྱོར་མ་རྣམས་ལ་བ་གླང་དང་བོང་བུ་དང་ཅེ་སྤྱང་དང་རྔ་མོའི་པགས་པའི་སྣོད་དུ། རང་རང་གི་རིགས་ཀྱི་རོ་ཡང་སྦྱིན་པར་བྱའོ། །བཏུང་བ་པདྨའི་སྣོད་དུ་ཕུལ་ནས། ལས་ཀྱི་རྡོ་རྗེས་གཡས་ཕྱོགས་སུ་བསྐོར་བ་ལན་གསུམ་བྱ་སྟེ། དྲི་དང་མེ་ཏོག་དང་བདུག་སྤོས་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །དེར་སློབ་དཔོན་དང་རྣལ་འབྱོར་མའི་ཚོགས་ཀྱིས་བཟའ་བ་དང་བཏུང་བ་ཐམས་ཅད་ལམ་སུམ་མེའི་ཐབ་ཁུང་དུ་བདུད་རྩི་ལྟ་བུའི་སྦྱིན་སྲེག་བྱ་སྟེ་ཚིམ་པར་བྱའོ། །དེ་ནས་ཐབས་ཤེས་སྙོམས་པར་འཇུག་པའི་བྱང་སེམས་མྱངས་པས་ནང་གི་མ་མོ་མཆོད་ཅིང་ལྷག་མས་ཕྱི་རོལ་གྱི་མ་མོ་མཆོད་པར་བྱའོ། །གལ་ཏེ་དེར་འགའ་ཞིག་རྩོད་པར་བྱེད་ན། དེ་ནི་ཕྱིར་བཏང་ལ་ཆད་པ་ཁས་ལེན་པས་ཞུ་བ་བྱེད་ན་ཆད་པ་སྦྱིན་ནས་སླར་འཇུག་གོ །དེ་ནས་ཆོས་འབྱུང་ཨ་ར་ལི་ཆེན་པོ་དེར་རོལ་པའི་རང་བཞིན་བཅོམ་ལྡན་འདས་བདེ་བ་ཆེན་པོ་རབ་ཏུ་ལྟ་བའི་དོན་དུ། ཕན་ཚུན་ཡིད་མི་འཕྲོ་ཞིང་རབ་ཏུ་དགའ་བའི་སངས་རྒྱས་ཀྱི་གར་དུ་བྱ་སྟེ། རིམ་པ་འདིས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་བཅིང་པ་དང་། མཆོད་པའི་ལན་དང་། གར་དང་གར་གྱི་ལན་དང་། གླུ་དང་གླུའི་ལན་དང་། ལུས་ཀྱི་བརྡ་དང་བརྡའི་སྐད་ཀྱི་ཐ་སྙད་དུ་མཛད་དོ། །དེ་ལྟ་བུའི་འཇིག་རྟེན་པའི་བསམ་གཏན་སྤངས་ཤིང་ཡིད་ཀྱི་འདོད་པ་བསལ་ནས། རྟག་ཏུ་ཡིད་རབ་ཏུ་དགའ་བས་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཡིད་དགའ་བ་སྟེ། དཔེར་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་བཞིན་དུ་ལུས་རྡོ་རྗེའི་ལུས་སུ་བསྒྱུར་ཏེ་བཙུན་མོའི་འཁོར་དང་བཅས་པ་ལྷན་ཅིག་སྣང་བར་གྱུར་ནས་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་མཛད་དོ། །དེ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་ནི་རྒྱལ་པོས་བྱ་བ་ཡིན་གྱི། ཕལ་པ་རྣམས་ཀྱིས་ནི་སྔགས་ཀྱི་སྟོབས་སམ། ལྷ་ཉིད་ཀྱི་ངེས་པར་རང་གི་རིགས་སུ་སྨིན་པའི་བུད་མེད་རྣམས་ལ་བྱ་སྟེ། གཞན་དུ་ནི་ཚོགས་ཀྱི་འཁོར་ལོར་མི་འགྱུར་བའི་ཕྱིར་རོ། །དཔའ་བོའི་སྟོན་མོ་ལ་ནི་སྦྱིན་པའི་བདག་པོས། གཙོ་བོའི་གཡོན་ངོས་སུ་ལས་ཀྱི་ཕྱག་རྒྱ་གཅིག་བཞག་སྟེ་གཙོ་བོའི་ཕྱག་རྒྱ་མར་བྱའོ། །དེ་མེད་ན་ཚོགས་ཀྱི་གཙོ་བོ་ཆང་འཐུང་བར་མི་རུང་བའི་ཕྱིར་རོ། །དཔའ་མོའི་སྟོན་མོ་ལ་གཙོ་མོའི་གཡོན་ངོས་སུ་ཐབས་འབུལ་བར་བྱའོ། །གཞན་དུ་གཙོ་མོ་ཤ་ཟ་བར་མི་རུང་སྟེ། དུས་འཁོར་ལས། འགའ་ཞིག་འདིར་ནི་དམ་ཚིག་བྲལ་བར་དགོས་པར་ཤེས་རབ་མ་ཉིད་བཏུང་བའི་དོན་དུ་བསྟེན་པར་བྱ། ཞེས་གསུངས་པས་སོ། །དཔའ་བོ་རྣམས་ལ་ནི་བཏུང་བ་ཁམ་ཕོར་རམ། ན་རི་ཀེ་ལ་སོགས་པའི་སྣོད་དུ་འབུལ་བར་བྱའོ། །གཉིས་པ་ནང་གི་ཚོགས་འཁོར་ནི། བཅོམ་ལྡན་འདས་བདེ་བ་ཆེན་པོ་འཁོར་ལོས་སྒྱུར་བ་ཅན། ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་ཏིང་ངེ་འཛིན་སྤྲོ་བ་སྔོན་དུ་འགྲོ་བས་རང་གི་ལུས་ཀྱི་དཀྱིལ་འཁོར་གྱི་གནས་ལ་འདོད་པའི་ཡོན་ཏན་ལྔས་དེ་བཞིན་གཤེགས་པ་རྣམས་ཚིམ་པར་བྱའོ། །ཕུང་པོ་ཁམས་སྐྱེ་མཆེད་ཀྱི་བསྡུས་པའི་ཆོས་ཐམས་ཅད་སྒྲིབ་པ་དང་བྲལ་བར་ལོངས་སྤྱོད་པ་དེ་ཁོ་ན་ཉིད་དམ་གསང་བའི་ཚོགས་ཞེས་བྱའོ།། །། ད་ནི་ལེའུ་བརྒྱད་པ་སྟོན་ཏེ། དེ་ནས་རྣལ་འབྱོར་མའི་འཁོར་ལོ་བཤད་པར་བྱའོ། །ཞེས་པ་ལ་སོགས་པས་སོ། །འདི་ལེའུ་བདུན་པའི་དེ་མ་ཐག་ཏུ་སྟོན་པའི་རྒྱུ་མཚན་ཡང་། སྤྱོད་པ་དང་། བརྡ་དང་། གནས་སུ་རྒྱུ་བ་དང་། ཚོགས་ཀྱི་འཁོར་ལོ་དག་ནི་ཧེ་རུ་ཀའི་རྣལ་འབྱོར་པར་མ་ཟད། བདག་མེད་མའི་རྣལ་འབྱོར་ལ་གནས་པས་ཀྱང་བྱ་དགོས་སོ། ཞེས་སྟོན་པའི་ཕྱིར་རོ། །འདི་གང་ལས་འཕྲོས་ན། ཇི་ལྟར་རིགས་པ་རྣལ་འབྱོར་མའི། བསྐྱེད་དང་བྱེད་རྒྱུ་དང་། ཞེས་པས་བསྐྱེད་རིམ། ཡེ་ཤེས་རྣམ་ཤེས་དང་ཞེས་པས། རྣམ་ཤེས་ཡེ་ཤེས་སུ་བསྒྱུར་བས་རྫོགས་པའི་རིམ་པ་མདོར་བསྟན་པ་ལས་འཕྲོས་ཏེ་དེ་འདིར་རྒྱས་པར་བཤད་པས་སོ།། །། འདི་ལ་བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་གྱི་ཡན་ལག་བཞི་ལས། དང་པོ་ནི། ནམ་མཁའི་དབུས་སུ་བྷ་ག་བསམ། །ཞེས་པ་ལ་སོགས་པས་བསྟན་པ། མི་ཟབ་པ་བསྐྱེད་རིམ་དང་ཟབ་པ་བསྐྱེད་རིམ་མོ། །དེ་ལས་དང་པོ་ལ་བཅུ་དྲུག་སྟེ། བླ་མ་དག་པའི་ཆོ་ག་བྱ་བ་དང་། ཚད་མེད་པ་བཞི་བསྒོམ་པ་དང་། ཡེ་ཤེས་ཀྱི་ཚོགས་བསགས་པ་དང་། སྲུང་འཁོར་དང་ཆོས་འབྱུང་དང་། འབྱུང་བ་རིམ་བརྩེགས་དང་། གཞལ་ཡས་ཁང་བསྒོམ་པ་དང་། རོའི་གདན་བསྒོམ་པ་དང་། བྱང་ཆུབ་པ་ལྔས་ལྷ་མོ་བཅོ་ལྔ་བསྐྱེད་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྲེ་བ་དང་། དབང་བསྐུར་བ་དང་། བདུད་རྩི་མྱང་བ་དང་། མཆོད་པ་དང་། བསྟོད་པ་དང་། བསྐྱེད་རིམ་རྣམ་དག་དང་བཅས་པའི་ཏིང་ངེ་འཛིན་བསྒོམ་པའོ། །ངག་གི་ཞེན་པ་བཟློག་པའི་ཕྱིར་བཟླས་པ་དང་། ཡིད་ཀྱི་ཞེན་པ་བཟློག་པའི་ཕྱིར་རྫོགས་རིམ་དང་ཐུན་མཚམས་ཀྱི་ཆོས་སོ། །ཟབ་པ་བསྐྱེད་རིམ་ནི་གཞུང་དོན་དེ་དག་གྲུབ་པ་ལུས་ཀྱི་དཀྱིལ་འཁོར་དུ་བསྟེན་པས་སོ།། །། གཉིས་པ་ཉེར་སྒྲུབ་ནི། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་པ་ལ་སོགས་པས་བསྟན་ཏེ། ཤློ་ཀ་གཅིག་གིས་དཀྱིལ་འཁོར་ཡེ་ཤེས་ཀྱི་ལྷར་སྒྲུབ་པ་བསྟན་ལ། ལྷག་མ་ཤློ་ཀ་གཅིག་གིས་དཀྱིལ་འཁོར་ལྷག་པའི་ལྷར་སྒྲུབ་པ་བསྟན་ཅིང་། ལྷག་མའི་རྐང་པ་གསུམ་གྱིས་སློབ་དཔོན་བདག་ཉིད་འཇུག་པ་ལ་སོགས་པ་བསྟན་པའི་ཕྱིར་རོ།། །། སྒྲུབ་པ་ནི། དང་པོ་ནག་པོ་རབ་ཏུ་བསྒོམ། །ཞེས་པ་ལ་སོགས་པས་བསྐྱེད་རྫོགས་ཀྱི་མཚམས་སྦྱོར་ནས། ནམ་མཁའི་ཁམས་ནི་པདྨ་ལ། །ཞེས་པ་ལ་སོགས་པས་འོག་སྒོ་བདེ་བ་ཆེན་པོའི་ལམ་རིམ་རྒྱས་པར་བཤད་དེ། སྔོན་དུ་འགྲོ་བ་རྒྱུད་སྦྱངས་བ་དང་། དངོས་གཞི་གནད་ཀྱི་གདམས་ངག་གཉིས། ཕྱི་མ་ལ་རང་ལུས་ཐབས་ལྡན་དང་། གཞན་ལུས་ཤེས་རབ་ཕྱག་རྒྱའི་ཉམས་ལེན་གཉིས། གཞན་ལུས་ལ། སྔོན་དུ་འགྲོ་བ་ཡན་ལག་གི་ཆོས། དངོས་གཞི་གནད་ཀྱི་མན་ངག རྗེས་ལམ་དུ་འཁྱེར་བ་གསུམ། དང་པོ་ལ། ཕྱག་རྒྱ་བརྟག་པ། དགུག་པ། མི་སྣང་བར་བྱ་བ། སྲིད་བསྲུང་བ་བཞི། དངོས་གཞི་གནད་ཀྱི་གདམས་ངག་ལ། །རྩ་བཙལ་བ། དབབ་པ། གཟུང་བ། བཟློག་པ། ལུས་ཐམས་ཅད་ལ་ཁྱབ་པར་བྱ་བའོ། །གཉིས་པ་དབབ་པའི་མྱོང་བ་ཕྱག་རྒྱ་ཆེན་པོ་རྣལ་འབྱོར་མའི་འཁོར་ལོར་བསྟན། དེ་དང་པོར་དབང་གི་དུས་སུ་སྔོན་དུ་བྱ་བ། བྱས་པ་ལྟར་ཉམས་སུ་བླང་བ། ཉམས་སུ་བླངས་ནས་སྣང་གྲགས་ཐམས་ཅད་དང་བསྲེ་བ། བསྲེས་ནས་ཐམས་ཅད་དེའི་རོལ་པར་ཤར་བ་ལ་གོམས་དགོས་པ་འཐད་པ་དང་བཅས་སྟོན་ནོ། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་གསུངས་པས། ཡན་ལག་དྲུག་པོ་སྦྱོར་བ་ཡན་ལག་དྲུག་ཏུའང་བསྟན་ནོ། །སྒྲུབ་པ་ཆེན་པོ་ནི། དངོས་གྲུབ་གཏན་ལ་ཕབ་པའི་ལེའུ་ནས་འབྱུང་བ་བཞིན་ཧེ་རུ་ཀ་བསྒྱུར་ཏེ་བརཏལ་ཞུགས་ཀྱི་སྤྱོད་པ་བརྩམ་པར་བྱ་བ་ཡིན་ནོ། །ལེའུ་འདི་ལ་འདུ་བའི་ལེའུ་ཞེས་བྱ་སྟེ། གཞལ་ཡས་ཁང་དུ་ལྷ་མོ་རྣམས་འདུ་བ་དང་། བདེ་སྟོང་གི་ཉམས་མྱོང་དུ་སྣང་གྲགས་ཀྱི་ཆོས་འདུ་བས་སོ།། །། ད་ནི་ལེའུ་དགུ་པ་བཤད་པར་བྱ་སྟེ། དེ་ནས་མཆོག་ཏུ་རྣམ་པར་དག་པའི་ལེའུ་བཤད་པར་བྱའོ། །ཞེས་པ་ལ་སོགས་པའི་གཞུང་གིས་སོ། །ལེའུ་བརྒྱད་པ་བསྟན་པའི་དེ་མ་ཐག་ཏུ་འདི་སྟོན་པའི་རྒྱུ་མཚན་ཡང་ཧེ་རུ་ཀ་དང་བདག་མེད་པའི་བསྐྱེད་པའི་རིམ་པ་དེ་དག་ཀྱང་། དག་པ་གསུམ་གྱིས་དག་པར་མ་བྱས་ན་འཆིང་བར་འགྱུར་ལ། དེས་དག་པར་བྱས་ན་གྲོལ་བའི་ཕྱིར་དང་དག་པ་དེ་འདིར་བསྟན་པས། དོན་དེས་ལེའུ་འདི་ལ་རྣམ་དག་གི་ལེའུ་ཞེས་བྱའོ། །འདི་ཡང་གང་ལས་འཕྲོས་ན། གནས་ཞེས་པའི་མདོར་བསྟན་ལས་འཕྲོས་ཏེ། སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་མཆོག་བསྟན་པའི་ཕྱིར་རོ། །འདི་ལ་དག་རྒྱུ། དག་པ། དག་ལུགས། དག་པའི་དགོས་པ་བཞི་ལས། དང་པོ་ནི། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། ཞེས་པ་ལ་སོགས་པས་བསྟན་པ་ཕུང་པོ་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །གཉིས་པ་དག་པ་ལ། དོན་དམ་དེ་བཞིན་ཉིད་ཀྱི་དག་པ། ཀུན་རྫོབ་ལྷ་སོ་སོའི་དག་པ། ཟུང་འཇུག་རང་རིག་གི་དག་པ་གསུམ་ལས། དང་པོ་ནི། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་པ་ལ་སོགས་པས་གསུངས་པ་སྟེ། ཕུང་སོགས་ཀྱི་ཆོས་དེ་དག་གི་རང་བཞིན་ནི་དྲི་མ་དང་བྲལ་བས་རྟག་ཏུ་རྣམ་པར་དག་པ་སྟེ། དེ་བཞིན་ཉིད་ཅེས་བྱ་ལ། དེ་ནི་ནམ་ཡང་འགྱུར་བ་མེད་པའོ། །གཉིས་པ་ནི། ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །ཞེས་པ་ལ་སོགས་པའི་དོན། ཕུང་པོ་ལ་སོགས་པའི་ཆ་རྣམས་རེ་རེར་དབྱེ་བ་ཡིས་ལྷ་རྣམས་སུ་དག་པ་ཕྱིས་ནས་བརྗོད་པར་བྱ་སྟེ། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་པ་ལ་སོགས་པས། ཕུང་པོ་ལྔ་དང་ཡུལ་དྲུག་ལ་སོགས་པ་གང་གིས་འཇིག་རྟེན་འཆིང་བར་འགྱུར་བ་དེ་ལྷའི་སྐུར་བསྒོམ་པས་མི་འཆིང་ཞིང་གྲོལ་བར་འགྱུར་ཞེས་པའི་དོན་ནོ། །དེ་ལ་ཡང་ལྷ་མོ་བཅོ་ལྔའི་དག་པ་དང་། ཧེ་རུ་ཀའི་དག་པའོ། །ཧེ་རུ་ཀའི་དག་པ་ནི། ཕྱག་བཅུ་དྲུག་རྣམ་པར་དག་པ་ནི་སྟོང་པ་ཉིད་བཅུ་དྲུག་དང་། ཞབས་བཞི་བདུད་བཞི་བཅོམ་པ་དང་། བསྡུ་བ་བཞི། ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། འདིར་རྣམ་པར་ཐར་པ་བརྒྱད་ནི། གཟུགས་ཅན་གཟུགས་ལ་བལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གི་བདག་ཉིད་གཟུགས་ཅན་དུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམ་པར་ལྟ་བ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པའི་འདི་ནི་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ། །འདུ་ཤེས་ཡོད་མིན་མེད་མིན་སྐྱེ་མཆེད་ནི་བདུན་པའོ། །འགོག་པ་ལ་སྙོམས་པར་འཇུག་པ་ནི་བརྒྱད་པའོ། །སྤྱན་གསུམ་གྱི་དག་པ་ནི་རྡོ་རྗེ་གསུམ་མོ། །འབུམ་ལྔར། ཕྱག་ནི་བཅུ་དྲུག་ཟླ་བའི་ཆ། །དེ་ཉིད་རྣམ་པར་བཅུ་དྲུག་རིག །བུ་ག་བརྒྱད་པོ་འགོག་པ་ཡིས། །དབང་ཕྱུག་དམ་པ་ཞལ་བརྒྱད་པའོ། །ཟླ་བ་ཉི་མ་མུན་པ་མེ། །གང་ཞིག་ཞབས་ཀྱིས་འགོག་མཛད་པ། །ཞེས་ཀྱང་གསུངས་ཏེ། ཀྱེའི་རྡོ་རྗེའི་ཕྱག་བཅུ་དྲུག་ཟེར་བ་ཐོད་པ་ཁྱེར་བའི་ཟིང་ངེ་བཅུ་དྲུག་ལ་བློ་རྩེ་མི་གཏོད་པར། དེ་མཚོན་བྱེད་ཀྱི་བརྡར་བྱས་ནས་བརྡ་ཅན་སྟོང་པ་ཉིད་བཅུ་དྲུག་ལ་མཉམ་པར་འཇོག་པ་ཞིག་དགོས་པ་སྟེ། དཔེར་ན་ཤོག་ཅེས་པ་ལ་སོར་མོའི་འདུ་བྱེད་བསྟན་ན། སོར་མོའི་དགྱེ་དགུར་མི་བསམ་པར། ཤོག་ཅེས་པར་གོ་དགོས་པ་བཞིན་ནོ། །གསུམ་པ་རང་རིག་གི་དག་པ་ནི། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་པ་ལ་སོགས་པའི་དོན་ཏེ། བརྡ་ཐབས་སུ་སྦྱར་བའི་ལྷ་ལ་སེམས་འཆིངས་པས་བརྡ་ཅན་སྣང་ཙམ་མི་འགག་ལ། དེར་ཞེན་གྱིས་དག་པའི་ཟབ་གསལ་དབྱེར་མེད་ཞིག་འཆར་ཏེ། དེས་གྲོལ་བར་འགྱུར་གྱིས་བློས་བརྟག་པ་ཙམ་གྱིས་ནི་མ་ཡིན་ནོ། །དག་ལུགས་ནི། དག་པས་དུག་མེད་བྱས་ནས་ནི། །བརྟེན་བྱ་ཡང་དག་བརྟེན་པ་ཉིད། །ཅེས་པས། འབད་པས་མ་ཡིན་པར་དོན་དམ་གྱིས་ཡིན་ལུགས་ཡིན་བཞིན་པར་འཆར་བའོ། །དག་པའི་དགོས་པ་ནི། ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ། །ཞེས་དང་། གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་པ། །དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ། །ཞེས་པ་ལ་སོགས་པའི་དགོས་པའི་ཆེད་དུའོ།། །། ད་ནི་ལེའུ་བཅུ་པ་བསྟན་ཏེ། དེ་ནས་ཇི་ལྟར་དཀྱིལ་འཁོར་གྱི། །རིམ་པ་ཡང་དག་རབ་ཏུ་བཤད། །ཅེས་པ་ལ་སོགས་པའི་གཞུང་གིས་སོ། །བདག་མེད་མའི་བསྐྱེད་རིམ་རྣམ་དག་དང་བཅས་བསྒོམ་པ་ལ་དབང་བསྐུར་འཐོབ་པ་ཞིག་དགོས་པས། དེའི་དཀྱིལ་འཁོར་གྱི་ལས་རིམ་དབང་བསྐུར་བའི་རྣམ་གཞག་དང་བཅས་པ་འདིར་བཤད་ལ། དེའི་ཕྱིར་དབང་གི་ལེའུ་ཞེས་བྱའོ། །འདི་ཡང་གང་ལས་འཕྲོས་ན་མདོར་བསྟན་གྱི། ཇི་ལྟར་རིགས་པ་རྣལ་འབྱོར་མའི། །ཞེས་པ་ལས་འཕྲོས་ཏེ། བདག་མེད་མའི་རྣལ་འབྱོར་ལ་མོས་པ་དེ་དབང་གིས་སམ། དེ་སྔོན་དུ་བཏང་བའི་བསྐྱེད་པའམ་རྫོགས་པས་གྲོལ་བར་འགྱུར་བ་ཅི་རིགས་པ་ལས། འདིར་དབང་གིས་གྲོལ་བར་འགྱུར་བ་དེ་བསྟན་པའི་ཕྱིར་རོ། །འོ་ན་དབང་སྔོན་དུ་བསྟན། དེ་ནས་བསྐྱེད་རྫོགས་སྟོན་པ་རིགས་སོ་ཞེ་ན། དབང་བསྐུར་བ་ཡང་བསྙེན་པ་སོང་བ་ཞིག་གིས་བྱ་ཡི་གཞན་གྱིས་མ་ཡིན་ལ། བསྙེན་པ་ཡང་ལྷའི་རྣལ་འབྱོར་གྱིས་འགྲུབ་པའི་ཕྱིར། དེ་དག་དང་པོར་བྱས་ནས་རྗེས་ལ་དབང་བསྐུར་བ་བསྟན་པ་ཡིན་ཏེ། འགྲོ་བའི་མེ་ལོང་གིས། གལ་ཏེ་ཀུན་མཁྱེན་ལམ་ཤེས་མིན། །བསྙེན་པ་མེད་ན་འགྲུབ་མིན་འགྱུར། །དེ་ཕྱིར་གཉིས་མེད་གནས་ནས་ནི། །རིམ་གཉིས་དེ་ཉིད་རིག་པ་ཡིས། །ལྷ་ཡི་འཁོར་ལོ་ཡང་དག་བསྒོམ། །སྐྱོ་ན་དེ་ཡི་གསང་སྔགས་བཟླ། །ཞེས་གསུངས་པའི་ཕྱིར་རོ། །འདི་ལ་དབང་གི་ངོ་བོ། ངེས་ཚིག དབྱེ་བ། དེ་དག་གིས་ཐོབ་པའི་སྡོམ་པའི་རྣམ་གཞག མངོན་པར་རྟོགས་པའི་ཆིངས། དབང་དོན་ལ་དཔྱད་པ་དང་དྲུག་ལས། དང་པོ་ནི། ལུས་ངག་ཡིད་དང་ཡེ་ཤེས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་སོ་སོ་རང་གིས་རིག་པའོ། །གཉིས་པ་ངེས་ཚིག་ནི། གཏོར་དང་བླུགས་པ་ཞེས་བྱ་འདིས། །དེས་ནས་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས་པས། ཨ་བྷི་ཥིཉྩྨ་འཁྲུད་པ་དང་། ཨ་བྷི་ཥེ་ཀ་བླུགས་པ་སྟེ། དྲི་མ་འཁྲུད་པ་དང་ཡེ་ཤེས་བསྐྱེད་པར་བྱེད་པས་དབང་སྟེ། སྔར་མི་དབང་བ་ཕྱིས་དབང་བར་བྱས་པ་ལྟ་བུའོ། །དེའི་ཕྱིར་མ་སྨིན་པ་ཞེས་པ། ལུས་སོགས་མ་རིག་པ་ལ་བཞག་ལ། སྨིན་པ་ཞེས་པ་ལུས་སོགས་སྐུ་སོགས་སུ་སོ་སོ་རང་གིས་རིག་པ་ལ་བཞག་གོ །དབྱེ་བ་ནི། རྒྱུ་དབང་དང་། ལམ་གྱི་དབང་དང་། འབྲས་བུའི་དབང་དང་གསུམ། དང་པོ་ཡང་། སྔགས་ཀྱི་ལམ་གྱི་རྒྱུ་དང་རྐྱེན་ཚོགས་པ་ཐར་པ་ཆ་མཐུན་ལ་སྨིན་པར་བཞག་པ་ཞིག་དང་། རྒྱུ་རྐྱེན་རྣམ་པར་འགྱུར་བ་ཡས་བརྟན་གྱི་དགའ་བ་བཞི་སོ་སོར་རྟོག་པས་གཏན་ལ་ཕེབས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་བཞག་པ་གཉིས་ཏེ། རྒྱུ་མཐུན་པའི་སྔགས་བསྒྲུབ་པ་ལ་དབང་བས་དབང་ཞེས་བྱའོ། །རྒྱུ་རྐྱེན་རྣམ་པར་འགྱུར་བ་ལས་དངོས་སུ་སྐྱེས་པ་ལྟར་སྣང་བའི་མཚན་ཉིད་པ་མཐོང་བའི་ལམ་སྟེ། དེ་རྫོགས་པའི་སངས་རྒྱས་ཀྱི་ཉེ་རྒྱུར་བཞག་པའི་ཕྱིར་རོ། །དེ་ཡང་དང་པོ་ནི། རྡུལ་ཚོན་དང་། རས་བྲིས་དང་། ཚོམ་བུ་དང་། བློས་བསླང་བ་ལ་སོགས་པའི་དཀྱིལ་འཁོར་དུ་ཞུགས་པས་གཙོ་བོར་ཐོབ་ལ། གཉིས་པ་ནི། ལུས་དང་བྷ་ག་ལས་དང་། གསུམ་པ་ནི། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་ཞིང་ཞུགས་པ་ལས་སོ། །ལམ་དབང་ནི་བསྒོམ་པའི་ལམ་དུ། མཚན་བརྗོད་ལས། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །བསམ་གཏན་བཞི་པའིཐ་འཆང་བ། །ཞེས་པ་དང་པོ་ནས་བརྩམས་ཏེ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ལ་རེག་པའི་བར་དུ་འབྱུང་བ། ལུས་ཀྱི་རྩ་མདུད། རླུང་གི་འཕོ་བ། ཐིག་ལེའི་འཛག་པ་ཟད་པའི་ཆ་བཅུ་དྲུག་ལ་བརྗོད་དོ། །འབྲས་དབང་ནི། བཅུ་དྲུག་པའི་གང་ལ་གནས་པས་དྲངས་བའི་དོན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ། རྩ་རླུང་ཐིག་ལེ་བདེ་བའི་འགྲོས་ཐམས་ཅད་ཐིམ་པའི་དབང་མཆོག་ཐོབ་པ་དེ་ལ་སྟེ། དྲི་མེད་འོད་ལས་གསུངས་པའི་ཕྱིར་རོ། །དེ་དག་གིས་ཐོབ་པའི་སྡོམ་པའི་རྣམ་གཞག་ནི། སྟ་གོན་གྱི་དུས་སུ་ཐུན་མོང་མ་ཡིན་པའི་སྡོམ་པ་ཕོག་པས་གང་ཟག་ཕལ་མོ་ཆེ་ལ་ཀུན་ནས་སློང་བ་ཙམ་གྱི་སྡོམ་པ་སྐྱེས་ལ། དཀྱིལ་འཁོར་དུ་འཇུག་པའི་ཚེ་ཕོག་པས་ཡོངས་སུ་འཛིན་པའི་སྡོམ་པ་དང་། དབང་ཐོབ་པ་ན་ཀུན་ནས་བསྲུང་བའི་སྡོམ་པ་དང་། དབང་བཞིའི་མཐའ་གང་ཡང་རུང་བར་དམ་ཚིག་ལེན་པ་ནི་ཕྱིས་ལེན་པའི་སྡོམ་པ་དང་། བུམ་དབང་གི་སྡོམ་པ་ནི་ཆུང་ངུ་། གསང་དབང་གི་སྡོམ་པ་ནི་འབྲིང་པོ། དབང་གསུམ་པའི་སྡོམ་པ་ནི་ཆེན་པོ། དབང་བཞི་པའི་སྡོམ་པ་ནི་ཡོངས་སུ་དག་པའི་སྡོམ་པའོ། །སྡོམ་པ་ལ་བརྒྱད་དུ་དབྱེ་བ་འདི་ནི་ཕར་ཕྱིན་གྱི་ཚུལ་ལ་ཡང་དངོས་སུ་བསྟན་པར་འཕགས་པ་ཐོགས་མེད་ཀྱིས་གསུངས་ལ། དུས་ཀྱི་འཁོར་ལོ་ལས། སྔགས་ཀྱི་དགེ་བསྙེན། དགེ་ཚུལ། དགེ་སློང་དང་། གནས་བརྟན་དུ་གསུངས་པའི་འགྲོས་ལས་ཤེས་སོ། །རྣམ་པར་དབྱེ་བ་བརྒྱད་པོ་དག་གི་མཚན་ཉིད་ནི་རིམ་པ་བཞིན། སྟ་གོན་དུ། སྡོམ་པ་ཡང་དག་པར་བླང་ངོ་སྙམ་དུ་སེམས་མངོན་པར་འདུ་བྱེད་པའི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་དང་། དེ་བཞིན་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་སྡོམ་པ་ཡང་དག་པར་ལེན་ཞིང་ཡོངས་སུ་འཛིན་པར་བྱེད་པའི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་དང་། གསུམ་པ་ནི། རིག་པ་འཛིན་པའི་སྡོམ་པ་ཉིད་དེ། ལུས་ངག་ཡིད་གསུམ་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་སོ། །དབྱེ་ན། རྒྱུད་སྡེ་ཕྱི་མ་ལས་གསུངས་པ་དང་། ནང་མ་ལས་གསུངས་པ་གཉིས་སོ། །བཞི་པ་ཇི་ལྟར་བླང་བ་དེ་བསྲུང་ཞིང་སྡིག་པ་ཀུན་ཏུ་སྤྱོད་པ་ལས་འཛེམ་པ་བདག་བཅས་པ་ལས་འགལ་བ་དང་ངན་འགྲོར་འགྱུར་ན་མི་རུང་ངོ་སྙམ་དུ་སེམས་པར་བྱེད་པའི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་སོ། །ལྷག་མ་བཞི་ནི་རིམ་པ་བཞིན། བུམ་དབང་གི་ངོ་བོར་གྱུར་པའི་སྔགས་སྡོམ་དང་། གསང་དབང་གི དབང་གསུམ་པའི། དབང་བཞི་པའི་ངོ་བོར་གྱུར་པའི་སྔགས་སྡོམ་མོ། །དང་པོ་ནི། ལུས་ངག་ཡིད་གསུམ་བསྐྱེད་རིམ་གྱི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་ཏེ། དེ་ལ་ནང་སེམས་ལུས་ངག་ཡིད་གསུམ་མི་ཟབ་པ་བསྐྱེད་རིམ་ཀྱི་ཐབས་ཤེས་ཟབ་མོར་བསྡམ་པའི་ཚུལ་ཁྲིམས་ཞིག་དང་། ལུས་ངག་ཡིད་གསུམ་ཟབ་པ་བསྐྱེད་རིམ་གྱི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་གཉིས་ལས། སྔ་མ་ནི། རྒྱུད་སྡེ་བཞིར་ཟླས་དབྱེ་བའི་རྣལ་འབྱོར་གྱི་རྒྱུད་ལ་ཡང་དངོས་སུ་གྲགས་ལ། ཕྱི་མ་ནི་བླ་མེད་ཀྱི་རྒྱུ་ལས་གཞན་ལ་དངོས་སུ་མ་གྲགས་སོ། །གཉིས་པ་ནི། ལུས་ངག་ཡིད་གསུམ་རྫོགས་རིམ་མཚན་མ་དང་བཅས་པའི་ཐབས་ཤེས་ཟབ་མོའི་བདག་ཉིད་དུ་བསྡམ་པའི་ཚུལ་ཁྲིམས་སོ། །གསུམ་པ་ནི། ལུས་ངག་ཡིད་གསུམ་མཚོན་བྱེད་དཔེའི་ཐབས་ཤེས་ཟབ་མོའི་བདག་ཉིད་ཅན་དུ་བསྡམ་པའི་ཚུལ་ཁྲིམས་སོ། བཞི་པ་ནི། ལུས་ངག་ཡིད་གསུམ་མཚོན་བྱ་དོན་དམ་པའི་ཐབས་ཤེས་ཟབ་མོའི་བདག་ཉིད་ཅན་དུ་བསྡམ་པའི་ཚུལ་ཁྲིམས་སོ། །དེ་དག་ཀྱང་དགག་ཕྱོགས་ནས་སྡོམ་པ་དང་། བསྒྲུབ་ཕྱོགས་ནས་དམ་ཚིག་ཅེས་གསུངས་པའི་ཞར་ལས་བྲིས་སྐུ་དམ་ཚིག་ཡིན་ནོ་སྙམ་ན་མ་ཡིན་ཏེ། དེ་འཆང་བ་དམ་ཚིག་ཏུ་བཞག་པ་ལྟ་བུས་ཟས་དང་ཡོ་བྱད་ཐམས་ཅད་ཀྱང་ཤེས་པར་བྱའོ། །དེ་ལྟ་བུའི་སྔོན་དུ་མཚན་ཉིད་ཀྱི་ཐེག་པ་ལས་བཤད་པ་དང་མཐུན་པའི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སྡོམ་པ་དང་། དེའི་སྔོན་དུ་བདེན་པའི་དེ་ཉིད་ཀྱི་ཚུལ་ལས་བཤད་པའི་སོ་སོར་ཐར་པའི་སྡོམ་པ་ཡང་དག་པ་བླངས་པ་ཡིན་ན་ཕྱིས་དབང་ཐོབ་ནས་ཐམས་ཅད་རིག་པ་འཛིན་པའི་བསླབ་བྱར་འགྱུར་ཏེ། ཉེས་པ་མི་སྤོང་བ་ལམ་དུ་བྱེད་པའི་སྟེང་དུ་ངོ་བོ་གཅིག་པའི་ཕྱིར་རོ། །རྣམ་པའི་སྒོ་ནས་ད་དུང་ཐ་དད་དེ་སྔགས་ཀྱི་དམ་ཚིག་བཏང་ནས་བྱང་ཆུབ་སེམས་དཔའ་འམ། དེ་ཡང་བཏང་ནས་ཉན་ཐོས་སུ་གནས་པར་རུང་བའི་ཕྱིར་རོ། །དེ་ལས་གཞན་པ་རྣམ་པར་ཤེས་པ་ཡེ་ཤེས་སུ་གནས་བསྒྱུར་བ་ལྟ་བུར་འདོད་ན། དེ་དག་མི་སྲིད་དེ། ལྕགས་གསེར་འགྱུར་གྱི་རྩིས་རེག་པས་གསེར་དུ་གནས་གྱུར་པ་དེས་གསེར་བཏང་ནས་སླར་ལྕགས་ཉིད་དུ་གནས་པ་མེད་པ་བཞིན་ནོ། །གཞན་ཡང་རྡོ་རྗེ་རྩེ་མོ་ལས། གལ་ཏེ་དེ་ནི་རབ་འབྱུང་ན། །སྡོམ་པ་གསུམ་ལ་གནས་པར་བྱ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིགས་འཛིན་རང་གི་སྡོམ་པའོ། །ཞེས་གསུངས་པས་ཀྱང་གནོད་དེ། གསུམ་དང་ལྡན་པ་ཞེས་པ་ལ། །རྣམ་པས་གསུམ་དུ་འབྱེད་རྒྱུ་དགོས་ཀྱི། རང་བཞིན་ལས་འབྱེད་མི་ཤེས་པའི་ཕྱིར། དཔེར་ན་གོས་དཀར་པོ་སེར་པོར་བསྒྱུར་བ་དང་། སེར་པོ་སླར་དམར་པོར་བསྒྱུར་བའི་དམར་པོ་གྱོན་པས་གོས་གསུམ་ལྡན་དུ་མི་འགྱུར་བ་བཞིན་ནོ། །སྔར་སོ་སོར་ཐར་པ་མ་བླངས་པ་ཞིག་ཡིན་ན་ཡང་། འདིས་དབང་ཐོབ་པ་ན་སོ་སོ་ཐར་པའི་བསླབ་པར་བྱ་བ་ལས་རབ་ཏུ་བྱུང་བའི་རྟགས་དང་ཐ་སྙད་ལ་ལྟོས་ནས་བཞག་པ་མ་གཏོགས་པ་ཐམས་ཅད་བསྲུང་དགོས་པར་གསུངས་པས་དོན་དགེ་བསྙེན་དུ་སོང་བ་ཡིན་ཏེ། དཔུང་བཟང་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་གསུངས་པས་སོ། །མདོར་བསྡུ་ན། བསྐྱེད་རིམ་གྱི་སྡོམ་པ་དང་། རྫོགས་རིམ་གྱི་སྡོམ་པ་གཉིས་སུ་འདུ་ལ། དེ་ཡང་ཕྱག་རྒྱ་ཆེན་པོའི་སྡོམ་པར་འདུ་ཞིང་། དེ་ཡང་རང་གི་སེམས་མ་བཅོས་པར་མཉམ་པར་འཇོག་ནུས་པར་ཡོད་ཀྱི། གཞན་ལ་ནི་ཡོད་པར་མ་གསུངས་པས་སོ། །ལྔ་པ་མངོན་པར་རྟོགས་པའི་ཆིངས་བཤད་པ་ནི། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད། སློབ་དཔོན་གྱི་ལས། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་ལྷ་ངོ་བསྟན་པ། དབང་བསྐུར་བ་དང་བཞིའོ། །དང་པོ་ནི། རྒྱུད་འདི་ནས། རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་གསུམ་དུ་གསུངས། གུར་ལས་བཅོ་བརྒྱད་དུ་བསྟན་ནོ། །སློབ་དཔོན་གྱི་ལས་ལ་བཞི་སྟེ། བསྙེན་པ་དང་། ས་ཆོག་དང་། སྟ་གོན་དང་། དཀྱིལ་འཁོར་ཞུགས་ཀྱི་ཆོ་གའོ། །ས་ཆོག་ལ། གནས་བརྟག་པ། བསླང་བ། སྦྱང་བ། སྲུང་བ། གཟུང་བ་ལྔའོ། །སྟ་གོན་ལ། ས་གཞི་རྡོ་རྗེར་བྱ་བ་དང་། སྟ་གོན་དངོས་སོ། །དང་པོ་ལ། རྡོ་རྗེ་སློབ་དཔོན་རྒྱན་ཆས་སུ་ཞུགས་པ་དང་། སྲུང་བ་དང་། ལྷའི་སྐུར་ཞུགས་པ་དང་། སློབ་མས་བསྟོད་ཅིང་གསོལ་བ་གདབ་པ་དང་། བགེགས་ལ་བཀའ་བསྒོ་བ་དང་། བགེགས་བསྐྲད་པའོ། །སྟ་གོན་ལ། ལྷ་དང་། བུམ་པ། སློབ་མ་ལྷག་པར་གནས་པ་གསུམ་མོ། །སློབ་མ་སྟ་གོན་ལ། སློབ་མ་ཆོས་ལྡན་གྱི་དབང་དུ་བྱས་པ་དང་། ཆོས་མི་ལྡན་གྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི་དགེ་བ་བཅུ་ལ་ཞེས་སོགས་ཀྱིས་དང་། གཉིས་པ་མཚམས་མེད་ཅེས་སོགས་ཀྱིས་བསྟན་པ་སྟེ། དེ་ལྟ་བུའི་སློབ་མ་ལ་དབང་བསྐུར་བའི་སྟ་གོན་ལ། ཡོལ་བའི་ཕྱིར་ཁྲུས་བྱས་མཎྜྻལ་འབུལ་བ། གསང་སྔགས་ཀྱི་ཆོས་མོས་པས་འཇུག་པ། ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ཀྱི་དོན་དུ་གསོལ་བ་གདབ་པ། སློབ་དཔོན་གྱིས་སྔགས་ཀྱི་ཐེག་པར་བློ་དགུག་པ། ཉན་པར་རྣ་བ་གཏད་པ། རྒྱུད་དག་པར་བྱ་བའི་དོན་དུ་ལྔ་རྣམ་དག་བྱ་བ། སློབ་མ་རབ་གནས། དངོས་གྲུབ་ཀྱི་ལྟས་བརྟག་པའི་དོན་དུ་སོ་ཤིང་། ཁ་བཀྲུ་བའི་ཕྱིར་ཁྱོར་ཆུ། རྨི་ལམ་གྱི་ལྟས་བརྟག་པའི་དོན་དུ་ཀུ་ཤ་སྦྱིན་པ། བར་ཆད་སྲུང་བའི་དོན་དུ་སྲུང་སྐུད་གདགས་པ། སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་བཤད་པའོ། །བཞི་པ་དཀྱིལ་འཁོར་ཞག་གི་ཆོ་ག་ལ། ཐིག་དང་ཚོན་གྱི་ཆོ་ག