Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྱུ་མ་ཆེན་མོ་མཧཱ་མཱ་ཡཱའི་ལམ་རིམ་སྐལ་བཟང་འདོད་འཇོ།
   


 
previousསྒྱུ་མ་ཆེན་མོ་མཧཱ་མཱ་ཡཱའི་ལམ་རིམ་སྐལ་བཟང་འདོད་འཇོ།next

སྒྱུ་མ་ཆེན་མོ་མཧཱ་མཱ་ཡཱའི་ལམ་རིམ་སྐལ་བཟང་འདོད་འཇོ།

སྒྱུ་མ་ཆེན་མོ་མཧཱ་མཱ་ཡཱའི་ལམ་རིམ་སྐལ་བཟང་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །གང་གི་ངག་ནི་གྲུབ་དབང་བྱེ་བ་བརྒྱས། །གཙུག་ཏུ་ཡིད་བཞིན་ནོར་བུ་ལྟར་བཀུར་བའི། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ར་ལུང་པ། །བཀའ་དྲིན་དྲན་པས་བདག་ཡིད་རོལ་པར་མཛོད། །རྣམ་བཅས་ཤེས་རབ་མ་མས་འཁྱུད་པ་སྙིང་རྗེའི་ཡབ་གཅིག་པུ། །སྒྱུ་མ་ཆེན་པོ་ཧེ་རུ་ཀ་དཔལ་ཞལ་གྱི་ཟླ་བ་ནི། །དམན་ཟབ་མཐར་ཐུག་མྱོང་བའི་ཕྱེ་མས་ཀུན་རྟོག་རྙོག་བསལ་བའི། །སེམས་ཀྱི་རྫིང་བུ་གཙང་མ་དག་ཏུ་འཆར་བ་དེ་ལ་འདུད། །དྲེགས་ལྡན་མུ་སྟེགས་ཡིད་ཀྱི་ཁེངས་པའི་དགྲ། །སྒྲ་ཚད་རལ་གྲིའི་མཐུ་ལྡན་དཔའ་བོ་གང་། །འདོད་ཡོན་རྨི་ལམ་ཡུལ་ལྟར་སྤྱོད་ཞུགས་ཚེ། །ཀུ་ཀུ་རི་བདག་མཛད་དེར་ཕྱག་འཚལ་ལོ། །མཚུངས་པ་མེད་པའི་རྒྱུད་སྡེའི་སྲོལ་འབྱེད་དུ། །མཁས་དབང་མདུན་སར་གྲགས་པའི་རྔོག་སྟོན་ནི། །ཆོས་ཀྱི་བློ་གྲོས་ཞལ་སྐྱིན་གདོང་ལྔ་པའི། །ཤིང་རྟ་ཆེན་པོ་བདུན་ལ་ཕྱག་འཚལ་ལོ། །ཟླ་བ་དྲུག་གིས་རྡོ་རྗེའི་སར་འཛེག་པའི། །ལམ་ནི་མན་ངག་རིན་ཆེན་ཐེམ་སྐས་འདི། །དེ་ཕྱིར་སྐལ་བས་འདིར་བགྲོད་དེ་འདོད་འབྲས། །སློང་བས་དཔག་བསམ་ཤིང་ལ་བཏུད་བཞིན་འབྱུང་། །འདིར་རྒྱུད་སྡེ་གཉན་པོ་ཐམས་ཅད་ཀྱི་ངེས་པའི་ཚིག རྡོ་རྗེ་མཁའ་འགྲོ་མ་གསང་བའི་དབང་ཕྱུག་མ་རྣམས་ཀྱི་མཆོག་ཏུ་གསང་བའི་གནས། སྒྱུ་མ་ཆེན་པོ་མཧཱ་མཱ་ཡཱའི་ལམ་རིམ། ཟླ་བ་དྲུག་ལ་རྡོ་རྗེ་འཆང་དུ་བསྒྱུར་བ་གསེར་འགྱུར་གྱི་རྩི་ལྟ་བུའི་མན་ངག སྒྱུ་མ་གསུམ་གྱིས་འཁྱུད་པ་རྣལ་འབྱོར་གསུམ་གྱི་གདམས་པ་འདི་བཤད་པ་ལ་གསུམ་སྟེ། སྣང་བ་སྒྱུ་མའི་ཉམས་ལེན། རྨི་ལམ་སྒྱུ་མའི་ཉམས་ལེན། བར་དོ་སྒྱུ་མའི་ཉམས་ལེན་ནོ། །དང་པོ་ལ། སྔོན་དུ་འགྲོ་བ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ནི། སྨིན་བྱེད་ཀྱི་དབང་ཐོབ་ཅིང་། ཟླ་བ་དྲུག་ལ་མཆོག་གི་དངོས་གྲུབ་དོན་དུ་གཉེར་བ་དག་གིས་དུར་ཁྲོད་དམ་དབེན་པའི་གནས་ཡིད་དགའ་བར་སོང་སྟེ། གྲོགས་དམ་ཚིག་དང་ལྡན་པས་རྣལ་འབྱོར་གྱི་ཡོ་བྱད་ཚོགས་པར་བྱས་ལ་སྟན་བདེ་བ་ལ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་བཞག སྒལ་ཚིགས་དྲང་པོར་བསྲང་། མིག་སྣ་རྩེར་དབབ། ལྕེ་རྐན་ལ་སྦྱར། མགྲིན་པ་ཅུང་ཟད་གུག་པ་སྟེ་བསམ་གཏན་གྱི་ཆོས་དྲུག་འདིས་ལུས་སྦྱང་བ་དང་། སྨྲ་བ་བཅད་པས་ངག་སྦྱང་བ་དང་། འཇིག་རྟེན་གྱི་བྱ་བས་མ་གཡེངས་པས་ཡིད་སྦྱང་བ་སྟེ། སྦྱང་བ་རྣམ་པ་གསུམ་ལ་བསླབས་ཏེ། ཐོ་རངས་ཕྱོགས་བཞིའི་མཁའ་འགྲོ་མ་བཞིས་རྡོ་རྗེའི་གླུས་བསྐུལ་བར་བསམས་ནས་བདག་ཉིད་ཧེ་རུ་ཀ་རྫུས་སྐྱེས་སུ་ལངས། མདུན་དུ་ལྷ་ལྔའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བཏབ་པ་ལ་དབང་བསྐུར་བར་གསོལ་བ་བཏབ་པས་ལྷ་མོ་རྣམས་ཀྱིས་བུམ་པ་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱི་དབང་བསྐུར་བར་བསམས་ནས་དངོས་སུ་ཁྲུས་བྱའོ། །ཡང་ན་རྡོར་སེམས་ཡབ་ཡུམ་ལ་དམིགས་ནས་སོ། །གཉིས་པ་དངོས་གཞི་ལ། དམན་པ་དབྱིབས་ཀྱི་རྣལ་འབྱོར། ཟབ་པ་སྔགས་ཀྱི་རྣལ་འབྱོར། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་གསུམ་ལས་དང་པོ་ལ། སྤྲུལ་པ་དབྱིབས་ཀྱི་རྣལ་འབྱོར་དང་། རང་བཞིན་དབྱིབས་ཀྱི་རྣལ་འབྱོར་གཉིས་ལས། དང་པོ་ནི། ཁང་བུ་འདོམ་གང་ལས་མི་ཆུང་བ་ཤར་ལྷོ་ནུབ་གསུམ་དུ་སྒེའུ་ཁུང་ཆེ་ཆུང་རན་པར་གཏོད་པའི་ནང་ཞལ་བ་ལེགས་པར་བྱས་ལ་ཕྱོགས་དང་མཐུན་པའི་རྩི་བཀྱེ། དེར་ལྷ་བཟོ་དམ་ཚིག་དང་ལྡན་པས་བཞེངས་ཤིང་རབ་ཏུ་གནས་པ་བྱས་པའི་བྲིས་སྐུ་ཁྲུ་གང་ཙམ་པ་སྔ་དྲོ་ཁ་ནུབ་ཏུ་ཕྱོགས་པས་ཤར་དུ་བཀྲམ། རལ་གྲིའམ་མེ་ལོང་ལ་བུག་པའི་ཉི་མ་ཕོག་པའི་འོད་དེ་ལ་འོང་བར་བྱས་ཏེ་རང་ཉིད་དེའི་མདུན་ནས་མིག་མ་སྦྲིད་རིང་ཐད་ཀ་ལ་བལྟའོ། །དེ་བཞིན་དུ། ཉིན་གུང་ལྷོ་དང་ཕྱི་དྲོ་ནུབ་ཏུའོ། །དེ་ལྟར་བྱས་པས་དེ་ལ་སེམས་ཟིན་པར་འགྱུར་རོ། །ཡང་ན་ཐང་སྐུ་ལ་དར་གྱིས་བཀབ་ནས་དབུ་ཡན་ཙམ་དང་མཐར་ཐམས་ཅད་བལྟ་བར་བསླབས་སོ། །སེམས་ཟིན་ནས་ཕྱིའི་བྲིས་སྐུ་ཇི་ལྟ་བར་རང་གི་ལུས་བསྒོམ། དེ་ཡང་། དང་པོར་སྐུ་མདོག་དང་དབྱིབས་དང་ཕྱག་མཚན་དང་། རྒྱན་དང་། གདན་དང་། ཉམས་དང་། འོད་ཀྱི་དཀྱིལ་འཁོར་ལ་བསླབ་ཅིང་། དེ་ལ་གསལ་ན་གནས་པ་བརྟན་པར་བྱ་བའི་ཕྱིར་ཆུང་བ་ཡུངས་འབྲུ་ཙམ་དང་། ཆེ་བ་རི་རབ་ཙམ་ལའོ། །བརྟན་པ་དེ་ལ་བོགས་འབྱིན་པའི་ཕྱིར། འཁོར་དང་གཞལ་ཡས་ཁང་དང་བཅས་པ་བསྒོམ། བརྟན་པའི་ཚད་ཐ་མལ་པའི་སྣང་བ་ནུབ་ནས་གང་བསྒོམས་པ་དེ་ཁོ་ནའི་སྣང་བ་འབྱུང་བ་སྟེ། དེ་ནས་བསྐྱེད་པའི་རིམ་པ་རྒྱས་པའི་གཞུང་ཇི་ལྟ་བ་བསྒོམ་པ་ལ་སློབ་ཅིང་། དེ་ལ་སྤྲོས་བྲལ་གྱིས་རྒྱས་བཏབ་ཀྱིན་བསྐྱངས་ནས་མཐར་ཕྱིན་པའི་ཚེ་སྤྱོད་པ་རྣམས་རིམ་པར་བྱས་པས་ཚེ་འདི་ཉིད་ལ་མཆོག་ཐོབ་ཅིང་ཐུན་མོང་ཞར་ལ་འབྱུང་བ་ཡིན་ནོ། །གཉིས་པ་རང་བཞིན་དབྱིངས་ཀྱི་རྣལ་འབྱོར་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སྨོན་པའི་བློ་སྔོན་དུ་བཏང་ནས་འཇུག་པའི་སེམས་འདི་ལྟར་བསྒོམ་སྟེ། ཨོཾ་སྭ་བྷཱ་ཝའི་སྔགས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བྱས་པའི་ངང་ལས་རཾ་ལས་ཆོས་འབྱུང་མཚམས་སྤྲིན་གྱི་དུམ་བུ་ཆད་པ་