Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

22 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
  
  
  
 
ཚེ་དཔག་མེད་གོང་ཁུག་མ་གཉིས་ཀྱི་ཆོ་ག
  
  
  
 
  
 
  
 
11   
  
  
  
  
  
  


22 occurrences of གཡོན་རུ་
[Clear Hits]

 
previousཚེ་དཔག་མེད་གོང་ཁུག་མ་གཉིས་ཀྱི་ཆོ་གnext

ཚེ་དཔག་མེད་གོང་ཁུག་མ་གཉིས་ཀྱི་ཆོ་ག

ཚེ་དཔག་མེད་གོང་ཁུག་མ་གཉིས་ཀྱི་ཆོ་ག་བཞུགས་སོ། །རྗེ་བཙུན་ཞབས་ལ་ཕྱག་འཚལ་ལོ། །ཕུལ་བྱུང་འདོད་དགུའི་ཡ་མཚན་བྱེ་བ་བརྒྱས། །འཆི་མེད་གནས་ལ་མངོན་འདོད་གསར་པ་ཡིས། །རིངས་པར་གྱུར་རྣམས་སྐལ་བ་བཟང་མཛད་པ། །གྲུབ་པའི་རྒྱལ་མོ་བརྒྱུད་པར་བཅས་ལ་འདུད།། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བཞད་པ་རྡོ་རྗེའི་ཕྱག་བཞེས་ལས་བྱུང་བ། ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པས། ཐོག་མར། ཡིད་དང་མཐུན་པའི་གནས་སུ། རྡུལ་ཚོན་གྱི་པདྨ་འདབ་བརྒྱད། དེའི་སྟེང་དུ་མཉྫྱིའི་ཁར། བུམ་པ་བཟང་པོ་དམ་ཚིག་གི་རྫས་བཏབ་པའི་ཆུས་བཀང་། མགུལ་ཆིངས་དམར་པོས་བྱས་ཤིང་། འབྲས་བུ་ཅན་གྱི་ཤིང་གི་ཡལ་ག་ཁྲིའུས་ཁ་བརྒྱན་པ། གཡས་སུ་ཀ་པཱ་ལ་བདུད་རྩིས་བཀང་བ་དང་། གཡོན་དུ་བུམ་པ་དང་དུང་ཆོས་དྲི་བཟང་པོའི་ཆུས་གཏམས་པ། མཐའ་མར་མཆོད་པའི་རྫས་དང་གཏོར་མ་ཕྱག་བཞེས་བཞིན་བཤམས་ནས། རང་ཉིད་སྐད་ཅིག་གིས་ཚེ་དཔག་མེད་དུ་བལྟས་པའི་སྙིང་གའི་སྲཱིཿཡིག་གི་འོད་ཀྱི་ལྕགས་ཀྱུས་བླ་མ་དང་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། ཅེས་པས་ཕྱག་བྱས། ཨོཾ་ཨ་པ་རི་མི་ཏཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ་སྦྱར་བས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་ཡན་ལག་བདུན་པ་ལན་གསུམ་བྱས། ལྷ་དང་བླ་མ་རང་ཉིད་ལ་བསྟིམ་མོ། །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་ཚངས་པའི་གནས་པ་བཞི་ལ་གནས་པར་བྱས་ནས། ཨོཾ་སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བྱས་པའི་དབྱིངས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ལྟེ་བ་དང་འདབ་མ་རྣམས་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་དབུས་དང་། ཕྱོགས་བཞིའི་འདབ་མ་ལ་སྲཱིཿཡིག་དམར་པོ་འོད་འབར་བ། ཤར་ལྷོར་ཨ། ལྷོ་ནུབ་ཏུ་པ། ནུབ་བྱང་དུ་ས། བྱང་ཤར་དུ་ཨ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ། ཤར་དུ་རྡོ་རྗེ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་འཕྲིན་ལས་ཚེ་དཔག་མེད། ཐམས་ཅད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། མཉམ་གཞག་གི་སྟེང་ན་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བཻཌཱུརྻ་མཐོན་མཐིང་གི་ལྷུང་བཟེད་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ལྟ་བས་ཆོག་མི་ཤེས་པའི་མཚན་དཔེས་བརྗིད་པ། ཤར་ལྷོར་ལྕགས་ཀྱུ་མ་དཀར་མོ་ཕྱག་གཉིས་ལྕགས་ཀྱུ་འཛིན་པ། ལྷོ་ནུབ་ཏུ་ཞགས་པ་མ་སེར་མོ་ཕྱག་གཉིས་ཞགས་པ་འཛིན་པ། ནུབ་བྱང་དུ་ལྕགས་སྒྲོག་མ་དམར་མོ་ཕྱག་གཉིས་ལྕགས་སྒྲོག་འཛིན་པ། བྱང་ཤར་དུ་དྲིལ་བུ་མ་ལྗང་ཁ་ཕྱག་གཉིས་དྲིལ་བུ་འཛིན་པ། དེ་ཐམས་ཅད་ཀྱང་བརྒྱད་གཉིས་ལོན་པའི་ལང་ཚོས་སྒེག་ཅིང་། བལྟ་བས་མི་ངོམས་པ་ཙམ་དུ་མཛེས་པས་འགྱིང་བ་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ལྟེ་བར་ཏྲཱཾ། གསང་བར་ཨ། ས་བོན་ལྔའི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཨརྒྷཾ་ལ་སོགས་པས་མཆོད། ཛཿཧཱུཾ་བཾ་ཧོ། སླར་ཡང་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལྔ་སྤྱན་དྲངས། བདག་བསྐྱེད་ཀྱི་ལྷ་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་བུམ་པའི་ཆུས་དབང་བསྐུར། ལུས་གང་། དྲི་མ་དག ཆུ་ལྷག་མ་སོ་སོའི་སྤྱི་བོར་བརྟན་པ་ཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་འཁོར་ལོ་ལ་སོགས་པའི་ཕྱག་མཚན་ལྔས་རལ་པའི་ཅོད་པན་བརྒྱན་པར་གྱུར་། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པ་མཆོད་རྫས་རྣམས་ལ་ཕོག་པས། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་ཡོ་བྱད་མ་ཚང་བ་མེད་པའི་ཆར་གྱིས་སངས་རྒྱས་ཀྱི་ཞིང་རབ་འབྱམས་འགེངས་པའི་སྤྲིན་གྱི་ཕུང་པོ་ཆེན་པོར་གྱུར། ཨོཾ་ཨ་པ་རི་མི་ཏཱ་ཡུརྫྙཱ་ན་ས་པ་རི་ཝཱ་རི་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རུ་པ། ཤཔྟ་གནྡྷེ། ར་ཱས་སྤརྴེ། སྟེ་འདོད་ཡོན་ལྔ་ཕུལ། ཨོཾཿཨཱཿཧཱུཾ་ཧ་ཧོཿསྲཱིཿ བྱིན་གྱིས་བརླབས་ཏེ། ཨོཾ་བཛྭ་པཉྩྨ་ཨ་མྲྀ་ཏས་བདུད་རྩི་མྱང་། མ་ལུས་འགྲོ་རྣམས་བདུད་བཞི་དགྲ་ཐབས་ལས། །རྣམ་རྒྱལ་འཆི་མེད་གོ་འཕང་ལ་འགོད་ཕྱིར། །སྣ་ཚོགས་སྙིང་རྗེའི་འཁོར་ལོས་བསྒྱུར་མཛད་པའི། །རིགས་ལྔ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །འཆི་མེད་བདུད་རྩི་བཅུད་རྣམས་མ་ལུས་པ། །དགུག་གཞུག་བཅིང་མཉེས་རོ་མཉམ་ལས་མཛད་ཕྱིར། །ཡིད་འཕྲོག་སྒེག་མོའི་ངང་ཚུལ་ལ་གནས་པའི། །ལྕགས་ཀྱུ་མ་སོགས་ལྷ་ཚོགས་བཞི་ལ་བསྟོད།། ནང་གི་རྣལ་འབྱོར་རོ། །མདུན་བསྐྱེད་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཀ་པཱ་ལའི་བདུད་རྩི། ཨོཾ་སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བྱས་པའི་དབྱིངས་སུ། ནས། བསྟོད་པའི་བར། དབང་གི་ཚེ་མདུན་བསྐྱེད་ཀྱི་ལྷ་ལ་ཞེས་སྦྱར་བ་ཙམ་མ་གཏོགས་གོང་དུ་བཤད་པ་ཇི་ལྟ་བ་བྱའོ། །བུམ་པའི་རྣལ་འབྱོར་ནི། དུང་ཆོས་ཀྱི་དྲི་ཆུ་ལ་སྲཱིཿབཟླས་པ་གཟུངས་ཐག་རྡོ་རྗེ་དང་བཅས་པ་བུམ་པའི་སྟེང་དུ་བཞག ཨོཾ་སྭ་བྷཱ་ཝས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བྱས་པའི་དབྱིངས་སུ། པཾ་ལས་པདྨའི་ལྟེ་བར། བཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་ཅིང་། གོས་བཟང་པོའི་མགུལ་ཆིངས་ཅན། ནང་རྫས་མ་ཚང་བ་མེད་པ། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ནས། དབང་བསྐུར་བའི་ཚེ་བུམ་བསྐྱེད་ཀྱི་ལྷ་ལ་ཞེས་སྦྱར་ཏེ་ཇི་སྐད་བཤད་པའི་བསྟོད་པའི་བར་དུའོ། །དེ་ནས་བཟླས་པ་ནི། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་སྲཱིཿཡིག དེའི་མཐར། ཨོཾ་ཨ་མཱ་ར་ཎི་ཛཱི་ཝཱནྟཱ་ཡེ་སྭཱ་ཧཱ་འམ། ཡང་ན། ཡེའི་ཞབས་སུ་ཨཱ་ཡུ་དེ་ཝ་རེ་ཀ་པ་ར་ཤ་ནི་ཧཱུྃ་ཕཊ་སྭཱ་ཧཱས་བསྐོར་བ། དེ་ལས་འོད་འཕྲོས། ལྷ་མོ་བཞི་ལ་ཕོག དེ་རྣམས་ཀྱི་སྤྲུལ་པས་འཇིག་རྟེན་ཐམས་ཅད་གང་བར་བྱས་ཏེ། རང་གི་ཚེ་བརྐུས་ཤིང་ཕྲོགས་པ་ཡར་ཞིང་འཁྱར་བ་དང་། ས་ཆུ་མེ་རླུང་ལ་བརྟེན་ནས་ཚེ་བསྲིང་བར་ནུས་པའི་བཅུད་དང་། སེམས་ཅན་གྱི་ཚེ་དང་བསོད་ནམས། ཚེའི་རིག་འཛིན་བརྙེས་པ་དང་། སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་ལྕགས་ཀྱུ་མས་བཀུག ཞགས་པ་མས་བཅིངས། ལྕགས་སྒྲོག་མས་བསྡམས། དྲིལ་བུ་མས་ཕབ་ནས་བུམ་པའི་ཚེ་ཆུ་དང་། ཀ་པཱ་ལའི་བདུད་རྩི་དང་དབྱེར་མེད་དུ་འདྲེས་པར་བསམ་ལ་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་རིགས་པར་བཟླས། དུང་ཆོས་ཀྱི་ཆུ་ནང་དུ་བླུགས། བུམ་ནང་གི་ལྷ་ཚོགས་འཆི་མེད་ཀྱི་ཚེ་ཆུར་ཞུ་བར་བསམ། དེ་ནས་ལས་བུམ་དུ། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄་ཀྱིས་རྟ་མགྲིན་དམར་པོ་ཁྲོ་ཞིང་གཏུམ་པའི་རྩ་ཞལ་དང་། སྤྱི་བོར་རྟ་མགོ་ལྗང་ནག་སྒེག་ཅིང་དཔའ་བའི་སྐུ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཕྱག་གཡས་དབྱུག་ཐོ་ནམ་མཁར་འཕྱར་ཞིང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། ཁྲོ་བོའི་སྟང་སྟབས་ཀྱིས་ཡེ་ཤེས་ཀྱི་མེའི་ཕུང་པོའི་དབུས་ན་པད་ཉིའི་གདན་ལ་བཞུགས་པའི་ཐུགས་ཀར་ཉིན་བྱེད་ལ་གནས་པའི་སྲཱིཿཡིག་སྔགས་འཕྲེང་དང་བཅས་པ་ལས་འོད་འཕྲོས། ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་ནུས་མཐུ་ཐམས་ཅད་བསྡུས་ནས་སླར་དེ་ཉིད་ལ་ཐིམ་པར་མོས་པས་སྙིང་པོ་བཟླས། མཐར་ནད་གདོན་ཐམས་ཅད་འཇོམས་པའི་ཆུར་ཞུ་བར་བསམ་མོ། དེ་ནས་གཏོར་མ་སྦྱངས་ཏེ། ཨོཾ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨཱཿལས་དམ་ཚིག་གི་བདུད་རྩི། ཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩི་དང་གཉིས་སུ་མེད་པའི་རྒྱ་མཚོར་བསམས་ནས། ཨ་པ་རི་མི་ཏཱ་ཨ་ཡུརྫྙཱ་ན་ས་པ་རི་ཝཱ་རི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ལན་བདུན་ནམ་ལྔས་ཕུལ་ལ། འཆི་བ་མེད་པའི་ཚེའི་མཆོག་བླང་ངོ་། །དབང་བསྐུར་བ་ནི། ཁྲུས་བྱས། བགེགས་བསྐྲད། བསྲུང་འཁོར་བསྒོམས་ཏེ་མཎྜྻལ་ཕུལ་ལ། སྡོམ་པ་འཛིན་པའི་དོན་དུ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་གྱིས་གསོལ་བ་ལན་གསུམ་བཏབ། སངས་རྒྱས་བྱང་སེམས་དཔག་ཏུ་མེད་པའི་དབུས་ན་རྣམ་པར་བརྗིད་པའི་བླ་མ་ཚེ་དཔག་ཏུ་མེད་པའི་སྤྱན་སྔར། ལྷག་བསམ་ཐུན་མོང་མ་ཡིན་པས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ཞེས་ལན་གསུམ་གྱིས་སྡོམ་པ་གཟུང་། དེ་ནས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་འཆི་མེད་ཚེ་དབང་བཞི། །དེ་རིང་བདག་ལ་སྩལ་དུ་གསོལ།། དེ་ནས་སློབ་མ་ལ་ལས་བུམ་གྱི་ཆུས་བསངས། སྭ་བྷཱ་ཝས་སྦྱངས། ཚེ་དཔག་ཏུ་མེད་པར་བསྐྱེད། བླ་མ་ལ་མོས་གུས་དུངས་དུངས་ཞིག་བྱས་པས། ཐུགས་ཀ་ནས་འོད་འཕྲོས། དཀྱིལ་འཁོར་གྱི་འཁོར་ལོའི་གཙོ་བོ་ལ་ཕོག དེའི་ཕྱག་གི་ལྷུང་བཟེད་ཀྱི་བདུད་རྩི་ཞུ་ཞིང་ཁོལ་ཆེར་ལུད་པས། སློབ་མའི་སྤྱི་བོར་དབང་བསྐུར་བར་མཛད་པ་དང་ལྷན་ཅིག བླ་མའི་དཔྲལ་བའི་ཨོཾ་ཡིག་ལས་ཀྱང་འཆི་མེད་ཀྱི་བདུད་རྩི་རྒྱུན་འབབ་བཞིན་པ། སློབ་མའི་སྤྱི་བོར་ཐིམ་པར་མོས་ཏེ། དངོས་སུ་སློབ་དཔོན་གྱིས་ཚེའི་བུམ་པ་ཐོགས་ནས་སྤྱི་བོར། སངས་རྒྱས་ཀུན་གྱི་སྐུར་གྱུར་པ། །མགོན་པོ་ཚེ་དཔག་མེད་པ་ཡིས། །ལུས་ལ་མངོན་པར་དབང་བསྐུར་བས། །ཚེ་སྲོག་རྒྱས་ཤིང་བརྟན་གྱུར་ཅིག ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩྨ་ཨོཾ། ཞེས་དབང་བསྐུར་ཞིང་ཚེ་ཆུ་བླུག་པས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འཆི་བ་མེད་པའི་ཡེ་ཤེས་ཀྱི་ཆུས་གང་ཉོན་མོངས་པ་གཏི་མུག་དང་དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཚེ་དཔག་ཏུ་མེད་པའི་སྐུའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ། །ཡང་། བླ་མའི་ཐུགས་ཀའི་འོད་པདྨ་ཚེ་དཔག་མེད་ལ་ཕོག དེའིྎ སློབ་མའི་མགྲིན་པརྎ བླ་མའི་མགྲིན་པའི་ཨཱཿཡིག་ལས་ཀྱངྎ མགྲིན་པརྎ སངས་རྒྱས་ཀུན་གྱི་གསུང་གྱུར་པ། པདྨ་ཚེྎ ངག་ལྎ ཚེ་སྲོགྎ ཨོཾ་པདྨྎ ཥིཉྩྨ་ཨཱཿ དབང་བསྐུར། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོྎ ཉོན་མོངས་པ་འདོད་ཆགས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། ཚེ་དཔག་ཏུ་མེད་པའི་གསུང་གིྎ ཡང་། བླ་མའིྎ རྡོ་རྗེ་ཚེ། སྙིང་གར། ཧཱུྃ་ཡིག་ལས་ཀྱང་། སྙིང་གར། སངས་རྒྱས་ཀུན་གྱི་ཐུགས་གྱུར་པ། རྡོ་རྗེ་ཚེྎ ཡིད་ལྎ ཚེྎ ཨོཾ་བཛྭ། ནས་ཧཱུྃ་གིས་དབང་། སྙིང་ག་ཆོས་ཀྱི་འཁོར་ལོྎ ཉོན་མོངས་པ་ཞེ་སྡངྎ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེསྎ ཚེ་དཔག་ཏུ་མེད་པའི་ཐུགས་ཀྱིྎ ཡང་བླྎ རིན་ཆེན་ཚེྎ ལྟེ་བརྎ ཏྲཾ་ལས་ཀྱངྎ ལྟེ་བརྎ སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །རིན་ཆེན་ཚེྎ ཡོན་ཏན་གནས་སུ་དབངྎ ཚེྎ ཨོཾ་རཏྣ། ནས། ཏྲཱཾ་གིས་དབང་། ལྟེ་བ་སྤྲུལ་པའི་འཁོར་ལོྎ ཉོན་མོངས་པ་ང་རྒྱལ་དངྎ མཉམ་ཉིད་ཡེ་ཤེསྎ ཚེ་དཔག་ཏུ་མེད་པའི་ཡོན་ཏན་གྱིྎ ཡང་བླྎ འཕྲིན་ལས་ཚེྎ གསང་བརྎ ཨ་ལས་ཀྱངྎ གསང་བ། སངས་རྒྱས་ཀུན་གྱི་འཕྲིན་ལས་མཆོག །འཕྲིན་ལས་ཚེྎ ཕྲིན་ལས་གནས་སུ་དབངྎ ཚེ་སྲོགྎ ཨོཾ་ཀརྨ་ནས། ཨ་དབང་། གསང་གནས་བདེ་སྐྱོང་གི་འཁོར་ལོྎ ཉོན་མོངས་པ་ཕྲག་དོགྎ བྱ་བ་གྲུབ་པའི་ཡེ་ཤེསྎ ཚེ་དཔག་ཏུ་མེད་པའི་འཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་མོ། །དེ་ལྟར་འཆི་བ་མེད་པའི་ཡེ་ཤེས་ཀྱི་ཆུས་ལུས་ཐམས་ཅད་གང་། ཕུང་སོགས་ཀྱི་དྲི་མ་ཐམས་ཅད་སྦྱངས། བུམ་པའི་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བུམ་དབང་ངོ་།། ཀ་པཱ་ལའི་བདུད་རྩི་སློབ་མའི་སྤྱི་བོར་བཞག་སྟེ། ཨོཾ་ཨ་མཱ་ར་ཎི་དང་། ཏདྱ་ཐཱ། ཨོཾ་སརྦ་སཾ་སྐཱ་ར་སོགས་སྤྱི་སྔགས་བརྗོད་ཅིང་། ཀ་པཱ་ལའི་ལྷ་ཚོགས་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་དཀར་དམར་གྱི་རྣམ་པར་ཞུ་བ་སྤྱི་བོ་ནས་རྡོ་རྗེ་ནོར་བུའི་སྣ་རྩེའི་བར་དུ་བབས་པས། ཉི་ཟླའི་རྒྱུ་བ་འགགས། དབུ་མའི་སྟོབས་རྒྱས་པས་སླར་གྱེན་དུ་གཤེགས་ཏེ། རྩ་འཁོར་ལོ་ལྔ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་བརྟན་པར་གང་། འཁོར་ལོ་སོ་སོའི་ལྟེ་བར་རིགས་ལྔའི་ས་བོན་གྱི་ཡི་གེ་རྣམས་སུ་གྱུར་པ། དུས་མ་ཡིན་པར་འཆི་བ་ལ་སོགས་པའི་རྐྱེན་ངན་དང་བར་ཆད་གང་གིས་ཀྱང་མི་ཤིགས་པའི་སྲོག་གི་གཟུངས་སུ་བརྟན་པར་གནས་པར་བསམ། སློབ་དཔོན་གྱིས་ཨོཾ་ཨཱཿསོགས་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་པས་རེག་སྟེ། གནས་སོ་སོར་དྲིའི་ཐིག་ལེ་བྱ། དེས་ལུས་ཐམས་ཅད་འཆི་མེད་ཀྱི་བདུད་རྩིས་གང་། ལས་རླུང་གི་རྒྱུ་བ་སྦྱངས། གསང་བའི་དབང་ཐོབ། རྩ་རླུང་བསྒོམ་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། གསང་དབང་ངོ་། །སློབ་མ་བླ་མའི་མོས་གུས་ལ་གནས་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་འོད་ཀྱིས་ལྷ་མོ་བཞི་བསྐུལ་བས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འཆི་བ་མེད་པ་ཚེའི་གཟུངས་སུ་གནས་པ་ཐམས་ཅད། ལྷ་མོ་ལྕགས་ཀྱུ་མས་སློབ་མའི་ལུས་ངག་ཡིད་གསུམ་ལ་བཀུག ཞགས་པ་མས་ལྷན་ཅིག་ཏུ་བཅིངས། ལྕགས་སྒྲོག་མས་གཉིས་སུ་མེད་པར་བསྡམས། དྲིལ་བུ་མས་རོ་མཉམ་པའི་ཚུལ་གྱིས་དབང་དུ་བྱས་པར་དམིགས་ཏེ། རོལ་མོའི་སྒྲ་དྲག་པོ་དང་། རྡོ་རྗེ་དང་བཅས་པའི་ལྕགས་ཀྱུའི་ཕྱག་རྒྱ་གཡབ་ཅིང་། ཨོཾ་ཨཾ་ཀུ་ཤ་ས་མ་ཡ་ཛཿཧཱུཾ་བཾ་ཧོཿ ཨཱ་ཡུརྫྙ་ན་སྲཱིཿབྷྲཱུཾ། ཞེས་དྲག་ཏུ་བརྗོད། ཞགས་པ་ལ་སོགས་པའི་ཕྱག་རྒྱ་ལྷག་མ་རྣམས་ཀྱིས་མནན། དེས་ལུས་འཆི་བ་མེད་པ་སྐུ་རྡོ་རྗེ། ངག་འཆི་བ་མེད་པ་གསུང་རྡོ་རྗེ། ཡིད་འཆི་བ་མེད་པ་ཐུགས་རྡོ་རྗེར་གྱུར་པ་ཡིན་ནོ་ཞེས་བརྗོད་དེ། རྡོ་རྗེ་དང་བཅས་པའི་ལག་པ་སློབ་མའི་སྤྱི་བོར་བཞག་ལ། ཏིཥྛ་བཛྭ་ཞེས་བརྗོད་པས་བསྐལ་པའི་བར་དུ་མི་འགྱུར་བར་བརྟན་པ་དང་། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག། ཅེས་སོགས་ཀྱི་ཤིས་པ་བརྗོད་དོ།། ཨོཾ་སུ་པྲ་ཏིཥྛ་བཛྭེ་སྭཱ་ཧཱ། ཞེས་པས་རབ་ཏུ་གནས་པར་བྱ། སློབ་དཔོན་གྱིས་སྤྱི་སྔགས་གཉིས་ལན་བདུན་བརྗོད་པའི་མཐར། སློབ་མ་རྗེས་ཟློས་བྱེད་དུ་བཅུག་སྟེ། བཅོམ་ལྡན་འདི་ལ་དང་། བཅོམ་ལྡན་བདག་གིས་སོགས་ཀྱིས་བཟླས་ལུང་ཡང་སྦྱིན་ནོ།། དེས་ཐིག་ལེའི་འཛག་པའི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ།། དབང་གསུམ་པའོ། །དེ་ནས། སློབ་མས་མི་ཕྱེད་པའི་དད་པས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་གནས་ལྔ་དང་། ལུས་ལ་ཐིམ། ལྷ་མཚན་སློབ་མའི་སྤྱི་བོར་བཀོད། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