Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

1 occurrence of དང་ཚ་ལ་དབང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
 
རྡོ་རྗེ་གཏུམ་པོའི་རྩ་བའི་རྒྱུད་གསང་བ་མངོན་པར་བསྟན་པའི་བསྡུས་འགྲེལ་གསང་བའི་སྙིང་པོ།
  
  
  
  
  
  
  
  


1 occurrence of དང་ཚ་ལ་དབང་
[Clear Hits]

 
previousརྡོ་རྗེ་གཏུམ་པོའི་རྩ་བའི་རྒྱུད་གསང་བ་མངོན་པར་བསྟན་པའི་བསྡུས་འགྲེལ་གསང་བའི་སྙིང་པོ།next

རྡོ་རྗེ་གཏུམ་པོའི་རྩ་བའི་རྒྱུད་གསང་བ་མངོན་པར་བསྟན་པའི་བསྡུས་འགྲེལ་གསང་བའི་སྙིང་པོ།

རྡོ་རྗེ་གཏུམ་པོའི་རྩ་བའི་རྒྱུད་གསང་བ་མངོན་པར་བསྟན་པའི་བསྡུས་འགྲེལ་གསང་བའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །རྗེ་བཙུན་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་པདྨོ་ལ་གཏུགས་ཏེ་གུས་པ་ཐམས་ཅད་ཀྱིས་ཕྱག་འཚལ་ལོ། །ཐོས་པ་རྒྱ་མཚོ་མ་བསྒུལ་ཞིང་། །བསམ་པ་མཐའ་ཡས་ངལ་མེད་པར། །ལེགས་བཤད་བདུད་རྩིའི་གཏེར་འབྱིན་པའི། །བླ་མ་བདེ་འབྱུང་རྒྱན་དེས་སྐྱོངས། །བདེ་བར་གཤེགས་རྣམས་བགྲོ་བ་མཛད་ནས་གསང་གསུམ་བདག་པོར་ཁྱོད་བཀོང་ཟིལ། །སྲིད་པའི་དབང་ཆེན་ཡོངས་ཀྱིས་བཟོད་དཀའ་བཀའ་ནན་ཕབ་པས་བྲན་དུ་ཞུགས། །འཕྲོག་བྱེད་ང་རྒྱལ་ཆེན་པོ་སླར་ཁྲོས་ཞབས་ཀྱིས་བརྫིས་ནས་སྲོག་བྲལ་བས། །ནུས་པའི་དབང་ཕྱུག་ཆེན་པོའི་ཆེན་པོ་ཕྱག་ན་རྡོ་རྗེ་འཆང་ལ་བསྟོད། །རྒྱུད་རྒྱལ་ཙན་དན་འཁྲི་ཤིང་གི །ལོ་མ་ཐོབ་པས་ཕལ་ཆེར་ལོག །རྣམ་དཔྱོད་སྟ་རེ་བཟང་ངེད་ནི། །སྙིང་པོ་མ་ཕྱུང་བར་ཅི་ལ། །འདིར་དཔལ་འབྲུག་པ་རྡོ་རྗེ་འཆང་རིམ་པར་བྱོན་པའི་གསུང་ངག སྒྲུབ་ཐབས་སྐོར་ལྔའི་གྱ་བ། །རྡོ་རྗེ་གཏུམ་པོ་ནུས་མཐུའི་སྐོར་གྱི། །རྩ་བའི་རྒྱུད་ཆེན་པོ་འདི་བཤད་པར་བྱ་སྟེ། བཤད་བྱའི་མཚན། བཤད་ཚུལ་གླེང་གཞི། བཤད་གཞུང་གཏན་ལ་དབབ་པ་གསུམ་ལས། དང་པོ་ནི། རྒྱ་གར་སྐད་དུ། བྷ་ག་ཝན་བཛྭ་པཱ་ཎི་གུ་་ཨ་བྷི་ཝཱ་ངཱི་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གཉིས་པ་བཤད་ཚུལ་གླེང་གཞི་ནི། ཕུན་སུམ་ཚོགས་པ་རྣམ་པ་ལྡས་སྟོན་ཏེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་དུས་ཕུན་སུམ་ཚོགས་པ། སྟོན་པ་ནི་བཅོམ་ལྡན་འདས་ཞེས་པས་ཏེ། རྒྱུད་སྡེ་མང་པོར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འཇམ་པའི་དབྱངས་དང་། འོད་དཔག་མེད་ལ་སྤྱན་རས་གཟིགས་དབང་ཕྱུག་དང་། མི་བསྐྱོད་པ་ལ་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་སེམས་དཔའ་ཞེས་བཞག་པ་དང་མཐུན་པར་རྒྱུད་འདིའི་སྟོན་པ་ནི་ཕྱི་མ་དེ་ཡིན་ལ། དེས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཞུ་བ་པོར་གྱུར་པ་དང་། ཡང་། འཆད་པ་པོ་ང་ཆོས་ཀྱང་ང་། རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་དགྱེས་པའི་རྡོ་རྗེ་ལས་བཤད་པ་ལྟར་རྣམ་པར་དཔྱད་ན་ཞུ་བ་པོ་ཡང་སྟོན་པ་དེ་ཉིད། ཆོས་ཀྱང་དེ་ཉིད། འཁོར་དང་དུས་ཀྱང་དེ་ཉིད་དུ་བཞག་གོ །གནས་ནི་ལྕང་ལོ་ཅན་གྱི་ཕོ་བྲང་ན། རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་པའི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་ལ་གནོད་སྦྱིན་ལག་ན་རྡོ་རྗེ་འཆང་བ་ལྔ་བརྒྱ་རྣམས་གནས་པར་བཤད་པ། རོ་ལྡན་དུ་གྲགས་པ་དེ་ཡིན། དེའི་ནང་གི་བྱང་ཤར་གཙོ་བོའི་གནས་སུ་གྲགས་པའི་ཕོ་བྲང་ཆེན་པོའོ། །འདི་ཡང་རྣམ་པར་དཔྱད་ན། རྡུལ་གཅིག་གི་སྟེང་དུ་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་སྣང་བར་བཤད་པའི་འོག་མིན་དང་ཐ་མི་དད་པའོ། །འཁོར་ནི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་ཚོགས་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་། རིག་པའི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་དང་། ལྷ་མ་སྲིན་གྱི་ཚོགས་དང་། གནོད་སྦྱིན་ལྔ་བརྒྱ་དང་བཅས་ཏེ། ཞེས་པ། ཆོས་ནི་ཕུན་སུམ་ཚོགས་པ་བཞི་འཛོམས་པ་དེའི་ཚེ་རྒྱུད་འདི་སྟོན་པའི་དུས་ལ་བབ་པ་ཡིན་པས། སྟོན་པ་བདུད་ཐམས་ཅད་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །གླེང་གཞི་ངོ་མ་ནི་འདི་ཡིན་ཏེ། བཞུགས་པ་དེའི་མཐུས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་འཁོར་གྱི་ནང་དེ་ནས་ལངས་ཏེ། བླ་གོས་ཕྲག་པ་ལ་གཟར་ནས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་གསང་བའི་རྡོ་རྗེ་འཛིན། སོགས་ཀྱིས་གསོལ་བ་བཏབ་པ་ནི་གླེང་བསླང་བའོ། །དེ་ལྟར་བསྐུལ་བའི་ངོར། སྟོན་པ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཐུགས་ཀར་ཡེ་ཤེས་ལྔ་མི་ཕྱེད་པའི་རྡོ་རྗེ་ལན་གསུམ་དུ་གསོར་རོ། །དེ་གསོར་བས་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་འགུལ་བ་དང་། ལྡེག་པ་དང་གཡོ་བ་ལ་སོགས། ལྟས་ཆེན་པོ་བཅོ་བརྒྱད་ཀྱིས་ཀུན་ཏུ་འཁྲུགས་ཏེ། གདུག་པ་ཅན་ཀླུ་འདུལ་བ་ཞེས་བྱ་བའི་འོད་ཟེར་བཀྱེ་ནས་སླར་ཐུགས་ཀར་ཐིམ་པ་ལས། རྡོ་རྗེ་དེའི་ལྟེ་བ་ནས་ཡུམ་དཔའ་མོ་རྡོ་རྗེ་བདེ་མ་ཕྱུང་། དེས་སྟོན་པ་ལ་གཡས་ཕྱོགས་སུ་བསྐོར་བ་ལན་གསུམ་བྱས་ནས། ཕྱག་བྱས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་ཞུས་སོ། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ནི། གསང་བ་དམ་པ་གང་ཡིན་པ། རྡོ་རྗེ་འཛིན་པས་ལེགས་པར་གསུངས། འདི་ནི་རྙེད་དཀའི་རྒྱུད་ཆེན་ཏེ། རིན་ཆེན་ལྟ་བུར་འདོད་འབྱུང་བ། གྲངས་མེད་ཚོགས་ལས་བྱུང་བ་འདི། ཐུགས་རྗེའི་རང་བཞིན་སྟོང་པ་ལས། བཅོམ་ལྡན་ཁྱོད་ཀྱིས་བཤད་དུ་གསོལ། ཞེས་ཞུས་པ་དང་ཞལ་འཛུམ་པ་མཛད་ནས། བྱམས་པ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱས་ནས། ཚུར་འདུས་ནས་རང་གི་ཞལ་དུ་ཐིམ་པ་དང་། དཔའ་མོ་རྡོ་རྗེ་བདེ་མ་ཁྱོད། །སྟོང་པའི་རང་བཞིན་བདག་མེད་མ། །ཇི་ལྟར་ཞུས་བཞིན་བཤད་པར་བྱ། །གུས་པས་ཉོན་ལ་ལེགས་པར་ཟུངས། །ཞེས་ཞལ་གྱིས་བཞེས་སོ། །འདིར་ཞུ་བ་དང་པོ། ཐབས་ཀྱི་གདུལ་བྱའི་དབང་དུ་བྱས་ལ། དེ་ཙམ་གྱིས་ཀྱང་རྣལ་འབྱོར་རྒྱུད་དུ་བཞག་པ་དང་། ཞུ་བ་ཕྱི་མ་ཤེས་རབ་ཀྱི་འཁོར་འདུལ་ཕྱིར་དུ་སྟེ། དེས་བླ་ན་མེད་པའི་རྒྱུད་དུ་བཞག་པས། དོན་ལ་རྒྱུད་ཐམས་ཅད་ཐབས་ཤེས་གཉིས་སུ་མེད་པ་ཡིན་པ་ལྟར་སྟོན་པ་ཞེས་པའོ། །སྔོན་བྱུང་གི་གླེང་གཞི་འདིས། རྗེས་འཇུག་རྣམས་ཀྱིས་མངོན་པར་རྟོགས་པ་སློང་བའི་ཚུལ་བཤད་དེ། དང་པོར་ཏིང་ངེ་འཛིན་ལ་བཞུགས་པ། བསྙེན་པ། དེ་ནས། དེ་ལས་བཞེངས་ཏེ་ཐུགས་ཀར་རྡོ་རྗེ་ལན་གསུམ་གསོར་བས་འཇིག་རྟེན་གྱི་ཁམས་འཁྲུགས་པར་མཛད་པ་སྒྲུབ་པ་སྟེ། ལུས་ལྷའི་རྩལ། ངག་ནུས་པའི། ཡིད་ཏིང་ངེ་འཛིན་གྱི་རྩལ་འབྱིན་པ་ཞེས་བྱའོ། །དེ་ནས་གདུག་པ་ཅན་ཀླུ་འདུལ་བའི་འོད་ཟེར་སྤྲོས་བསྡུ་བ་ནི་ཚར་བཅད་པ་དང་རྗེས་སུ་འཛིན་པའི་ལས་ལ་སྦྱོར་བ། སླར་ཞལ་ནས་འོད་ཟེར་གྱི་སྤྲོ་བསྡུ་མཛད་པ། བསམ་གཏན་ཙམ་གྱིས་ཇི་སྐད་བཤད་པ་མ་གྲུབ་ན། གསང་སྔགས་བཟླས་བརྗོད་བྱས་ནས་བསྒྲུབ་པར་སྟོན་པ་ཡིན་ནོ། །གསུམ་པ་བཤད་གཞུང་གཏན་ལ་དབབ་པ་ལ། བཤད་བྱ་ངེས་པའི་ཕྱིར་མདོར་བསྡུས། བཤད་པ་ཉིད་ཀྱི་ཚིག་དོན། བཤད་ཟིན་མཇུག་དོན་བསྟན་པ་གསུམ་ལས། དང་པོ་ནི། དྲི་བར། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ནི། །གསང་བ་དམ་པ་གང་ཡིན་པ། །ཞེས་དྲིས་པས། རྡོ་རྗེ་འཆང་གི་སྐུ་གསུང་ཐུགས། །མི་ཕྱེད་སྟོང་པའི་རང་བཞིན་ལས། །ཐེག་ཆེན་སྣ་ཚོགས་ཐབས་ཚུལ་ཏེ། །འདི་ནི་རབ་ཏུ་རྟོགས་དཀའ་བས། །འདས་དང་ད་ལྟར་བཞུགས་པ་དང་། །མ་འོངས་སངས་རྒྱས་སྤྱོད་ཡུལ་ཡིན། །བསམ་གྱིས་མི་ཁྱབ་རྣམ་པར་དག །བརྗོད་མེད་མི་གཡོ་འདུས་མ་བྱས། །ནམ་མཁའ་དྲི་མེད་ཆོས་ཀྱི་སྐུ། །དུས་གསུམ་དུས་མེད་རྟོགས་པའི་མཆོག །འདི་ལ་ཇི་ལྟར་བསྟན་དུ་ཡོད། །གསང་བ་དེ་ཆེས་ཟབ་པས་སངས་རྒྱས་ནང་ཕན་ཚུན་ལས་གཞན་གྱི་ཡུལ་མ་ཡིན་པར་བསྟན། འོན་ཀྱང་དེ་ཡི་རང་བཞིན་ལས། །ཐབས་དང་ཤེས་རབ་རང་བཞིན་ནི། །གཉིས་མེད་གཉིས་ཀྱི་ཐབས་ཚུལ་རིག །འདི་ནི་གསང་བ་དམ་པ་སྟེ། །དེ་ཉིད་གཞན་ལ་མངོན་བསྟན་པ། །གདུལ་བྱ་ཚིམ་འགྱུར་རྒྱལ་པོ་བཞིན། །རང་འདོད་འབྲས་བུ་འབྱུང་འགྱུར་བས། །གསང་བ་མངོན་པར་བསྟན་པ་ཡི། །རྒྱུད་ཆེན་རྒྱལ་པོ་བཤད་པར་བྱ། །སངས་རྒྱས་ནང་ལས་གཞན་གྱི་སྤྱོད་ཡུལ་མ་ཡིན་ཞེས་བཞག་ན། །གདུལ་བྱ་རྣམས་ཐབས་དང་བྲལ་བའི་ཕྱིར་འཚང་རྒྱ་བར་མི་འགྱུར་བས། དེ་ལ་སྦྱོར་བའི་ཐབས་བཤད་པས་དེ་རྟོགས་པར་འགྱུར། རྟོགས་ན་འདོད་པ་ཐམས་ཅད་འགྲུབ་པ་སྟེ། འདོད་པའི་དངོས་གྲུབ་ཆེན་པོ་ཐོབ་པ་ཞེས་བྱའོ། །དེའི་ཕྱིར་ཐབས་ལ་མཁས་པས་གསང་བ་དེ་མངོན་པར་བསྟན་པར་ཡང་ནུས་པ་དེས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོར་སོང་བ་ཡིན་པས་མཚན་གསང་བ་མངོན་པར་བསྟན་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་དང་། དེ་ཡང་བརྗོད་བྱས་རྣམ་པར་གཞག་གོ །བཤད་བྱའི་གསང་བ་དེ་ལ་རྣམ་པར་དབྱེ་བ་མེད་པར་ནི་བཤད་ན། འདིར་དྲི་བ་དང་ལན་དུ་སྐུ་གསུང་ཐུགས་ཀྱི་གསང་བ་ཞེས་རྣམ་པར་ཕྱེ་བ་འགལ་བ་ཉིད་དུ་མི་འགྱུར་གྲང་སྙམ་ན། འགལ་མེད་དུ་དཔེས་བསྒྲུབས་པ། ཨེ་མ་ཧོ། ཐབས་དང་ཤེས་རབ་གཉིས་མེད་པ། །སྣ་ཚོགས་ནོར་བུའི་ཞེས་གསུངས་ཏེ། དྲི་མ་མེད་པའི་ཤེལ་གོང་། དར་ཁ་དོག་སོ་སོའི་སྟེང་དུ་བཞག་ན་དེ་དང་དེའི་རྣམ་པ་འཛིན་ལ་སོ་སོར་གཟུང་ཀྱང་ཤེལ་འགྱུར་བ་མེད་པ་ལྟ་བུ། གསང་བ་དེ་རང་མི་འགྱུར་བ་དང་། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དུ་མངོན་པར་བསྟན་པའི་འགྱུར་བ་འདི་ཡང་རུང་བས། རྒྱུད་ཆེན་འདི། རང་གི་གསང་བ་ཆེན་པོ་ཡིན། སྲིལ་དྲིལ་ན། གསང་བ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །མངོན་པར་བསྟན་པ་ནི་ཆོས་ཅན་ཐམས་ཅད་པ་སྟེ་སྔ་མ་མདོ་ཕྱི་མ་རྒྱས་པ་ཞེས་བྱ་བའི་ཐ་ཚིག བཤད་བྱའི་ཆོས་འདི་ཀ ཨེ་མ་ཧོ། མི་ཕྱེད་རྡོ་རྗེ་གསང་བའི་བདག་སྟེ། ཆོས་ཀྱང་ང་ཞེས་བྱ་བའི་དོན་ནོ། །ལེའུ་དང་པོ་རྫོགས་སོ།། །། གཉིས་པ་བཤད་པ་ཉིད་ཀྱི་ཚིག་དོན་ལ། གང་གིས་བསྒྲུབ་པའི་གདུལ་བྱ་གང་དུ་སྒྲུབ་པའི་གནས། །གང་གིས་སྒྲུབ་པའི་ཐབས། དེ་ལྟར་བསྒྲུབས་པའི་འབྲས་བུ་རྣམ་པར་བཞག་པ་ལས། དང་པོ་ནི། དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། བཅོམ་ལྡན་རྡོ་རྗེ་འཆང་ཁྱོད་སྒྲུབ་པའི་གང་ཟག་ཇི་ལྟ་བུ་ལགས་ཞུ་བ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོགས་ལན། སྙིང་རྗེ་དང་ནི་ཤེས་རབ་ཆེ་ནས་ཡེངས་པ་མེད་ཀྱི་བར་འདིས་སྤྱིའི་མཚན་ཉིད་བསྟན་ལ། ཕྱི་ནང་གསང་བའི་དབང་ཐོབ་ལ་ཞེས་པ། ཕྱི་བུམ་པ་ནང་གསང་དབང་། གསང་བས་གོང་མ་གཉིས་ལེགས་པར་ཐོབ་པ། དམ་ཚིག་བརྡ་དོན་ངེས་པར་འཛིན། དགོངས་ཏེ་བཤད་པའི་དམ་ཚིག་བཞི་འཛིན་པ་དེས་ན། བསམ་གཏན་ལ་གཞོལ་བ་དང་། ལྷག་པའི་ལྷ་ལ་ཡིད་ཆེས་ཤིང་ཞེས་པས་བུམ་དབང་ཙམ་ཐོབ་པ། སྔགས་ལ་གཞོལ་པའི་ཁྱད་པར་གྱི་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ལྟས་སྒྲུབ་པ་བྱས་གྱུར་ན། །ཡུན་མི་རིང་བར་རང་ཉིད་ཀྱི། །གསང་གསུམ་ལ་ནི་མཁས་གྱུར་ཏེ། །ཕྱག་རྒྱ་ཆེན་པོ་འགྲུབ་པ་སྔ་མའི་དང་། །འབད་པས་ཐོབ་པའི་འབྲས་བུ་ནི། །སྐལ་ལྡན་དེ་ཡི་སྙིང་ལ་གནས། ཕྱི་མས་ཐུན་མོང་གི་དངོས་གྲུབ་དང་ལས་རབ་འབྱམས་འགྲུབ་པར་བསྟན་པའོ། །ལེའུ་གཉིས་པའོ།། །། གཉིས་པ་གང་དུ་སྒྲུབ་པའི་གནས་ནི། ཞུ་ལན་སྔོན་དུ་བཏང་ནས། དུར་ཁྲོད་བརྒྱད་དམ་ནས། ཤིས་ཞེས་པའི་བར་རུང་བ། དེ་ནས་མི་བྱའོ་ཞེས་པའི་བར་མི་རུང་བ། དེ་ཡང་གང་ཟག་སྔགས་ལ་གཞོལ་བའི་དབང་དུ་ཡིན་ལ། བསམ་གཏན་པ་ལ་ནི། སྨིན་པའི་གང་ཟག་དེ་ལ་ནི། །གནས་སོགས་བརྟགས་པས་ཅི་ཞིག་བྱ། །ཐམས་ཅད་བདེ་ཆེན་སངས་རྒྱས་ཀྱི། །ཞིང་ཁམས་རོལ་པས་གནས་པ་ཡིན། །དང་། འབྱེད་པའང་། །དེ་བས་རིགས་ཀྱི་བརྟག་པར་བྱ། །ཞེས་སོ། །ལེའུ་གསུམ་པའོ།། །། གསུམ་པ་གང་གིས་སྒྲུབ་པའི་ཐབས་ལ། བསྙེན་པ། སྒྲུབ་པ། བསྒྲུབ་པ་ཆེན་པོ་གསུམ་ལས་དང་པོ་ནི་ཞུ་བ་ལན། ང་ཉིད་བསྒྲུབ་པའི་རིམ་པ་ཞེས་པ། བསྙེན། སྒྲུབ་བསྒྲུབ་ཆེན་གསུམ་རིམ་པ་བཞིན་དུ་བྱ་བ་བསྟན་ལ། །སྙིང་རྗེ་ཆེན་པོ་སྔོན་འགྲོ་ཞིང་གཞན་གྱི་དོན་ལ་བསླབ་པར་བྱ། །སྒྲུབ་པའི་ཐབས་འདི་ཐེག་པ་ཆེན་པོའི་ཡང་ཆེན་པོ་ཡིན་པས་འདི་ལ་འཇུག་པ་ལ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དགོས་པར་བསྟན། ནམ་མཁར་རྡོ་རྗེ་ཅན་དམིགས་ལ། །སེམས་ཅན་ཀུན་ལ་སྙིང་རྗེ་བསྒོམ་གྱི་བར་གྱིས་བསོད་ནམས་ཀྱི་ཚོགས། སྤྲོས་བྲལ་གཉིས་འཛིན་སྤངས་པ་ཡི། །ནས། སེམས་ཀྱི་རང་བཞིན་གཉིས་སུ་མེད། །འདིས་ཡེ་ཤེས་ཀྱི་ཚོགས་ལ་གནས་པ། འདིའི་དུས། ཆོས་གཟུང་བ་དང་འཛིན་པས་བསྡུས་པ་སྦྱངས་ནས་སེམས་རང་རིག་རང་གསལ་དུ་གནས་པ་ལུས་པས། དེ་མཚོན་པའི་ནཱ་ད་ཙམ་ཞིག་ལ་དམིགས་པ་ཡིན། མ་རྟོགས་ལོག་པའི་སེམས་ཅན་ལ། སྡུག་བསྔལ་ཀུན་དང་བྲལ་བའི་ཕྱིར། །སྙིང་རྗེ་ཆེན་པོ་བསྒོམ་པར་བྱས་པས་བཞག་པ་སྟོང་པ་ཉིད་དེ་ལས་ཞི་རྐྱང་དུ་མ་བསྡད་པར། འཁོར་བ་ཡོངས་སུ་འཛིན་པའི་ནུས་པ་ལོངས་ཏེ། དེ་ཧཱུྃ་དུ། དེ་ཕྱག་མཚན། དེ་ལས་ལྷའི་སྐུར་རྫོགས་པ། རང་གི་སེམས་ཉིད་ཡི་གེ་ཧཱུྃ་ནས། བསྐལ་པའི་མེ་དཔུང་ནང་ན་བཞུགས། ཞེས་པའི་བར་གྱིས་བཤད། ཡི་གེ་གསུམ་གྱིས་གནས་གསུམ་པ། ལྷར་བཅས། གཏུམ་པོ་རིགས་གསུམ། སྐྱེ་སྒོ་བྱིན་གྱིས་བརླབ། འདིར་སྐྱེ་སྒོ་ནི་ལུས་ངག་ཡིད་ཀྱི་སྒོ་ལ་བཞག་ལ། དེ་གསུམ་བྱིན་གྱིས་བརླབ། གནས་སུ་ཁྲོ་བོ་ཡིག་འབྲུ་བསྐྱེད་ནི། འཕྲིན་ལས་ཀྱི་གནས་ལྟེ་བ་ཡིན་པར་འོག་ནས་བཤད་པས་དེར་འཕྲིན་ལས་ཀྱི་རྡོ་རྗེ་གཏུམ་པོ་བསྒོམ་པའོ། །དེ་ཡན་ཆད་ཀྱིས་དམ་ཚིག་སེམས་དཔའ་བསྐྱེད་པ་བསྟན། སྤྲུལ་པ་དཔག་མེད་ནས་ཅོད་པན་བསམ་གྱི་བར་འདིས་ཡེ་ཤེས་སེམས་དཔའ་བསྟིམ་པ་བསྟན། དེ་ཡིས་ཏིང་ངེ་འཛིན་འབྱུང་བ་ཞེས་པ་ཏིང་ངེ་འཛིན་སེམས་དཔའ་གསལ་གདབ་པ་སྟེ། འདི་ལ་དམིགས། དེའི་རྒྱུན་ལ་ཡེངས་པ་མེད་པ་ཐོབ། །དེས་རེག་མཐོང་གི་མཚན་མ་རྙེད། དེ་ཙ་ན་རྣམ་ཤེས་ལ་དབང་དུ་གྱུར་པ་ཡིན། དགུག་པ་དང་བསད་པ་སོགས་ཚར་གཅོད་ཀྱི་ལས་འགྲུབ་ལ། བསམ་གཏན་ཐོབ་ཡེ་ཤེས་ལ་དབང་དུ་གྱུར་ནས་དགུག་པ་འགྲོལ་བ་དང་། བསད་པ་གསོ་བ་སོགས་དང་། ཇི་བཞིན་པའི་ལྷ་སྤྲུལ་ནས་གཞན་ཚར་གཅོད་པ་དང་རྗེས་སུ་འཛིན་པ་གཉིས་ཀ་ནུས། དེ་འོད་གསལ་དུ་སྤྱོད་ནུས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་བོ། གལ་ཏེ་དེ་ཙམ་གྱི་སྒྲུབ་པར་མི་ནུས་པ་སྔགས་ལ་གཞོལ་བ་དེས། ཆོ་ག་གསུམ་པའི་སེམས་དཔའ་ཡིས། གཞན་དོན་རྒྱུན་མི་འཆད་པ་བསྒོམ། །སྐུ་ལྷའི་དབྱིབས་ལ་དམིགས་ལུས་བྱིན་གྱིས་བརླབས་པའི་སྤྲོ་བསྡུས་སྐུའི་བཟླས་པ། གསུང་སྔགས་འབྲུ་ལ་དམིགས། ངག་བྱིན་གྱིས་བརླབས་པའི་སྤྲོ་བསྡུས་གསུང་གི་བཟླས་པ། ཐུགས་ཕྱག་རྒྱ་ལ་དམིགས། ཡིད་བྱིན་གྱིས་བརླབས་པའི་སྤྲོ་བསྡུས་ཐུགས་ཀྱི་བཟླས་པ། བཟླས་བརྗོད་དམིགས་པ་དང་བཅས་པ་དེས། སྒོ་གསུམ་གྱི་སྡིག་པ་དང་སྒྲིབ་པ་ཡི་དམ་གྱི་ལྷ་མཉེས་པ་ལ་བར་དུ་གཅོད་པ་དེ་སྦྱངས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པས། རང་འདོད་པའི་ལྷ་དང་མཉམ་པར་འགྱུར་བ་ཡིན་ནོ། །ཡང་ན་གསུང་གི་ཡིག་འབྲུས་མཚན། །སྐུ་ལ་དམ་ཚིག་གི་བཟླས་པ། གསུང་ལ་འཁྱོགས་ཀྱི། ཐུགས་ལ་ཁྲོ་བོའི་བཟླས་པ་སྤྲོ་ན་སྦྱར་རོ། །འཕྲིན་ལས་ཐོགས་མེད་རྣལ་འབྱོར་བཟླས། །འཕྲིན་ལས་ཀྱི་ལྷ་ལ་དམིགས་ནས་གཟུངས་བཀླགས་ཏེ། འདི་དུས་འཕྲིན་ལས་བཞི་ཀའི་འོད་ཟེར་གྱི་སྤྲོ་བསྡུ་བྱའོ། །ལྷ་ཡང་ཕུར་གཅིག་མ། སྔགས་ཕུར་སྔགས་དང་པོ་བཟླས་ཀྱང་རུང་ཞེས་བླ་མ་རྣམས་གསུང་ངོ་། །ཡེ་ཤེས་ཀྱི་བཟླས་པ་ནི། འདི་ནི་རྣམ་དག་རིག་པ་སྟེ། །སངས་རྒྱས་རྣམས་ཀྱི་གསུང་རྡོ་རྗེ། །ཞེས་པས་དཔའ་བོ་འབྲུ་གཅིག་པ་དང་མཐུན་པར་བསྒོམ་པ་ཡིན་ཏེ། དབྱིབས་ཀྱི་ཧཱུྃ་བསྒོམ་བྱ། སྒྲའི་ཧཱུྃ་བཟླ་བྱ། དོན་གྱི་ཧཱུྃ་ལ་ཡང་དག་པར་འཇོག་པའོ། །དེའི་འབྲས་བུ། རྟག་ཏུ་མ་ཉམས་འབྲས་བུ་ལྡན། །སྔར་བཤད་ཐམས་ཅད་འགྲུབ་པ་ཡིན། །ལེའུ་བཞི་པའོ།། །། གཉིས་པ་སྒྲུབ་པ་ལ། །རིགས་ཐམས་ཅད་པ་དང་། བྱེ་བྲག་པ་གཉིས། དང་པོ་ལ། སྐུའི་གསང་བ་དཀྱིལ་འཁོར། གསུང་གི་གསང་བ་གསང་སྔགས་བསྟན་པ་གཉིས། དང་པོ་ནི། ཞུ་བ་དང་ལན། ཕྱི་མ། ཚོགས་བསགས། བསྲུང་འཁོར། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ། བྱིན་བརླབས། གོ་ཆ། སྤྱན་འདྲེན། མཆོད་བསྟོད། གཞུག་པ། དབང་བསྐུར་རྒྱས་གདབ། ཕན་ཡོན་བཤད་པ་རིམ་བཞིན། སྐད་ཅིག་མ་ཡི་ལྷར་བསམ་ནས། །ནས། སྦྱང་གཞི་སྔགས་ཀྱི་ཕྱི་ནང་ཀུན། སྟོང་པར་བྱས་ཏེ་རང་ལུས་ཀྱང་། ཞེས་པའི་བར་གྱིས་ཚོགས་བསགས། དབང་པོའི་གཞུ་འདྲ་སྤྲིན་འཛིན་གྱི། ནས། རིམ་པར་བརྗོད་ཀྱི་བར་བསྲུང་འཁོར། འཁོར་ལོ་རྩིབས་ཕྱོགས་མཚམས་ལ་བརྒྱད། །སྟེང་འོག་གཉིས་ཏེ་བཅུར་བྱེད། །མུ་ཁྱུད་སོ་སོ་བས་སྟེང་ནས་བལྟས་ན་རྩིབས་བརྒྱད། །གཡས་ནས་བལྟས་ན་རྩིབས་བཞི་པ་ལྟ་བུ། ལྟེ་བ་དང་རྩིབས་སྦུབས་ཅན་དེའི་ནང་དུ་ལྷ་དགོད། རྩིབས་འོག་མའི་ལྷ་ཕལ་ཆེར་ཞབས་གྱེན་བསྟན། དབུ་ཐུར་བསྟན་དུ་འདོད་དེ། །འདིར། དེ་ནི་འོག་གི་གདོན་གཟིར་པ་པོ་ཡིན་པས་ཞལ་འོག་ཏུ་ཕྱོགས་པར་འོས། དེས་ན་དབུ་གཙོ་བོ་ལ་བསྟན་པར་བསྒོམ་མོ། །སྙིང་རྗེ་ཡི་ནས། རྫུ་འཕྲུལ་མཆོག་གི་བར་གྱིས། སྔར་བྱང་སེམས་ཀྱིས་བཞག་པའི་ནུས་པ་འདིར་རྣམ་པར་སྨིན་པ་བསྟན་པའི་ཕྱིར་བཤད་པ་ཡིན་ཏེ། ཇི་ལྟར་ན། ཡཾ་ལས་འབྱུང་བ་གཞུ་འདྲ་བ་ནས། བ་དན་ལྡན་པར་བསམ་གྱི་བར་རྟེན་གཞལ་ཡས་ཁང་། །འདི་ལ་གཞན་བཞིན་རྡོ་རྗེའི་རྭ་བཅུ་གཉིས་མི་མངོན་ཏེ། འབྱུང་བཞི་འཁོར་ལོས་ཁེབས་པས་སོ། །འཁོར་ལོའི་ལྟེ་བར་གཞལ་ཡས་ཁང་། །རྩིབས་གཞན་གྱི་བད་རྭ་ལྟ་བུར་སོང་བའི་ཕྱིར་དུར་ཁྲོད་རྡོ་རྗེ་རྭ་བ་དང་འོད་ཀྱི་འཕྲེང་བ་བལྟའོ། །དེ་ནང་བཾ་ལས་ཆུ་སྐྱེས་ནི། ནས། གཉིས་མེད་གཡོན་གྱི་ཕྱོགས་ནས་འཁྲིལ་གྱི་བར་གཙོ་བོ་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པ། དེ་རྗེས་སྦྱོར་བའི་སྒྲས་བསྐུལ་ཏེ་ནས། སྒོ་མཚམས་ལྷ་ཡི་རང་བཞིན་ལ་ཞེས་པའི་བར་གྱིས་འཁོར་མངལ་ནས་འབྱིན་ཚུལ། མཚམས་དང་སྒོའི་ལྷ་འདིར་མི་གསལ་བ་འོག་ནས་བཤད་པས་འདིར་རིགས་ཐམས་ཅད་འདུས་པ་དང་། དེ་ཡང་། ལྷ་བཅུ་གསུམ་མར་ཆེས་གསལ་བ་ཡིན་ནོ། །ལུས་ངག་སེམས་ལ་ཡི་གེ་ཡིས། །སྤྲོ་བསྡུས་ལྷ་ཡི་མཚན་མ་གདབ་པར་བྱ། ལུས་ངག་ཡིད་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པ་བསྟན་ལྷའི་དབྱིབས་བསྒོམ་པ་མ་བཤད། སྐྱེ་མཆེད་ལྷར་བྱས་ནང་གི་སྐྱེ་མཆེད་དྲུག་ལ། སྒྲིབ་པ་རྣམ་པར་སེལ་བ་སོགས་འགོད་པ་རྣམས་ཀྱིས་བྱིན་གྱིས་བརླབས། ནུས་པ་མི་ཤིགས་ལྷར་བལྟས་ལ། ཡན་ལག་རྣམས་ལ་ཁྲོ་བོ། ཡེ་ཤེས་ལྔ་ལུས་གནས་ལྔར་ཁྲག་འཐུང་རིགས་ལྔ། ཇི་ལྟར་ཡབ་ལ་ཡབ་རྣམས་འགོད་པ་བཞིན་ཡུམ་ལ་ཡུམ་རྣམས་བཀོད་པས་ཐམས་ཅད་ཞལ་སྦྱོར་དུ་གྱུར་ཏེ། ལས་ཀྱི་རྡོ་རྗེའི་སྒྲུབ་ཐབས་རྒྱས་པར། ཁྲོ་བོ་ཁ་སྦྱར་ལུས་བྱིན་བརླབས། ཞེས་འབྱུང་ངོ་། །དེ་ནི་གོ་ཆའོ། ཡེ་ཤེས་སྤྱན་དྲངས་མཆོད་ལ་གཞུག དེ་ནི་ཡི་གེ་བཞི་སྦྱོར་ཡིན། ཡི་གེ་བཞི་དགུག་པ་ཛཿ གཞུག་པ་ཧཱུྃ། བཾ་ཧོཿ ཕྱི་མ་གཉིས་ཀྱིས་ཞུགས་ཟིན་པ་རོ་གཅིག་ཏུ་འདྲེས་པར་བྱ་བ་ཡིན་ནོ། །ཡི་གེ་བསམ་ནས། ཕྱག་རྒྱ་ཆེ་ལ་རིགས་མེད་དོའི་བར་གྱི་དབང་བསྟན་ལ། སྔར་ཏིང་ངེ་འཛིན་གྱི་ཞེས་པ། འདོད་ན་སེམས་དཔའ་གསུམ་ཕྲུགས་སུ་བྱ་བའང་བཤད་དེ་ནས་ཕྲ་མོ་བསྒོམ། དེ་ཡང་། རགས་པ་མངོན་སུམ་དུ་མ་བྱས་པར་བསྒོམས་ཀྱང་འོལ་སྤྱིར་ཟད་པས་བུལ་ཆུང་ངོ་། །ཕན་ཡོན་ནི། རིམ་གྱིས་གསལ་ཞིང་རྣམ་པར་དག །བསྐྱེད་རིམ་གྱི་སྦྱང་གཞི་མདོར་བསྡུ་ན། ཐ་མལ། སྣང་། ཞེན་གསུམ་ཡིན་པས། ལྷ་དཀྱིལ་འཁོར་ང་རྒྱལ་བརྟན་པ་གསུམ་གྱིས་དེ་སྦྱང་པའོ། །དེ་ལྟར་སྦྱངས་པས་ཐོག་མ་མེད་པའི་བག་ཆགས་ཀྱིས་སྤྲུལ་པའི་སྤྲོས་པ་འདི་ཐམས་ཅད་སྤྲོས་པ་མེད་པར་ཞི་ཞིང་། དེ་ལས། རྡོ་རྗེ་འཛིན་པའི་སྐུ་གསང་བ་བསམ་གྱིས་མི་ཁྱབ་པའམ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའམ་སྣ་ཚོགས་གཟུགས་སུ་གྲགས་པ་ཐོབ་པར། ཚེ་གཅིག་ཉིད་ལ་འགྱུར་བ་ཡིན། དེ་ལྟར་མཉམ་བཞག་བརྟན་པོར་སོང་ནས་རྗེས་སྣང་གྲགས་རིག་གསུམ་ལ་ལྷ་སྔགས་ཏིང་ངེ་འཛིན་གསུམ་སྦྱར་ཏེ་བསྒོམས་པས་རྟག་ཏུ་གོམས་པའི་སྦྱོར་བ་ཡིས། ས་སོགས་ཏེ་ས་བླ་ས་སྟེང་ས་འོག་གི་འཇིག་རྟེན་མ་ལུས་པ་སྐད་ཅིག་ཉིད་ལ་དབང་དུ་འགྱུར་ཏེ་རང་སྣང་དག་པས་གཞན་སྣང་ཤུལ་དུ་མི་ལས་དེས་སྣང་བ་ཐམས་ཅད་དག་པ་རབ་འབྱམས་སུ་འཆར་རོ། །གནས་སྐབས་ཀྱི་དགོས་པ། ལུས་ལྷའི་བྱིན་དང་ལྡན་པས། གཙུག་ན་རིན་ཆེན་ལ་སོགས་པ། གདུག་པ་ཅན་རྣམས་སྙིང་ཡང་འབྱིན། ཧ་ཅང་མི་བསྲུན་པ་འདུལ་དཀའ་བས་ཚར་གཅོད་པ་དབང་ཕྱུག་ཆེན་པོ་ལྟ་བུ། དགའ་བོ་ལ་སོགས་ཀླུ་ཆེན་རྣམས། རྟག་ཏུ་དེ་ལ་འདུད་པར་འགྱུར་ཏེ་འདུལ་སླ་བ་བཀའ་ཉན་དུ་འགྱུར་བ་གཞན་གྱིས་མི་ཐུབ་པ་ལ་སོགས་ལྟ་བུ། ནད་ཀྱི་རིགས་ཀུན་མ་ལུས་འཇོམས། །གནོད་སྦྱིན་མ་ལུས་བཀའ་ཉན་ཞིང་། །ལྷ་སྲིན་མ་ལུས་བྲན་དུ་འགྱུར། །འདི་ནི་གསང་བ་དམ་པ་སྟེ། །མཛེས་མ་ཁྱོད་ལ་བཤད་པ་ཡིན། །ལེའུ་ལྔ་པའོ།། །། གཉིས་པ་གསུང་གི་གསང་བ་གསང་སྔགས་བསྟན་པ་ནི། ཞུ་ལན། དེར་ངེས་ཚིག བྱེད་ལས། བཏུ་བའི་གཞི། བཏུ་བ། ངོ་བོ། དབྱེ་བ་དེ་རིན་ཐང་ཆེ་བས་དཀོན་པར་བསྟན་པས་བཤད་པ་རིམ་པ་བཞིན། གསང་བ་མཆོག་གི་གསང་བ་སྟེ། །དེས་གསང་སྔགས་སོ། །བྱེད་པའི་ལས། འཕྲིན་ལས་ཐམས་ཅད་རྫོགས་བྱེད་ཅིང་། སྡུག་བསྔལ་ཀུན་ལས་སྐྱོབ་བྱེད་པ། བཏུ་བའི་གཞི། ཨཱ་ལི་ཀཱ་ལི་དབྱངས་དང་གསལ་བྱེད་ཨཀྵ་རས་སམ། བྱཉྫྱ་ནས་སམ། ཝརྞས་ཡི་གེར་བཞག་པ་དག་གོ །བཏུ་བ། མཉམ་སྦྱོར་བས། ངོ་བོ། ཐབས་དང་ཤེས་རབ་གཉིས་མེད་པའི་སྔགས་ཀྱི་དོན། དབྱེ་བ་རྣམ་པ་ལྔ་སྟེ། སྐུ་གསུང་ཐུགས་ཀྱི་རིག་པ་དང་གཅིག འཕྲིན་ལས་སྣ་ཚོགས་རིག་པ་དང་གཉིས། འཁོར་གྱི་ལས་ཀྱི་རིག་པ་དང་གསུམ། འབྱུང་པོ་དགུག་དང་བསད་པ་དང་བཞི། གཏོར་མ་བཏང་བའི་རིག་པའོ། །སོ་སོར་ངོས་འཛིན་ན། ཨོཾ་བཛྭ་པཱ་ཎི་སྐུའི་སྔགས། ཨོཾ་བཛྭ་ཀྲོ་དྷ་ནཱི་ལཾ་གསུང་གི་སྔགས། ཨོཾ་བཛྭ་ཙཎྜྻ་ཐུགས། ཏདྱ་ཐཱ་བྷོ་བྷོ་གཟུངས། འཕྲིན་ལས། ཨོཾ་བཛྭ་ཏྲཻ་སོགས་འཁོར། ཀ་ཀ་རཀྵ་སོགས་འབྱུང་པོ་དགུག་བསད། ཨ་ཀཱ་རོ་སོགས་གཏོར་སྔགས་སོ། །དགུག་བསད་ལ། ཀ་ཀ་རཀྵ་ཧཱུྃ་སོགས་གདོན་དགུག ཀ་ཀ་རཀྵས་མ་སོགས་ལྷ་དང་འབྲེལ་བ། ཧཱུྃ་སྲི་ལ་སོགས་སྤྱི་དྲིལ་རྦད་བསད། ཛཿཧཱུྃ་སོགས་སྙན་གསན། བུདྷཱ་ཨ་སོགས་སྤྱན་འདྲེན། བཛྭ་གྷེ་ནེ་སོགས་བསྐུལ། ཁ་ཛ་རཱ་ཛ་སོགས་ལས་འགྱེད། ཛུ་ཛུ་སོགས་བསྟབ་པར་བཤད་དོ། །འདི་ནི་རིན་ཆེན་ལྟ་བུ་སྟེ། །མ་ལུས་དགོས་འདོད་འབྱུང་བ་ཡི། །གཟུངས་མ་ཁྱོད་ལ་ཉེར་བཤད་པ། འདི་ནི་མི་འདིའི་དམ་ཚིག་ཡིན། །གསང་འདུས་ལས། མ་ན་ཡིད་ཅེས་བྱ་བ་སྟེ། ཏྲ་ནི་སྐྱོབ་པར་བྱེད་པའི་དོན། གང་བཤད་དམ་ཚིག་སྡོམ་པ་ཉིད། ཅེས་འབྱུང་བ། ལྷ་དང་སྔགས་གཉིས་སུ་མི་ཕྱེད་པའི་གནད་བཤད་པའོ། །ལེའུ་དྲུག་པའོ།། །། གཉིས་པ་བྱེ་བྲག་པ་བཤད་པ་ལ། རིགས་ཀྱི་བདག་པོ། རིགས་ཀྱི་ཁྲོ་བོ། རིགས་ཀྱི་ཕོ་ཉའི་དཀྱིལ་འཁོར་བསྟན་པ་གསུམ་ལས། དང་པོ་ལ། དཀྱིལ་འཁོར་ཚད་མེད་པ་དང་། །ཞུས་པའི་ངོར་ཚད་ཅན་གཉིས་སུ་གསུངས་པའི་དང་པོ། ང་ཡི་འཁོར་ནི་བསམ་མི་ཁྱབ། །འདི་ཙམ་གྲངས་ནི་སངས་རྒྱས་ཀྱིས། །བསྐལ་པར་བགྲངས་ཀྱང་ཤེས་མི་འགྱུར། །དེ་བས་ནམ་མཁའི་ཚད་དང་མཚུངས། །དེ་ཡང་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། བསམ་གྱིས་མི་ཁྱབ་དེ་འདུལ་བ། །རིགས་ལ་བརྗོད་པར་ག་ལ་ནུས། ཞེས་སོ། །གཉིས་པ་ལ་རིགས་སོ་སོ་སྤྱིར་བཤད་པ་དང་། རིགས་བསྡུས་པའི་འཁོར་དམིགས་བསལ་དུ་བསྟན་པའོ། །དང་པོ། མདོར་བསྡུས་ནས་ནི་བཤད་པར་བྱ། །སྐུ་ཡི་འཁོར་ནི་ཁྲོ་བོ་བཅུ། རིགས་ལྔའི་ངོ་བོ་ཞེས་པས་ཕྱག་རྡོར་རིགས་ལྔ་ལ་ཁྲོ་བཅུས་བསྐོར་བ་ཞིག་བཤད། དེ་ནི་སྐུའི་དཀྱིལ་འཁོར། གསུང་གི་འཁོར་ནི་དཔག་མེད་པ། །འདིས་ཁྱུང་ཉི་ཤུ་རྩ་གཅིག་པས་བསྐོར་བའི་དཀྱིལ་འཁོར། དེས་མཚོན་ཏེ། ཁྱུང་བརྒྱད་པ། ཁྱུང་ལྔ་པའི་དཀྱིལ་འཁོར་བཤད། །དེ་ནི་གསུང་དཀྱིལ། ཐུགས་ཀྱི་འཁོར་ནི་རིགས་བརྒྱ་སྟེ། དམ་པ་རིགས་བརྒྱས་བསྐོར་བ་ཞིག་བཤད་དེ། ཐུགས་ཀྱི་དཀྱིལ་འཁོར། དཀྱིལ་འཁོར་གསུམ་དུ་གསུངས་པ་ཡང་། གདུལ་བྱའི་དབང་གིས་ཏེ། གནོད་སྦྱིན་ལག་ན་རྡོ་རྗེ་སོགས། །ལྔ་བརྒྱ་རིགས་བསྡུས་སྐུ་ཡིས་འདུལ། །གདུལ་བྱའི་འཁོར་ནི་ཀླུ་ཆེན་བརྒྱད། །གསུང་གིས་དེ་རིགས་འདུལ་བ་ཡིན། །ཐུགས་ཀྱི་ལྷ་སྲིན་གདུག་པ་ཅན། བྱམས་པའི་ཏིང་ངེ་འཛིན་གྱིས་འདུལ། །དེ་ལྟར་གདུལ་བྱ་འདུལ་བྱེད་ཀྱང་། །འདི་ལ་འདི་སྤྲུལ་སྤྲུལ་པའི་ཚོགས། །སྨོན་ལམ་དབང་གིས་བྱུང་བ་སྟེ། གཉིས་པ་རིགས་བསྡུས་ཀྱི་འཁོར་དམིགས་བསལ་དུ་བསྟན་པ་ནི། རིགས་སོ་སོ་བའི་སྐུའི་དེ་མ་ཐག་གི་སྐུ་གསུང་ཐུགས། མི་འགྱུར་གདུག་པ་འདུལ་བ་ཡིན། །སྐུ་འཇིགས་བྱེད། གསུང་རྟ་མཆོག ཐུགས་སྟོབས་ལྡན། འཕྲིན་ལས་ཕུར་པ། གསུང་གི རིགས་བཞི་འདུལ་བའི་ཁྱུང་ཆེན་ཡིན། །ཀླུ་རིགས་བཞི་འདུལ་བའི་ཁྱུང་བཞི། ཐུགས་ཀྱི། མདོར་བསྡུས་སྤྲུལ་པའི་ཁྲོ་བོ་བཞི། །ཁྱད་པར་གྱི་འཁོར་བཞིར་བསྡུས་ནས། དེ་དཀྱིལ་འཁོར་ལ་འགོད་པ་ནི། ཐུགས་གསུང་སྐུའི་རིམ་པས་སྙིང་པོ་དང་གྲྭ་དང་སྒོ་བར་འགོད་དེས་བཅུ་གསུམ་མ་འདི་རིགས་ཐམས་ཅད་པའི་དཀྱིལ་འཁོར་ཞེས་བྱ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་གྱུར་པའོ། །ལེའུ་བདུན་པའོ།། །། གཉིས་པ་རིགས་ཀྱི་ཁྲོ་བོ་བཤད་པ་ལ། ཁྱུང་ཟིལ་གནོན་དང་། རྡོ་རྗེ་ཕུར་བུ་གཉིས། དང་པོ། ཞུ་བ་དང་ལན་གྱི། རྡོ་རྗེ་གཏུམ་པོ་ཉིད་བདག་བསྐྱེད་དུ་བྱས། མདུན་བསྐྱེད་དུ་ཁྱུང་བསྐྱེད་ནས་ལས་བསྒྲུབ་པ་འདིས། རྡོ་རྗེ་གཏུམ་པོ་ཁྱུང་གི་ཤམ་བུ་ཅན་ཞེས་གྲགས་སོ། །དེ་ཡང་། གདུག་པ་ཀླུ་རྣམས་འདུལ་འདོད་པ་ནས། འོག་མིན་གནས་སུ་སླེབ་པར་བསམ་གྱི་བར་གྱིས་བསྐྱེད་པ་སྐུ། རྡོ་རྗེ་གནས་གསུམ་ཡི་གེས་བརྒྱན། ནས། ཡང་སྤྲུལ་བསམ་གྱིས་མི་ཁྱབ་བསམ་གྱི་བར་བྱིན་བརླབ་དང་གོ་ཆ། དེ་ནས་གསང་བའི་སྔགས་བསྟན་པ། སོགས་ལས་ཀྱི་རྡོ་རྗེ་འདི་གསུམ་ཀ་བསྙེན་པ། སྒྲུབ་པ་དང་ལས་སྦྱོར་ལ་ཕུར་བུ་གཉིས་པའི་དྲག་སྔགས་ཁོ་ན་བཞེད་པ་ཡིན། མཐུན་པའི་རྫས་ཀྱི་གཏོར་མ་སྦྱིན། བཟླས་བརྗོད་རྫོགས་ནས་གཏོར་མ་དབུལ་བ་ཡན་ཉེ་བའི་བསྙེན་པ། དེའི་ནང་དུ་གནོད་པ་དགུག་ནས་སྒྲུབ་པ་དང་ལས་ལ་སྦྱར་བའོ། །གཉིས་པ་རྡོ་རྗེ་ཕུར་བུ་ནི། གལ་ཏེ་བསད་པར་འདོད་པ་ན། །སྐུ་གསུང་ཐུགས་ཀྱི། ཞེས་པས། བསྙེན་པ་སྟེ། རྣལ་འབྱོར་ལྔ་ལྡན། དེ་ཡང་། བསྐྱེད་པ་ལྷའི་རྣལ་འབྱོར། བཟླ་པ་སྔགས་ཀྱི་རྣལ་འབྱོར། བསྒོམ་པ་བསམ་གཏན་གྱི་རྣལ་འབྱོར། གསུམ་མཉམ་བཞག ཟས་དང་སྤྱོད་ལམ་གྱི་རྣལ་འབྱོར་རྗེས་སུ་བྱས་པའོ། །རིག་པ་ལ། ཕུར་བུ་གཉིས་པའི་དྲག་སྔགས་དང་། ཞེས་པས་བསྙེན་པ་ལ་རྟགས་ཐོན་ནས་སྒྲུབ་པ་ལ་འཇུག་ལ། འདི་ལས་ཚོགས་ཕྱུག་པས་རྗེ་བཙུན་རས་ཆུང་པ་གདམས་ངག་ཟབ་ཤོས་སུ་མཛད་ཅེས་གྲགས་སོ། །རིག་པའང་ལས་ཀྱི་སྦྱོར་ཀ་ཆེན་པོ་དྲུག་ཏུ་བསྟན་ཏེ། བསྲུང་བ་དང་། བཟློག་པ་དང་། བསད་པ་དང་། བསྲེག་པ་དང་། འཕང་བ་དང་། མནན་གཏད་དོ། །བསྲུང་བ་བྲིས་པ་ལྷ་ལྡ་མ་དང་བཅུ་བདུན་མཆོག་བསྒོམ་པ་ཁྲོ་བོ་བཅུ་པའམ་རྡོ་རྗེའི་རྭ་གུར་ཙམ། བཟློག་པ་ལོག་ཏྲི་པཱ་ལ་ལ་མཛད། བསད་པ་ལ། སྡོན་འགྲོ། སྒྲུབ་པའི་ཁྱད་པར་བརྒྱད་དེ། དུས་དང་། དལ་དང་། ལིང་ག་དང་། གཏོར་མ་དང་། ཐུན་རྫས་དང་། ལྷ་དང་། སྔགས་དང་། འཕྲུལ་འཁོར་དྲུག་ལྡན་གྱི་ཏིང་ངེ་འཛིན། སྒྲུབ་པ་རང་གི་དངོས་གཞི། མདུན་གྱི་འགྱིང་གཏོར་ལ་བསྐྱེད་ཆོག་གཏོར་འབུལ་གྱི་བར་བྱས་ནས། འབྲུབ་ཁུང་གི་ཉའུ་བསྐྱེད། སྡིག་པ་བགོ བདེན་བརྡར་དང་། བསྐུལ་ཕྱག་རྒྱ་ལས་ལ་དགྱེ་ནས་དགུག སྡིག་པ་བསྒྲག རྒྱབ་རྟེན་དང་ཕྲལ། གཟུགས་བརྙན་ཕུར་བུས་གདབ་པར་བྱ། མན་གྱིས་ཁ་སྦྱར་དབྱེ། ཐུན་བྲབ་པ་རྟགས་མ་ཐོན་གྱི་བར་དུའོ། །རྟགས་ཐོན་ནས་ལིང་ག་དེ་མཚོན་གྱིས་གཏུབས། དེ་རྗེས་གཟུགས་བརྙན་མ་ལུས་པ། ནས། རྫོགས་པའི་བར་གྱིས་བསྲེག་འཕང་མནན་པ་ལས་ཀྱི་མཇུག་སྡུད་དུ་མཛད། འདི་དགྲ་ལ་བྱ་བ་དང་། ཀླུས་བཟུང་བའི་ཀླུ་གདོན་ལ་བྱ་བ་ཡིན་ལ། ཕུར་བུ་གཉིས་པ་ཞེས་པ། ལྷ་ཕུར་ཞབས་ཕྱག་མཚན་ཡང་ཕུར་བུ་འཛིན་པ་གཉིས་པའོ། །ལེའུ་བརྒྱད་པའོ།། །། གསུམ་པ་རིགས་ཀྱི་ཕོ་ཉ་ནི། ཞུ་ལན་གྱི། ང་ཡི་གནོད་སྦྱིན་བདག་པོ་འདི། ཞེས་པས་ངོས་གཟུང་། བྱ་བའི་ལས་ཀུན་ཐོགས་པ་མེད། ཁྱད་པར་དྲག་པོའི་འཕྲིན་ལས་འགྲུབ། ཅེས་དེའི་ནུས་པ་བསྟན། དེ་ཡང་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱིས་བཤད་པའི་དང་པོ། དུར་ཁྲོད་བྲག་རྫོང་ནགས་ཕུག་དང་། ནས་རྡོ་རྗེ་འཆང་གི་བཀའ་བཞིན་བསྒྲུབ། །ཀྱི་བར་གྱིས་བསྐྱེད་ཆོག དེ་ཡི་རིག་པ་ཕུལ་བ་ནི། ཨོཾ་སོགས་ཀྱིས་བཟླ་བྱ་སྔགས། སྒྲུབ་པ་དང་ལས་སྦྱོར་གང་དམིགས་ལ་ནས་འབྲེལ་བར་འགྱུར་གྱི་བར། ཁྱི་ནག་སྙིང་དུ་གནོད་སྦྱིན་གྱིས། ནས། དེ་ཡིས་གཏོང་བར་མི་བྱེད་དོའི་བར་གྱིས་དེ་ལུས་དང་གྲིབ་མ་བཞིན་དུ་འཁོར་བའི་རྟེན་བཅའ་བ་བསྟན་ནོ། །ལེའུ་དགུ་པའོ།། །། གསུམ་པ་བསྒྲུབ་པ་ཆེན་པོ་བཤད་པ་ལ། ཐུགས་ཀྱི་གསང་བ་རྫོགས་པའི་རིམ་པ་དང་། དེ་ཐམས་ཅད་དབང་ཐོབ་ནས་བྱ་བ་ཡིན་པས་དབང་བསྐུར་བཤད་པ་གཉིས། དང་པོ་ལ། རྒྱས་པ་རྣལ་འབྱོར་ལྔ་པ། འབྲིང་པོ་རྟེན་མེད། རྟེན་ཅན། བསྡུས་པ་དཔའ་བོ་འབྲུ་གཅིག་པ་གསུམ་སྟེ། དང་པོ། རགས་པའི་རྣལ་འབྱོར། ཕྲ་མོའི། ཐིག་ལེའི། བསམ་གྱིས་མི་ཁྱབ་པའི། རྫོགས་པའི་རྣལ་འབྱོར། ཞུ་ལན་གྱི། བསམ་གྱིས་མི་ཁྱབ་རྫོགས་པ་ཆེ། ནས། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཡང་། གི་བར་དང་པོ། པདྨ་དམར་པོ་འདབ་བཞི་ལ། ཐིག་ལེ་སྔོན་པོ་རྒྱ་སྲན་ཙམ། ཕྲ་མོ་དེ་དབུས་ཉི་ཟླ་གཞལ་ཡས་ཁང་གི་བར་ཐིག་ལེ། ཅི་ཡང་མི་བསམ་སོགས་བསམ་མི་ཁྱབ་གསལ་ལ་མི་རྟོག་མན་གྱིས་རྫོགས་པའི་རྣལ་འབྱོར་བཤད་དོ། །གཉིས་པ་ནི། རྟེན་མེད་ཀྱིས་དྲན་པའི་རྩི་བཏང་བ། རྟེན་ཅན་གྱིས་ཤེས་བཞིན་གྱིས་རྩལ་སྦྱོང་བ་གཉིས་དོན་ཞི་ལྷག་གི་རྣལ་འབྱོར། དང་པོ། རྟེན་མེད་རྣམ་དག་བསལ་བ་ཡིན། ཡང་དག་པའི་དྲན་པ་དེ་བཞིན་གཤེགས་པ་ཐམས་ཅད་སངས་རྒྱས་སུ་བྱོན་པའི་གཞུང་ལམ་ཡིན་པས་དེ་བརྟེན་པའོ། །རྟོག་པ་ནི་སོ་སོར་རྟོག་པས་རྟོག་པ་སྟེ། གང་ལ་བརྟེན་ནས་སོ་སོར་རྟོག་ན་རྟེན་ཅན་བསྒོམ་འདོད་པས་ཞེས་གསུངས་ལ། དེ་ཡང་སྟེང་གི་སྒོ་བཀག་ནས་སྟོང་པ་བདེ་བ་ལ་སྦྱོར་བ། འོག་གི་འཛག་པ་བསྐྱིལ་ནས་བདེ་བ་སྟོང་པ་དང་སྦྱོར་བ། གནད་འབྱེད་པའི་སྒོ་དབྱེ་ནས་ནམ་མཁའ་རྡོ་རྗེའི་གྲོང་ལ་འཇུག་པའོ། །དང་པོ་ལ། རྩ་ཡོན་པོ་བྱེད་བཅིངས་ཀྱིས་བསྲང་བ། རླུང་ལོག་པ་རང་གནས་སུ་འགུགས་པ། ཁམས་ཞུ་བ་དྭངས་མར་སྦྱང་བ་གསུམ། དང་པོ། དེ་དབུས་གཉིས་མིང་ཅེས་པས་དབུ་མ། གཡས་དང་གཡོན། ཐབས་དང་ཤེས་རབ་རྣམ་པར་དབྱེ། ཞེས་པས་རོ་རྐྱང་། །སྐུའི་གནས་སུ་འཁོར་ལོ་ནི། ནས། ཤེས་རབ་གཉིས་འགྱུར་ཁ་དོག་དམར། གྱི་བར་གྱིས་འཁོར་ལོ་བཞི། རྟོག་པ་སད་པའི་འཁོར་ལོ་ནི། ཐབས་ལ་དྲུག་དང་། ཞེས་པ་གཙུག་ཏོར། ཤེས་རབ་དྲུག