ལྟ་བུ་གྲུ་གསུམ་པའི་ནང་དུ་མ་ལས་ཉིན་མོར་བྱེད་པའི་གདན་ལ་ཧཱུྃ་ཡིག་དཀར་པོ་ལས་འོད་འཕྲོས་པའི་འོད་ཀྱིས་སངས་རྒྱས་མཆོད། སེམས་ཅན་སྨིན་པར་བྱས། སླར་འདུས་པ་ཧཱུྃ་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་ཟླ་བ་ཆུ་ཤེལ་གྱི་སྙིང་པོ་ལྟ་བུ་ཞལ་གཅིག་ཞི་བའི་བཞིན་རས་བལྟ་བས་ངོམས་པ་མེད་པ། རྡོ་རྗེ་དང་དྲིལ་བུ་བསྣམས་པའི་ཕྱག་གིས་རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། རིན་པོ་ཆེའི་རྒྱན་ཐམས་ཅད་དང་དར་གྱི་ན་བཟའ་ཅན་འོད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་མཚན་དཔེའི་དཔལ་གྱིས་ལྷམ་མེར་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཇི་སྲིད་རེག་མཐོང་གི་མཚན་མ་རྙེད་པར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ལྟ་བུའི་དབྱིབས་ཀྱི་རྣལ་འབྱོར་གང་ཡང་རུང་བ་གཅིག་བསྒོམས་པས་ཆོག་གི་གཉིས་ཀ་དགོས་པ་ནི་མ་ཡིན་ནོ། །དེ་ནི་དབྱིབས་གཟུགས་ལ་དམིགས་པ་ལམ་དུ་བྱེད་པའི་ཕྱིར་དབྱིབས་ཀྱི་རྣལ་འབྱོར་ཞེས་བྱའོ། །གཉིས་པ་ཟབ་པ་སྔགས་ཀྱི་རྣལ་འབྱོར་ལ། སྟེང་སྒོ་རྣམ་པར་གྲོལ་བ་ལ་བརྟེན་པ་དང་། འོག་སྒོ་བདེ་བ་ཆེན་པོ་ལ་བརྟེན་པའོ། །དང་པོ་ལ། འཁོར་ལོ་སྔགས་ཀྱི་རྣལ་འབྱོར། ཕྲ་མོ་སྔགས་ཀྱི་རྣལ་འབྱོར། ཐིག་ལེ་སྔགས་ཀྱི་རྣལ་འབྱོར་རོ། །དང་པོ་ལ། འཁོར་ལོ་གཅིག་ལ་བརྟེན་པ། གཉིས་ལ་བརྟེན་པ། བཞི་ལ་བརྟེན་པ་གསུམ་ལས། དང་པོ་ནི། རང་ཉིད་དབྱིབས་ཀྱི་རྣལ་འབྱོར་དང་ལྡན་པའི་ལྟེ་བར་འཁོར་ལོ་འདབ་མ་རེ་བཞི་ལ། ཨོཾ་ཨ་ཨཱ་ནས་ཀྵའི་བར་གྱི་སྟེང་དུ། རྀ་རཱྀ། ལྀ་ལཱྀ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ་བསྣན་པ་བཀོད། ལྟེ་བར་ཨཾ་བསམས་ལ་སེམས་མ་ཟིན་རིང་བསྒོམ་པར་བྱའོ། །དེ་ནས་སེམས་ཟིན་པ་བརྟན་པར་བྱ་བའི་ཕྱིར། སྟེང་རླུང་མནན་ཏེ་ལྟེ་བར་བཟུང་བས་ཨཾ་ལས་མེ་འབར་བར་བསམ་མོ། །དེ་ནས་བོགས་དབྱུང་བའི་ཕྱིར། ལྟེ་བ་ནས་འབར་བའི་མེས་སྤྱི་བོའི་བྱང་སེམས་བཞུ་བ་ཨཾ་ལ་ཐིམ་པས་མི་རྟོག་པ་སྐྱེས་པར་བསམ་ཞིང་དབང་གསུམ་པའི་ཉམས་མྱོང་དྲན་པར་བྱའོ། །དེ་ལྟར་ཡང་དང་ཡང་བསྒོམས་པས་རྟགས་ལྔ་དང་ཡོན་ཏན་བརྒྱད་ལ་སོགས་པ་འབྱུང་ངོ་། །དེ་ནས་སྤྱོད་པ་རྣམས་རིམ་པར་བྱས་པས་ཚེ་འདི་ཉིད་ལ་འཚང་རྒྱའོ། །ཡང་ན། རང་ཧེ་རུ་ཀར་བསྒོམས་པའི་ལྟེ་འོག་རྩ་མདུད་གྲུ་གསུམ་པའི་ནང་དུ་ཨ་ཤད་བསམས་ལ་རྣམ་པར་རྟོག་པ་ཐམས་ཅད་བཟློག་ལ་རླུང་སེམས་བཟུང་སྟེ་ཨ་ཐུང་ཁོ་ན་ལ་དམིགས་པར་བྱའོ། །གཉིས་པ་འཁོར་ལོ་གཉིས་ལ་བརྟེན་པ་ནི། །ལེའུ་དང་པོར། ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། །ཞེས་སོགས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་འཁོར་ལོ་གཉིས་ལ་བརྟེན་པ་དངོས་སུ་བསྟན་ལ། བཞི་དང་གཅིག་ལ་བརྟེན་པ་ཤུགས་ལ་སྟོན་ནོ། །རང་ཉིད་ལྷར་གསལ་བའི་ལུས་ཀྱི་དབུས་སུ་ཨ་ཝ་དྷཱུ་ཏཱི་སྤྱི་བོ་ནས་ལྟེ་འོག་ཏུ་སླེབ་པ། གཡས་གཡོན་དུ་རོ་རྐྱང་སྤྱི་བོ་ནས་སྣ་སྒོར་ཟུག་ཅིང་མར་སྣ་སུམ་མདོ་ནས་དྷཱུ་ཏཱིར་ཚུད་པ། སྤྱི་བོར་རྩ་འདབ་སུམ་ཅུ་རྩ་གཉིས་ལ་ཨཱ་ལི་བཅུ་དྲུག་གཡས་སྐོར་དང་གཡོན་སྐོར་དང་ལྟེ་བ་ལ་ས་ཆུ་རང་བཞིན་ཧཾ་བདུད་རྩི་འཛག་ལ་ཁད་པ་རྣམས་མགོ་ཐུར་དུ་བསྟན་པ་བསམ། རཱ་ས་ནའི་ནང་དུ་ཀཱ་ལི་དམར་པོ་མགོ་ཐུར་དུ་བལྟ་བ་རླུང་གི་བ་ཐག་འོད་ཀྱི་སྐུད་པ་ལྟ་བུ་ལ་བརྒྱུད་པ་དང་། ལ་ལཱ་ནའི་ནང་དུ་ཨཱ་ལི་མགོ་གྱེན་བསྟན་རླུང་གི་བ་ཐག་ལ་བརྒྱུས་པས་གང་བ་དང་། ལྟེ་བར་རྩ་ཡིག་སྔར་བཞིན་རྩ་མདུད་ཆོས་འབྱུང་ལྟ་བུའི་ནང་དུ་ཨཾ་མེ་རླུང་གི་རང་བཞིན་གསལ་བཏབ་པ་ལ་སེམས་འཛིན། ཟིན་ནས་བརྟན་པར་བྱེད་པ་ནི། སྟེང་རླུང་གྲང་བ་ཅན་མར་མནན་འོག་རླུང་ཚ་བ་ཅན་ཡར་དྲངས་པས་ལྟེ་བར་ཚ་གྲང་གཉིས་འཐབ་པས་ཨཾ་ལས་མེ་འབར་བར་བསྒོམ་མོ། །དེ་ནས་བོགས་དབྱུང་བའི་ཕྱིར། ལྟེ་བའི་ཨཾ་ལས་མེ་ཤིན་ཏུ་ཕྲ་ཞིང་དྲག་པ་ཚ་བ་དྷཱུ་ཏཱི་ནས་ཡར་སོང་། སྤྱི་བོའི་ཧཾ་ལ་རེག་པས་ཧཾ་ལས་བྱང་སེམས་རྟ་རྔ་ཙམ་འབབ་ཅིང་ཨ་ལ་ཐིམ་པར་བསམ་མོ། །དེ་ལྟར་བསྒོམས་པས་རྟགས་འབྱུང་བ་སོགས་ནི་སྔར་དང་འདྲའོ། །གསུམ་པ་འཁོར་ལོ་བཞི་ལ་བརྟེན་པ་ནི། འཁོར་ལོ་གཉིས་སྔ་མ་དང་མཐུན་ལ། སྙིང་གར་འཁོར་ལོ་འདབ་མ་བརྒྱད་ལ་ཨ། ཀ ཙ། ཊ། ཏ། པ། ཡ། ཤ་བརྒྱད། ལྟེ་བར་ཧཱུྃ། མགྲིན་པར་འཁོར་ལོ་འདབ་མ་བཅུ་དྲུག་ལ་ཨཱ་ལི་བཅུ་དྲུག ལྟེ་བར་ཨོཾ། དེ་ལྟར་སེམས་མ་ཟིན་གྱི་བར་དུ་བསྒོམ། དེ་ནས་བརྟན་པར་བྱ་བའི་ཕྱིར། སྟེང་རླུང་མནན། འོག་རླུང་འཐེན་པས་ལྟེ་བར་འདུས་ཏེ། ཨཾ་ལས་མེ་རེག་བྱ་ཚ་བ། ཁ་དོག་དམར་བ་འབར་བས་ལྟེ་བའི་ཡིག་འབྲུ་བསྲེགས་ནས། གཡས་ར་སཱ་ནའི་རྩའི་ནང་དུ་སོང་ནས་སྙིང་གའི་ཡིག་འབྲུ་བསྲེགས་ནས་མགྲིན་པ་དང་། སྤྱི་བོའི་ཡང་བསྲེགས་ཏེ་མེ་སྣ་བུག་གཡས་ནས་སོང་། ཕྱོགས་བཅུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཤངས་སྒོ་གཡོན་ནས་ཞུགས་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་ལེ་བཀུག་སྟེ་ཤངས་གཡས་ནས་འཐོན། བདག་ཉིད་ཀྱི་སྣ་བུག་གཡོན་ནས་ཞུགས་ཏེ་སྤྱི་བོའི་ཧཾ་གི་སྟེང་དུ་དཀར་སྲིལ་ལེ་གནས་པར་བསྒོམ་མོ། དེ་ཉིད་གཡོན་གྱི་ལ་ལཱ་ནའི་ནང་ནས་སྐར་མདའི་ཚུལ་གྱིས་ལྟེ་བའི་ཨཾ་ལ་ཐིམ་པར་བསམ། དེ་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་ལ་བསིལ་བ་བདེ་བ་དང་ལྡན་པ་དེས་སྤྱི་བོའི་ཧཾ་ལ་ལན་གསུམ་བསྐོར་བ་བྱས་ནས་ཧཾ་ལ་ཐིམ་པས་སྤྱི་བོའི་ཡིག་འབྲུ་གསོས། དེ་ནས་ཧཾ་ལས་བྱང་སེམས་ཀྱི་ཐིག་ལེ་ཉུངས་འབྲུ་ཙམ་དཀར་ཁྲོལ་ཁྲོལ་བབས་པས་མགྲིན་པའི་ཨོཾ་ལ་ཐིམ། ཡིག་འབྲུ་རྣམས་གསོས། སྙིང་གའི་ཧཱུྃ་ལ་ཐིམ། ཡིག་འབྲུ་གསོས། དེ་ནས་ལྟེ་བའི་ཨཾ་ལས། གཏུམ་མོའི་མེ་དམར་ལ་ཚ་བ་སྟོང་ཉིད་ཀྱི་དོན་དང་ལྡན་པ་འབར་བ་ལ་ཐིམ་པས་ལྟེ་བའི་ཡིག་འབྲུ་གསོས། མི་རྟོག་པ་སྐྱེས་པར་བསམ་མོ། །དེ་ལ་བོགས་དབྱུང་བའི་ཕྱིར་བྱང་སེམས་ཀྱི་ཐིག་ལེ་དེ་ཨཾ་ལས་འཐོན་ནས་ཨཾ་གྱི་སྟེང་ན་གནས་པར་བསམས་པས་དགའ་བའི་ཡེ་ཤེས་སྐྱེ། སྙིང་གའི་ཧཱུྃ་ལས་འཐོན་ཏེ་དེའི་སྟེང་དུ་གནས་པར་བསམས་པས་མཆོག་དགའ། མགྲིན་པའི་ཨོཾ་གྱི་སྟེང་ན་གནས་པས་ཁྱད་དགའ། སྤྱི་བོའི་ཧཾ་གྱི་ཐོག་ཏུ་གནས་པར་བསྒོམས་པས་ལྷན་ཅིག་སྐྱེས་པའི་དགའ་བ་རྒྱུད་ལ་འཆར། དེ་ལ་རྟགས་བྱུང་བ་ནས་སྤྱོད་པའི་བར་སྔར་དང་འདྲའོ། །ཡང་ན་ལྟེ་བའི་རྩ་འདབ་ཀྱི་རྩ་བ་བརྒྱད་ལ་ཨ ཀ ཙ ཊ ཏ པ ཡ ཤ གཡས་སྐོར། དབུས་སུ་ཨཾ། སྙིང་གའི་ལྟེ་བར་ཧཱུྃ། ཕྱོགས་བཞིར་བྷྲཱུྃ་ཨཾ་སྲཱིཿཁཾ་གཡས་སྐོར། མཚམས་བཞིར་ལཾ་མཾ་པཾ་ཏཾ་གཡས་སྐོར། མགྲིན་པའི་ལྟེ་བར་ཨོཾ། འདབ་མའི་རྩ་བ་བརྒྱད་ལ་ཨཱ་ལི་ཐུང་ངུ་བརྒྱད། སྤྱི་བོའི་ལྟེ་བར་ཧཾ། འདབ་མའི་རྩ་བ་བརྒྱད་ལ་ཨཱ་ལི་རིང་པོ་བརྒྱད། རོ་རྐྱང་གཉིས་སྔར་བཞིན་ཡི་གེས་གང་། རྣམ་པར་རྟོག་པ་ཐམས་ཅད་བཀག་ལ་རླུང་ཁ་སྦྱོར་དུ་བཟུང་བས། ལྟེ་བའི་ཨཾ་ལས་མེ་འབར་ཧཱུྃ་དང་ཨོཾ་རིམ་པ་བཞིན་ཕུག་ཧཾ་བསྲོས་པས་དེ་ལས་བྱང་སེམས་འཛགས་པ་ཡི་གེ་གཉིས་ཀྱི་བུ་ག་ནས་མར་སོང་། ཨཾ་ལ་ཐིམ་པར་བསམ་མོ། །དེ་ལྟར་འཁོར་ལོ་སྔགས་ཀྱི་རྣལ་འབྱོར་འདི་ལ་ལུས་གནས་སྔགས་ཀྱི་རྣལ་འབྱོར་ཞེས་ཀྱང་བྱའོ། །གཉིས་པ་ཕྲ་མོ་སྔགས་ཀྱི་རྣལ་འབྱོར་ལ། རླུང་རྒྱ་ཡན་ལ་བསླབ་པ། བགྲང་ཞིང་བརྩི་བ་ལ་བསླབ་པ། རླུང་བུམ་པ་ཅན་བཙན་ཐབས་ལ་བསླབ་པ། ཁ་དོག་དང་དབྱིབས་ལ་བསླབ་པ་བཞི་ལས། དང་པོ་ནི། ལེའུ་གཉིས་པར། འབྲས་བུ་རབ་ཏུ་སྟེར་བའི་ཞེས་སོགས་ཀྱི་དོན། རང་ཧེ་རུ་ཀའི་ང་རྒྱལ་གྱིས་རླུང་ཅུང་ཟད་མནན། དལ་བུས་ཕྱིར་འགྲོ་བ་ཨོཾ་གྱི་བདག་ཉིད། དལ་བུས་འཇུག་པ་ཧཱུྃ། ནང་དུ་མི་བདེ་བ་མེད་ཙམ་དུ་གནས་པ་ཨཱཿའི་བདག་ཉིད་ཡིན་པར་ཤེས་པས་ཁ་དོག་དང་དབྱིབས་ལ་མི་དམིགས་པར་འབྱུང་འཇུག་གནས་པ་རང་ལ་སེམས་འཛིན་ནོ། །བརྟན་པར་བྱེད་པ་ནི། འབད་རྩོལ་མེད་པས་རླུང་གང་ནས་འོངས། མགྱོགས་བུལ། གང་དུ་སླེབས། གང་ནས་སྟོངས། གང་དུ་གནས་བལྟ་ཞིང་འབྱུང་འཇུག་གནས་པ་གསུམ་བདེ་བར་བསྒོམ་མོ། །དེ་ནས་བོགས་འབྱིན་པ། འབྱུང་བའི་ཚེ་སྣང་བ་ཐམས་ཅད་བདེ་བར་བསྒོམ། འཇུག་པའི་ཚེ་རང་སེམས་གནས་པའི་དུས་རང་གཞན་གཉིས་སུ་མེད་པ་བདེ་བར་བསྒོམ་མོ། །གཉིས་པ་རླུང་བགྲང་ཞིང་བརྩི་བ་ལ་བསླབ་པ་ནི། ཡི་གེ་གསུམ་གྱི་རང་བཞིན་འབྱུང་འཇུག་གནས་པ་གསུམ་གཅིག་ཏུ་བརྩིས་ནས་ཆད་པ་དང་ལྷག་པ་དང་། འདྲེས་པའི་སྐྱོན་སྤངས་ལ་ཐུན་ཆུང་བར་བརྩིའོ། །བརྟན་པར་བྱེད་པ་ནི། རླུང་སེམས་རྗེས་སུ་འགྲོ་བ་ངེས་ནས་ཐུན་ཇེ་ཆེར་བཏང་ངོ་། །བོགས་འབྱིན་པ་ནི། དེ་ནས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་བརྩིས་པས་ཉམས་སྐྱེ་སྟེ། དེ་ནས་སྤྱོད་པ་སོགས་འདྲའོ། །གསུམ་པ་བུམ་པ་ཅན་བཙན་ཐབས་ལ་བསླབ་པ་ལ། རླུང་བཙན་ཐབས་ལ་བསླབ་པ་དང་། དགག་པའི་སྦྱོར་བ་ལ་བསླབ་པའོ། །དང་པོ་ནི། ལེའུ་གཉིས་པར། མིག་གཉིས་དང་ནི་རྣ་བ་དང་། །ཞེས་སོགས་ཀྱི་དོན། ཧེ་རུ་ཀའི་ང་རྒྱལ་གྱིས་དང་པོར་རླུང་ལན་བཅུ་ཙམ་ཕྱིར་དབྱུང་། དེ་ནས་ནང་དུ་བཅུག་ལ་མཐེ་བོང་གཉིས་ཀྱིས་རྣ་བ་གཉིས། གུང་མོ་གཉིས་ཀྱིས་སྣ་གཉིས། མཛུབ་མོ་གཉིས་ཀྱིས་མིག་གཉིས། སྲིན་ལག་མཐེའུ་ཆུང་བཞིས་ཁ། བྱིན་པས་གཅི་བའི་སྒོ། རྟིང་པ་གཉིས་ཀྱིས་བཤང་སྒོ་བཀག་ལ། རླུང་ཐུབ་ཚད་བཟུང་། དམིགས་པ་སྨིན་མཚམས་སུ་རླུང་སེམས་འདྲེས་པའི་ཐིག་ལེ་དཀར་པོ་འོད་ཟེར་ཁ་དོག་ལྔས་བསྐོར་བ་ལ་ཤེས་པ་གཏད། མ་ཐུབ་ན་དལ་བུས་བསྲིས་ལ་བཏང་། དེ་ནས་དབུགས་སོར་ཚུད་ཙམ་ན་སྔ་མ་ལྟར་བྱ་སྟེ། དེ་ལྟ་བུ་ཉི་ཤུ་རྩ་གཅིག་ཙམ་བྱའོ། །བརྟན་པར་བྱེད་པ་ནི། ཐིག་ལེ་འོད་ཟེར་ལྔ་འཕྲོ་བ་དེ་ཉིད་བདེ་བའི་རང་བཞིན་དུ་བསྒོམས་ནས་ཡུན་ཇི་རིང་བསྲིང་ངོ་། །བོགས་དབྱུང་བ་ནི། ཐིག་ལེ་བདེ་སྟོང་དབྱེར་མེད་དུ་བསམས་ནས་ཇི་ཙམ་ཐུབ་པ་བསྒོམས་ཏེ་དེས་གཏུམ་མོ་རང་ཤུགས་ལ་འབར་ནས་བདེ་བ་སྐྱེའོ། །གཉིས་པ་དགག་པའི་སྦྱོར་བ་ལ་བསླབ་པ་ནི། རང་ཧེ་རུ་ཀའི་ང་རྒྱལ་གྱིས་རླུང་སྣ་ནས་ཕྱིར་ལན་བཅུ་ཙམ་འབུད་པ་དབྱུང་བ་ཞེས་བྱའོ། །དེ་ནས་ནང་དུ་བརྔུབས་ནས་ལུས་བཀང་བ་གཞུག་པའོ། །དེ་ནས་འོག་གི་རླུང་འཐེན་ཏེ་འོག་གི་རླུང་ཚ་གྲང་འཐབ་པར་མོས་པས་བདེ་དྲོད་སྐྱེས་པས་སྡུག་བསྔལ་ཞི་བར་བྱེད་པ་ཞི་བའོ། །རླུང་སྣ་ནས་མི་གཏོང་བར་ཁ་ནས་ཕར་བཏང་བ་ལན་བཅུ་གཉིས་ཙམ་དུ་གྲངས་བགྲང་བ་སྟེ། དེ་ལྟར་རྩོལ་བ་རབ་ཀྱིས་བུམ་ཅན་རབ། འབྲིང་གིས་འབྲིང་། ཐ་མས་ཐ་མ་བཀག་སྟེ་ཡང་ཡང་དུ་བསླབ་པས་གཏུམ་མོ་རང་ཤུགས་ལ་འབར་ཏེ་བདེ་དྲོད་སྐྱེའོ། །དེ་ནི་ལེའུ་གཉིས་པ་ལས། སྲོག་དང་རྩོལ་བ་རབ་བསྡམས་ཏེ། །ཞེས་སོགས་ཀྱི་དོན་ནོ། །བཞི་པ་ཁ་དོག་དང་དབྱིབས་ལ་བསླབ་པ་ནི། རང་ལྷའི་ང་རྒྱལ་གྱིས་སྤྱི་བོར་རླུང་གི་དཀྱིལ་འཁོར་སྔོན་པོའི་སྟེང་དུ་རླུང་སེམས་འདྲེས་པའི་ཐིག་ལེ་དཀར་ལ་འཚེར་བ། དེ་ལས་བ་ཐག་བྱུང་སྟེ་མགྲིན་པར་མེ་རླུང་གི་དཀྱིལ་འཁོར་དམར་པོ། སྙིང་གར་ཆུ་ཀླུང་གི་དཀྱིལ་འཁོར་དཀར་པོ། ལྟེ་བར་ས་རླུང་གི་དཀྱིལ་འཁོར་སེར་པོའི་དབུས་ན་མར་བྱུང་སྟེ་རྡོ་རྗེའི་བུམ་པ་ཚུན་དཀར་བྲེང་ངེ་གནས་པར་རླུང་སེམས་བཟུང་ངོ་། །བརྟན་པར་བྱེད་པ་ནི། རླུང་སེམས་འདྲེས་པའི་བ་ཐག་མས་ཡར་རིམ་བཞིན་འདུས་ཏེ་སྤྱི་བོའི་ཐིག་ལེ་ལ་ཐིམ་པས་དེ་ཉིད་བདེ་བའི་རང་བཞིན་དུ་བསྒོམས་ལ། འོག་རླུང་སྟེང་དུ་དལ་བུས་བསྐུལ་ལོ། །བོགས་འབྱིན་པ་ནི། སྤྱི་བོའི་ཐིག་ལེ་ཉིད་སྐར་མདའི་ཚུལ་དུ་རྡོ་རྗེ་ནོར་བུའི་བུམ་ནང་དུ་སོང་ཞིང་དེར་གནས་པས་བདེ་སྟོང་དབྱེར་མེད་དང་ལྡན་པར་བསམས་ཏེ་ཕྱིར་རྒྱུ་བ་བསྟུངས་ཏེ་ནང་དུ་ཡུན་རིང་བར་དྲངས་ནས་སྟེང་རླུང་གནོན་ནོ། །དེ་ལྟར་བསྒོམས་ལ་དྲོད་རྟགས་རྙེད་ན་སྤྱོད་པ་ལ་སྦྱར་རོ། །དེ་ལྟ་བུའི་ཕྲ་མོ་སྔགས་ཀྱི་རྣལ་འབྱོར་འདི་ལ་རླུང་ལས་སྔགས་ཀྱི་རྣལ་འབྱོར་ཞེས་ཀྱང་བྱའོ། །གསུམ་པ་ཐིག་ལེ་སྔགས་ཀྱི་རྣལ་འབྱོར་ལ། སྟེང་གི་སྣ་རྩེར་བསྒོམ་པ། འོག་གི་སྣ་རྩེར་བསྒོམ་པ། ལུས་ཀྱི་དབུས་སུ་བསྒོམ་པ་གསུམ་ལས། དང་པོ་ནི། ལེའུ་དང་པོར། བཟང་པོའི་ཡི་གེའི་འཕྲེང་བ་རྣམས། །གང་ཞིག་བསམས་པ་ཙམ་གྱིས་ནི། །ཞེས་པའི་དོན། རང་ལྷའི་ང་རྒྱལ་གྱིས་གནས་པའི་སྣའི་རྩེ་མོར། ཐིག་ལེ་དཀར་ལ་འཚེར་བ་བྱིའུ་ཐིང་རིལ་གྱི་སྒོ་ང་ཙམ་ཞིག་བསྒོམ། བརྟན་པར་བྱེད་པ་ནི། ཐིག་ལེ་དེ་ཆུང་ངུར་སོང་ནས་མུ་ཏིག་གི་རྡོག་པོ་འབྲིང་ཙམ་ལ་སེམས་བཟུང་། བོགས་འབྱིན་པ་ནི། ཐིག་ལེ་དེ་ཡུངས་འབྲུ་ཙམ་སྣང་ལ་རང་བཞིན་མེད་པ་ལ། ཨཱ་ལི་ཀཱ་ལི་ལྔ་བཅུ་བ་ཐག་གིས་བརྒྱུས་པས་བསྐོར་བ་མེ་ལོང་ལ་གཟུགས་བརྙན་བཞིན་སྣང་བར་བསྒོམ་མོ། །གཉིས་པ་འོག་གི་སྣ་རྩེར་བསྒོམ་པ་ནི། ལེའུ་དང་པོར། ལྟེ་བའི་དབུས་གནས་དཔའ་བོ་སྟེ། །ཞེས་སོགས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱི་དོན། རང་ལྷར་གསལ་བའི་གསང་བའི་རྡོ་རྗེ་བུམ་པའི་ནང་དུ་རྩ་བནྡྷུ་ཀ་ཞེས་བྱ་བ། པདྨ་དམར་པོ་འདབ་མ་བཞི་པའི་རྣམ་པ་ཁ་བྱེ་བ་ལུས་ཀྱི་ནང་དུ་གདོང་ཕྱོགས་པ་ཡོད་པ་དེ་གསལ་བར་བསམས་ལ། དེའི་ལྟེ་བར་ཉི་ཟླ་གའུ་ཁ་སྦྱར་སྲན་མ་ཆུང་ངུ་ཙམ་ཟླ་བ་ལུས་ཀྱི་ནང་ངོས་ན་ཡོད་པ་དེ་གཉིས་ཀྱི་བར་དུ་བྱང་སེམས་ཀྱི་ཐིག་ལེ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་ངོ་བོར་གྱུར་པ་བསམ་མོ། །བརྟན་པར་བྱེད་པ་ནི། དེ་ནས་རླུང་ཕྱིར་འགྲོ་བའི་ཚེ་ཐིག་ལེ་ལས་འོད་ཟེར་རླུང་གི་ངོ་བོ་ཨོཾ་གྱི་རང་བཞིན་བྱུང་བས་ཟླ་བ་ཕུག་ནས་ལུས་ཀྱི་ནང་ནས་ཡར་སྤྱི་བོ་ཐུག་སོང་། དེ་ནས་འཇུག་པ་ཧཱུྃ་གི་རང་བཞིན་འོད་ཟེར་སྤྱི་བོ་ནས་སླར་ལོག་སྟེ་ཟླ་བའི་བུ་ག་ནས་ཐིག་ལེ་ལ་ཞུགས་པ། ནང་དུ་གནས་པ་ཨཱཿའི་རང་བཞིན་འོད་ཟེར་ཐིག་ལེ་ལ་ཐིམ་པར་བསམས་ལ་རླུང་སེམས་བཟུང་ངོ་། བོགས་འབྱིན་པ་ནི། དེ་ལྟར་བསྒོམས་པས་བདེ་བ་སྐྱེས་པ་དང་། དེ་ཡང་རང་བཞིན་མེད་པར་བསྒོམས་པས་བདེ་སྟོང་དབྱེར་མེད་ཀྱི་རྟོགས་པ་འབྱུང་ངོ་། །གསུམ་པ་ལུས་ཀྱི་དབུས་སུ་བསྒོམ་པ་ལ། ལུས་ཀྱི་དབུས་སྙིང་གར་བསྒོམ་པ་དང་། ལུས་ཀྱི་དབུས་ཨ་ཝཱ་དྷཱུ་ཏཱིར་བསྒོམ་པ་གཉིས་ཀྱི། དང་པོ་ནི་ལུགས་གསུམ་སྟེ། དང་པོ། ལེའུ་གཉིས་པར། རྣལ་འབྱོར་གཉིད་དང་ཡང་དག་ལྡན། །གོང་བུར་སོང་བའི་ཡིད་དེ་ཡིས། །གཟུགས་གཅིག་ཉིད་དུ་བསྒོམ་པར་བྱེད། །ཅེས་པ་ལུས་ཀྱི་དབུས་སུ་བསྒོམ་པ་མཐའ་དག་བསྟན་ཏེ། དེ་ལ་རང་ཉིད་ལྷར་གསལ་བའི་སྙིང་གར་པདྨ་དམར་པོ་འདབ་མ་བཞི་པ་ཁ་བྱེ་བའི་ནང་དུ་མེ་རླུང་གི་ངོ་བོ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ས་ཆུའི་རང་བཞིན་ཟླ་བའི་དཀྱིལ་འཁོར། གཉིས་ཀའང་སྲན་མ་ཕྱེད་ཕྱེད་ཙམ་པ་ཁ་སྦྱར་བའི་ནང་དུ་ཐིག་ལེ་དཀར་པོ་ཡུངས་ཀར་ཙམ་ཉི་ཟླ་ལ་མ་རེག་པ། འོད་ཀྱི་སྐུད་པ་བ་ཐག་ལྟ་བུ་ལ་བརྒྱུས་པའི་ཨཱ་ལི་བཅུ་དྲུག་ཀཱ་ལི་སོ་བཞིའི་འཕྲེང་བ་ཉི་ཟླ་ཐིག་ལེ་གང་ལ་ཡང་མ་རེག་པར་ཐིག་ལེ་ལ་གཡས་སྐོར་དུ་ཚར་ཕྱེད་དང་བདུན་སྦྲུལ་འཁྱིལ་བ་ལྟ་བུར་བསྐོར་བ་བསམས་ཏེ་སེམས་འཛིན་ནོ། །བརྟན་པར་བྱེད་པ་ནི། འཕྲེང་བའི་མགོའི་ཨ་ལས་ཏོག་ཅེས་པའི་སྒྲ་བྱུང་བས་སྟེང་གི་ཟླ་བ་ཕུག་སྟེ་དེའི་བུ་ག་ནས་ཡར་རླུང་གི་ངོ་བོའི་སྔགས་འཕྲེང་། ཕྱིར་འགྲོ་བ་ཨོཾ་གྱི་སྒྲའི་རང་བཞིན་གྱིས་བྱུང་སྟེ་སྣ་སྒོ་གཡས་ནས་ཕར་སོང་། ནང་དུ་འཇུག་པ་ཧཱུྃ་གི་སྒྲའི་རང་བཞིན་སྣ་སྒོ་གཡོན་པ་ནས་ཞུགས་པ། གནས་པ་ཨཱཿའི་སྒྲའི་རང་བཞིན་ཐིག་ལེ་ལ་གཡོན་སྐོར་དུ་ལན་ཕྱེད་དང་བདུན་དུ་བསྐོར་བར་བསམ་མོ། །མ་ནུས་ན་སྔ་མ་ལྟར་འགྲོ་འོང་གནས་པ་གསུམ་དུ་བྱས་ལ་ཡང་ཡང་བསྒོམ་མོ། །བོགས་འབྱིན་པ་ནི། སྔགས་འཕྲེང་ཐིག་ལེ་ལ་ཐིམ་པར་མོས་པས་བདེ་གསལ་མི་རྟོག་པ་སྐྱེའོ། །དེ་ལྟར་རྒྱུན་ཏུ་བྱས་པས་རྟགས་ལྔ་ལ་སོགས་པ་འབྱུང་ཞིང་བདེ་བ་ཆེན་པོ་སྐྱེའོ། །དེ་ནས་ཆོས་ཀྱི་རྣལ་འབྱོར་བསྒོམ་མོ། །ལུགས་གཉིས་པ་ནི། རང་ལྷར་གསལ་བའི་སྙིང་གར་པདྨ་འདབ་མ་བརྒྱད་ལ་སྡེ་ཚན་གྱི་ཡི་གེ་བརྒྱད། དེའི་ལྟེ་བའི་པད་འདབ་བཞི་ལ། ཚད་མེད་བཞིའི་ངོ་བོ་ཐིག་ལེ་བཞི། དེའི་ལྟེ་བར་ཉི་ཟླའི་ཐེག་ལེ་གསལ་བཏབ་པ་མན་སྔར་བཞིན་ནོ། །ལུགས་གསུམ་པ་ནི། རང་ལྷར་གསལ་བའི་སྙིང་གར་པདྨ་དམར་པོ་འདབ་མ་བཞི་འབྱུང་བ་བཞིའི་རང་བཞིན་ཅན་དེ་ལ་ཚད་མེད་བཞིའི་ངོ་བོ་ཐིག་ལེ་བཞི་ལྟེ་བར་ཉི་ཟླ་གའུ་ཁ་སྦྱར་སྲན་མ་ཙམ་གྱི་ནང་དུ་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ཞིག་བསམས། བརྟན་པར་བྱེད་པ་ནི། རླུང་ཕྱིར་འགྲོ་བ་ཨོཾ་གྱི་རང་བཞིན་གྱི་དུས་ཐིག་ལེ་ལས་ཧཱུྃ་གཅིག་འབུར་གྱི་འཐོན། ཟླ་བ་ཕུག་སྟེ་དེའི་སྟེང་དུ་བྱུང་། ཧཱུྃ་དེ་ལས་བྱང་སེམས་ཀྱི་བ་ཐག་བྱུང་ནས་ཉི་ཟླ་ལ་རྒྱ་གྲམ་དུ་དཀྲིས་པ་ཐག་གི་སྣ་དང་ཧཱུྃ་འབྲེལ་བར་བསམ། འཇུག་པ་ཧཱུྃ་གི་དུས་ཧཱུྃ་དེ་ཟླ་བའི་བུ་ག་ནས་ཞུགས། གནས་པ་ཨཱཿའི་དུས་ཧཱུྃ་ཐིག་ལེ་ལ་ཐིམ། དེ་ལྟ་བུ་ལན་བདུན་གྱི་བར་དུ་བྱའོ། །བོགས་འབྱིན་པ་ནི། ཟླ་བའི་བུ་ག་ནས་དབྱིངས་ཀྱི་ཐིག་ལེ་ལ་བལྟས་