དཀྱིལ་འཁོར་གྱི་གནས་ཉེ་བར་བརྒྱན་པ། དཀྱིལ་འཁོར་བསྒྲུབ་པ། སློབ་དཔོན་བདག་འཇུག་བཞི་ལས། གསུམ་པ་ལ། རང་འདོད་ལྷ་ཡི་གཟུགས་ཀྱི་ནི། །ཞེས་སོགས་ཀྱིས་བསྟན་པ། དཀྱིལ་འཁོར་ཡེ་ཤེས་ཀྱི་ལྷར་སྒྲུབ་པ་དང་། དཀྱིལ་འཁོར་ལྷག་པའི་ལྷར་སྒྲུབ་པ་གཉིས། དང་པོ་རང་གི་རིག་མ་བྱིན་གྱིས་བརླབས་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བསྒྲུབ། ཐིག་ལེ་དེ་གཏོར་བས་སམ་བདུད་རྩི་དཀྱིལ་འཁོར་ལ་གཏོར་ཞིང་སྔགས་ཙམ་ལས་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པ་སྐད་ཅིག་གིས་བསྐྱེད། སྐྱེ་མཆེད་བྱིན་གྱིས་བརླབ་པ་སོགས་བྱ། ནམ་མཁའི་དཀྱིལ་འཁོར་དབབ་པ། གཉིས་པ་ལ། བདག་བསྐྱེད་དང་། ཧེ་རུ་ཀའི་དཀྱིལ་འཁོར་ལ་མངལ་འབྱིན་དང་། བདག་མེད་མའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ལ་སོགས་པས་སོ། །བཞི་པ་སློབ་དཔོན་བདག་འཇུག་ལ། སྔོན་དུ་གཏོར་མ་གཏང་བ། བདག་འཇུག་དངོས། སློབ་མ་འཇུག་པའི་དོན་དུ་གསོལ་བ་གདབ་པ་གསུམ། སློབ་མ་དཀྱིལ་འཁོར་དུ་བཅུག་ཅིང་ལྷ་ངོ་བསྟན་པ་ལ། གདོང་གཡོགས། ནང་དུ་འཁྲིད། བགེགས་བསྐྲད། དྲིས་ལན་གདབ། སློབ་དཔོན་གྱི་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ། སྒོ་བཞི་ནས་ཕྱག་བྱ། ལྔ་རྣམ་དག རིགས་ལྔའི་སྡོམ་པ་དང་། རྩ་བའི་དམ་ཚིག་བསྒྲགས། ཁས་ལེན་དུ་གཞུག སློབ་མ་དགྱེས་རྡོར་དུ་བསྐྱེད་ནས་རྣལ་འབྱོར་དུ་སེམས་བསྐྱེད། དམ་བཞག་བཞི། ཡེ་ཤེས་དབབ། ཁ་དོག་དྲི། མེ་ཏོག་དོར། མིག་དར་ཕྱེ། དཀྱིལ་འཁོར་བསྟན་ནོ། །བཞི་པ། གང་ཞིག་དབང་ནི་རབ་ཕྱེ་བས། ཞེས་གསུངས་པའི་དབང་ལ་རྣམ་པར་དབྱེ་བ་ཇི་སྙེད་ཅིག་ཡོད་ཀྱང་། འདིར་སྤྲོས་པ་ཆེན་པོས་དབང་བསྐུར་བ་སྟོན་ཏེ། དེ་ལ་སློབ་དཔོན་ནམ་བུམ་པའི་དབང་དང་། གསང་བའི་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། བཞི་པ་ཚིག་དབང་ངོ་། །དང་པོ་ལ། མ་རིག་པའི་དྲི་མ་འཁྲུད་པར་ནུས་པ་བསྒྲུབ་པའི་ཕྱིར་དུ་ཆུ་དབང་དང་། རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པ་འདུས་བྱ་བའམ། གཙུག་ཏོར་བསྐྱེད་པར་བྱ་བའི་ཆེད་དུ་དང་། འདི་ལ་ཉོན་མོངས་པ་ལ་སོགས་པའི་དགྲ་རྩ་བ་ནས་འདོན་པའི་ཆེད་དུ་དཔའ་བོའི་དར་དཔྱངས་འཁོར་དུ་མཛད་པའི་ཅོད་པན་གྱི་དབང་དང་། དབྱེར་མེད་པའི་ཡེ་ཤེས་སྐྱེ་བར་ནུས་པ་བསྒྲུབ་པའི་ཆེད་དུ་རྡོ་རྗེའི་དབང་དང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་འབྱུང་བའི་མངའ་བདག་ཆོས་འབྱུང་། རྟོགས་པར་བྱ་བའི་ཆེད་དུ་དྲིལ་བུའི་དབང་དང་། འདས་ཆོས་ཐམས་ཅད་ཀྱི་བདག་བོའི་ཆེད་དུ་དབང་བསྐུར་བས་བདག་པོའི་དབང་ངོ་། །མ་འོངས་པར་རང་ཉིད་སངས་རྒྱ་བའི་དུས་ཀྱི་མིང་དུ་འོས་པའི་ས་བོན་བསྒྲུབ་པའི་ཆེད་དུ་མིང་གི་དབང་བསྐུར་བ་སྟེ་རིགས་ལྔའི་དག་པ་ལ་ལྟོས་ནས་རིགས་ལྔའི་དབང་ངམ། མ་རིག་པའི་གཉེན་པོ་བསྒྲུབ་པའི་ཕྱིར་རིག་པའི་དབང་ངོ་། །དབང་འདི་ཙམ་ཐོབ་པའི་སློབ་མས་ནི་བྱ་སྤྱོད་ཀྱི་རྒྱུད་ཉན་བཤད་དང་སྔགས་བསྒྲུབ་པ་ལ་དབང་བར་འགྱུར་རོ། །དབང་འདི་དག་དང་སྤྱོད་པའི་བརཏལ་ཞུགས་ཙམ་ནི་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བ་ལ་ཐུན་མོང་གི་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བས་དམ་བསྒྲགས་གསང་འཇུག་མེད་པའི་སྒོ་ནས་བསྐུར་བར་བྱའོ། །ལྟ་སྟངས་བཞི་དང་མངོན་པར་ཤེས་པ་ལ་སོགས་པའི་ནུས་པ་ཐོབ་པར་གྱུར་པས་སེམས་ཅན་གྱི་དོན་སྒྲུབ་པ་ལྷུར་བྱེད་པའི་ཕྱིར་དུ་སྤྱོད་པའི་བརཏལ་ཞུགས་ཀྱི་དབང་། དེ་ནས་མི་ཟབ་པ་བསྐྱེད་པའི་རིམ་པ་དང་འབྲེལ་བའི་ཕྱིར་མི་ལྡོག་པའི་དབང་ནི་འདི་ནས་བརྩམས་ཏེ་རྣམ་པར་དག་པར་ཟུང་འཇུག་གི་བྱང་ཆུབ་རྟོགས་པར་བྱ་བའི་ཆེད་དུ་བརྩོན་པར་གྱིས་ཤིག་ཅེས་ངེས་པར་བྱ་བར་དགོངས་ནས་དེའི་རང་བཞིན་གྱི་རྡོ་རྗེ་འཛིན་པ་ལ་སྦྱོར་བ་ནི་རྡོ་རྗེའི་དམ་ཚིག་གོ །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པའི་ངེས་པ་སྟེར་བའི་དེ་བཞིན་ཉིད་རྟོགས་པ་ལ་སྦྱར་བའི་ཆེད་དུ་སྒྲ་དང་བཅས་པའི་དྲིལ་བུའི་དམ་ཚིག་གོ །ཤེས་རབ་དང་ཐབས་ཀྱི་རང་བཞིན་བདེ་བ་ཆེན་པོའི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་ཤིན་ཏུ་བརྟན་པར་ནུས་པ་ཉིད་དུ་བསྒྲུབ་པའི་ཕྱག་རྒྱའི་དམ་ཚིག་གོ །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་རྡོ་རྗེ་གུར་ལས། དམ་ཚིག་གཉིས་ཀྱི་འཁོར་ལོ་ཅན་ཕྱག་རྒྱའི་དམ་ཚིག་ཁོ་ན་རྫོགས་པའི་སངས་རྒྱས་ཀྱི་དབང་དུ་གསུངས་སོ། །སངས་རྒྱས་ན་གདུལ་བྱ་ཉོན་མོངས་པ་ཅན་ལྔ་ལ་རིགས་ལྔས་རྣམ་པར་རོལ་བས་འདུལ་བར་བྱ་བའི་ས་བོན་བསྒྲུབ་པའི་ཆེད་དུ་རིགས་ལྔའི་རྗེས་གནང་། བྷུ་ར་ཞེས་པ་ནི་ས་སྟེང་གི་འཇིག་རྟེན་ནོ། བྷུ་ཝཿཞེས་པ་ནི་རླུང་གི་དཀྱིལ་འཁོར་ལ་སོགས་པའི་འཁོར་དང་བཅས་པའི་ས་འོག་གོ །སྭཱཿཞེས་པ་ནི་མཐོ་རིས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མཐར་ཐུག་པའོ། །དེ་གསུམ་ཆར་ཡང་ཁྱོད་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་དམ་ཚིག་སྟེ། རབ་ཏུ་དགའ་བའི་ས་ལ་སོགས་པ་རིམ་གྱིས་རྟོགས་པས་སངས་རྒྱས་ཉིད་དུ་འགྱུར་བའི་ཕྱིར་རོ། །ཞེས་པ་ནི། ས་མ་ཡ་ཧྶཾ་བྷུ་ར་བྷུ་ར་སྭཱ་ཧཱ་ཞེས་པའི་དོན་ཏེ་ལུང་བསྟན་པའོ། །ཁམས་གསུམ་དང་དབྱེར་མེད་པའི་ཆོས་ཉིད་རྟོགས་པའི་རིམ་པའི་རྣལ་འབྱོར་གྱི་དཔལ་ལྡན་པ་ནི་ཁྱོད་ཡིན་ནོ་ཞེས་གཟེངས་བསྟོད་པའོ། །ཁྱོད་ཀྱིས་འདོད་པ་རྣམས་ལ་ཉེ་བར་ལོངས་སྤྱོད་ཀྱང་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་སངས་རྒྱས་ཉིད་དེ་མི་རིང་ངོ་ཞེས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་བྱས་པས་རྒྱས་པར་འོས་པ་ལ་མངོན་པར་སྦྱོར་བ་རྟོགས་པར་བྱ་བའི་ཆེད་དུ་དབུགས་དབྱུང་བའོ། །དེ་ལྟ་བུའི་སློབ་དཔོན་གྱི་དབང་ནི། ཇི་ལྟར་ས་བཅུ་པ་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་དབང་བསྐུར་བ་དེ་བཞིན་དུ། དམ་ཚིག་གསུམ་དང་བཅས་པ་འདི་ཡང་། དེ་རྣམས་དང་བླ་མས་དཔག་ཏུ་མེད་པའི་སེམས་ཅན་གྱི་ཕུང་པོ་ལ་གཞལ་དུ་མེད་པའི་ཆོས་སྟོན་པ་ལ་སོགས་པའི་སློབ་དཔོན་དུ་བྱ་བའི་ཆེད་དུ། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་བ་ཡིན་པས་ན་ཕྱིར་མི་ལྡོག་པ་རྣམས་དང་འདྲ་བས་དང་། ཕྱིར་མི་ལྡོག་པ་ཉིད་ཀྱི་ས་བོན་ཉིད་ཀྱང་བསྐྲུན་པར་བྱེད་པས་ན་ཕྱིར་མི་ལྡོག་པའི་དབང་དུ་བརྗོད་དོ། །ད་ནི་ཟབ་པ་བསྐྱེད་པའི་རིམ་པ་དང་འབྲེལ་བའི་སློབ་དཔོན་གྱི་དབང་བརྗོད་པར་བྱ་སྟེ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། སློབ་དཔོན་དབང་དུ་རབ་དུ་བརྗོད། ཅེས་གསུང་པའི་ཚུལ་གྱིས་སོ། མཁའ་འགྲོ་མ་རྡོ་རྗེ་གུལ་ལས། དང་པོ་ཆུ་ཡི་དབང་ཡིན་ཏེ། །གཉིས་པ་ཅོད་པན་གྱི་ནི་དབང་། །གསུམ་པ་རྡོ་རྗེའི་དབང་གིས་ཏེ། །བཞི་པ་རང་གི་བདག་པོ་ཡིན། །ལྔ་པ་མིང་གི་དབང་ཡིན་ཏེ། །དྲུག་པ་རྫོགས་པའི་སངས་རྒྱས་དབང་། །བུམ་པའི་དབང་ནི་བདུན་པ་སྟེ། །ཞེས་པ་ལ། དེ་ལ་ཆུ་དང་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་མིང་དང་སློབ་དཔོན་གྱི་དབྱེ་བས་དྲུག་ནི་བུམ་པའི་དབང་སྟེ། ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་དང་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་བུམ་པས་མངོན་པར་དབང་བསྐུར་བའི་ཕྱིར་རོ། །ཕྱི་མའི་སློབ་དཔོན་གྱི་དབང་ནི་དཀར་འཛིན་གྱི་བུམ་པ་མཆོག་ཏུ་ཉེ་བར་བླང་བ་བྱ་བ་ཉིད་ཀྱིས་ཕུལ་དུ་བྱུང་བ་དང་བཅས་པར་དབང་བསྐུར་བའི་ཕྱིར། བུམ་པའི་དབང་ནི་བདུན་པ་སྟེ། །ཞེས་གསུངས་ལ། སློབ་དཔོན་གྱི་དབང་དེ་འབྱུང་བའི་རྒྱུ་ཡིན་པས་ཆུའི་དབང་ལ་སོགས་པ་ལྔ་ཡང་སློབ་དཔོན་གྱི་དབང་དུ་བརྗོད་དོ།། །། གཉིས་པ་གསང་བའི་དབང་བསྐུར་བ་ནི། ལྷོར་བསྐུར་ཏེ། མཎྜྻལ། གསོལ་བ་གདབ། མིག་དར་བཅིང་། ཡེ་ཤེས་ཕབ། མེ་ཏོག་དོར། ལྷ་ངོ་བསྟན། མིང་བཏགས། གསང་དབང་བསྐུར། དམ་ཚིག་ཕོག