ཐ་མ་བདེ་བ་འཛིན་པའི་ས་ཞེས་བྱ་བས་གསང་གནས་ཀྱི་འཁོར་ལོ་བཤད་པ་ཡིན་ལ། གཉིས་པ། ཡི་གེ་བཞི་ཡིས་བརྒྱན་མཛད་དེ། དགུག་གཞུག་བཅིང་མཉེས་པར་བྱེད་པས་རོ་རྐྱང་ནས་ཁ་ཕྱིར་བལྟས་པ་གློག་སྟེ་རང་གནས་དབུ་མར་གཞུག་པར་བྱའོ། །གསུམ་པ་ནི། རྟོགས་པ་སད་པ་ནི་སྒྲ་རྟོགས་ལས་འདས་པའི་མི་རྟོག་པ་ཆེན་པོ་ཡིན་པས། མི་རྟོག་དཔའ་བོ་གནས་པ་ཡིན། འཁོར་ལོ་དེར་ཧཾ། བདེ་འཛིན་འཁོར་ལོ་ཡི་གེ་མེད། ད་ལྟ་ཤད་ཡིན་པས། བརྗོད་པ་ཐམས་ཅད་སྤངས་པ་སྟེ། ཞེས་གསུངས་དོན་པ་ལུ་ཏ། དེ་འདུས་མ་བྱས་པའི་རང་བཞིན་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དགོས་པ། ཁུ་བ་ཁྲག་དང་ཆུ་སེར་གནས། །འདིས་ནི་ལམ་གསུམ་འཇོམས་བྱེད་པའོ། །འབར་འཛག་གིས་ཁམས་ཐམས་ཅད་དྭངས་མར་བྱས་པས་འཛག་པ་མེད་པའི་སྐུ་འགྲུབ་པའོ། །སྐད་ཅིག་རླུང་གི་རྟ་ཡིས་ནི། ཐབས་དང་ཤེས་རབ་གཉིས་བསྐུལ་ནས། གཉིས་མེད་ཡེ་ཤེས་སྐྱེ་བར་འགྱུར། ནི་ཕྱག་རྒྱ་མ་ལ་བརྟེན་པ་སྟེ། བསམ་མི་ཁྱབ་ཏུ། ཉི་ཟླ་གཟའ་ཡིས་ཟིན་པ་ན། ཤེས་རབ་རྡོ་རྗེའི་སྦྱོར་བ་ཡིས། །བཞུ་བ་གཉིས་མེད་ཡེ་ཤེས་འགྱུར། ཞེས་གསུངས་པ། གསུམ་པ། ཡེ་ཤེས་ཀྱིས་ནི་རྟོག་པ་བསྲེག ཐལ་བའང་དམིགས་པར་མི་འགྱུར་བས། གནད་ཀྱི་སྒོ་འབྱེད་པའི་ཚུལ། རྟགས་ལྔ་རིམ་པས་འབྱུང་བར་འགྱུར། རགས་པ་དང་། སྣང་བ་གསུམ་ཐིམ་ནས། ལྔ་པར་འོད་གསལ་འབྱུང་བ། འོད་གསལ་དེ་མངོན་དུ་བྱས་པ། ཚོགས་ལས་གྲུབ་པའི་ཡེ་ཤེས་ཡིན། བསོད་ནམས་ཀྱི་ཚོགས་རྫོགས་པའི་འབྲས་བུ་མཐོང་བའི་ལམ། ཡང་དང་ཡང་དུ་བསྒོམ་པར་བྱ། སྡེ་པ་བཞི་ཡིས་ལོངས་སྤྱོད་ནི། མས་བརྟན་པའི་འཁོར་ལོ་བཞིར་བགྲོད་པས་དགའ་བ་བཞི་སྐྱེ་བ། གནས་གསུམ་ནི་ལུས་ངག་ཡིད་གསུམ་གྱི་ཐིག་ལེ་དག་པ་མངོན་དུ་བྱས་པ། གཉིས་མེད་བདེ་བའི་གནས་ཐོབ་ནས་སྐྱེ་འཆི་ལ་སོགས་རྒྱུན་ཆད་དེ། ཡེ་ཤེས་ཀྱི་ཐིག་ལེ་རྣམ་པར་དག་པ་སངས་རྒྱས་ཀྱི་སར་སླེབ་པས། འདི་ནི་རྣམ་དག་ལེགས་པའི་གནས། ཐོབ་པར་འགྱུར་པ་སྨོས་ཅི་དགོས། ནས། བཤད་པ་ཡིན་གྱི་བར་གྱིས་སོ། །གསུམ་པ་ནི། དཔའ་བོ་བརྟན་པར་མ་གྱུར་ན། བསྐྱེད་རིམ་བཟླས་བརྗོད་དང་བཅས་པས་སེམས་བརྟན་པར་མ་གྱུར་ན། ཡི་གེ་ཧཱུྃ་གི་སྦྱོར་བ་ཡིས། འདི། མངོན་དུ་བྱ་བ་གཞིའི་ཧཱུྃ། མངོན་དུ་བྱེད་པ་ཐབས་ལམ་གྱི་ཧཱུྃ། མངོན་དུ་བྱས་པ་འབྲས་བུའི་ཧཱུྃ་གསུམ། གཉིས་པ་སྦྱོང་བྱེད་དབྱིབས་ཀྱི་ཧཱུྃ་སྟེ། འཇིག་རྟེན་ཁམས་ཀུན་འཇིག་པར་འགྱུར། །བརྗོད་པ་སྔགས་ཀྱི་ཧཱུྃ་བཟླས་པ་སྟེ། མེ་ནི་བུད་ཤིང་བསྲེག་མཛད་དེ། ཤིང་མེད་མེ་ཡང་ཇི་ལྟར་གནས། །མཉམ་པར་བཞག་བྱ་དོན་གྱི་ཧཾ་ལ་རྩེ་གཅིག་ཏུ་འཇོག་པ། བརྟན་གཡོ་མཉམ་པར་གྱུར་པ་ན། །དེ་གཅོད་བྱེད་རིག་པའི་ཧཱུྃ་དུ་ལངས་པས། མི་ཤིགས་ཡི་གེ་རྣམ་པར་དག དེ་བརྡལ་བ་ཆེན་པོའི་ཧཱུྃ་དུ་རྫོགས་པ། འདི་ནི་ང་ཡི་གསང་བ་སྟེ། །གསང་བ་བླ་ན་མེད་པ་འདི། །བདག་མེད་རྟོགས་པ་ཁྱོད་ལ་བཤད། །རྫོགས་པའི་རིམ་པ་གསུམ་པོ་དེ་ཡང་མདོ་ཙམ་སྟེ། རྒྱས་པར། གཞན་དུ་གངྒཱའི་བྱེ་མ་དང་། མཉམ་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །བརྗོད་པར་ནུས་པ་ག་ལ་ཡོད། ཅེས་གསུངས་སོ། །ལེའུ་བཅུ་པའོ།། །། གཉིས་པ་དེ་ཐམས་ཅད་དབང་ཐོབ་ནས་བྱ་བ་ཡིན་པས། དབང་བསྐུར་བཤད་པ་ལ་དཔོན་སློབ་ཀྱི་རྟེན་འབྲེལ། དཀྱིལ་འཁོར་གྱི་ལས་རིམ། དབང་བསྐུར་བཤད་པ་གསུམ། དང་པོ། སློབ་མའི་མཚན་ཉིད་སྔར་བཤད་ལ། དེས་བླ་མ་ལེགས་པར་བརྟགས་ནས་བསྟེན་པར་བྱ་སྟེ། དངོས་གྲུབ་ཐམས་ཅད་དེའི་རྗེས་སུ་འགྲོ་བའི་ཕྱིར་དེ་བཤད་པ། དང་པོར་སློབ་དཔོན་མཚན་ཉིད་ཀྱང་། སོགས་ཀྱིས་དབང་གི་དོན་དུ་དེ་ལ་གསོལ་བ་གདབ་པའི་བར་དངོས་སུ་གསུངས་ལ། དེས་ཞལ་གྱིས་བཞེས་བསྙེན་པ་ཁ་སྐོང་བྱ་བ་ཤུགས་ཀྱིས་བསྟན་ནོ། །གཉིས་པ་དཀྱིལ་འཁོར་ལས་རིམ་གསང་བ་སྤྱི་རྒྱུད་དང་མཐུན་པར་བཤད། དེར། རྣམ་དཔྱད་དང་པོ་ས་གཞི་གཟུང་། གཉིས་པ་ལ་ནི་སྟ་གོན་བྱ། ནུབ་གསུམ་པ་ལ་འཇུག་པ་ཤེས། ཞེས་པ་ལྟར། ནུབ་དང་པོ་ས་ཆོག དེ་ཡང་བརྟག་པ་ཕྱོགས་དང་ལྟོ་འཕྱེ་དང་རོ་བསལ་པྲ་བརྟག་པ་རྣམས། གྲོང་དང་སོགས་ཀྱིས་བསྟན་ལ། ལཾ་ལས་བྱུང་བའི་སོགས་ནས་བསླང་སྦྱངས་ཞེས་པའི་བར་གྱིས་བསླང་སྦྱངས་གཟུང་བ་བསྟན་ནོ། །སྟ་གོན་ལྷ་བུམ་སློབ་མའི་སྟ་གོན་གསུམ་སྟེ། བསྲུང་ཞིང་གཙོ་བོ་ལ་སོགས་ཀྱིས་ལྷ། རིན་པོ་ཆེའམ་ས་ཡང་རུང་སོགས་ཀྱིས་བུམ་པ། འོག་གི་གུས་པས་མེ་ཏོག་དང་བཅས་ནས། ཞི་བའི་མེ་ཡིས་བཟློག་པར་བྱ་བའི་བར་གྱིས་སློབ་མའི་བསྟན་ལ། སློབ་མ་རྣམས་ལ་རྗེས་བརྩེ་བས། སྡོམ་གཟུང་གསོལ་ཞིང་བསྲུང་བ་དང་། དཀྱིལ་འཁོར་བཀོད་ནས་ཞེས་པ་འདི་ནི་ཟླ་བ་དང་ལོ་ལ་སོགས་པས་དངོས་གྲུབ་བསྒྲུབ་པའི་དབང་དུ་མཛད་པས། །དབང་ཐོབ་ནས་དེ་ལྟ་བུའི་དོན་དུ་འདུ་བའི་སློབ་མ་ལའོ། །ནུབ་གསུམ་པ་ལ་དཀྱིལ་འཁོར་བསྒྲུབ་ཅིང་དབང་བསྐུར་བ་བཤད་ལ། དཀྱིལ་འཁོར་བསྒྲུབས་ནས་སྐབས་སུ་བབ་པ་ལ་དབང་བསྐུར་ཀྱང་ལེགས་པ་ཡིན་ནོ། །དེ་བས་ན་འདིར་ནུབ་གསུམ་པ་རང་གི་ཆོ་ག་ལ། ཐིག་དང་། ཚོན་དང་། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་ལས། དང་པོ། སྲད་བུ་ཡེ་ཤེས་ལྔ་ལྡན་པ། སོགས་དང་། གཉིས་པ། རིན་ཆེན་ལྔའམ་འབྲུ་ཡི་ཕྱེ། སོགས་དང་། གསུམ་པ། དེ་ནས་རྡོ་རྗེའི་འཆང་དམིགས་ལ། ཞེས་པས་བདག་མདུན་གཉིས་ཀར་བཤད་དོ། །དབང་བསྐུར་བཤད་པ་ལ། སྔོན་དུ་བདག་འཇུག