པས་ཐིག་ལེ་ལ་ཧཱུྃ་དེ་འབུར་ཙམ་འབུར་ཙམ་མཐོང་བ་ལ་བརྟེན་དབང་གསུམ་པའི་ཉམས་དྲན་པར་བྱས་ཏེ་བསྒོམས་ན་མཚན་མ་ལྔ་ལ་སོགས་པ་འབྱུང་ངོ་། །གཉིས་པ་ལུས་ཀྱི་དབུས་ཨ་ཝཱ་དྷཱུ་ཏཱིར་བསྒོམ་པ་ལ། ལུས་སྦྱང་བ་དང་། བདེ་བ་སྦྱང་བ་དང་། མ་ནིང་གི་བཟླས་པ་བྱ་བའོ། །དང་པོ་ནི། རང་ལྷར་གསལ་བའི་སྤྱི་བོ་ནས་གསང་བའི་བར་གྱི་ལུས་ཀྱི་དབུས་སུ་ཨ་ཝཱ་དྷཱུ་ཏཱི་མདའ་སྨྱུག་ཙམ་ལྗང་ཁུ་གསལ་བའི་གསང་བའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ། ལྟེ་བར་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ཕྱོགས་བཞིར་བུམ་པ་བཞིས་མཚན་པ། སྙིང་གར་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་བཞིར་སྣ་ཚོགས་རྡོ་རྗེས་མཚན་པ། སྤྱི་བོར་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་བ་ཕྱེད་པ་ལྟ་བུ་ཕྱོགས་བཞིར་བ་དན་གྱིས་མཚན་པ། དེའི་སྟེང་དུ་ཧཾ་དཀར་པོ་ནཱ་ད་ཐིག་ལེ་དང་བཅས་པ་བདེ་བའི་རོས་གང་བ་བསམ་མོ། །བརྟན་པར་བྱེད་པ་ནི། སྤྱི་བོའི་རླུང་གཡོས་པའི་རྐྱེན་གྱིས་ཧཾ་ལས་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་འཆད་ནས་མར་འགྲིལ་བས་སའི་དཀྱིལ་འཁོར་དེ་ལ་ཐིམ་པས་ཐིག་ལེ་ཆེར་མ་སོང་། དེ་ནས་མར་འགྲིལ་ཏེ་ལྟེ་བར་ཆུ། གསང་གནས་སུ་མེའི་དཀྱིལ་འཁོར་ཐིམ། ཆེར་མ་སོང་བར་ཐིག་ལེ་དེ་ཉིད་གསང་བའི་རྡོ་རྗེའི་བུག་པར་བབས་པར་བསམས་ལ་སེམས་བཟུང་ངོ་། །དེ་ནས་ཐིག་ལེ་དེ་ལུས་ཀྱི་དྷཱུ་ཏཱིའི་ནང་ནས་ཡར་སོང་སྤྱི་བོ་རླུང་གི་དཀྱིལ་འཁོར་ཐིག་ལེ་ལ་ཐིམ་པས་ཆེར་ཡང་མ་སོང་བར་བསམ་མོ། །བོགས་འབྱིན་པ་ནི། ཐིག་ལེ་ཧཾ་ལ་ཐིམ་པར་བསམས་ལ་སེམས་འཛིན་ནོ། །གཉིས་པ་བདེ་བ་སྦྱང་བ་ནི། གསང་བའི་ཐིག་ལེ་ཧཾ་ལ་སྦྱར་བར་བསྒོམ་མོ། །བརྟན་པར་བྱེད་པ་ནི། ཧཾ་ལས་ཐིག་ལེ་གཅིག་ཆད་དེ། རླུང་ནང་དུ་འཇུག་པའི་དུས་གསང་བའི་རྡོ་རྗེའི་ནོར་བུ་བར་དུ་མར་འགྲིལ། ཕྱིར་འགྲོ་བའི་དུས་ཧཾ་ལ་ཐུག་ཡར་འགྲིལ་བར་ལན་བཅུ་ཙམ་བསྒོམ་མོ། །བོགས་འབྱིན་པ་ནི། ཐིག་ལེ་ཧཾ་ལ་ཐིམ་པར་བསམས་ལ་ཧཾ་ལ་སེམས་འཛིན་ནོ། །གསུམ་པ་མ་ནིང་གི་བཟླས་པ་བྱ་བ་ནི། ཧཾ་གི་ཐིག་ལེ་ལས་བྱང་ཆུབ་སེམས་ཀྱི་རྒྱུན་བ་ཐག་ལྟ་བུ་དྷཱུ་ཏཱིའི་ནང་ནས་རྡོ་རྗེའི་བུམ་པའི་ནང་དུ་དཀར་ནར་རེ་འབབ་པར་བསམ་ཞིང་དབང་གསུམ་པའི་ཉམས་མྱོང་དྲན་པས་རྒྱས་བཏབ་ཀྱིན་བསྒོམ་པ་ཆུ་བོ་ལྟ་བུའི་བཟླས་པའོ། །བརྟན་པར་བྱེད་པ་ནི། དེ་ནས་ཕྱིར་འགྲོ་བ་ཨོཾ་གྱི་རང་བཞིན་གྱི་ཚེ་སྣ་སྒོ་ཐད་ནས་ཚུར་བྱང་ཆུབ་སེམས་ཀྱི་འོད་ཟེར་རླུང་དང་ཐ་མི་དད་པར་སྣ་སྒོར་འཐོན། འཇུག་པ་ཧཱུྃ་གི་རང་བཞིན་གྱི་ཚེ་སྣ་ནས་ཞུགས། གནས་པ་ཨཱཿའི་རང་བཞིན་གྱི་ཚེ་བྱང་སེམས་བ་ཐག་ལྟ་བུ་ལ་ཐིམ་པར་བསམ་མོ། །བྱང་ཆུབ་སེམས་ཀྱི་འོད་ཟེར་ཕྱིར་སྤྲོ་བའི་དུས་སུ་ཡང་ཆུ་བོ་ལྟ་བུ་དེ་ལུས་ཀྱི་དབུས་སུ་ན་ར་ར་འབབ་པར་བསམ་མོ། །དེ་ནི་ཆུ་བྲན་ལྟ་བུའི་བཟླས་པའོ། །བོགས་འབྱིན་པ་ནི། དབང་གི་བདེ་བ་དྲན་པར་བྱ་ཞིང་བདེ་བ་སྐྱེས་པར་བསྒོམ་མོ། །དེ་རྣམས་ནི་སྟེང་གི་རླུང་བཅིངས་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཚོར་བ་སྡུག་བསྔལ་དང་བཏང་སྙོམས་ལས་ཡིད་སྐྱོབ་པའི་ཕྱིར་སྟེང་སྒོ་ལ་བརྟེན་པའི་སྔགས་ཀྱི་རྣལ་འབྱོར་ཞེས་བྱའོ། །གཉིས་པ་འོག་སྒོ་བདེ་བ་ཆེན་པོ་ལ་བརྟེན་པ་ལ། ཕྱག་རྒྱ་མའི་མཚན་ཉིད་བཤད། སྙོམས་པར་འཇུག་པའི་ཆོ་ག་བསྟན། བཟུང་བཟློག་འགྲེམས་ཀྱིས་ལམ་དུ་འགྱུར་བར་བྱ་བ་གསུམ་ལས། དང་པོ་ནི། ལེའུ་གསུམ་པར། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ཤིང་། །ཞེས་སོགས་དང་། ཡི་གེ་གསུམ་མཐར་ཞེས་སོགས་རྡོ་རྗེ་པདྨ་དང་གནས་ལྔ་བྱིན་རླབས་སྟོན་པའི་ཚིག་གི་སྦས་བཤད་དེ། བསྟེན་བྱ་ཕྱག་རྒྱ་མངལ་ལས་སྐྱེས་པ་དང་། ཞིང་ལས་སྐྱེས་པ་དང་། སྔགས་སྐྱེས་གསུམ་གྱི་སྔ་མ་སྔ་མ་བཟང་ངོ་། །སྤྱིར་བཞིན་རས་མཛེས་པ། མིག་དཀྱུས་རིང་བ། བསམ་པ་དགེ་བ། སྐྱེས་པ་དང་ཕྲད་པའི་དུས་པདྨ་ཁ་འབྱེད་དཀའ། སོ་དགྱེ་སོ་སྒོ་ཡོད་པ། པདྨ་སོར་བཞི་མན་ཆད་ལྷོད་པ། སྨིན་མ་རིང་ཞིང་མིག་མཇུག་གྱེན་དུ་བརྫེས་པ། སྨིན་མཚམས་ནས་སྣ་རྩེ་ཕྱོགས་རི་མོའི་བག་ཞད་ཡོད་པ། མཆུ་ལ་ཐུར་ལ་རི་མོ་དང་། ལྟེ་འོག་ན་རི་མོ་གྱེན་བསྒྲེང་གསུམ་ཡོད་པ། དྲི་ཞིམ་པ། གོམ་པ་གཡོན་སྔོན་ལ་འདོར་བ་དག་བཟང་། བྱེ་བྲག དུང་གི་གདོང་། པདྨའི་གདོང་། ཚངས་པའི་གདོང་། རལ་པའི་གདོང་ཅན་མ་བཞིའི་དང་པོ་ལ། རྩ་ཤིན་ཏུ་མཉེན་པ་ཡིན་ལ་འདུག་སྟངས་གང་གིས་ཀྱང་རྩ་དེ་དང་ཕྲད་པས་བདེ་བ་སྐྱེད་པ་ཡིན་ནོ། །གཉིས་པ་ལ། རྩ་འཇམ་པས་རྡོ་རྗེ་འགྲེད་ནས་མི་ཕྲད་པས། བླ་ལྟ་བུའི་སྦྱོར་ཐབས་ཀྱིས་རྩ་དང་ཕྲད་དེ་དེས་རྡོ་རྗེ་གཏུམས་ནས་འཇིབ་ནུས་སོ། །གསུམ་པ་ནི། རྩ་ཁབ་བམ་གྲ་མ་ལྟ་བུ་ཡོད་པས་རྡོ་རྗེའི་བུ་གར་ཞུགས་ནས་བདེ་བ་འཛིན་ནུས་ཤིང་སྐྱེ་བ་ཡིན་ནོ། །བཞི་པ་ནི། རྩ་ཤིན་ཏུ་མཁྲང་བས་རྡོ་རྗེ་དང་པདྨ་ཕྲད་མ་ཐག་བདེ་བ་སྐྱེད་ནུས་སོ། །བཟློག་པ་རྩ་མེད་ན། ཞར་བ། རྩ་རླུག་པ། རྩ་དུང་ཅན་མའོ། །དང་པོ་གཉིས་ལ་ཁྱོགས་ལྟ་བུ་དང་། གསུམ་པར་མཁའ་ལྡིང་ལྟ་བུ་དང་། བཞི་པར་བཀལ་བ་ལྟ་བུའི་སྦྱོར་ཐབས་བྱས་པས་རྩ་དང་ཕྲད་པར་འགྱུར་རོ། །གཉིས་པ་སྙོམས་པར་འཇུག་པའི་ཆོ་ག་ནི། དེ་ལྟ་བུ་ལས་གང་རྙེད་པ་ཐོས་བསམ་དང་། བསླབ་པ་ལ་གནས་པར་བྱས། བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་གང་རུང་གཅིག་བསྒོམས་པའི་རྗེས་ལ་ཕྱག་རྒྱ་ཡང་སངས་རྒྱས་མཁའ་འགྲོར་བསྒོམ་པ་ལུས་མཉམ་པ། རླུང་ཡི་གེ་གསུམ་དུ་ཤེས་པས་སམ། ཡབ་ཡུམ་གྱི་སྔགས