མིག་དར་འགྲོལ་ལོ། །ཤིན་ཏུ་གསང་བའི་སྤྱོད་པས་བསྒྲུབ་པའི་ཁུ་བས་དབང་བསྐུར་བའི་ཕྱིར་གསང་བའི་དབང་ངོ་།། །། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དཀྱིལ་འཁོར་གྱི་ནུབ་ཏུ་བསྐུར་ཏེ། མཎྜྻལ། གསོལ་གདབ། གདོང་བཅིང་། ཡེ་ཤེས་ཕབ། མེ་ཏོག་དོར། ལྷ་ངོ་བསྟན། མིང་བཏགས། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། གདོང་གཡོགས་འགྲོལ་ལོ། །འདི་ནི་ཤེས་རབ་བུ་མོ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཡིན་པའི་ཕྱིར་ཤེས་རབ་ཡེ་ཤེས་ཤེས་སོ། །འདིར་དགེ་སློང་གང་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་དུ་རོ་གཅིག་པར་ཤིན་ཏུ་བརྟན་པར་ལྷག་པར་མོས་པར་བྱེད་པ་དེ་ལ་ནི་དགེ་སློང་དང་རྡོ་རྗེ་འཛིན་པའི་སྡོམ་པ་དག་ལ་འགལ་བའི་དྲི་མ་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྡོ་རྗེ་འཛིན་པ་ཞེས་བྱ་བ་གསུངས་སོ། །དཔེར་ན་བག་ཆགས་ཀྱིས་རྨི་ལམ་མཐོང་བའི་ཕྱི་རོལ་གྱི་ཡན་ལག་དབང་པོ་གཉིས་ཀྱིས་བདེ་བའི་མཐར་ཐུག་པ་ཉམས་སུ་མྱོང་ན་ཡང་ལྟུང་བ་མེད་དོ་ཞེས་འདུལ་བ་ལས་བསྟན་པ་བཞིན། ལྷག་པར་མོས་པ་མི་བརྟན་པའི་དགེ་སློང་ལ་ནི་དད་པ་དང་ལྡན་ཡང་ཕྱིའི་ཤེས་རབ་མའི་དབང་གཟུང་བ་བཀག་སྟེ། གཞན་དུ་ན་སྡོམ་པ་སྔ་མ་ཉམས་པས་དོན་མེད་པ་ཆེན་པོར་འགྱུར་རོ། །ཞེས་དགོངས་ནས་མདོ་སྦྱར་དུ་དེ་ལྟར་མཛད་དོ། །གལ་ཏེ་ཡང་བླ་མ་བསྒོམ་པ་ལ་བརྟན་པར་གྱུར་ན་ནི། དེའི་ཚེ་དེ་ལ་ཡང་དེས་གཏད་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་སྦྱིན་པར་བྱའོ། །དེ་བླངས་པ་ལ་ཡང་ཚངས་པར་སྤྱོད་པ་དང་བྲལ་བའི་དོགས་པ་ནི་མེད་དེ་ལུས་ཀྱི་ལས་མེད་པའི་ཕྱིར་རོ། །བཞི་པ་ཚིག་དབང་ནི། བྱང་དུ་བསྐུར་ཏེ། མཎྜྻལ། གསོལ་གདབ། ཚིག་དབང་བསྐུར། གསུམ་པའི་དུས་སུ་སྐྱེས་པའི་དོན་དམ་པའི་དབང་གི་ཡེ་ཤེས་འདིར་ཚིག་གི་བརྡ་སྤྲོད་པར་བྱེད་པའི་ཕྱིར་ཚིག་དབང་ངོ་། །གཏང་རག་གི་མཎྜྻལ་ཕུལ། །མཐར་ཚོགས་ལ་རོལ་བ་ནས་དཀྱིལ་འཁོར་གཤེགས་པའི་བར་རོ། །དྲུག་པ་དབང་དོན་ལ་དཔྱད་པ་ལ། དབང་གསུམ་པའི་དུས་སུ་རྟོག་བཅས་ཀྱི་དགའ་བ་གསུམ་ལ་བརྟེན་ནས་རྟོག་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བས་གོ་རིམ་དུ་ལྷན་སྐྱེས་བཞི་པར་བཞག་ཅིང་། མས་བརྟན་གྱི་དགའ་བ་ཐམས་ཅད་འདིའི་ཁོངས་སུ་བསྡུས་སོ། །དང་པོར་ཆགས་པ་དང་ཕྱིས་ཆགས་བྲལ་དང་། བར་དུ་དེ་གཉིས་འདྲེས་པའི་གནས་སྐབས་ཏེ་སྐུ་གསུམ་གྱི་ཐིག་ལེར་མཛད་ནས་ལྷན་སྐྱེས་གསུམ་པ་དེར་འཆར་བཤད་པ་དང་། ཡང་ཞུ་བའི་ཐིག་ལེ་ཆ་བཅོ་ལྔ་པའི་བར་ཐམས་ཅད་གནས་སྐབས་གཅིག་ཏུ་བཞག དེའི་དུས་སུ་སྐྱེས་པའི་ཆ་བཅུ་དྲུག་པའི་བདེ་བ་སྟོང་པ་ཉིད་ཀྱིས་རྒྱས་ཐེབས་པའི་ལྷན་སྐྱེས་གཉིས་པར་བཞག་ནས། དང་པོ་ལ་དགའ་བ་དང་། གཉིས་ལ་མཆོག་དགར་བཤད་དེ། ཕྱི་མ་དེའི་མཐའ་ཐིག་ལེ་ཕྱིར་འཕོས་ན་དགའ་བྲལ་ཡོང་རྒྱུ་སྔོན་དུ་དོན་དམ་པའི་ཡེ་ཤེས་རང་བཞིན་ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་ཉམས་སུ་མྱོང་བར་གསུངས་ཏེ། རྗེ་བཙུན་གྱི་གསུང་རྔོག་སྟོན་ཆེན་པོས་ཟིན་བྲིས་སུ་མཛད་པ་ལས། ཀླུ་སྒྲུབ་ཀྱིས་བསྟན་པ་ལྟར། གསུམ་པའི་ཉམས་སུ་མྱོང་བ་ལ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཡེ་ཤེས་ཏེ། སེམས་ཀྱི་ཆོས་ཉིད་དུ་ཆུ་ལ་ཆུ་བཞག་པ་བཞིན་ནོ། །ཞེས་གསུངས་པས་སོ། །དེ་ལྟར་ཡང་གཞུང་ལས། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས། །ཞེས་དང་། འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཅེས་དང་། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །གཅིག་དང་དུ་མ་བྲལ་བ་སྟེ། །སྐུ་ཅིག་གཅིག་ལས་མཆོག་དགའ་བ། །རང་གི་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་དང་། དགའ་བ་དང་པོ་དཔའ་བོ་ཉིད། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་དང་། དམན་པ་དང་ནི་ཕྲ་བའི་དོན། །མཆོག་གི་དངོས་པོར་བརྗོད་པར་བྱ། །དབུ་མ་ཉིད་ནི་སྤངས་པ་ཉིད། །ཅེས་དང་། དགའ་བའི་བདེ་བ་ཅུང་ཟད་བདེ། །མཆོག་ཏུ་དགའ་བ་དེ་ལས་ལྷག །དགའ་བྲལ་དགའ་བས་ཆགས་བྲལ་ཡིན། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་གསུངས་སོ། །དེ་ལ་གཉིས་ཤོར་གཉིས་མཉམ་ཞེས་པ་ཡང་། གཉིས་ཀའི་དབུ་མ་ཕྲད་པའི་རྩེར་ཐིག་ལེ་དཀར་ཆ་ལྷུང་དམར་ཆ་བབས་པ་གཉིས་ཤོར། དེ་གཉིས་གཉིས་ཁ་སྦྱོར་སོ་སོ་རང་གིས་འཆིངས་པ་གཉིས་མཉམ། དེའི་དུས་སུ་ལྷན་སྐྱེས་དེ་འབྱུང་ངོ་། །དེ་ལ་དགོངས་ནས་ཐིག་ལེ་བཞི་ཡོད་པའི་གཉིས་ནི་བྷ་གར་ལྷུང་། གཉིས་ནི་མ་ཤོར་བའི་གནས་སྐབས་ཞེས་པ་ཡང་། སྐྱེས་པ་ལ་ལྟོས་པའི་ཞུ་བ་དང་བདེ་བ། བུད་མེད་ལ་ལྟོས་པའི་དེ་གཉིས་ཏེ། ཞུ་བའི་གཉིས་དབུ་མའི་སྣ་རྩར་ཤོར་ལ། བདེ་བའི་གཉིས་མར་ཤོར་ན་ལྷན་སྐྱེས་འཆར་ཏེ། བདེ་བའི་ཐིག་ལེ་འཛག་མེད་དུ་མ་འཆིངས་ན་ཞུ་བའི་ཐིག་ལེ་གཉིས་པོ་དེ་དབུ་མ་ལས་གཞན་དུ་ལྷུང་བས་དགའ་བྲལ་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་ཐིག་ལེ་བཞི་ཡོད་པར་འདི་ཉིད་ལས། རེ་ཞིག་སྐྱེས་བུ་རྣམ་པ་གཉིས། །དེ་ཡི་ཁུ་བའང་བདེ་བ་ཉིད། །སྐྱེས་བུ་ཇི་བཞིན་ཤེས་རབ་ལའང་། །དེ་ཡི་ཁུ་བའང་བདེ་བ་ཉིད། །ཅེས་གསུངས་སོ། །དེ་ལྟ་བུའི་དོན་དམ་པའི་དབང་བཞི་ཡེ་ཤེས་དེ་ཡང་ལས་རྒྱ་ལས་དངོས་སུ་མ་བྱུང་སྟེ། དེ་ལས་སྐྱེས་པའི་བདེ་བ་སྟོང་པ་ཉིད་ཀྱིས་སྦྱོང་ཞིང་། སྟོང་པ་ཉིད་དེ་ཡང་གཞན་རྐྱེན་ལས་མ་ཡིན་ཏེ་སོ་སོ་རང་རིག་ལས་འབྱུང་བའི་ཕྱིར་རོ། །རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་དེ་ནི་ཕྱག་རྒྱ་ཆེན་མོ་ཡིན་ལ། འདི་དེ་ལས་འབྱུང་བའི་ཕྱིར། འདི་ལ་ཤེས་རབ་ཆེན་པོའི་ཡེ་ཤེས་ཞེས་བྱའོ། །ལས་རྒྱ་ལ་མ་བརྟེན་པར་ཡང་མ་ཡིན་པར་མ་བསྒོམས་པར་སངས་རྒྱ་བ་ལས་རྒྱ་ཞེས་གསུངས་སོ། །འགའ་ཞིག་གིས་ལྷན་སྐྱེས་གསུམ་པར་བཞག་པས་དགའ་བའི་གོ་རིམ་ལ་རྨོངས་པ་དང་། དབང་པོ་གཉིས་སྦྱོར་ལ་དོན་གྱི་ཡེ་ཤེས་འདོད་པས་འཁྲུལ་ལོ་ཞེས་སྨྲ་བ་ནི་རང་ཉིད་ཀྱིས་མ་གོ་བར་ཟད་ལ། དེ་དག་ཉིད་བཞི་པ་སྐྱོན་མེད་ཀྱི་ཡེ་ཤེས་གཉིས་སྦྱོར་གྱི་དགའ་བཞིའི་ཐ་མ་ལ་འདོད་ཀྱི་འདུག་པས་རང་ཉིད་ལ་རང་ཉིད་ཀྱི་བསླུ་བར་ཟད་དོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་ཕྱི་ཀུན་རྫོབ་ཀྱི་རྫུན་ཕུགས་རྡིབ་སྟེ་སྣང་བ་མེད་པའི་ཡེ་ཤེས་ལ་འཇུག་ལ། དེ་ནས་ཆུ་ལ་ཉ་འཕར་བ་ལྟར་རགས་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འཇའ་ཚོན་གྱི་དཔེས་མཚོན་པའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཤིན་ཏུ་ཕྲ་བའི་སྐུར་བསྒྱུར་ནས་སངས་རྒྱས་ཀྱིས་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ལ། འོན་ཀྱང་སྔ་མའི་ཁོག་པ་དེ་དོར་བས་ནི་མ་ཡིན་ཏེ་ཁམས་གསུམ་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས་སྔར་མ་རིག་པ་དེ་ནས་རིག་པའོ། །དེས་ན་འདི་ལ་སྒྱུ་ལུས་ནང་ལྡང་ཕྱི་ལྡང་ཞེས་པའི་ཐ་སྙད་ཀྱང་ཚུ་རོལ་མཐོང་བའི་བློའི་རི་མོར་བྲིས་པར་ཟད་དོ། །འདི་ཡང་དཔལ་དུས་ཀྱི་འཁོར་ལོའི་གྲུབ་པའི་དངུལ་ཆུས་འབར་བའི་ལྕགས་ལ་རེག་པའི་མོད་ལ་དེ་གསེར་དུ་བསྒྱུར་བ་དང་། སྦྲུལ་གྱི་མཆེ་བས་ཟིན་པའི་སྐད་ཅིག་ལ་ལུས་ཐམས་ཅད་དུག་གིས་ཁྱབ་པའི་ཟུག་རྔུ་འབྱུང་བའི་དཔེས་དང་། འདི་ཉིད་ལས་ཀྱང་། གཟོད་ནས་རང་བཞིན་མེད་པ་ཡི། །ལུས་ནི་རང་བཞིན་དག་པ་ཉིད། །ཅེས་པ་ལ་སོགས་པས་གསུངས་སོ། །ཡས་བརྟན་གྱི་ལྷན་སྐྱེས་དེ་ཙམ་ལ་གོམས་པས་ཀྱང་རགས་པའི་ལུས་དག་པའི་སྒྱུ་མར་སྦྱང་ནུས་པ་ནི་ཡོད་པས་འདིར་ས་བཞིར་བཤད་དེ། མོས་པས་སྤྱོད་པ་མཐའ་དག་ནི་དེ་ཁོ་ན་ཉིད་ལ་སྤྲིན་ཕག་གི་ཉི་མ་ལ་རྟོག་པ་ལྟ་བུ་ཡིན་པའི་ཕྱིར་སྤྲིན་ལྟ་བུ་དང་། མ་དག་ས་བདུན་ཉོན་མོངས་པའི་ཡིད་ཀྱིས་མ་དག་པས་གཉིས་སྣང་གི་ཞེན་པ་ཕྲ་མོས་བསླད་པའི་ཕྱིར་སྒྱུ་མ་ལྟ་བུ་དང་། དག་ས་ནས་ལྷན་ཅིག་སྐྱེས་པའི་གཉིད་ཀྱིས་ལོག་པས་ཆོས་ཐམས་ཅད་དེའི་ངང་དུ་འཆར་བའི་ཕྱིར་རྨི་ལམ་ལྟ་བུ་དང་། འབྲས་བུའི་ས་ནས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པ་སངས་རྒྱས་པ་བཞིའི་གནས་ལུགས་མངོན་དུ་གྱུར་བའི་ཕྱིར་གཉིད་སད་པ་ལྟ་བུར་གསུངས་སོ། །དེ་ལྟ་བུའི་དབང་བཞི་ལ་ཐུན་མོང་བའི་ཆོས་བཅུ་གསུམ་བཅུ་གསུམ། ཐུན་མོང་མ་ཡིན་པའི་ཆོས་དྲུག་དྲུག་ཏུ་ཡང་ཕྱེ་སྟེ་གསུངས་སོ།། །། ད་ནི་ལེའུ་བཅུ་གཅིག་པ་བཤད་པར་བྱ་སྟེ། མཉམ་པར་མ་རུངས་ཞེས་པ་ལ་སོགས་པའི་གཞུང་གིས་སོ། །དབང་རྫོགས་པར་ཐོབ་པ་དེས་འབྲས་བུ་ལས་ཚོགས་འགྲུབ་པར་སྟོན་པའི་ཕྱིར་རོ། །འདི་ཡང་གང་ལས་འཕྲོས་ན་མདོར་བསྟན་གྱི་ལྟ་སྟངས་དགུག་དང་ཞེས་པ་ལས་འཕྲོས། འཕྲོས་པའི་རྒྱུ་མཚན། ལྟ་སྟངས་དང་དགུག་པའི་ལས་དེར་གསུངས་པ་དེ་སྒྲུབ་པར་བྱེད་པའི་ཆོ་ག་འདི་ལས་བཤད་པའི་ཕྱིར་རོ། །འདི་ལ། གོང་དུ་བརྟག་པ་བཅུ་གཉིས་པས། །ཞེས་གསུངས་པའི་གོང་དུ་ནི་ལེའུ་གཉིས་པར་སྔགས་བསྟན་པས་སོ། །བརྟག་པ་བཅུ་གཉིས་ཞེས་པ་ནི་འབྱུང་འགྱུར་གྱི་བརྟག་པ་བཅུ་གཉིས་པ་ཡན་གྱི་ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་རྫོགས་པར་བསྟན་པས་སོ། །དེའི་ཕྱིར་འདི་ལ་བསྐྱེད་པའི་རིམ་དང་། ལྟ་སྟངས་བཞི་རླུང་བཞི་རེངས་པའི་གནས་བཞི་སྦྱར་བས་ལས་ཚོགས་དང་། དགུག་པ་དང་། ལྟ་སྟངས་ལ་སོགས་པ་རྫོགས་རིམ་སྟེ་མན་ངག་ཏུ་བཤད་པ་ལས་ཤེས་པར་བྱའོ། །དེའི་གྲོགས་ལ་འཕྲོས་ནས་དམ་ཚིག་གི་རིལ་བུ་བསྟན་ཏེ། འདིར་བཟའ་བའི་ཕྱིར་དུ་གསོད་པ་མེད་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པའི་གོ་ཀུ་སོགས་བཅོམ་ལྡན་འདས་ཀྱིས་བཟའ་བར་གསུངས་ལ། ནམ་མཁའ་ལ་སོགས་པ་ཡོན་ཏན་རེ་རེ་འཕེལ་བའི་དབྱེ་བས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རྣམས་བཙལ་པར་བྱ་སྟེ། དང་པོར་ཟླ་བ་དང་ཕྱིས་ཉི་མའམ་དང་པོར་ཉི་མ་དང་ཕྱིས་ཟླ་བ་འཛིན་པའི་དུས་དེའི་མར་ངོའི་ཚེས་གཅིག་ལ། བུ་མོ་ལོ་བཅུ་གཉིས་མའམ་བཅུ་དྲུག་མ། །ཁ་དོག་དཀར་བ་བུ་མ་སྐྱེས་པ་ལ་མཆོད་པ་བྱས་ཏེ་ལྷའི་དམིགས་པས་པདྨ་རྡོ་རྗེ་འདུ་བྱས། ཧཱུྃ་ཕཊ྄་ཀྱི་ཡི་གེ་བྱང་སེམས་སྤྲོ་བ་ན་འོག་ཏུ་པདྨའི་སྣོད་བཞག་ནས་དེར་བཞག་པར་བྱས། ཚེས་གཉིས་ལ་རོ་ལ་མཆོད་དེ་ཀླད་པ་ལེན། གསུམ་ལ་མི་མོ་དཀར་ཤམ་ལ་མཆོད་དེ་རྡུལ་བླང་། བཞི་ལ་རང་གི་དྲི་ཆུ། ལྔ་ལ་དྲི་ཆེན། དེ་ཡང་ཁུ་བ་མཱ་ཤ་ཀ་གཅིག རིམ་པ་བཞིན་གཉིས་གསུམ་བཞི་ལྔ། ནམ་མཁའ་རླུང་མེ་ཆུ་ས་རྣམས་ཀྱི་ཡོན་ཏན་འཕེལ་བའི་དབྱེ་བའོ། །དྲུག་པ་ལ་མི། བདུན་པ་རྟ། བརྒྱད་པ་གླང་པོ་ཆེ། དགུ་པ་ཁྱི། བཅུ་པར་བ་གླང་གི་རོ་མཆོད་དེ་མཱ་ཤ་ཀ་དྲུག་ཅུ་ལ་ཤ་ཆེན་ཆ་གཅིག་ནས། རིམ་པ་བཞིན་གཉིས་གསུམ་བཞི་ལྔའི་ཆའོ། །དེ་ལྟ་སྒྲོན་མ་ལྔ་དང་བདུད་རྩི་ལྔ་གཅིག་ཏུ་བྱས་ནས་མཱ་ཤ་ཀ་བདུན་ཅུ་རྩ་ལྔ་རྣམས་སོ། །དེ་ནས་དེ་རྣམས་སྦྲང་རྩི་ཆ་བཅོ་ལྔ་དང་མཉམ་དུ་བསྲེ། ཚེས་བཅུ་གཅིག་ལ་ཟས་མ་ཟོས་པར་སྦྲང་ཆང་ལ་སོགས་པའི་ཆང་བཏུང་ནས་སྐྱུགས་པ་ཐོད་པར་བླངས་ཏེ་བཅུ་པོ་དང་ལྷན་ཅིག་བཏག དེ་ནས་ཅེ་སྤྱང་གི་རྐྱལ་པ་བླངས་ནས་དེར་བཞག དེ་ཐོད་པ་ཁ་སྦྱར་དུ་བྱས་ཏེ་དེ་ཉིད་ཀྱི་མཚན་མོའི་དུས་ན་དུར་ཁྲོད་དུ་ཁྱེར་ཏེ། སྐྱེས་པ་དང་བུད་མེད་ཀྱི་རོ་ལྷན་ཅིག་མེ་ལ་བསྲེགས་པའི་འོག་ཏུ་ཁྲུ་གང་གྲུ་གསུམ་པ་བརྐོས་ཏེ། དྲི་དང་བདུག་པ་སོགས་ཀྱིས་མཆོད། ཨིནྡྲ་ལ་སོགས་པའི་སྔགས་ཀྱིས་གཏོར་མ་ཕུལ། དེ་མཆོད་དེ་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་མངོན་པར་བསྔགས་ལ་བསྐོས་པ་དེར་བཞག དུར་ཁྲོད་ཀྱི་ཐལ་བས་བཀང་སྟེ་སྟེང་དུ་རལ་གྲི་ཆེན་པོ་བཞག ཡུམ་གྱི་སྔགས་ཀྱིས་བསྲུང་ཞིང་ཁྱིམ་དུ་བཅུ་གཉིས་པ་ལ་ཁྲོ་བོའི་སྔགས་ཐུན་བཞིར། བཅུ་གསུམ་པ་ལ་རྩ་སྔགས། བཅུ་བཞི་པ་ལ་སྙིང་པོ་ལ་སོགས་པ་དང་སྦྲེལ་བས་སོ། །དེ་ནས་གནམ་སྟོང་ལ་ཉི་མ་གཟས་གཟུང་བ་དང་བླངས་ནས་མིའི་རྐང་མར་དང་བསྲེས་ལ་སྲན་ཆུང་གི་ཚད་ཙམ་པའི་རིལ་བུ་བྱ་ཞིང་རྫས་སྦྱང་བའི་སྔགས་འདི་བཟླའོ། །ཨོཾ་བཛྭ་ཀྲོ་དྷེ་ཤྭ་རི་སརྦ་དྲ་བྱ་ཎཱི་ཤོ་དྷ་ཡ་ཧཱུྃ་ཕཊ྄། དེ་ནས་བདུད་རྩི་ལྔ་ལ་སོགས་པའི་རིམ་པས་སྦྱང་བ་དང་རྟོགས་པ་དང་སྦར་བ་དང་བདུད་རྩིར་བྱ་བས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། རིལ་བུ་བདུད་རྩི་དང་ལྷན་ཅིག་སྦྱར་བ་དེ་བཟའ་བཏུང་ཐམས་ཅད་ལ་གཏོར་བས་དག་པར་འགྱུར་ཞིང་། ཁར་བཅུག་པས་ཁ་དག་པ་དང་ཚོགས་ཀྱི་འཁོར་ལོ་དང་བསྒོམ་པའི་དུས་སུ་ཡང་འགུག་པར་གྱུར་རོ། །ལྷག་པར་སྐྱེ་བ་བདུན་པའི་རིལ་བུ་བྱས་ཏེ་ཟོས་ན་མཁའ་སྤྱོད་འགྲུབ་པར་འགྱུར་ཏེ། ཉི་ཟླ་གནས་ཀྱི་བར་གྱི་རིག་འཛིན་ནོ། །འདིས་ནི་ངེས་པའི་དོན་དུ་རིགས་གསུམ་གྱི་བདག་ཉིད་དཔལ་འདུས་པར་ཐིག་ལེ་གསུམ་གྱི་དམ་ཚིག་གསུངས་པ་དང་། ཐིག་ལེ་བཞི་པའི་དམ་ཚིག་བསྟན་པ་ནི་རིགས་བཞི་པའི་བདག་ཉིད་ཅན་མཆོག་གི་དང་པོའི་སངས་རྒྱས་སུ་བཅོམ་ལྡན་འདས་ཀྱི་གསུངས་པ་དག་སྟེ། ནང་དུ་ལས་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྤྲུལ་པའི་སྐུ་ལ་སོགས་པ་བཞིའི་མཚན་ཉིད་ཅན་སད་པ་སོགས་གནས་སྐབས་བཞི་བསྐྱེད་པ་ཤེས་རབ་ཀྱི་ཆགས་པས་ཞུ་བར་གྱུར་པ་གསང་བ་དང་། ལྟེ་བ་དང་། སྙིང་ག་དང་། མགྲིན་པར་འཛག་པ་མེད་པར་འཆིངས་པའི་དེ་ཁོ་ན་ཉིད་ལ་གསུངས་སོ། །ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བ་སྡོམ་པ་ལས། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་བརྟག་པའི་རྒྱལ་པོ་དང་པོ་རྫོགས་སོ། ཞེས་པ། ཕྱི་དང་ནང་དང་གསང་བ་དང་ཁོ་ན་ཉིད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་འཁོར་ལོ་ཚོགས་པ་ནི་དྲ་བའོ། །དེའི་སྡོམ་པ་ནི་གཅིག་ཉིད་དེ། བདག་གི་གདན་ལ་སོགས་པ་ལ་ཧེ་བཛྭ་དང་ལྷན་ཅིག་འདུས་པ་ནི་མཁའ་འགྲོ་མའི་དྲ་བ་སྡོམ་པ་ཞེས་བྱའོ། །རྡོ་རྗེ་སྙིང་པོས་ཞུས་ཤིང་མངོན་པར་བྱང་ཆུབ་པའི་ལམ་རིམ་མཐའ་དག་བསྟན་པའི་ཕྱིར་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའོ། །བརྟག་པ་ནི་སོ་སོ་རང་རིག་པའི་ཡེ་ཤེས་སུ་ལམ་གྱི་རིམ་པ་དེ་དག་བརྟག་པ་ཞེས་པའི་དོན་ནོ། །བརྟག་པ་སུམ་ཅུ་རྩ་གཉིས་ཡོད་པའི་ཐོག་མ་ཡིན་པའི་ཕྱིར་དང་པོ་ཞེས་བྱའོ།། །། གསུམ་པ་ཤིན་ཏུ་རྒྱས་པར་བཤད་པ་ལ། རབ་གནས་ཀྱི་ལེའུ། དངོས་གྲུབ་གཏན་ལ་དབབ་པའི། རྒྱུད་ཐམས་ཅད་ཀྱི་གླེང་བཞི་དང་གསང་བའི་སྐད་ཀྱི། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི། ཀྱེའི་རྡོ་རྗེ་མངོན་པར་འབྱུང་བའི། བྲིས་སྐུའི་ཆོ་གའི། བཟའ་བའི། འདུལ་བའི། སྔགས་བཏུ་བའི། བཟླས་པའི། ལྷན་ཅིག་སྐྱེས་པའི་སྦྱོར་པའི་དོན་གྱི། སྒྱུ་མའི་བརྟག་པ་རྫོགས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་ལས། ལེའུ་དང་པོ་འདིས་གོང་ལེའུ་གསུམ་པ་དང་། བརྒྱད་པའི་བསྐྱེད་རིམ་བསྒོམ་པ་ལ་དམིགས་རྟེན་ཐང་སྐུ་དགོས་ལ། དེ་ལ་རབ་གནས་དགོས་པས་འདིས་ཁ་བསྐང་སྟེ་བཤད། དབང་བསྐུར་བའི་ལེའུ་སློབ་དཔོན་གྱི་མཚན་ཉིད་དང་། ས་བསླང་བ་མ་བཤད་པ་འདིས་བཤད། ལེའུ་གསུམ་པར་ནང་གསང་གི་མཆོད་པ་བྱུང་ཡང་ཕྱི་མཆོད་མ་བྱུང་བས་འདིར་བསྟན། ལེའུ་གཉིས་པར་ལས་ཚོགས་དང་དེ་སྦྱིན་སྲེག་གིས་གྲུབ་པའི་ཆོ་ག་མ་བསྟན་པ་འདིར་གསུངས་ལེའུ་དེ་དག་གི་ཁ་སྐོངས་སུ་ཤེས་པར་བྱའོ།། །། འདི་ནས་གསུངས་པའི་རབ་གནས་ལ་སྒྲ་འཇུག་པའི་རྒྱུ་མཚན། མངོན་པར་རྟོགས་པའི་ཆིངས་བཤད་པ་གཉིས་ལས། དང་པོ་ནི། པྲ་ཏིཥྛི་ན་ཞེས་པས་ཡུན་རིང་པོ་བརྟན་པོར་མི་འགྱུར་བར་གནས་པ་ཞེས་བྱའོ། །ཡང་པྲ་ཏིཥྛ་ན་ཞེས་རིང་པོར་དྲངས་ནས་རབ་བམ་མཆོག་གམ་བཟང་པོར་གནས་པ་ཞེས་བྱའོ།། །། གཉིས་པ་མངོན་པར་རྟོགས་པའི་ཆིངས་ནི། རབ་ཏུ་གནས་པར་བྱེད་པའི་སློབ་དཔོན། གནས་པར་བྱ་བའི་ཡུལ། གནས་པའི་དུས། གནས་པའི་གནས། རབ་གནས་དགོས་པའི་རྒྱུ་མཚན། རབ་ཏུ་གནས་པའི་ཆོ་ག་དྲུག་ལས། དང་པོ་ནི། རྡོ་རྗེ་སློབ་དཔོན་ཀྱང་མངོན་པར་ཤེས་པ་སོགས་ནུས་པ་ཐོབ་པ་ཡོད་ན་དེ་མཆོག