་དབུགས་དབྱུང་ཞིང་། ཡེ་ཤེས་ལྔའི་རང་བཞིན་དུ་རྒྱས་བཏབ་པས། འཇིག་རྟེན་གསུམ་གྱིས་རྒྱལ་བར་མ་ནུས་པའི་འཆི་བདག་ལ་སོགས་པའི་བདུད་བཞིའི་དགྲ་ལས་རྒྱལ་བའི་ཚེའི་རིག་འཛིན་ཐོབ་པར་བསམ་མོ། །དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། དབང་བཞི་པའོ། །བདག་འཇུག་གི་ཚེ། བླ་མའི་བྱ་བ་གཙོ་བོས་མཛད་པར་བསམ། ལྷ་ལྔའི་ཚེ། པད་འདབ་བཞི་དང་། རིགས་ལྔ་བསྐྱེད་པ་ལས་ཁྱད་ཆོས་ལྷག་པ་གཞན་མེད་ཅིང་། དབང་གསུམ་པའི་ཚེ། ལྷ་མོ་བཞི་ཐུགས་ཀ་ནས་སྤྲོ་བ་ལས་གཞན་མཚུངས་པ་ཉིད་དོ། །འདི་ལ་རིགས་ལྔའི་དབང་རེའི་མཐར། དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་དོན་གྱི་ལྷ། །རྣམ་པར་སྣང་མཛད་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་དོན་གྱི་ལྷ། །སྣང་བ་མཐའ་ཡས་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཤར་གྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། རྡོ་རྗེ་སེམས་དཔའ་བཀྲ་ཤིས་དོན་གྱི་ལྷ། །རྡོ་རྗེ་སེམས་དཔའ་བཀྲ་ཤིས་གང་ལགས་པ་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། རིན་ཆེན་འབྱུང་ལྡན་བཀྲ་ཤིས་དོན་གྱི་ལྷ། །རིན་ཆེན་འབྱུང་ལྡན་བཀྲ་ཤིས་གང་ལགས་པ་། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག བྱང་གི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། དོན་ཡོད་གྲུབ་པ་བཀྲ་ཤིས་དོན་གྱི་ལྷ། དོན་ཡོད་གྲུབ་པ་བཀྲ་ཤིས་གང་ལགས་པ་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཞེས་སོགས་ཤིས་བརྗོད་བྱེད་པ་སྤྲོས་པ་ལ་དགའ་ནའོ། །རྗེ་བཙུན་མན་ངག་རིན་ཆེན་འཕྲེང་བ་འདི། །ཚིག་གི་སྲད་བུ་རིང་པོར་འཐོར་མཐོང་ནས། །འཚམ་པའི་པདྨའི་སྐུད་པ་འདིར་བརྒྱུས་པས། །དོན་གཉེར་མགུལ་བ་སྐལ་བཟང་ཉིད་གྱུར་ཅིག །རྗེ་བཙུན་བཞད་པ་རྡོ་རྗེའི་གོང་ཁུག་ཏུ་སྦས་པ་ཚེ་དཔག་མེད་ལྷ་དགུ་དང་ལྔའི་དཀྱིལ་འཁོར་གྱི་ཆོ་ག་གསུང་བཞིན་དུ་བཀོད་པའོ།། ༈ །།སེམས་ཅན་རེ་རེའི་དོན་དུའང་མཛད་པའི་ཕུལ། །ནམ་མཁའི་ཁྱོན་དང་མཉམ་པའི་ཚུལ་དེ་ཡིས། །ཀུན་ལ་ཕན་པ་བསྒྲུབ་པའི་ཐུགས་རྗེ་ཅན། །བཞད་པ་རྡོ་རྗེ་ཡབ་ཡུམ་ལ་འདུད་དོ།། རྗེ་བཙུན་མི་ལའི་ཞལ་སྔ་ནས་ཇི་ལྟར་གསུངས་པ་ལྟར་གྱི་བཀྲ་ཤིས་ཚེ་རིང་མ་མཆེད་ལྔའི་རྗེས་གནང་སྦྱིན་པར་འདོད་པས། གོང་དུ་བཤད་པའི་ཚེ་དཔག་མེད་པའི་དཀྱིལ་འཁོར་གྱི་མདུན་ནམ། གཡོན་དུ་རྡུལ་ཚོན་གྱི་པདྨ་འདབ་བཞིའམ། ཡང་ན། གྲྭ་ཆིངས། དར་རས་དཀར་པོ་དྲི་མ་མེད་པ་གང་རུང་གི་ཁར་མཚལ་ཅོག་ལ་མའི་གཡུང་དྲུང་ལྔ་ཚོམས་སུ་བྲིས། རིན་པོ་ཆེའི་སྣོད་གཙང་མར། འབྲུ་དཀར་པོའི་ཕྱེ། ར་དཀར་མོ་དང་། བ་དམར་མོའི་འོ་མས་སྦྲུས་པ་ལ་འབྲང་རྒྱས་སོ་སོའི་རི་དང་འདྲ་བའི་རྩེ་མོ་རིན་པོ་ཆེ་འབར་བས་བརྒྱན་པ་ལ། མདའ་རྒོད་སྒྲོ་མར། དར་མེ་ལོང་། མུ་ཏིག སོར་གདུབ། གཡུ་ཆུང་། བདུད་རྩི་ལྔ་དང་སིནྡྷུ་ར། ནེའུ་ལེའི་རླིད་བུའམ། དར་གྱི་ཁུང་དུ་བཅུག་པ་དང་། ལྷ་མོ་སོ་སོའི་ཙཀྐ་ལི་གདགས་པ་བཙུགས་ཏེ། དབུས་དང་ཕྱོགས་བཞིར་གོ་རིམ་བཞིན་བཞག གཡས་སུ་ཐོད་པ་བཟང་པོའམ། རིན་པོ་ཆེའི་བུམ་པ་ལ་སོགས་པ་བདུད་རྩི་ལྔའི་སྨན་ཕབས་ཅན་གྱི་ཚེ་ཆང་གིས་གང་བ་མར་གྱི་ཟེ་སྒྲོ་ཅན་དང་། གཡོན་དུ་ཚེ་ཟན་བུམ་པའི་དབྱིབས་ཅན། སྤོད་ཟན་གྱི་ཚེ་རིལ་བྲུམས་སུ་བཅེར་བ། གསེར་གྱི་རྡོ་རྗེ་རྩེ་དགུ་པ། དངུལ་དཀར་གྱི་མེ་ལོང་། ཟས་སྣ་ཚོགས་ཀྱིས་གང་བའི་རིན་པོ་ཆེའི་གཞོང་པ། རིན་པོ་ཆེའི་སྒྲོམ་བུ་རྩ་དུར་བའི་ཆུན་པོ་རྣམས་ཕྱོགས་སུ་བཀོད། དར་ཟབ་རིན་པོ་ཆེའི་འཕྲེང་བ་ལ་སོགས་པའི་སྤྱན་གཟིགས་མེ་ཏོག་སི་ལ་སོགས་པ་མཆོད་པའི་བྱེ་བྲག་འབྱོར་ཚད་དང་། རྡོར་དྲིལ། ཅང་ཏེའུ། ཀ་པཱ་ལ་ཆང་གིས་བཀང་བ་ལ་སོགས་པའི་དམ་ཚིག་གི་རྫས་དང་། ཁ་ན་མ་ཐོ་བ་མེད་པའི་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་དང་། ཡི་དམ། ཌཱ་ཀི