་བཟླས་པ་ངག་མཉམ་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་འདི་ལ་བརྟེན་ནས་མཆོག་བསྒྲུབ་པར་འདོད་པ་འདོད་པ་མཉམ་པ་སྟེ། ཆགས་སེམས་ཀྱིས་ཀུན་ནས་དཀྲིས་པ་དང་བྲལ་བར་བྱའོ། །བྱིན་རླབས་མཉམ་པ་ནི། ཡི་གེ་གསུམ་གྱི་མཐའ་ཞེས་པ། ཧཱུྃ་ལས་རྡོ་རྗེ་དཀར་པོ་དང་ཡི་གེ་མཆོག་ཏུ་གྱུར་པའི་གནས། ཨ་ལས་པདྨ་དམར་པོ། ཡི་གེ་དང་པོའི་སྦྱོར་བ། ཨོཾ་ལས་རྡོ་རྗེ་ནོར་བུ་དང་། སྲཱིཿལས་པདྨ་གེ་སར་སེར་པོས་མཚན་པ། ཡི་གེ་རྣམས་ཀྱི་མཐའ་སྦྱར་བ། ཕཊ྄་ཀྱིས་གཉིས་ཀའི་བུ་ག་བཀག་པ། ས་བོན་ལྔ་ནི་རབ་དག་བྱ། གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ། སྙིང་གར་ཧཱུྃ་སྔོན་པོ། གསང་བར་ཨཱཿདམར་པོ། ལྟེ་བར་སྭཱ་སེར་པོ། བརླ་གཉིས་ལ་ཧཱ་ལྗང་ཁུ་སྟེ། དེ་ལྟར་རྡོ་རྗེ་དང་པདྨ་དང་གནས་ལྔ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཕྱོགས་བཞིའི་མཁའ་འགྲོ་མ་ལ་སོགས་པས་གླུས་བསྐུལ་བར་བསམ་ཞིང་སྙོམས་པར་འཇུག་པར་བྱའོ། །དེ་ཡང་རུ་སྦལ་གྱི་འགྲོས་ཀྱི་ཚུལ་དུ་དལ་བུས་བསྲུབ་ཅིང་རྩ་གཉིས་ཕྲད་པར་བྱས་པས་རྩ་ནང་ཕན་ཚུན་དུ་རླུང་གི་ངད་ལངས་པས་རྟོག་པའི་དྲི་མ་སེལ་ཞིང་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེའོ། །གལ་ཏེ་རྩ་རིགས་ངན་ན་སྦྱོར་ཐབས་ཀྱིས་རྩ་བཙལ་ཏེ་བགྲོད་པར་བྱའོ། །སྦྱོར་ཐབས་ནི། ཕྱག་རྒྱ་སྟེང་དང་ཐབས་འོག་ཏུ་འདུག་པ་ཁྱོགས་ལྟ་བུ། གཉིས་ཀའི་རྐང་པ་བརྐྱང་བ་མཁའ་ལྡིང་ལྟ་བུ། ཕྱག་རྒྱའི་སྒྱིད་པ་གཉིས་ཐབས་ཀྱི་ཕྲག་པ་ལ་བཀལ་ནས་རིག་མའི་ལུས་ཐམས་ཅད་བཀུག་པ་བཀལ་བ་ལྟ་བུ། ཟུར་ནས་བགྲོད་དེ་བསྲུབ་པ་བླ་ལྟ་བུའི་སྦྱོར་ཐབས་ཏེ་བཞིའོ། །གསུམ་པ་བཟུང་བཟློག་འགྲེམས་ཀྱིས་ལམ་དུ་འགྱུར་པར་བྱ་བ་ནི། བདེ་བ་ཚད་དུ་ཕྱིན་པ་དང་། རྡོ་རྗེའི་རྩེ་མོར་དང་། ལུས་ཀྱིས་ཕབ་པ་སེམས་ཀྱི་དམིགས་པ་ཙམ་གྱིས་མི་བཟུང་སྟེ། འདི་རྣམས་ཀྱི་དུས་སུ་བཟུང་ཡང་མི་ཟིན་པས་སོ། །འོ་ན་ཅི་ཙམ་དུ་བཟུང་ཞེ་ན། བསྲུབས་པས་བདེ་བ་གཡོ་བ་ཙམ་ན་བཟུང་ཐབས་གང་རུང་གིས་རྡོ་རྗེའི་རྩ་བར་བཟུང་། དེ་ནས་བག་རེ་ཕྱིར་བསྣུད་པས་གོམས་པ་ན་རྡོ་རྗེ་རྩེ་མོ་དང་མཐར་པདྨ་ནས་ཀྱང་ལོན་པར་འགྱུར་རོ། །བཟུང་ཐབས་ནི་བཞི་སྟེ། །ཕྱག་རྒྱ་ལ་དམ་དུ་འཁྱུད་པའི་ཁུ་ཚུར་མཉམ་པར་སྦྱོར་བས། ཧབ་བམ། ཧག་ཅེས་བརྗོད་ཅིང་། ལྟོ་བ་ཚིགས་ལ་བཅར། མིག་གྱེན་ལ་བཟློག་པ་བཞི་ཚང་བས་འཛིན་པ་སྟག་མོའི་སྐྱུག་སྟངས་ཀྱི་འཛིན་ཞེས་བྱའོ། །ངག་འདྲེན་ཧཱུྃ་ངམ་ཧི་དྲག་ཏུ་བརྗོད། སྦྱོར་བ་གཞན་གསུམ་འདྲ་བ་ཡི་གེ་རབ་མཆོག་གི་འཛིན་ཞེས་བྱའོ། །རླུང་ཕྱིར་དྲག་ཏུ་ཕུལ་ནས་ནང་དུ་མི་རྔུབ་པར་བཀག་སྟེ། དམིགས་པ་སྟེང་གི་བར་སྣང་ལ་ཐིག་ལེ་དཀར་དམར་ཁ་སྦྱར་ལ་གཏད། ལུས་འདར་བའམ་རྩ་འདབ་མ་ཐེབས་རིང་འདུག་པ་སྲོག་རྩོལ་གྱི་འཛིན་ཞེས་བྱའོ། །དེ་ནས་ཕྱག་རྒྱ་དང་བྲལ་བས་གུང་མོ་གཉིས་བརྐྱང་ཞིང་སོར་མོ་གཞན་ཕན་ཚུན་བསྡམས་པའི་ཕྱག་རྒྱ་ལྟེ་འོག་ནས་གྱེན་དུ་དལ་བུར་དྲང་བ་དང་། རྐང་སོར་བསྐུམ། ལྟོ་བ་བཅར། མིག་བཟློག ངག་ཏུ་ཧིག་ཅེས་བརྗོད་ཅིང་མཐར་ཕྱག་རྒྱ་དེ་གོ་བཟློག་སྟེ་སྤྱི་བོར་གུང་མོ་བཙུགས་ལ་ཙམ་ཐུབ་མནན་ནོ། །དེ་ནི་ནང་གི་ཕྱག་རྒྱས་འཛིན་པ་ཞེས་བྱའོ། །བཟློག་པ་དང་འགྲེམས་ནི། དབུ་མའི་སྒོ་དབྱེ་ཟླ་བ་སྟེང་དུ་བཅིང་། །ཉི་མ་འོག་མནན་རྩ་བྲན་དྷཱུ་ཏཱིར་གཞུག །སྒྲ་གཅན་ཨར་གཏད་རྩིགས་མ་གཞི་ལས་བསྐྲད། །དྲུག་འདི་ཀུ་ཀུ་རི་པའི་ལུས་སྦྱོང་ཡིན། །དེ་ལྟར་དབྱིབས་ཀྱི་རྣལ་འབྱོར་གང་རུང་གཅིག་བསྒོམས། དེ་ནས་སྔགས་ཀྱི་རྣལ་འབྱོར་དེ་དག་ལས་གང་ཡང་རུང་བ་གཅིག་ལ་བསླབས་པས་རྟགས་ལྔ་འཆར་ཏེ། ས་ཆུ་ལ་ཐིམ་པས་དུ་བ། ཆུ་མེ་ལ་ཐིམ་པས་སྨིག་རྒྱུ། མེ་རླུང་ལ་ཐིམ་པས་མེ་ཁྱེར་རམ་མཁའ་སྣང་། རླུང་སེམས་ལ་ཐིམ་པས་མར་མེ། སེམས་ནམ་མཁའ་ལ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་འཆར་རོ། །དེ་ནས་ཡོན་ཏན་བརྒྱད་འབྱུང་སྟེ། སའི་ཡོན་ཏན་སྲ་བ་དང་སྲེད་མེད་བུའི་སྟོབས། ཆུ་ཡོན་ཏན་སྣུབ་མཉེན་ལྕུག་མེར་མི་འཚིག མེ་ཡོན་ཏན་བཀྲག་མདངས་ཆུར་མི་བྱིང་། རླུང་གི་ཡོན་ཏན་ལུས་ཤིང་བལ་ལྟར་ཡང་། རྐང་མགྱོགས། ནམ་མཁའི་ཡོན་ཏན་ཤེས་པ་གསལ་ཞིང་ཀུན་ཤེས་ནམ་མཁའ་ལ་འཕུར། ས་ལ་འཛུལ། རྩིག་པ་དང་རི་ལ་ཐོགས་པ་མེད། ཟླ་བའི་ཡོན་ཏན་ལུས་དྭངས་མར་སོང་བས་གྲིབ་མ་མེད། ཉི་མའི་ཡོན་ཏན་ཕུང་ཁམས་ཀྱི་སྙིགས་མ་ཟད་པས་གཟུགས་གཞན་གྱིས་མི་མཐོང་། ཡེ་ཤེས་ཀྱི་ཡོན་ཏན་ནམ་ཐམས་ཅད་ཀུན་ཏུ་སོན་པའི་ཡོན་ཏན་གྱིས་རླུང་གི་རྒྱུ་བ་འགགས་པས་རྣམ་པར་མི་རྟོག་པ་ཆེན་པོ་འཆར་ཏེ། དེའི་ཚེ་ཆོས་ཀྱི་རྣལ་འབྱོར་གྱིས་རྒྱས་བཏབ་ཅིང་བསྒོམས་པས་འདོད་པའི་དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར་རོ། །ཡང་ན། རྟགས་རྙེད་པ་ཙམ་ནས། ཤིན་ཏུ་སྤྲོས་མེད། སྤྲོས་མེད། སྤྲོས་བཅས་ཀྱི་སྤྱོད་པ་གསུམ་ལ་རིམ་པ་བཞིན་བསླབ་སྟེ། དང་པོ་ནི། བྷུ་སུ་ཀུའི་སྤྱོད་པ་སྟེ་ཀུན་ཏུ་བཟང་པོའི་སྤྱོད་པ། གཉིས་པ་གསང་སྤྱོད། གསུམ་པ་རིག་པའི་བརཏལ་ཞུགས་སོ། །དེ་མཐར་ཕྱིན་ནས་སྤྲོས་མེད་རང་གྲོལ་གྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་ངོ་། །དེའི་ཕྱིར་སྔགས་ཀྱི་རྣལ་འབྱོར་ཐམས་ཅད་ལ་རིམ་པ་བཞིན་སློབ་དགོས་པ་མ་ཡིན་ནོ། །གསུམ་པ་ཆོས་ཀྱི་རྣལ་འབྱོར་ལ། སྣང་བ་རྣམ་དག་གི་ཕྱག་རྒྱ་ཆེན་པོ་དང་། སྤྲོས་མེད་རང་གྲོལ་གྱི་ཕྱག་རྒྱ་ཆེན་པོའོ། །དང་པོ་ལ། ལྷུན་གྱིས་གྲུབ་པ་ལྟ་བའི་མན་ངག གཉིས་སུ་མེད་པ་སྒོམ་པའི་མན་ངག བླང་དོར་མེད་པ་སྤྱོད་པའི་མན་ངག རེ་དོགས་མེད་པ་འབྲས་བུ་མན་ངག་བཞི་ལས། དང་པོ་ནི། ཕྱག་རྒྱ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་ངོ་བོ་སྟེ། གཞི་ལམ་འབྲས་བུ་དུས་ཐམས་ཅད་དུ་གནས་པས་དུས་ཐམས་ཅད་པ་འཁོར་འདས་ཀྱི་ཆོས་མ་ལུས་པའི་རྗེས་སུ་འགྲོ་བས་ཁྱབ་པ། དང་པོ་གང་ལས་ཀྱང་མ་བྱུང་། བར་དུ་གང་དུ་ཡང་མི་གནས། ཐ་མ་གང་དུ་ཡང་མི་འགག་པས་འགྲོ་འོང་མེད་པ། རྒྱུ་སེམས་ཅན་གྱི་དུས་དང་། འབྲས་བུ་སངས་རྒྱས་ཀྱི་དུས་གཉིས་ཀྱི་ངོ་བོ་ལ་བཟང་ངན་མེད་པས་འགྱུར་བ་མེད་པ། རྟག་པའི་རང་བཞིན་ཡིན་པས་འདུས་མ་བྱས་པ། སུས་ཀྱང་མཚོན་དུ་མེད་པས་རྫས་སུ་མ་གྲུབ་པར་ངོ་སྤྲད་དོ། །གཉིས་པ་གཉིས་སུ་མེད་པ་སྒོམ་པའི་མན་ངག་ལ། རིག་པ་རྟེན་མེད་ཡིན་པའི་ཕྱིར་སྒོམ་པ་རྟེན་ཅན་དུ་མི་བྱ། རིག་སྟོང་གཉིས་སུ་མེད་པས་ཚོགས་དྲུག་གི་སྣང་བ་མི་འགག སེམས་ཉིད་རྒྱུན་ཆགས་ཡིན་པས་མཉམ་རྗེས་སུ་མི་བཅད་དོ། །དང་པོ་ལ། ལུས་སེམས་ཁོང་གློད་ནས་ཆོས་ཉིད་མ་བཅོས་པ་ལ་བློ་ལྷན་གྱིས་བཞག་པ་བསྒོམ་བྱ་དང་སྒོམ་བྱེད་ཀྱིས་གཉིས་སུ་འཛིན་པའི་ཤེས་པ་མེད་པ་བུ་ཆུང་ལྟ་བུ། ཉམས་སུ་མྱོང་ཡང་ཡུལ་དང་ཡུལ་ཅན་ལ་ངོས་བཟུང་མེད་པ་ནམ་མཁའ་ལ་བྱ་འཕུར་བའི་རྗེས་ལྟ་བུ། གཉིས་པ། ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ལ་རྐྱེན་གྱིས་སྣང་བ་ནམ་མཁའ་ལ་འཇའ་ཚོན་ལྟ་བུ། སྣང་བ་དང་སྟོང་པ་དབྱེར་མི་ཕྱེད་པ་ཆུ་དང་ཆུ་འདྲེས་པ་ལྟ་བུ། གསུམ་པ་ལ། ཆོས་ཉིད་རང་གསལ་རྙོག་པ་མེད་པར་བཞག་པ་མར་མེ་ལྟ་བུ། རྒྱུན་ཏུ་ཡེངས་པ་མེད་པ་ཆུ་བོ་ཆེན་པོའི་རྒྱུན་ལྟ་བུར་བསྒོམ་པར་བྱའོ། །གསུམ་པ་བླང་དོར་མེད་པ་སྤྱོད་པའི་མན་ངག་ལ། ནགས་ལ་མཆེད་པའི་མེ་བཞིན་དུ་ཐུག་ཕྲད་དུ་བཞག གཟིངས་ལ་འཕུར་བའི་བྱ་རོག་བཞིན་དུ་འཕྲོ་བ་ལ་སྐྱོན་དུ་མི་བལྟ། ཆུ་ནང་དུ་ཉི་མ་ཤར་བ་བཞིན་དུ་ཅིར་སྣང་ཕྱག་རྒྱ་ཆེན་པོར་བཞག མཁས་པས་བ་གླང་སྐྱོང་བ་བཞིན་ཤེས་པ་གར་དགར་བསྐྱང་། བྲམ་ཟེ་སྐུད་པ་མཁལ་བ་བཞིན་ཤེས་པ་གློད་ལ་བཞག ཞིང་ལ་ཆུ་ལུད་བསྟེན་པ་བཞིན་འདོད་ཡོན་བསྟེན་པར་བྱའོ། །བཞི་པ་རེ་དོགས་མེད་པ་འབྲས་བུའི་མན་ངག་ལ། འབྲས་བུ་རང་ལ་རང་ཆས་སུ་ཡོད་པས་མ་བཙལ་ལྷུན་གྱིས་གྲུབ་པའི་ཕྱིར་གཞན་ལ་རེ་བ་མེད་པར་བཞག ཡུལ་ཆོས་ཉིད་སྟོང་པ་ཉིད་ལ་ཡུལ་ཅན་གྱི་སྣང་བ་རིས་མེད་པར་འཆར་ཡང་ཉམས་སུ་མྱོང་བ་བདེ་བ་ཆེན་པོ་ལས་མ་འདས་པའི་ཕྱིར་སྐྱོན་ལ་དོགས་པར་མི་བྱའོ། །དེ་ནི་ལེའུ་དང་པོར། གང་ཡང་དབང་པོའི་ལམ་ནས་ནི། །ཞེས་སོགས་ཀྱི་དོན་ནོ། །གཉིས་པ་སྤྲོས་མེད་རང་གྲོལ་གྱི་ཕྱག་རྒྱ་ཆེན་པོ་ནི། མཆོག་ཏུ་ཕན་པའི་རྣལ་འབྱོར་གྱིས། །ཞེས་སོགས་ཀྱི་དོན། རླུང་དྷཱུ་ཏཱིར་ཚུད་པས་གཟུང་འཛིན་གྱི་རྟོག་པ་ཞི་བ་ཉིད་ལ་འཇུག་ཅིང་དེ་ལྟར་ཞུགས་པས་རྩ་སྦུབས་གཉིས་འགག་པར་འགྱུར་རོ། །དེ་འགགས་པས་ལས་ཀྱི་རླུང་རྒྱུན་ཆད་ནས་དེ་བཞིན་ཉིད་ཡང་དག་པའི་མཐའ་འཛིན་པ་ནི་ཆོས་ཀྱི་དབྱིངས་མཆོག་ཡུལ་དུ་བྱེད་པའི་རིག་མའི་དབང་ཕྱུག་གྲུབ་པ་ཞེས་བྱའོ། །དེ་ལྟར་ཡང་། གང་དུ་སྙིང་གི་པདྨོ་ཁ་སྦྱར་དབུས་ནས་གསལ། །ཕྲ་རབ་ལྟ་བའི་དབང་ཕྱུག་མྱོང་བའི་སེམས་འཇུག་པ། །ཁམས་གསུམ་མ་ལུས་གཉིས་མེད་པར་ནི་ཉེར་འགྲོ་བ། །གསལ་བའི་ཆོས་ཀྱི་དབྱིངས་མཆོག་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ཉིད་ཚད་མེད་པ་བཞིའི་རང་བཞིན་གྱི་ལྷ་མོ་བཞིའི་གླུས་བསྐུལ་བས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པའི་དབྱིངས་དེ་ལས་སྙིང་རྗེ་བདེ་བ་ཆེན་པོའི་ནུས་པའི་ཡོན་ཏན་ཡོངས་སུ་རྫོགས་པར་སྤྲོས་ཏེ། འབྲས་བུའི་རྡོ་རྗེ་འཛིན་པ་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་བཞེང་ངོ་། །གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་རྣལ་འབྱོར་བསྒོམ་པ་ལ་བྱིང་ན། ལྷའི་ང་རྒྱལ་གྱིས་རྡོ་རྗེའི་གླུ་བླང་། རྒོད་ན་སྙིང་གར་ཉི་མ་ལ་ནཱ་ད་བསྒོམ། བྱིང་རྒོད་ཞི་ན་ཡང་སྔར་ལྟར་བསྒོམ་མོ། །དེ་ནས་ངལ་ན་སྙིང་གར་ཉི་མ་ལ་དབུས་སུ་སྲཱིཿ མཐར་ཨོཾ་ཨཱཿསྲཱིཿཧཱུྃ་ཧཱུྃ་ཞེས་བཀོད་ལ་ཅི་རིགས་པ་བཟླ། དབྱིབས་ཀྱི་རྣལ་འབྱོར་རྒྱས་པའི་ཚེ། ལྷ་མོ་བཞི་ཞལ་བཞིར་བསྡུ། རང་ཉིད་གཙོ་བོ་ཡབ་ཡུམ་སྟོང་པར་བསྒོམས་པའི་ངང་ལས་ཧེ་རུ་ཀ་ཕྱག་གཉིས་པ་རྫུས་སྐྱེས་སུ་ལངས་ཏེ་རྗེས་སྤྱོད་ཀྱི་རྣལ་འབྱོར་ལ་འཇུག མཐར་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །གཉིས་པ་རྨི་ལམ་སྒྱུ་མའི་ཉམས་ལེན་ནི། ཉལ་བའི་དུས་སུ་བླ་མ་དང་ཡི་དམ་ལྷ་མདུན་དུ་དམིགས། ཡིད་ཀྱིས་མཆོད་བསྟོད་ཕུལ། བྱིན་གྱིས་བརླབ་པར་གསོལ་བ་བཏབ། དེ་ནས་བདག་ཉིད་ལྷའི་ང་རྒྱལ་གྱིས་མགྲིན་པར་ཐིག་ལེ་ནག་པོའི་གདན་ལ་ཨ་སྔོན་པོ་གཅིག་གནས་པར་དམིགས་པ་གཏད། རྨི་ལམ་ཟིན་པར་བྱ་དགོས་སྙམ་དུ་འདུན་པ་དྲག་པོ་བྱས་ནས་གཉིད་ལོག་པས་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་འབྱུང་ངོ་། །དེ་ལྟར་ཟིན་པ་དང་ཆོས་ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་ཤེས་པར་བྱས་ལ་མདུན་གྱི་བླ་མ་ཡི་དམ་གྱི་རྣལ་འབྱོར་གསུམ་གང་བསྒོམ་པ་དེ་གསལ་བཏབ་པར་བསམ་ལ། དེ་ལྟར་བསྒོམས་པས་སེམས་ཟིན་ན་དེ་ལ་སྒྱུ་མ་ལྟ་བུར་རྒྱས་བཏབ་ཅིང་། དེ་ལ་གོམས་ནས་ཆོས་ཀྱི་རྣལ་འབྱོར་གྱིས་རྒྱས་གདབ་བོ། །གལ་ཏེ་རྨི་ལམ་མང་དུ་འཕྲོ་ན་ཡུལ་ཡུལ་ཅན་གཉིས་ཀར་སྒྱུ་མ་ལྟ་བུར་བསྒོམ། དེ་ལྟར་ཤེས་པས་ཐ་མལ་པའི་གཉིད་དུ་མི་འཆོར། དེ་ལྟར་མ་ཤོར་བས་ཉིན་མཚན་ཁྱད་པར་མེད་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་འགྱུར་རོ། །གསུམ་པ་བར་དོ་སྒྱུ་མའི་ཉམས་ལེན་ལ། སྔོན་དུ་འགྲོ་བ་འཕོ་བ། དངོས་གཞི་བར་མ་དོ་ལམ་ཁྱེར། སྒྱུ་མར་གོམས་པ་ལ་གྲོང་འཇུག་བཤད་པ་གསུམ་ལས། དང་པོ་ནི། ཟང་ཟིང་དང་ཚེ་འདིའི་འཁྲི་བ་བཅད། ཡོ་བྱད་སྤོང་ཐག་བྱས། བླ་མ་ལ་དབང་བླང་། གྲོགས་བཟང་པོ་བཙལ་བ་ནི་སྦྱོར་བའི་སྟོབས་སོ། །བདག་འཆི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱས་པས་ཆུ་ལས་ཉ་འཕར་བ་ལྟར་བར་དོར་ཟུང་འཇུག་གི་སྐུར་ལངས་ལ་མཁའ་འགྲོ་མ་དང་ལྷན་ཅིག་རིག་པའི་བརཏལ་ཞུགས་སྤྱད་ལ་བར་དོ་ཉིད་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་ཡང་དང་ཡང་དུ་སེམས་པ་འཕེན་པའི་སྟོབས་སོ། །བླ་མའམ་གྲོགས་ཀྱིས་ཏིང་ངེ་འཛིན་གསལ་འདེབས་ཤིང་རྣ་བ་གཡས་སུ་ཧེ་རུ་ཀ་དྲན་པར་གྱིས་ཤིག གཡོན་དུ་གསང་བའི་ཡུམ་ལྷན་ཅིག་སྐྱེས་མའི་དོན་དྲན་པར་གྱིས་ཤིག་ཅེས་བརྗོད། དབུགས་ཐུང་ཐུང་འགྲོ་ཙ་ན་གྲོགས་ཀྱིས་ལོངས་སྤྱོད་ཀྱི་རྩ་གནད་ལ་བོར། སྤྱི་བོར་དྲིལ་བུ་གསིལ་བ་ལ་སེམས་གཏོད་དུ་གཞུག་གོ །དེ་ནི་གྲོགས་སྟོབས་སོ། །བཤང་གཅི་ལ་སོགས་པ་དོར་ནས་སྐྱིལ་ཀྲུང་བཅས། སྒལ་ཚིགས་བསྲང་སྤྱི་བོར་ཕྱག་རྒྱ་བཅིང་བ་ལུས་ཀྱི་འཁྲུལ་འཁོར། རང་ལུས་ཁོང་སྟོང་སྤྱི་བོ་ཚངས་བུག་གི་སྐར་ཁུང་མཐེ་བོང་གང་ཙམ་སྐྱ་སེང་ངེ་འདུག་པ། སྙིང་གར་པདྨ་འདབ་བརྒྱད་དམར་ཡལ་ལེ་བའི་ལྟེ་བར་རང་སེམས་ཨ་དཀར་རྩེ་རེ་གཅིག་བསམས་དེར་རླུང་བསྡུས་པ་ཏིང་ངེ་འཛིན་གྱི་འཁྲུལ་འཁོར། ཧིག་ཅེས་དྲག་ཏུ་ལན་ཉི་ཤུ་རྩ་གཅིག་བརྗོད་པས་རྐང་མཐིལ་དང་བ་སྤུའི་བུ་གའི་བར་གྱི་རླུང་སེམས་ཐམས་ཅད་འུབ་ཀྱིས་འདུས་ཏེ་ཨ་ལ་ཐིམ་པ་དེ་ཡང་ཚངས་བུག་ན་ཡར་ཟུལ་གྱིས་ཡི་དམ་གྱི་ཐུགས་ཀར་སོང་བར་བསམ་མོ། །དེ་ནི་སྔགས་ཀྱི་འཁྲུལ་འཁོར་ཏེ་དེ་གསུམ་བསྡོམས་པ་རྣལ་འབྱོར་གྱི་སྟོབས་སོ། །དངོས་གཞི་བར་མ་དོ་ལམ་ཁྱེར་ནི། སྲིད་པ་བར་དོར་ཤི་བ་ལ་ཤི་བར་ངོ་ཤེས་པའི་དུས་སུ་སྔར་གྱི་འཕེན་ཤུགས་ཀྱིས་གདམས་ངག་དྲན་ཏེ་དབྱིབས་ཀྱིས་ལས་ལྷར་ལངས། སྔགས་ཀྱིས་སེམས་འོད་གསལ་དུ་བཅུག ཆོས་ཀྱིས་འབྲས་བུ་ཟུང་འཇུག་གི་སྐུར་ལྡང་ངོ་། །ཡང་ན་དབྱིབས་ཀྱིས་ལྷར་ལངས། སྔགས་ཀྱིས་མྱོང་བའི་སེམས་སྐྱེས་པས་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་བརཏལ་ཞུགས་ཀྱི་སྤྱོད་པ་བྱས་ནས། ཆོས་ཀྱིས་ཟུང་འཇུག་སྒྲུབ་པར་བྱེད་དོ། །གསུམ་པ་སྒྱུ་མར་གོམས་པ་ལ་གྲོང་འཇུག་བཤད་པ་ནི། གཞན་གྱི་གྲོང་སོགས་བྱ་བ་དང་། །ཞེས་པའི་དོན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མོས་པས་ལྷའི་ང་རྒྱལ་གྱིས་རླུང་ལ་བསླབས་ཏེ་འབྱོངས་ནས་སེམས་གང་འདོད་དུ་ཟིན་པའི་རྗེས་སུ་དགོན་པ་དབེན་པར་མཎྜྻལ་གྱི་སྟེང་དུ་ཐོད་པའམ་གཡོན་པ་ལ་རྩི་ནག་པོ་བྱུགས་ལ་དབུས་སུ་ཧཱུྃ་དཀར་པོ་བྲིས་པ་བཞག དེ་ནས་རང་གི་ཤེས་པ་ཧཱུྃ་ལ་གཏད་ཅིང་གསལ་བར་བསྒོམ། དེར་རླུང་སེམས་གར་གཏད་རང་དབང་ཡོད་པར་གྱུར་པ་དང་། མཎྜྻལ་སྟེང་གི་ཐོད་པ་ཡོད་པའི་སྣ་བུག་གཉིས་ཀྱི་ཐད་ཀར་ཧཱུྃ་བྲིས་ནས་རང་གི་སྙིང་གའི་ཧཱུྃ་བཏོན་ལ་བསྲེས་པར་རླུང་སེམས་གཏད་ལ་བསྒོམ། དེར་ཟིན་པའི་རྟགས་རླུང་སེམས་གཏད་པའི་དུས་སུ་ཐོད་པ་འཕར་རམ་འགུལ་བ་འབྱུང་ངོ་། །དེ་ནས་སྲོག་ཆགས་ཆུང་ངུ་མ་སྙིང་དུ་སྡུག་པའི་རོ་འཕྲལ་དུ་ཤི་བ་མ་བསྣད་པ་བླངས་ཏེ་མཎྜྻལ་སྟེང་དུ་བཞག་ནས་དེའི་སྙིང་གར་ཧཱུྃ་བསྒོམ། དེ་ནས་རང་གི་སྙིང་གར་ཧཱུྃ་ལ་རླུང་སེམས་བསྡུས་ཏེ་བསྒོམས་པ་གསལ་བ་དང་། མདུན་གྱི་དེའི་སྙིང་གའི་ཧཱུྃ་ལ་རང་གི་ཧཱུྃ་བཅུག་ནས་དེར་རླུང་སེམས་གཏད་ནས་གསལ་བར་བསྒོམས་པས་ལངས་ཏེ་འགྲོའོ། །དེ་ལ་བརྟན་ནས་སླར་ཧཱུྃ་རང་གི་སྙིང་གར་བསྡུའོ། །དེ་ནས་རོ་ལ་བསླབ་སྟེ་ཤི་ནས་ཡུན་མ་ལོན་པ་མ་རུལ་བ་རྨ་དང་བསྣད་པ་མེད་པ་བླངས་ཏེ་ཁྲུས་བྱས་རྒྱན་ཆ་བཏགས་ཏེ་མཎྜྻལ་སྟེང་དུ་སྐྱིལ་ཀྲུང་བཅས་ལ་བཞག དེ་ནས་རོའི་སྙིང་གར་ཧཱུྃ་བསྒོམ། དེ་ནས་རང་གི་སྙིང་གའི་ཧཱུྃ་དང་བསྲེས་ཏེ་དབུགས་ཐུབ་ཚད་དུ་བསྒོམས་པས་ཤེས་པ་ཟིན་ནས་རོ་ལ་ཆགས་པ་སྐྱེ། རང་ལ་ཞེན་པ་ལོག་ཙ་ན་རོ་དེ་ཉིད་ལངས་ནུས་པར་འགྱུར་རོ། །དེ་ནས་སླར་རང་ཉིད་ལ་གཞུག་གོ །དེ་ལ་བརྟེན་ནས་པཎྜྻི་ཏ་ཆེན་པོའམ་ཆོས་སྐྱོང་བའི་རྒྱལ་པོ་ལྟ་བུ་འཆི་བར་འདུག་པའི་དྲུང་དུ་ཕྱིན་ལ་དེའི་ལུས་ལས་ཤེས་པ་ཐོན་མ་ཐག་རང་གི་ཤེས་པ་དེར་བཅུག་ལ་ཚུལ་མི་དྲང་ངོ་། །དེ་ལངས་པ་དང་རང་ལུས་འདོར་རོ། །དེ་ནི་རླུང་བརྟན་པ་དང་མོས་པ་དང་དད་པ་དང་རྩོལ་བ་དྲག་པོ་དང་སྣང་སྲིད་སྒྱུ་མར་གོམས་པ་ལས་འབྱུང་ངོ་།། །། རྒྱུད་དོན་ཡི་གེའི་ཁ་དོག་མཐོང་བས་སྐྲག་ནས་ཕལ་ཆེར་གཞན་དུ་བྱེར། །སྤོབས་པས་འཇུག་པའང་སྤྱི་དོན་མཆིང་བུས་ཡིད་སིམ་གྱུར་ནས་ཕྱིར་ལ་བཟློག །སྦས་དོན་བ་ད་ར་ཡི་གླིང་ཞུགས་མཐར་ཐུག་ཡིད་བཞིན་ནོར་བསྒྲུབ་པའི། །སྐལ་བཟང་དེད་དཔོན་པད་དཀར་ཤིན་ཏུ་དགའ་བ་གཅིག་པུར་ས་ལ་གྲགས། །ཚིག་ལ་དབང་བའི་འདུན་ས་དད་བྱེད་ཅིང་། །དོན་སེམས་སྦྲང་རྩི་བྱེད་རྣམས་ཚིམ་འགྱུར་བ། །ལེགས་བཤད་དྲི་བཟང་ཀུན་གྱི་འབྱུང་ཁུངས་ནི། །པད་དཀར་རྣམ་དཔྱོད་ཟེའུ་འབྲུ་རྒྱས་པ་ཡིན། །དགའ་ཆེན་ཟ་ནུས་ཀྱི་རྒྱུད་ཀྱི་ལམ་རིམ་སྐལ་བཟང་འདོད་འཇོ་ཞེས་བྱ་བ་སློབ་དཔོན་ཀུ་ཀུ་རི་པ་ཡབ་སྲས་ཀྱི་ལེགས་བཤད། རྡོ་རྗེ་འཆང་མར་རྔོག་གི་ཞལ་སྐྱིན་དྲི་མ་མེད་པ་འདི། མཁར་ཆུ་སྔགས་གྲྭ་སློབ་དཔོན་མ་རྒྱུད་པ་ངག་དབང་བློ་གྲོས་ཀྱིས་བསྐུལ་བའི་ངོར། རྒྱུད་གཉན་པོ་རྣམས་ཀྱི་ངེས་པའི་སྒོ་གླེགས་པ་པདྨ་དཀར་པོས་རྒྱལ་བྱེད་ཀྱི་ཚལ་དུ་སྦྱར་བའོ།། །།མངྒཱ་ལཾ།། །།


previousསྒྱུ་མ་ཆེན་མོ་མཧཱ་མཱ་ཡཱའི་ལམ་རིམ་སྐལ་བཟང་འདོད་འཇོ།next