གཞན་གསུམ་ལས་དགེ་སློང་མཆོག་གོ གནས་བྱ་ནི་ཚད་དང་ལྡན་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་སོགས་པའོ། །དུས་རུང་བ་ནི་ཟླ་བ་དྲུག་དང་། གཟའ་བཞི། སྐར་མ་བཅུ་གཉིས། ཚེས་གྲངས་བདུན་ནོ། །དགུན་དང་དཔྱིད་ཟླ་འབྲིང་པོ་ནི་ས་ཆོག་ཏུའོ། །གནས་པའི་གནས་ཞི་བ་དང་རྒྱས་པ་ལ་བསྔགས་པར་རོ། །རབ་ཏུ་གནས་པ་དགོས་པའི་རྒྱུ་མཚན་ནི། རབ་ཏུ་མ་གནས་ན་ལྷ་དེ་འདྲེ་ལ་སོགས་པས་བདག་ཏུ་འཛིན་པས་བཀྲ་མི་ཤིས་ཤིང་མཆོད་པར་མི་འོས་ཚོགས་མི་ཐོབ། རབ་ཏུ་གནས་ན་དེ་ལས་བཟློག་གོ །རབ་གནས་ཀྱི་ཆོ་ག་ལ་རྒྱས་འབྲིང་བསྡུས་གསུམ་ལས། རྒྱས་པ་ལ་སྟ་གོན་དང་། དངོས་གཞི་དང་། རྗེས་སུ། སྟ་གོན་ལ། རྡུལ་ཚོན་དང་འབྲེལ་བའི་ལས་ནི་སྔར་བཤད་པ་ལྟར་བྱའོ། །དེ་ལ་ཁྲུས་ཀྱི་བུམ་པ་དང་། སྦྱང་ཆས་མཆོད་པའི་རྫས་ལེགས་པར་བཤམས་པ། བདག་བསྐྱེད་བུམ་པ་བཟླས་པ། རྟེན་གྱི་བགེགས་སྦྱང་བ། མི་ཤིས་པ་སྦྱང་བ། སྡིག་པ་སྦྱང་བ། ཁྲུས་བྱ་བ། རྟེན་བསྐྱེད་པ་རྫུས་སྐྱེས་ལ་སོགས་པའི་བསྐྱེད་ཆོག་ཅི་རིགས་པས་སམ། བླ་མའི་ཕྱག་བཞེས་ལས་མངལ་སྐྱེས་སྦྱོང་བའི་ཆོ་གར་མཛད་དོ། །སྟོང་པ་བསྒོམ་པ། སྲུང་འཁོར། ཆོས་འབྱུང་། འབྱུང་བ་རིམ་བརྩེགས། གཞལ་ཡས་ཁང་། རྟེན་མངོན་བྱང་ལྔས་གཙོ་བོ་ཡབ་ཡུམ་བསྐྱེད། འཁོར་གྱི་ལྷ་མོ་བསྐྱེད། དྲི་ཟ་གཞུག གླུས་བསྐུལ། ཆོ་ག་གསུམ་གྱིས་འབྲས་བུའི་ཧེ་རུ་ཀར་བཞེངས། སྐྱེ་མཆེད་དྲུག་གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་སེམས་དཔའ་ཚད་ཅན་ལྷ་དགུ ཚད་མེད་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་འདྲེན། ཕྱི་འབྲང་གི་བགེགས་བསྐྲད། རྟེན་དགུག་གཞུག་བྱས། དབང་བསྐུར་མཆོད་བསྟོད། བདུད་རྩི་མྱང་། གཏོར་མ་གཏང་། སྙན་གསན་དབབ། མཆོད་བསྟོད། བསྡུས་པ་ཞིག་བྱས། བཟོད་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་མ་དམིགས་པར་བསྒོམ། རྟེན་དགབ་ཅིང་བསྲུང་བར་བྱའོ། །གཉིས་པ་དངོས་གཞི་ལ། གུར་ལེའུ་དགུ་པ་ནས། ཕྱིས་ཀྱང་སྦྱོར་བ་དེ་ཉིད་ཀྱིས། །ཐོ་རངས་བྱུགས་ཏེ་བྱིན་གྱིས་བརླབ། །ཅེས་གསུངས་པས། དཀྱིལ་འཁོར་བསྒྲུབས་ནས་རྟེན་སྦྱང་བ་གསུམ་དང་། བཀྲུ་བ། ཕྱི་བ། བརྒྱན་པ། གསོལ་བ་གདབ་པ། སེམས་བསྐྱེད་པ། སྟོང་པ། བསྲུང་འཁོར་ཆོས་འབྱུང་། འབྱུང་བ་རིམ་བརྩེགས། གཞལ་ཡས་ཁང་། རྟེན་ཡབ་ཡུམ་དུ་བསྐྱེད། རྡོར་པད་བྱིན་རླབས། འཁོར་བསྐྱེད། དྲི་ཟ་གཞུག་པ། གླུས་བསྐུལ། འབྲས་བུའི་ཧེ་རུ་ཀར་བཞེངས་པ། སྐྱེ་མཆེད་གནས་གསུམ་བྱིན་རླབས། ཡེ་ཤེས་ཚད་ཅན་ཚད་མེད་གཉིས། སྤྱན་དྲངས། ཕྱིར་འབྲང་བསྐྲད། རྟེན་ལ་གཞུག རིགས་ལྔ་བརཏལ་ཞུགས་དྲུག་གི་དབང་བསྐུར། བདུད་རྩི་མྱང་། མཆོད་བསྟོད། སྙིང་པོ་ཡིག་བརྒྱ། རྟེན་འབྲེལ་སྙིང་པོ་སོ་སོ་ལ་བརྒྱ་རྩ་བརྒྱད་ཟླས། དེ་ནས་སེ་གོལ་གཏོགས་ཏེ་རབ་གནས་ཀྱི་རྟེན་གང་ཡིན་པར་བསྒྱུར་རོ། །དེ་ཡང་། རྡོ་རྗེ་སེ་གོལ་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །སྤྱན་སོགས་དབྱེ་བ། བྱེ་བྲག་དང་སྤྱིའི་ཉེར་མཁོའི་མཆོད་བསྟོད། རབ་གནས་ཀྱི་སྔགས་ཀྱི་དང་། སྦྱིན་སྲེག་གི་དང་། ཚོགས་སམ་ཙ་རུའི་སྟོན་མོའི་མངའ་དབུལ་བརྟན་བཞུགས་སོ། །མཇུག་ལ་གཏོར་མ། ཆོས་སྐྱོང་བསྒོ་བ། དཀྱིལ་འཁོར་མཆོད་ཅིང་གསོལ་གདབ་བཟོད་པར་གསོལ་ཞིང་ལྷ་ལ་ཡོན་བདག་བསྒོ་བ། ཤིས་བརྗོད། རྟེན་མཆོད། བདེན་སྟོབས་བརྗོད་པ། དགའ་སྟོན་ཡོན་འབུལ། བསྔོ་བ་དང་ཤིས་བརྗོད་ལྷག་ཆད་བསྐང་སྟེ་ལས་རྗེས་བསྡུ་བའོ། །འབྲིང་པོ་ནི། སྟ་གོན་བཞག་སྟེ་དངོས་གཞི་ཁོ་ནའོ། །བསྡུས་པ་ནི། རྟེན་སྐད་ཅིག་གིས་ལྷར་བསྐྱེད། ཡེ་ཤེས་པ་བསྟིམ། མཆོད་བསྟོད། སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པའོ། །ངེས་པའི་དོན་གྱི་རབ་གནས་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པས་ཏེ། བིར་བ་པ་དང་། ནཱ་རོ་ཞབས་ལ་སོགས་པ་རྟོགས་ལྡན་རྣམས་ཀྱི་སྤྱོད་ཡུལ་ཏེ། དཔལ་བདེ་བ་རྟོགས་པ་ལས། རྣམ་པར་མི་རྟོག་རང་བཞིན་གྱིས། །གང་ཚེ་སེམས་ཉིད་རབ་འཇུག་ན། །དེ་ཚེ་ཡང་དག་སྐྱེས་པ་དེས། །རབ་ཏུ་གནས་ཞིང་ལྷ་རྣམས་མཆོད། །ཅེས་བྱ་བ་ལ་སོགས་པས་སོ། །འདི་ནས་བཤད་པའི་སྦྱིན་སྲེག་ལ་སྒྲ་དོན། མངོན་པར་རྟོགས་པའི་ཆིངས་བཤད་པ་ལ་གཉིས་ལས། དང་པོ་ནི། བྱེ་བྲག་རྟོགས་བྱེད་འབྲིང་པོར། ཨག་ནི་ཧེ་ཏྲཾ་ཛུ་ཧུ་ཡ་ཏ་ཅེས་ཀྱང་འབྱུང་སྟེ། ལྷ་འོ་ཅོག་ལ་མཆོད་སྦྱིན་བྱ་བའི་སྒོ་དང་ཁ་མེ་ཡིན་པས་ན། མེར་བསྲེག་པའི་མིང་དུ་ཡང་འདྲེན་ཏེ། སྦྱིན་སྲེག་ཅེས་བྱ་སྟེ་ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལ་ཕྱི་ནང་གསང་བའི་སྦྱིན་སྲེག་གསུམ་ལས། དང་པོ་ལ། ལས་གང་གི་སྦྱིན་སྲེག དགོས་པ་ཅིའི། ཆེད་དུ་བྱ་བ། བྱེད་པ་པོ་སུ། དུས་ནམ། གནས་ཕྱོགས་གར། ཐབ་ཀྱི་དབྱིབས་ཚད་མདོག་མཚན་མ། བུད་ཤིང་ཅི། ཐུན་མོང་མ་ཡིན་པའི་སྲེག་རྫས། དགང་བླུགས་གདན། ཁ་གར་བལྟ། འདུག་སྟངས། ཆས་གོས། བསམ་པ། མེ། སྤར་ཚུལ། དགང་བླུག་བཟུང་བའི་ཁུ་ཚུར། འབུལ་སའི་ལྷ། ཏིང་ངེ་འཛིན། འབུལ་བའི་སྔགས་ཀྱི་སྤེལ་ཚིག འདོད་གསོལ་གྱི་ཁྱད་པར་རྣམས་ཤེས་པས་ཆོ་ག་ལ་འཇུག་སྟེ། དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་ན་མདུན་བསྐྱེད་རྫོགས་པའི་མཐར། མ་འབྲེལ་ན་ནང་གི་རྣལ་འབྱོར་རྫོགས་ནས། མཆོད་པ་དང་སྲེག་རྫས་བྱིན་གྱིས་བརླབ། མེ་སྦར། རིགས་ཀྱི་སྙིང་པོ་བཟླས་པའི་དགང་བླུགས་འདུན་འབུལ། ཀུ་ཤ་དགྲམ། དེ་ནས་ཐབ་སྦྱངས་ནས་དམ་ཚིག་གི་མེ་ལྷ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ཤར་ལྷོར་བཞུགས་སུ་གསོལ། ཕྱི་འབྲང་བསྐྲད། ཆུ་བཞི་ཕུལ། དམ་ཚིག་པ་དང་བསྲེ། མཆོད་བསྟོད་དམ་བསྒྲགས། དགང་ཟླུགས་ཕུལ་ཏེ་མེ་པྲ་བརྟག སྲེག་རྫས་རྣམས་གོ་རིམ་བཞིན་དུ་ཕུལ། དེ་ནས་མེ་ལྷའི་ལྟོ་བར་གཞལ་ཡས་ཁང་གདན་དང་བཅས་པ་གསལ་གདབ། དེ་ནས་སློབ་མས་དཀྱིལ་འཁོར་རམ་ལྷའི་དྲུང་དུ་སོང་ལ། དཀྱིལ་འཁོར་དུ་བསྒྲུབ་པའི། རབ་ཏུ་གནས་བྱའི་ལྷ་སོ་སོའི་སྔགས་བརྗོད་ཅིང་། མེ་ཏོག་གིས་མཚོན་པའི་སྒོ་ནས་སྤྱན་དྲངས་ཏེ། མེ་ཏོག་སློབ་དཔོན་ལ་ཕུལ། སློབ་དཔོན་གྱིས་སྔགས་བརྗོད་ཅིང་མེ་ཏོག་དེ་དག་ཐབ་ཏུ་རིམ་པ་བཞིན་དོར་ལ། སོ་སོའི་གདན་ལ་ཞུགས་པར་བསྒོམ་མོ། །མ་འབྲེལ་ན་སྒྲུབ་ཐབས་བཞིན་གནས་གསུམ་བྱིན་གྱིས་བརླབ་པའི་བར་དུ་བྱ། མཆོད་བསྟོད། བདུད་རྩི་མྱང་བ་དང་། སྲེག་རྫས་རྣམས་ཕུལ། སླར་མཆོད་བསྟོད། བཟོད་གསོལ་ལྷག་ཆད་བསྐང་ནས་གཤེགས་སུ་གསོལ། སླར་མེ་ལྷ་ལ་སྔར་བཞིན་ཆུ་བཞི་འབུལ་བ་ནས། སྲེག་རྫས་ལྷག་མ་འབུལ། གཏོར་མ་སྦྱིན། འདོད་དོན་གསོལ། བཟོད་གསོལ། གཤེགས་སུ་གསོལ། ལས་དང་མཐུན་པའི་རྗེས་ཆོག་ལ་འཇུག་གོ །གཉིས་པ་ནང་གི་སྦྱིན་སྲེག་ལ། རྫས་དང་འབྲེལ་མ་འབྲེལ་གཉིས་ཀྱི། དང་པོ་ཁ་ཐབ་ཁུང་། ལག་པ་དགང་བླུགས། བཟའ་བཏུང་བདུད་རྩིའི་རང་བཞིན་སྲེག་རྫས་སུ་མོས། ལུས་ཀྱི་ལྷ་ཚིམ་པར་བྱེད་པ་སྟེ། ཚོགས་ཀྱི་འཁོར་ལོ་ཇི་ལྟར་རིགས་པ་ཆོ་ག་བཞིན་དུ་བྱས་པས་འགྲུབ་བོ། །གཉིས་པ་ནི། ཤེས་རབ་ཀྱི་ལྟེ་བའམ་བྷ་གའི་གནས་ཀྱི་དྷཱུ་ཏིའི་ཐབ་ཁུང་དུ་རོ་བརྐྱང་གི་དགང་བླུགས་སྦྱར་བ་ལས། རྗེས་སུ་ཆགས་པ་གཏུམ་མོའི་མེ་ལ་ཧཾ་ཡིག་གི་བདུད་རྩིའི་རྒྱུན་བླུགས་པས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་བདེ་བས་ཚིམ་པར་བྱེད་པའོ། །གསུམ་པ་གསང་བ་བླ་ན་མེད་པའི་སྦྱིན་སྲེག་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཀྱི་མེ་གདམས་ངག་ཇི་ལྟ་བར་མངོན་དུ་བྱས་པས་ཟག་པ་དང་བཅས་པའི་ཕུང་པོ་ཁམས་སོགས་སྲེག་པར་བྱེད་པའོ། །ལེའུ་གཉིས་པ་འདིས། ལེའུ་དྲུག་པར་སྤྱོད་པ་སྟོན་པའི། སྤྱོད་པ་དེས་ཟླ་བ་གསུམ་དང་ཞག་བདུན་ལ་སངས་རྒྱ་བར་བྱེད་པའི་ཐབས་སྟོན་པས་དངོས་གྲུབ་གྱི་དོན་གཏན་ལ་འབེབས་པ་ཞེས་བྱའོ།། །། ལེའུ་གསུམ་པ་འདིས་ངེས་པའི་ཤེས་པ་སྟེར་བ་སྟེ། བརྟག་པ་དང་པོའི་ལེའུ་བཅུ་གཅིག་ལས། ལེའུ་གཉིས་པ་དང་གསུམ་པ་དང་བཞི་པ་གསུམ་མ་གཏོགས་པ་ལྷག་མ་བརྒྱད་པོ་ཀུན་ལ་སྡོམ་པ་ལ་སོགས་པའི་ངེས་པ་སྟོན་པའམ་དེ་སྟེར་བའོ། །དེ་ཡང་། བརྟག་པ་དང་པོར་རྒྱས་པར་བཤད་པའི་དོན་དེ་བསྐྱར་ནས་བཤད་པས་ངེས་པ་སྟེར་བ་ཞེས་བྱའོ།། །། ལེའུ་བཞི་པ་འདིས་ཐེ་ཚོམ་སེལ་བ་སྟེ། བརྟག་པ་དང་པོའི་ལེའུ་དྲུག་པ་དང་བཞི་པ་དང་གཉིས་པ་དང་། དང་པོར་གླུ་གར་ལ་སོགས་པ་གཙོ་བོར་བྲིས་པ་བཞི་དང་། རྩ་ལ་བརྟེན་པའི་བྱང་ཆུབ་སེམས་ལ་སོགས་པ་ཞར་འབྱུང་དགུ་སྟེ་བཅུ་པོ་ཐམས་ཅད་ཀྱི་ཐེ་ཚོམ་སེལ་བས་སོ།། །། ལེའུ་ལྔ་པ་འདིས། ལེའུ་གསུམ་པར་ཧེ་རུ་ཀ་གསུམ་གྱི་བསྐྱེད་རིམ་བསྟན་ལ། ཕྱག་བཅུ་དྲུག་པའི་མ་བསྟན་པ་འདིར་བསྟན་པས་དེའི་ཁ་སྐོང་དང་། ལེའུ་གཉིས་པར་སྙིང་པོ་ཉེ་སྙིང་ས་བོན་གྱི་སྔགས་བསྟན་ཀྱང་རྩ་སྔགས་མ་བསྟན་པ་འདིར་བཤད་པ་དང་། ལེའུ་བཅུ་པར་བདག་མེད་མའི་དབང་བསྐུར་ཚུལ་བྱུང་ཡང་། ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་ཚུལ་བྱུང་བ་དེ་འདིར་གསུངས་པས་ལེའུ་གསུམ་གྱི་ཁ་སྐོང་ཡིན་ནོ།། །། ལེའུ་དྲུག་པ་འདིས་དང་པོའི་ལེའུ་གསུམ་པ་དང་། དྲུག་པ་དང་། བརྒྱད་པ་གསུམ་ན་རུས་པའི་རྒྱན་ཆ་ལྔ་བསྟན་ཀྱང་། རྒྱན་གྱི་དགོས་པ་མ་བསྟན་པ་འདིར་བསྟན་པས་དང་། ལེའུ་གསུམ་པར་དང་བརྒྱད་པ་གཉིས་ཀྱི་དམིགས་རྟེན་བྲིས་སྐུ་དགོས་པ་དེ་ཇི་ལྟར་བྲི་བའི་ཚུལ་མ་བསྟན་པ་འདིར་བསྟན་པས་དེ་དག་གི་ཁ་སྐོང་། ལེའུ་བདུན་པ་འདིས། གླེགས་བམ་བྲི་བ་རྗེས་སྤྱོད་ཀྱི་དམ་ཚིག་ཡིན་པས་སྟོན་དགོས་རྒྱུ་མ་བསྟན་པ་དེ་འདིར་བསྟན་པས་བརྟག་པ་དང་པོ་ཀུན་གྱི་ཁ་སྐོང་དང་། ཚོགས་ཀྱི་རྣམ་གཞག་ནི་ལེའུ་བདུན་པར་ཇི་ལྟར་བྱ་བ་མ་བསྟན་པ་དེ་འདིར་གསུངས་པས་དེའི་ཁ་སྐོང་། ལེའུ་བརྒྱད་པ་འདིས། དང་པོའི་ལེའུ་ལྔ་པ་བརྒྱད་པ་བཅུ་པ་ནས་ལས་རྒྱ་ལ་བརྟེན་པའི་དབང་དང་ལམ་བཤད་ཀྱང་། ཕྱག་རྒྱའི་མཚན་ཉིད་མ་བསྟན་པ་འདིར་བསྟན་པས་དང་། ལེའུ་གསུམ་པ་ལྔ་པ་བརྒྱད་པ་ནས་བསྐྱེད་རྫོགས་བསྒོམ་པ་བསྟན་ཀྱང་ཐུན་མཚམས་ཀྱི་སྨོན་ལམ་མ་བསྟན་པ་འདིར་བསྟན་པས་དང་། ལམ་དེ་དག་ལ་མི་མོས་པ་གང་ཟག་རིམ་གྱིས་འདུལ་བར་བསྟན་པས་དེ་དག་གི་ཁ་སྐོང་ངོ་།། །། ལེའུ་དགུ་པ་འདིས་ལེའུ་གཉིས་པར་མཁའ་སྤྱོད་མའི་སྒོ་ནས་བསད་པའི་ལས་བསྟན་ལ་བསད་པའི་ལས་ཀྱི་གཙོ་བོ་ཁ་སྦྱོར་དབྱེ་བ་མ་བསྟན་པ་འདིར་བསྟན་པས་དང་། ངེས་པའི་དོན་དུ་ཁ་སྦྱོར་ནི། མ་ལུས་རྒྱུད་རྣམས་དེ་ལས་བྱུང་། །ཁ་སྦྱོར་སྒྲ་ཡི་གླེང་གཞི་ཉིད། །རྡོ་རྗེ་སེམས་དཔར་མངོན་པར་བརྗོད། །ཅེས་གསུངས་པ་སྟེ་སྔར་གླེང་གཞིར་བཤད་པ་ཉིད་དོ། །ལེའུ་གསུམ་པར་བསྟན་པའི་བསྐྱེད་རིམ་གྱི་རྣམ་པར་དག་པ་དང་མ་བསྟན་པ་འདིར་བསྟན་པས་དང་། ལེའུ་གཉིས་པར་སྔགས་བསྟན་པ་དེ་དག་པར་བྱེད་པའི་ཡན་ལག་གི་བཏུ་བ་དེར་མ་བསྟན་པ་འདིར་བཤད་པས་དེ་གསུམ་གྱི་ཁ་སྐོང་ངོ་།། །། ལེའུ་བཅུ་པ་འདིས། ལེའུ་གཉིས་པ་དེར་ལས་རྫོགས་བསྟན་ལ། ལས་གང་ལ་འཕྲེང་བ་དང་ཁ་ཟས་གང་ཤིས་པ་མ་བསྟན་པ་དེ་འདིར་བསྟན་པས་དེའི་ཁ་སྐོང་། ལེའུ་བཅུ་གཅིག་པ་འདིས། ལེའུ་ལྔ་པ་དང་། བཅུ་པ་ནས་རིགས་ལྔའི་དབྱེ་བ་བསྟན་ལ། རིགས་ལྔའི་རིགས་ཅན་གྱི་མཚན་མ་དཔག་རྒྱུ་མ་བསྟན་པ་དེ་འདིར་བསྟན་པས་དང་། ལེའུ་ལྔ་པ་དང་བརྒྱད་པ་བཅུ་པ་གསུམ་ནས་ལས་རྒྱ་དང་སྙོམས་འཇུག་བསྟན་ཀྱང་། རྩ་འཚོལ་པའི་འདུག་སྟངས་མ་བསྟན་པ་འདིར་བསྟན་པས་དེ་རྣམས་ཀྱི་ཁ་སྐོང་ངོ་།། །། ལེའུ་བཅུ་གཉིས་པ་འདིར། ལེའུ་བཅུ་པ་དབང་བཞི་བསྟན་ཀྱང་། དེ་བཞི་སྟེར་བའི་རྗེས་གནང་གི་ཚིགས་སུ་བཅད་པ་མ་བསྟན་པ་འདིར་བསྟན་པས་དང་། ལེའུ་གསུམ་པའི་བསྐྱེད་རིམ། ལྔ་པ་དང་བརྒྱད་པའི་འོག་སྒོའི་ལམ། བཅུ་པའི་དབང་གོང་མ་གཉིས་ལ་རྡོ་རྗེ་པདྨ་བྱིན་རླབས་དགོས་པ་དེར་མ་བསྟན་པ་འདིར་བསྟན་པས་དང་། ལེའུ་གཉིས་པར། ཡི་གེ་གསུམ་གྱི་གནས་གསུམ་བྱིན་གྱིས་བརླབ་ཅེས་པས་སྤྱིར་བསྟན་ཀྱང་། གནས་དང་ཡི་གེ་སྦྱར་ནས་མ་གསུངས་པ་འདིར་གསུངས་པས་དེ་རྣམས་ཀྱི་ཁ་སྐོང་ཡིན་ནོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་རིམ་མཐའ་དག་བསྟན་པའི་ཕྱིར་སྒྱུ་མའི་བརྟག་པ་ཞེས་བྱའོ། །དེ་ཡང་། རྔོག་སྟོན་ཆེན་པོས། དེ་ལྟར་མ་ཚང་བ་ཁ་སྐོང་བ་དང་། དངོས་གྲུབ་གཏན་ལ་དབབ་པ་དང་། ངེས་པ་སྟེར་བ་དང་། ཐེ་ཚོམ་སེལ་བས་ཏེ་བཞིར་བསྡུས་ནས་བརྟག་པ་དང་པོར་གདབ་བོ། །དེ་ཡང་ལེའུ་དང་པོར་མདོར་བསྟན་པ། །གཉིས་པ་མན་ཆད་རྒྱས་བཤད་དུ་བྱས་ནས། རྡོ་རྗེ་རིགས་ཀྱི་ལེའུ་བཏབ་བོ། །དེ་ལ་གཞི་དང་། རང་བཞིན་དང་། འབྲས་བུའི་རྒྱུད་ལས་ཕྱེ་བའི་བསྡུས་དོན་སུམ་ཅུ་སོ་ལྔ་ཁོ་ན་བསྡུས་སོ། །ཞེས་གསུངས་པས། མདོར་ན་བརྟག་པ་ཕྱི་མའི་ལེའུ་བཅུ་གཉིས་པོ་ཐམས་ཅད་དོན་བསྡེབས་རྣམ་པ་བཞིར་འདུས་ཏེ། བརྟག་པ་ཕྱི་མའི་ལེའུ་དང་པོ་དང་། ལྔ་པ་མན་ལེའུ་བརྒྱད་དེ་ལེའུ་དགུས་བརྟག་པ་དང་པོའི་མ་ཚང་བ་ཁ་སྐོང་། ལེའུ་གཉིས་པ་དངོས་གྲུབ་ཀྱི་གཏན་ལ་འབེབས། གསུམ་པ་ངེས་པའི་ཤེས་པ་སྟེར། བཞི་པས་ཐེ་ཚོམ་སེལ་བའོ། །དེ་ལས་རྒྱས་པར། བརྟག་པ་ལྷག་མ་སུམ་ཅུས་བཤད་པ་དང་། དེ་ལས་ཀྱང་རྒྱས་པར་རྩ་བའི་རྒྱུད་རྒྱས་པ་ལ་སོགས་པ་བདུན་དུ་དབྱེ་བ་རྣམས་ཀྱི་དང་། དེ་ལས་ཀྱང་རྒྱས་པར་རྒྱུད་སྡེ་ཐམས་ཅད་དང་། མདོ་དང་རིག་པའི་གནས་ལྔ་ལ་སོགས་པ་ཤེས་པར་བྱ་བའི་ཆོས་ཐམས་ཅད་ཀྱིས་སོ། །ཕལ་ཆེར་ཚུར་མཐོང་སྨྱུ་གུ་ཡིས། །རྒྱུད་དོན་ཡི་གེ་ཉིད་དུ་བྲིས། །བྱིས་པ་དེ་དག་དགའ་བས་བསྟོད། །དེ་ཡང་གྲུབ་པའི་སྙིང་རྗེའི་རྒྱུ། །སྦྱངས་པའི་གར་གྱི་མཁན་པོ་ཡང་། །སྤྱི་དོན་འཁྱོག་པོའི་ཉམས་ཞེན་པས། །བནྟུ་ཤ་ཀའི་གར་སྟབས་བཞིན། །མཆོག་གཟིགས་མདུན་སར་བཞད་གད་རྒྱུ། །རྗེ་བཙུན་ཞལ་རྒྱུན་ཟླ་བའི་ཆུས། །སྙིང་གི་གདུང་བ་མ་བྲལ་བའི། །སྒྲུབ་རློམ་དེ་ཡང་སྦས་བཤད་ཀྱི། །མྱ་ངམ་ཐང་དུ་རྨོངས་པས་འཁྱམས། །བསོད་ནམས་ཚོང་ཟོང་གིས་ཉོས་པས། །མཐར་ཐུག་བཤད་པའི་ཚུལ་ཐོབ་པའི། །དཔལ་ལྡན་པདྨ་དཀར་པོ་དེ། །ཨེ་མ་སྐལ་བཟང་ལས་སྐལ་བཟང་། །ཞེས་དཔལ་བརྟག་པ་གཉིས་པའི་རྒྱུད་ཀྱི་སྤྱི་དོན་གྲུབ་པའི་ཡིད་འཕྲོག་ཅེས་བྱ་བ་འདི་ཡང་། རྗེ་བཙུན་མར་པ་ཉིད་ཀྱི་ཞབས་སེན་གྱི་ནོར་བུ་གཙུག་ཏུ་མཆོད་པ་ཐོབ་པའི་དགེ་སློང་པདྨ་དཀར་པོས། གཙང་རྒྱལ་བྱེད་ཚལ་གྱི་སྔགས་གྲྭ་བ་རྣམས་ཀྱི་ཡི་དམ་དུ་སྦྱར་བ་དར་ཞིང་རྒྱས་པར་གྱུར་ཅིག། །།


previousདཔལ་ཀྱེའི་རྡོ་རྗེའི་སྤྱི་དོན་གྲུབ་པའི་ཡིད་འཕྲོག།next