ཞིང་སྐྱོང་། གཞི་བདག་གི་གཏོར་མ་བཤམས་ཞིང་བཀོད་པས་མཛེས་པར་བྱའོ། །དེ་ནས་ནང་གི་རྣལ་འབྱོར་ནི་བདེ་བའི་སྟན་ལ་འདུག་སྟེ། རང་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་སྲཱིཿཡིག་གི་འོད་ཀྱིས་བཅོམ་ལྡན་འདས་མའི་སྤྱི་བོར། རྗེ་བཙུན་བཞད་པ་རྡོ་རྗེ། དེའི་སྤྱི་བོར་མགོན་པོ་ཚེ་དཔག་ཏུ་མེད་པ་མཐོ་བརྩེགས་སུ་བཞུགས་པ་ལ་བླ་མ་ཡི་དམ། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ཞེས་པས་ཕྱག་བྱ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤཔྟའི་བར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔས་མཆོད། དཀོན་མཆོག་གསུམ་ལ་སོགས་ཀྱིས་བདུན་རྣམ་དག་བྱ། མཐར་རང་ལ་བསྟིམ། ཚད་མེད་བཞི་བསྒོམ། སྭ་བྷཱ་ཝ་བརྗོད། སྟོང་པའི་ངང་ལས་ཆོས་འབྱུང་དམར་པོ་གྲུ་གསུམ་པའི་དབུས་སུ་པདྨའི་ལྟེ་བར། རོ་སེར་པོའི་སྙིང་གར་སྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྗེ་བཙུན་ལྷན་ཅིག་སྐྱེས་མ་བདེ་བའི་ཉམས་ཀྱིས་རྒྱས་པའི་ལང་ཚོ་ཅན། ཞལ་གཅིག་མཆེ་བ་གཙིགས་ཤིང་སྤྱན་གསུམ་མ་ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་། ཐོད་སྐམ་ལྔའི་ཅོད་པན་དང་། མགོ་བོ་རློན་པའི་འཕྲེང་བ་འཛིན་པ། ཧེ་ རུ་ཀའི་རང་བཞིན་གྱི་ཁཊྶཱཾ་ག་གྲུ་མོ་གཡོན next hit་པས་འཁྱུད་པ། གཡོན་བརྐྱང་བའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་རོལ་པའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས། འབར་བའི་ཕྱག་རྒྱ་ཕེཾ་གྱི་སྒྲ་དང་བཅས་པས་ཡེ་ཤེས་སེམས་དཔའ་དབང་གི་ལྷ་ཚོགས་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་བསྲེས། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏས་བྱང་ཆུབ་སེམས་ཀྱི་རྒྱུན་གྱིས་དབང་བསྐུར། ལུས་གང་། དྲི་མ་དག སླར་སྤྱི་བོར་བརྟན་པས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམ། སྙིང་གའི་ས་བོན་གྱིས་སྤྲོས་པའི་མཆོད་པའི་ལྷ་མོ་ནམ་མཁའ་གང་བས་མཆོད་པར་མོས་ཏེ། གོང་བཞིན་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོས་བསྟོད། ནང་མཆོད་སྦྱངས། ཨོཾ་ཡིག་གིས་ཐོད་པའི་སྣོད་རྒྱ་ཆེ་བ། ཨཱཿཡིག་གིས་དམ་ཚིག་གི་བདུད་རྩི་རྒྱ་མཚོ། ཧཱུྃ་ཡིག་གིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། ཧ་ཧོཿསྲཱིཿརོ་མཉམ་དུ་བྱས། ཨོཾ་བཛྭ་པཉྩྨ་ཨ་མྲྀ་ཏ་ཁཱ་ཧིས་མྱང་བར་བྱའོ། །ལྟེ་བར་སྲཱིཿཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལ་དམིགས་ཏེ། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། ཅེས་པ་རྩ་སྔགས། ཨོཾ་བཛྭ་བཱ་རཱ་ཧི་ཧཱུཾ་ཕཊ། ཅེས་པ་སྙིང་པོ། ཨོཾ་བཛྭ་ཡོ་གི་ནཱི་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་པས་ཉེ་སྙིང་རྣམས་བཟླས་པར་བྱའོ། །དེ་ནས་གཏོར་མ་བསང་སྦྱངས་ནས། ནང་མཆོད་བཞིན་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དང་། ཕེཾ་གྱི་སྒྲས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་ཀྱི་ཌཱ་ཀི་ལྔ། སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ལྷར་དག་པ་དང་བཅས་པ་སྤྱན་དྲངས་ལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བ་གཏོད་དེ། ཨོཾ་ཨཱཿབཛྭ་ཨ་ར་ལི་ཞེས་སོགས་ཀྱི་འཇིག་རྟེན་ལས་འདས་པ་དང་། ཨོཾ་ཁ་ཁས་འཇིག་རྟེན་པ་ལ་ཕུལ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་གི་ཤློ་ཀ་གཅིག་གིས་སྨོན་ལ་མ་གདབ་བོ། །མདུན་བསྐྱེད་ནི། གཏོར་མ་ལྔ་བསངས་སྦྱངས། ལྷ་མོ་ལྔ་བསྐྱེད་ནས་བསྟོད་པའི་བར་ཡིད་ཀྱི་འདོད་འཇོར་བཤད་བཞིན་བྱས། རང་གི་ལྟེ་བའི་སྲཱིཿཡིག་གི་འོད་ཀྱིས་བཀྲ་ཤིས་ཚེ་རིང་མ་དཔོན་གཡོག་ལྔ་བཀུག་སྟེ། རང་ལ་བསྐོར་བ་བྱེད་ཅིང་གུས་མདུད་དང་བཅས་པས་སོ་སོའི་ལས་བསྒྲུབ་པར་བསམ་ལ། ཨོཾ་མ་མ་རུ་རུ་ཙིཏྟ་དྷཱ་ར་མེ་ཛུ་ཏཱི་ཨོཾ་བྷྱོ་ཛཿ ཨོཾ་བཛྭ་བྷི་ཀྱཻ་མུ་ཏ་ཧཱུྃ་བྷྱོ་ཛཿ ཨོཾ་བཛྭ་ཡ་ཏྲ་སིང་སིང་ཧཱུཾ་བྷྱོ་ཛཿ ཨོཾ་ཨ་བཱི་ར་ནཱི་ཧཱུྃ་བྷྱོ་ཛཿ ཨོཾ་ས་རཾ་ཏིང་ཏིང་ཁ་ཏི་ཛྙྱཱ་ན་ཧཱུྃ་བྷྱོ་ཛཿ ཞེས་པ་སྨན་བཙུན་ལྔའི་དམ་ཚིག་གནད་ལ་བོར་བའི་སྲོག་སྔགས་རྣམས་ཀྱང་ཅི་རིགས་པར་བཟླས་པས་བདག་གི་དབང་དུ་གྱུར་པས་འཇིག་རྟེན་གྱི་ཁམས་ཀྱི་ཚེ་བསྲིང་བསོད་ནམས་བསྐྱེད། དཔལ་དང་འབྱོར་པ་སྤེལ་བར་ནུས་པའི་བདུད་རྩིའི་བཅུད་མ་ལུས་པ་བསྡུས། ཚེ་བུམ་སྐད་ཅིག་གིས་རིན་པོ་ཆེའི་བུམ་པར་གྱུར་པ་དང་། ཀ་པཱ་ལའི་ནང་དུ་བླུགས་པས་ཞུ་ཞིང་ཁོལ་ཏེ་ཆིལ་ལི་ལི་ལུད་པར་བསྒོམས། མདུན་བསྐྱེད་དོ། །རྗེས་སུ་གནང་བ་བྱ་བ་ལ། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་དེ་མ་ཐག་ཏུ། སློབ་དཔོན་རྗེ་བཙུན་ལྷན་ཅིག་སྐྱེས་མར་བསྒོམས་ལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། ཕུན་ཚོགས་དངོས་གྲུབ་མ་ལུས་པ། །ཡིད་བཞིན་མྱུར་དུ་བསྒྲུབ་པའི་ཕྱིར། །བདག་ལ་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔའི་རྗེས་གནང་སྩལ་དུ་གསོལ།། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སྭ་བྷཱ་ཝས་སློབ་མ་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་དམར་པོ་ནས། ཀློང་ན་རོལ་པའི་སྤྱི་བོར་རྗེ་བཙུན་བཞད་པ་རྡོ་རྗེ་སྐུ་མདོག་སྔོ་བསངས་རས་དཀར་གྱི་ཕྱ་རུ་གསོལ་ཞིང་། ཆོས་འཆད་ཀྱི་ཕྱག་རྒྱ་ཅན། དབུ་སྐྲ་བུན་ནེ་བ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རིགས་བདག་གི་ཚུལ་དུ་བསྒོམ། དེའི་སྤྱི་བོར་ཚེ་དཔག་མེད་མངོན་རྟོགས་བཞིན། དེའི་ཐུགས་ཀར་ཟླ་བ་ལ་སྲཱིའི་མཐའ་མར་སྔགས་འཕྲེང་གཡས་བསྐོར་དུ་འཁོར་བ། མདུན་དུ་བྷྲུཾ་ལས་རིན་པོ་ཆེའི་ས་གཞི་ནས། དམ་ལ་བཞག་པའི་བར་དུ་བྱས། ཚེ་དཔག་མེད་ཀྱི་ཐུགས་ཀའི་སྲཱིཿལས་འོད་འཕྲོས། འཁོར་འདས་ཀྱི་སྣོད་བཅུད་ཐམས་ཅད་ལ་ཕོག ཚེ་བསོད་ནམས་ཡེ་ཤེས་ཐམས་ཅད་བསྡུས། ཚེ་དཔག་མེད་ཀྱི་ལྷུང་བཟེད་དུ་ཐིམ་པ་འཆི་བ་མེད་པའི་བདུད་རྩིར་གྱུར། ཡར་ལུད་ཕྱི་ནས་མར་ཞམ་གྱིས་བྱུང་། བཞད་པ་རྡོ་རྗེའི་ཚངས་བུག་ན། མར་སྐྱ་ལྡུར་ལྡུར་བབས། སྐུ་ལུས་གང་། དེའི་གསང་གནས་ནས་བབས། སློབ་མ་རྗེ་བཙུན་མར་གསལ་བ་དང་ལྷ་མོ་ལྔའི་སྤྱི་གཙུག་ན་མར་བབས། ལུས་ཐམས་ཅད་གང་། སློབ་མའི་ཚེའི་བར་ཆད་ཐམས་ཅད་དག ལུས་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་གཏམས་ཤིང་བརྟན་པས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ། ལྷ་མོ་ལྔས་ཚེའི་འབྲང་རྒྱས་མགོ་ཐོག་བཞག་ནས། ཨཱ་ཡུ་པུཎྭེ་ཛྙྱཱ་ན་སིདྡྷི་ཏྭ་མེ་བྷ་ཧཱུྃ། ཞེས་དང་། ཨོཾ་མཾ་ལཾ་ཙཾ་ཨཾ་ཏཱཾ། ཞེས་པས་ཚེ་རིལ་བྱིན། ཚེ་ཆང་ལུད་པར་མོས། དངོས་སུ་སློབ་དཔོན་གྱིས་སོ། །དེ་ནས་སློབ་མས། རྗེ་བཙུན་བཞད་པ་རྡོ་རྗེ་ལ་མི་ཕྱེད་པའི་དད་པས་གསོལ་བ་བཏབ་པས་རྗེ་བཙུན་གྱི་ཐུགས་ཀ་ནས་འོད་འཕྲོས་གཙོ་མོ་ལ་ཕོག་པས། བཀའ་ཇི་ལྟར་བསྒོས་པ་དྲན་ནས་བཞེངས་ཏེ། སློབ་མ་རྗེ་བཙུན་མར་གསལ་བ་ལ། བསྐོར་བ་གཡས་བསྐོར་དུ་བྱེད་པར་མོས་ཏེ། བླ་མས་གཙོ་མོའི་འབྲང་རྒྱས་སློབ་མའི་མགོ་བོར་བཞག་སྟེ། ཇོ་མོ་བཀྲ་ཤིས་ཚེ་རིང་མ། །དཔལ་འབར་བཀྲ་ཤིས་གཟི་བརྗིད་ཆེ། །མི་འགྱུར་ཡོན་ཏན་ཀུན་རྫོགས་མ། །སྲིད་བསྲུང་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་བཀའ་བསྒོས་པས་ཇོ་མོས་ཚེ་ཆང་བླུད། རང་རྟགས་ཀྱི་རྡོ་རྗེ་ལག་པར་གཏད། བཞད་པ་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྲིད་བསྲུང་ཚེ་ཡི་དངོས་གྲུབ་འབུལ། །ཨོཾ་མཾ་མངྒ་ལ་ཨ་ཡུ་དཱིརྒྷ་ཨཉྫྱི་དྷཱ་ར་སྭཱ་ཧཱ། ཞེས་སྨྲ་བར་བསམ། དེས་འཇིག་རྟེན་པ་ཡིན་ན་རིགས་བརྒྱུད་འཕེལ་བ་དང་། ཆོས་པ་ཡིན་ན་སློབ་བརྒྱུད་དང་། ཆོས་བརྒྱུད་འཕེལ་བ་དང་། ཚེ་དཔལ་བཀྲ་ཤིས་རྒྱས་པའི་དངོས་གྲུབ་ཕུལ་ཞིང་ཐོབ་པ་ཡིན་ནོ། །ཡང་སློབ་མས་རྗེ་བཙུནྎ མཐིང་གི་ཞལ་བཟང་མ་ལ་ཕོག དེའི་འབྲང་རྒྱསྎ ཇོ་མོ་མཐིང་གི་ཞལ་བཟང་མ། །དཔལྎ མིྎ སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །ཞེས་བཀའྎ རང་རྟགས་ཀྱི་སྣང་སྲིད་ཐམས་ཅད་མཐོང་བའི་མེ་ལོང་ལག་ཏུ་གཏད། བཞད་པྎ ྎྎསྣང་གསལ་པྲ་ཡི་དངོས་གྲུབ་འབུལ། །ཨོཾ་ཨཾ་ཨནྡྲི་ནཱི་ལ་མུ་ཁ་བྷ་དྲ་ཨཉྫྱི་དྷཱ་ར་སྭཱ་ཧཱ། ཞེས་སྨྲ་ཞིང་། སྣང་གསལ་པྲ་ཡི་དངོས་གྲུབ་ཕུལ་བ་ཐོབ་པ་ཡིན་ནོ། །ཡང་སློབ། མི་གཡོ་གླང་བཟང་མ་ལ་ཕོག ཇོ་མོ་མི་གཡོ་གླང་བཟང་མ། ྎྎ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །ཞེས་བཀའྎྎ རང་རྟགས་ཀྱི་ཟས་རོ་བརྒྱ་པའི་གཞོང་པ་ལགྎ ཨོཾ་ཨཾ་ཨ་ཙ་ལ་ཧཱ་ས་བྷ་དྲ་ཨཉྫྱི་དྷཱ་ར་སྭཱ་ཧཱ། ཞེས་སྨྲ་ཞིང་། རྨ་གཡང་ཟས་ཀྱི་དངོས་གྲུབ་ཕུལ་བ་ཐོབ་པར་བསམ་མོ། །ཡངྎ ཅོད་པན་མགྲིན་བཟང་མ་ལ་ཕོགྎ ཇོ་མོ་ཅོད་པན་མགྲིན་བཟང་མ། ྎྎབང་མཛོད་ནོར་གྱི་དངོས་གྲུབ་སྩོལ། །ཞེས་བཀའྎ རང་རྟགས་ཀྱི་རིན་པོ་ཆེའི་སྒྲོམ་བུ་ལག་ཏུ་གཏད། ྎ བང་མཛོད་ནོར་གྱི་དངོས་གྲུབ་འབུལ། །ཨོཾ་ཙཾ་མུ་ཀུ་ཊ་མ་དྷཱུ་ར་བྷ་དྲ་ཨཉྫྱི་དྷཱ་ར་སྭཱ་ཧཱ། ཞེས་སྨྲ་ཞིང་། བང་མཛོད་ནོར་གྱི་དངོས་གྲུབ་ཕུལ་བ་ཐོབ་པར་བསམ་མོ། །ཡངྎ གཏད་དཀར་འགྲོ་བཟང་མ་ལ་ཕོག །ཇོ་མོ་གཏད་དཀར་འགྲོ་བཟང་མ། ྎ རྐང་བཞི་འཕེལ་བའི་དངོས་གྲུབ་སྩོལ། །ཞེས་བཀའྎ རང་རྟགས་ཀྱི་དཱུར་བའི་ཆུན་པོ་ལག་ཏུ་གཏད། ྎ རྐང་བཞི་འཕེལ་བའི་དངོས་གྲུབ་འབུལ། ཨོཾ་ཏཱཾ་ཏྭད་བྷ་བ་ཛ་ག་ཏ་བྷ་དྲ་ཨཉྫྱི་དྷཱ་ར་སྭཱ་ཧཱ། ཞེས་སྨྲ་ཞིང་། རྐང་བཞི་འཕེལ་བའི་དངོས་གྲུབ་ཕུལ་བ་ཐོབ་པར་བསམ་མོ། །གཏོར་མ་ལྔ་ཁ་ཙཀྐ་ལི་དང་བཅས་པ་མགོ་ཐོག་ཏུ་བཞག་སྟེ། ཨོཾ། ཉི་མ་ནུབ་ཕྱོགས་ཕ་གི་ན། །གངས་དཀར་དགུང་དུ་རྩེ་མཐོ་བ། །མཐོ་ལ་གཉན་ནོ་ཚེ་རིང་མ། །དེ་ལ་བརྟེན་པའི་ལྷ་མོ་ནི། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །འཁོར་དུ་འཇིག་རྟེན་སྨན་མོ་བཞི། །གཏད་དཀར་འགྲོ་བཟང་མ་དང་ནི། །མཐིང་གི་ཞལ་བཟང་མ་དང་བཅས། །ཅོད་པན་མགྲིན་བཟང་མ་དང་ནི། །མི་གཡོ་གླང་བཟང་འཁོར་དང་བཅས། །སྐུ་ལ་དར་དཀར་རལ་གུ་གསོལ། །སྣ་ཚོགས་དར་གྱི་ལྷབ་ལྷུབ་དང་། །རིན་ཆེན་གསེར་གཡུའི་རྒྱན་ཆ་ཅན། །རྫུ་འཕྲུལ་ཆེན་པོ་མངའ་བ་རྣམས། །བསྟན་མ་བཅུ་གཉིས་ཁྱེད་ཀྱི་འཁོར། །སོ་སོའི་གཡར་དམ་ཇི་བཞིན་དུ། །སློབ་བུ་འདི་ཡི་སླད་བཞིན་འབྲོངས། །ཕྱི་ནང་གསང་བའི་འགལ་རྐྱེན་སེལ། །སྤྱི་དང་ཁྱད་པར་དངོས་གྲུབ་སྩོལ། །བཅོལ་བའི་ལས་རྣམས་ཐམས་ཅད་བསྒྲུབས།། ཞེས་པས་བསྐུལ་ཞིང་གཏད།། ཨོཾ་མ་མ་རུ་རུ་ཞེས་སྲོག་སྙིང་བརྗོད་དེ་གནད་ལ་བོར་བས་ལྷ་མོ་ལྔ་པོས་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་ནས་སོ་སོའི་དངོས་གྲུབ་སྩོལ་ཞིང་འཕྲིན་ལས་བསྒྲུབ་པར་ཁས་བླངས་ཏེ་རང་རང་གི་ཕྱོགས་སུ་འོད་ཀྱི་རྣམ་པར་འཁོད་པར་བསམ། ཚེ་ཆང་བླུད། གཏོར་ཟན་བྱིན་ནོ། །རྗེས་ཚོགས་ལ་ཆོ་ག་བཞིན་དུ་རོལ་པའི་མཐར་ལྷག་མ་བཏང་། ནོངས་པ་འཆགས། ནང་དང་གསང་བའི་ཌཱ་ཀི་རང་བཞིན་གྱི་གནས་སམ་སོ་སོའི་རྟེན་ལ་གཤེགས་གཏོར་མ་གཙང་སར་བསྐྱལ། དཀྱིལ་འཁོར་བསྡུས་ཤིས་བརྗོད་རྒྱས་པར་བྱའོ། །དེ་ལྟར་རྗེ་བཙུན་ཡབ་སྲས་ཀྱི་ཕྱག་བཞེས། བླ་མ་དམ་པའི་མན་ངག་གི་སྲོལ་དུ་ཇི་ལྟར་བྱུང་བ་གཞན་ལ་མ་བསྐྱུད་པར་པདྨ་དཀར་པོས་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག །།


previousཚེ་དཔག་མེད་གོང་ཁུག་མ་གཉིས་ཀྱི་ཆོ་གnext