དེ་ནས་སློབ་མ་ལ་དབང་བསྐུར་བའི་དང་པོ། སློབ་དཔོན་སྨིན་ནས་སློབ་མ་རྣམས། ཕུང་པོ་ལྔ་པོ་དག་པར་སྦྱངས། །ཞེས་པས་བསྟན། གཉིས་པ། དཀྱིལ་འཁོར་དུ་མ་ཞུགས་པ་ལ་དབང་བསྐུར་ཐོབ་པ་མེད་པས། སྔོན་དུ་འཇུག་པ། ཕྱིས་དབང་བསྐུར་བ། དང་པོ། གདོང་གཡོགས་བཅིངས་ལ་ཡེ་ཤེས་དབབ། །ཅེས་པས་མདོར་བསྟན། དཀྱིལ་འཁོར་དམ་པར་གཞུག་པའི་ཕྱིར། ནས། རིགས་ཀྱི་དེ་ལ་སྤྲོ་བར་བྱ་བའི་བར། དབང་བསྐུར་བ་ནི། རྣམ་པ་བཞི་སྟེ། བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། །ཤེས་རབ་ཡེ་ཤེས་ཆེན་པོའོ། །དང་པོ་ལ། རྡོ་རྗེ་སློབ་མའི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་དབང་གཉིས། དང་པོ་ནི། ཆུ་དང་ཅོད་པན་རྡོ་རྗེ་དང་། དྲིལ་བུ་མིང་གི་དབང་བསྐུར་རོ། །ཞེས་པ་རིགས་ལྔའི་བདག་ཉིད་ཡེ་ཤེས་ལྔ་སྟེ། དངོས་གཞི་དེ་ཡིན་ལ། དེ་ཙམ་གྱིས་སྔགས་ཀྱི་སྒྲུབ་པ་པོར་རུང་བས་དེའི་དབང་དུ་བྱས་ནས་དེའི་མཐར། བརཏལ་ཞུགས་ལུང་བསྟན་རྗེས་གནང་སྦྱིན། དབུགས་དབྱུང་། གལ་ཏེ་སློབ་དཔོན་དུ་འོས་པ་ཞིག་ན། རྡོ་རྗེ་སློབ་དཔོན་བསྒྲུབ་ཅེས་པས། བརཏལ་ཞུགས་ལ་སོགས་པ་དེའི་མཐའ་བརྟེན་དུ་བྱ་བ་སྟེ། དེ་ནི་དྲུག་གི་བྱེ་བྲག་དབང་། ཞེས་གསུངས་པའི་རིག་པ་དེ་བསྐུར་རོ། །དེ་ནི་རྡོ་རྗེ་སེམས་དཔའམ་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད། སྟོང་ཉིད་སྙིང་རྗེ་གཉིས་ཟུང་འཇུག་གི་ཡེ་ཤེས་ཆེན་པོའི་རང་བཞིན་ནོ། །གསང་བ་ཤེས་རབ་ཡེ་ཤེས་དང་། བཞི་པ་བརྗོད་མེད་དབང་བསྐུར་བ། ཞེས་པ་གོང་མ་གསུམ་རིམ་པ་བཞིན་བསྟན་ལ། བཞི་པ་ཚིག་དབང་ཞེས་པ་དང་། འདིར་བརྗོད་དུ་མེད་པར་བཤད་པ་མི་འགལ་ལམ་ཞེ་ན། དབང་དེ་སྒྲ་རྟོག་གི་ཡུལ་ལས་འགོངས་པ་ཞིག་ཡིན་པ། གསུམ་པ་དཔེར་བྱས་ནས་དེའི་དུས་སུ་ཐབས་ཀྱིས་མཚོན་བྱ་མངོན་སུམ་དུ་འགྱུར་བ་ལ་སྒྲོས་བཏགས། ཚིག་གིས་ཕྱིས་བརྡ་སྤྲོད་པས་དེ་ཙམ་གྱིས་ཚིག་དབང་དུ་བཞག་པས་འགལ་བར་མི་འགྱུར། གསང་བ་མཆོག་གི་སོགས་དབུགས་དབྱུང་དང་། །དམ་ཚིག་བསྒྲག་གཟུང་། བཅོམ་ལྡན་འདས་ཀྱིས་བཤད་པ་ལྟར། སོགས་ཀྱིས་ཡོན་འབུལ་དང་རྗེས་སུ་བྱ་བའི་རིམ་པའོ། །ལེའུ་བཅུ་གཅིག་པའོ།། །། དེ་ལྟར་བསྒྲུབས་པའི་འབྲས་བུ་རྣམ་པར་གཞག་པ་ལ། ནུས་པ་དང་ལྡན་ན་ཀླུ་ནད་འབྱིན་པ། ལས་ཐམས་ཅད་ལ་གཏོར་མ་གཅེས་པས་དེ་བསྟན་པ། དེ་དག་རིགས་ཀྱི་ཡུམ་གྱི་རྣལ་འབྱོར་གྱིས་ཀྱང་འགྲུབ་པ། འདོད་ན་ལས་རབ་འབྱམས་ལ་སྦྱོར་བའི་ཚུལ་བཤད་པ་བཞིའི་དང་པོ་ལ། ས་བདག་ཀླུའི་གདོན་དགྲོལ། །ནད་ཞུགས་པའི་རྟགས། འདོན་པའི་ཐབས་བཤད་པ་གསུམ། དང་པོ་ནི། ཞུ་ལན་གྱི། གདུལ་བྱའི་རིགས་སུ་གནས་པ་ནི། །གདུག་པའི་ཀླུ་ཆེན་རྣམ་པ་བརྒྱད། །རིགས་བསྡུས་ཆུ་བདག་བ་རུ་ཎ། །དམ་ཚིག་ལ་གནས་སོག་མ་མེད། །འདི་དག་སྒྲུབ་པར་འདོད་པས་ན། ཞེས་གསུངས་པའི་སྒྲུབ་པའང་ནད་འབྱིན་པའི་ལས་སྦྱོར་གྱི་སྔོན་གྱི་སྒྲུབ་པ་ལ་དགོངས་སོ། །ཇི་ལྟར་བསྒྲུབ་པའི་བཅས་མཛེས་པའི་དཀྱིལ་འཁོར་སོགས། མཆོད་རྫས་ཀླུ་ཡི་རྩི་སྨན་བཤམ། །བདག་བསྐྱེད། དེ་རྗེས་རྡོ་རྗེ་འཛིན་བསམས་ལ། །བདག་མདུན་གཉིས་ཀའི་གཙོ་བོ་ཡིན། །མདུན་བསྐྱེད་ལ་དེ་ལ་འཁོར་དུ། པདྨའི་ལྟེ་བར་ཆུ་བདག་དང་། དམ་ཚིག་སོག་མེད་དཀར་དང་སེར། ཐལ་སྦྱར་སྦྲུལ་གྱི་ཞབས་སུ་འཁྱིལ། གཙོ་བོ་རྡོ་རྗེ་འཆང་ལ་འདུད། །འདི་གཉིས་ལྟེ་བའི་གཙོ་བོའི་གཡས་གཡོན། ཤར་ཕྱོགས་དགའ་བོ་སྔོན་པོ་སྟེ། ནས། ས་བདག་སྣ་ཚོགས་གཟུགས་ཀྱིས་བསྐོར། གྱིས་བསྐྱེད། ཀླུ་ཆེན་གནས་ནས་སྤྱན་དྲངས་ཏེ། ཨེ་ེ་ཧི་ནས། བཞུགས་པར་གྱུར་བར་གྱིས་དགུག་པ། ཨོཾ་བཛྭ་ཙཎྜྻ་སོགས་རྡོ་རྗེ་འཆང་གི་ཀླུ་དམ་ལ་བཞག་པ་དྲན་པར་བྱེད་པ། ནཱ་ག་རཱ་ཛ་སོགས་ཀྱིས་དམ་ཚིག་འཛིན་པ། རིམ་པས་མཆོད་ཅིང་སོགས་ཀྱིས་མཆོད་བསྟོད་སྔགས་བཟླས། གཞན་ཡང་འཇིག་རྟེན་པ་རྣམས་ལ་སོགས་ཀྱིས་བྱ་བ་ཆོ་ག་བྱ་སྟེ། ཟིན་ནས་གནོད་པའི་ཕྱོགས་སུ་བསྐྱལ་བ། བསྲུང་འཁོར་གདགས་པ། དེ་བཞིན་བྱས་ན་ཀླུ་ནད་རྣམས་སོགས་ཀྱིས་ཕན་ཡོན། ལེའུ་བཅུ་གཉིས་པའོ།། །། གཉིས་པ་ནད་ཞུགས་པའི་རྟགས་ནི། ཞུ་ལན་གྱི། ཀླུ་ལ་རིགས་དྲུག་ལ་སོགས་པ། སྣ་ཚོགས་རིགས་སུ་ཡོད་གྱུར་ཀྱང་། །འབྱུང་བ་ལྔ་ཡི་རང་བཞིན་ཏེ། །འདིར་རིགས་ལྔར་བཤད་ཀྱང་ལྔ་པ་ཐམས་ཅད་ལ་ཁྱབ་བྱེད་ཡིན་པས་དོན་ལ་བཞིར་བསྡུས་སོ། །བཞི་ཡང་། ནོར་རྒྱས་དུང་སྐྱོང་རྒྱལ་རིགས་ཡིན་ཏེ་མཐོང་བའི་དུག །སེར་པོ་ས་ལ་དབང་སྟེ་ཞེས་པས་དུག་ངོས་གཟུང་། ལྕི་འཐིབས་ལུས་པོ་སྦོམ་སོགས་ནད་རྟགས། དགའ་བོ་རིགས་ལྡན་བྲམ་ཟེ་ཡིན་ཏེ་བསམ་པའི་དུག །དམར་པོ་མེ་ དབང་སྟེ་དང་།  ་ཞིང་གདུང་བ་སོགས། ནད་རྟགས། པདྨ་འཇོག་པོ་རྗེ་རིགས་ཡིན་ཏེ་ཁ་རླངས་དུག །དཀར་པོ་ཆུ་ལ་དབང་བས་དང་། །གྲང་ཞིང་བསིལ་བ་སོགས་ནད་རྟགས། །པད་ཆེན་སྟོབས་རྒྱུ་དམངས་རིགས་ཡིན་ཏེ་རེག་པའི་དུག །ནག་པོ་རླུང་ལ་དབང་བས་དང་། །ཡང་ཞིང་གཡོ་བ་སོགས་ནད་རྟགས་ཞར་ལ་རྒྱུ་དུས་དང་བཅས་པ་བསྟན། ཆུ་ལྷ་དམ་ཚིག །ནམ་མཁའ་ཡིན་ཏེ་ཀུན་ལ་ཁྱབ། ཅེས་པས། དེ་ཁོ་ནས་ཟིན་པ་མེད་དེ། ནམ་མཁའ་ཐམས་ཅད་ལ་ཁྱབ་ཀྱང་ལས་འབྱུང་བ་བཞིས་བྱེད་པ་ཡིན་ནོ། །ཐུན་མོང་གི་རྟགས་སྤྱིར་ན་ལྔ་ཀ་གང་ཞུགས་ཀྱང་། སོགས་ཀྱིས་སོ། །ལེའུ་བཅུ་གསུམ་པའོ།། །། གསུམ་པ་འདོན་པའི་ཐབས་བཤད་པ་ནི། ཞུ་ལན་གྱི། བྱོལ་སོང་ཀླུ་ཡིས་ཟིན་པ་སོགས་ཀྱིས་འཚོ་མི་འཚོ་བརྟགས་ཏེ། འཚོ་བ་ལ་ཐབས་བྱ་བར་བསྟན། གསོ་ཚུལ་ལ། དང་པོ་སྔགས་ཀྱི་རིམ་པ་སྟེ། །ནུས་པ་ཆུང་བ་བསྙེན་པས། འབྲིང་བསད་པས། ཤིན་ཏུ་ཚབས་ཆེ་བ་ཀླུ་རང་གཤེད་དུ་དབབ་པའི་སྒོ་ནས་སོ། །འཕྲུལ་འཁོར་ཚར་ནས་མ་བདེ་ན། །རྒྱལ་པོ་བསྡོང་ཟླ་དབྱེ་བར་བྱ། །སྡེ་བརྒྱད་ཀྱི་གཏད་ཕྱུང་རྒྱབ་དང་འབྲེལ་བའོ། །གཉིས་པ་རྫས་ཀྱིས་གསོ་བ་ནི། །གཉེན་པོ་མི་མཐུན་རྫས་དང་སྦྱར། །སྨན་གྱིས་བསྡུ་བསད་སྦྱང་གསུམ་བསྟེན་པའོ། །རྟགས་ལོག་ན་སྦྱིན་སྲེག་གིས་ཕྱིར་རྗེས་བཅད་པར་བྱའོ། །ལེའུ་བཅུ་བཞི་པའོ།། །། གཉིས་པ་ལས་ཐམས་ཅད་ལ་གཏོར་མ་གཅེས་པས་དེ་བསྟན་པ་ནི། དཀྱིལ་འཁོར་བྲི་དང་སོགས་ཀྱིས་གཏོང་ཚུལ་སྒྲུབ་པ་བཞི་ལྡན་དུ་སྟེ། བསྒྲུབ་པ་བཞི་བདག་བསྒྲུབ་པ། རྫས་བསྒྲུབ་པ། མགྲོན་བསྒྲུབ་པ། ལས་བསྒྲུབ་པའོ། །དང་པོ། ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །གཉིས་པ་ཕུན་སུམ་ཚོགས་པའི་འབྱོར་པ་བསག །ནས། གཉིས་མེད་ཐབས་དང་ཤེས་རབ་ཡིན། །ཕྱི་མ་འདིས་གཏོར་མ་དེར་གང་གིས་འཇོག་པའི་མཚན་ཉིད་ཀྱང་བསྟན་པ་ཡིན་ནོ། །གསུམ་པ་ས་བོན་ལས་བྱུང་པདྨའི་གདན། ནས་བསྟོད་ཅིང་གི་བར། བཞི་པ་གསོལ་བ་གང་ཡིན་བྱ་སོགས་ཀྱིས་རྗེས་འབྲས་བུ་དང་བཅས་པ་བསྟན་ནོ། །ལེའུ་བཅོ་ལྔ་པའོ།། །། གསུམ་པ་དེ་རིགས་ཀྱི་ཡུམ་གྱི་རྣལ་འབྱོར་གྱིས་ཀྱང་འགྲུབ་པར་བསྟན་པ་ནི། ཞུ་ལན་གྱི། དུས་གསུམ་སངས་རྒྱས་བསྐྱེད་པའི་མ། ནས། ང་ཡིས་ཀྱང་ནི་འདིར་བཤད་དེ། ཞེས་པས་འདི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཚུལ། བྱང་ཆུབ་སེམས་ལྡན་གང་ཟག་གི །ནས། རུས་པ་རིན་ཆེན་རྒྱན་དང་ལྡན་གྱི་བར་གྱིས་བསྐྱེད་ཆོག །རྟག་ཏུ་ཡེ་ཤེས་པ་ཡང་མཆོད། །དེ་ལ་ཡེ་ཤེས་སྤྱན་དྲངས་མཆོད་བྱས་བསྟིམ་པ། ཞར་ལ་ལྷ་དབང་བསྐུར་བ་ཡང་བསྟན། རིག་པ་ངེས་པར་བསྟན་པ་ནི་ནས། འབུམ་འགྱུར་སྔགས་ཀྱི་འབྲེལ་པར་འགྱུར། །ཞེས་པའི་བར་བཟླས་པ། འབུམ་འགྱུར་ཞེས་པ་དུས་བཞིར་གྲངས་འགྱུར་བ་བསྟན་ཏེ། རྫོགས་ལྡན་ལས་རྩོད་པའི་དུས་འགྱུར་དེ་བཞི་འགྱུར་དུ་བགྲང་དགོས་པས་སོ། །འདི་ཉིད་ཀྱི་ཁྱད་པར་གྱི་ལས་མཆོག་སྒྲུབ་ཅེས་པ་དངོས་གྲུབ་ཡི་དམ་གྱིས་སྟེར་ཀྱང་བྱིན་གྱིས་མཁའ་འགྲོ་མས་རློབ་པ་ཡིན་པས། འདི་ནི་བྱིན་རླབས་རིམ་པའི་ཕྱིར། ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། ཞེས་དགྱེས་རྡོར་ལས་བཤད་པས་སོ། །གནས་སྐབས། ནད་རྣམས་སྦྱང་བ་དང་། །བསྲུང་ཞིང་འདོད་པ་ཐམས་ཅད་འགྲུབ་པ་དང་། ཞི་རྒྱས་དང་རང་གི་སྲོག་འཛིན་ཚེ། འཕྲིན་ལས་དབང་སྟེ་འཕྲིན་ལས་རྒྱས་པར་བྱེད་པའོ། །ཐུན་མོང་། ལས་གཞན་དངོས་གྲུབ་མ་ལུས་པར། །ལྷ་མོ་ཁྱོད་ཀྱིས་བྱེད་པ་ཡིན། དེའི་ཕྱིར། འདི་ནི་གསང་བ་དམ་པ་སྟེ། ཞེས་གསང་བས་མཆོག་ཡིན་ནོ། །དེ་བས་མཛེས་མ་ཁྱོད་ལ་བཤད། ལེའུ་བཅུ་དྲུག་པའོ།། །། བཞི་པ་འདོད་ན་ལས་རབ་འབྱམས་ལ་སྦྱོར་བའི་ཚུལ་ལ། ལྷ་སྔགས་ཏིང་འཛིན་རྫས་བཞི་སྦྱོར་གྱིས་འགྲུབ་པ། ལྷའི་སྟོབས་ཀྱིས་འགྲུབ་པ། སྤྱིན་སྲེག་གི་ཆོ་གས་འགྲུབ་པ། བསྟོད་པས་འགྲུབ་པ་བཞིའི་དང་པོ། །ཞུ་ལན་གྱི། སྒྲུབ་པོ་ཕུན་སུམ་ཚོགས་འདོད་པས། རང་ཉིད་ཐོག་མར་བསྙེན་བྱས་ཏེ། ཞེས་པས། ལས་གང་བྱེད་ཀྱང་བསྙེན་པའི་རྟགས་ཐོན་པ་ཞིག་དགོས་པ་དང་། དེ་ནས་འདོད་པའི་རྗེས་ལ་འཁོར་ལོ་བྲི་སོགས་རང་རང་གི་བཅས་བྱས་བསྒྲུབ་པ་ལས་ལ་སྦྱར་བས་གདོན་མི་ཟབ་བར་འབྲས་བུ་འབྱུང་བ་ཡིན་ལ། གོང་བུ་དགུག་པ་ལོངས་སྤྱོད་དགུག་པ་ཡིན། རྐང་པས་དགུག་པ་སྲོག་ལྡན་དགུག་པ་ཡིན་ལ། གཞན་རྣམས་གཞུང་ཚིག་ཉིད་ཀྱིས་གསལ་བར་ཐོན་ནོ། །ལེའུ་བཅུ་བདུན་པའོ།། །། ལྷའི་སྟོབས་ཀྱིས་འགྲུབ་པ་ནི། ཞུ་ལན་གྱི། ཆུ་བདག་གནས་པའི་ས་ཡི་ཆར། དབབ་པའི་གནས། དཀྱིལ་འཁོར་པདྨ་འདབ་བརྒྱད་ལ་སོགས་བཅས། །འདབ་མར་ཀླུ་ཆེན་བརྒྱད་བསྐྱེད་ལ། །སྤྱན་དྲངས་མཆོད་པ་བྱས་ནས་ཀྱང་། །བར་གྱིས་ཆོ་ག ཆར་གྱི་རྒྱུན་ཆེན་པོ་འབེབས་པར་བསམས་ནས་འབེབས་པར་འགྱུར་གྱི་བར་གྱིས་ཏིང་ངེ་འཛིན་བཟླས་སྔགས། གལ་ཏེ་བབས་པར་མ་གྱུར་ན་སྤོགས་པའི་ཆོ་ག་རྣམས་བཅས་པ་བཤད་དོ། །འདིར་རིགས་ཀྱི་ཁྲོ་བོ་རྩ་བ་ཁྱུང་ཞལ་ཅན་ཞལ་བཞི་ཕྱག་བརྒྱད་པ་དེའི་བྱིན་ཀླུས་མི་བཟོད་པས་བསྒོམ་པ་ཙམ་གྱིས་ཆར་འབབ་པར་བཤད་པས་འདི་ལྷའི་སྟོབས་སུ་བཞག་གོ །ལེའུ་བཅོ་བརྒྱད་པའོ།། །། གསུམ་པ་སྦྱིན་སྲེག་གི་ཆོ་གས་འགྲུབ་པ་ནི། ཞུ་ལན་གྱི། ཐབས་དང་རྫས་དང་ལྷ་དང་ནི། །སྔགས་ཀྱི་རིམ་པ་ཕན་ཡོན་རྣམས། །རིམ་པས་མཛེས་མ་ཁྱོད་ལ་བསྟན། གྱིས་མདོར་བསྟན། རྒྱས་པར་བཤད་པ་ལ། སྦྱང་བའི་ལས་ནི་སྔོན་འགྲོ་བས། །དཀྱིལ་འཁོར་གྱི་ཆོ་ག་དང་མཐུན་པར་ས་ཆོག་བྱ་བ། སོར་ནི་ཉི་ཤུ་བཅོ་བརྒྱད་དང་། སོགས་ཀྱིས་ཐབ་ཀྱི་ཆུང་ཚད་བཤད་ལ་གཞན་སྤྱི་དང་མཐུན་ནོ། །རིམ་བཞིན། ནད་རྣམས་ཞི་ཞིང་ནོར་འཕེལ་དང་། ནས། གསོད་པའི་ཐབ་ཏུ་ཤེས་པར་བྱ། །དེ་དག་ལའོ། །ཐུར་བརྐོ་སོར་གསུམ་གཉིས་ཁ་ཁྱེར་མཐོ། རིམ་བཞིན་ཕྱེད་ཕྱེད་རྡོ་རྗེས་མཚན། མདོག དཀར་སེར་དམར་ནག་ལྗང་ཁུ་སྟེ། ལས་དང་འབྲེལ་པར་ཤེས་པར་བྱ། མཆོད་པའི་རྫས་དང་ཡམ་ཤིང་དང་། དཱུར་བ་ལ་སོགས་བསྲེག་པའི་རྫས་སོ། །འགོད་ལུགས། གཡས་དང་གཡོན་གྱི་རིམ་པ་ཡིས། །བདག་བསྐྱེད། །རང་ཉིད་རྡོ་རྗེ་འཛིན་པར་བསྐྱེད། བསམ་པ་རྒྱས་ལ་དགའ་དང་སོགས། །ཕྱོགས་དམན་པ་མེ་ཕྱོགས་སོགས། འཇིག་རྟེན་པའི་ལྷ། ཧ་ཱུྃལས་སྐྱེས་པའི་ཁ་དོག་དམར་སོགས་བསྟིམ། ཡེ་ཤེས་པ་བསྟིམ་པ། དེ་ལ་མཆོད་པ་བསངས་གཏོར་སོགས། མེ་པྲ། དེ་རྗེས་མེ་ཡི་མཚན་མ་བརྟག་སོགས། ངན་ན་དེ་ལས་མི་རིགས་བཟློག །རྫས་འབུལ་བ། དེ་རྗེས་རྫས་ཀྱི་རིམ་པ་ནི་སོགས། དེ་ནས་བསྟོད་པ་དང་འདོད་གསོལ། བསྟོད་ཅིང་གསོལ་བའི་ལས་བྱ་སྟེ། འཇིག་རྟེན་པའི་སྦྱིན་སྲེག མེ་ཡི་སྙིང་གར་དཀྱིལ་འཁོར་མཆོད། །བསང་གཏོར་ལ་སོགས་རིམ་པ་བཞིན་སྔར་བསྟན་པ་ལས་ཤེས་པར་བྱ། འཇིག་རྟེན་ལས་འདས་པའི་སྦྱིན་སྲེག དེ་རྗེས་ལྷག་མས་ཅི་རིགས་མཆོད། སླར་འཇིག་རྟེན་པར། གང་དུ་གང་འབུལ་ན། ཁུ་བ་ལ་སོགས་རྫས་རྣམས་ནི། །ལྷའི་ཞལ་དུ་སོགས། རྗེས་ཆོ་ག དཀྱིལ་འཁོར་བསྡུ་གཤེགས་རིམ་པ་རྣམས། མཁས་པས་ཉེ་བར་བརྟགས་ཏེ་བྱ། འབྲས་བུ། དཀྱིལ་འཁོར་ལྷ་ཡིས་མཆོག་སྟེར་ལ། མེ་ཡིས་འདོད་པའི་དོན་འགྲུབ་བྱེད་སོགས་ཀྱིས་བཤད་དོ། །སྦྱིན་སྲེག་གིས་བསྙེན་པའི་ཁ་སྐོང་། ལས་གང་ཡང་མྱུར་བར་བྱེད་པས་ཀུན་གྱི་རྗེས་སུ་འཇུག་པ། དེ་ཡང་མེ་ལྷ་ཀུན་གྱི་ཞལ་དེར་བསྲེག་པ་དེ་གསོལ་བ་ཡིན། དེས་དེ་གཉིས་མཆོག་སྟེར་རོ། ལས། དགོས་པ། བྱེད་པ་པོ་དུས་གནས། ཕྱོགས། བྱ་ཁྱེར། ཐབ་དེའི་མདོག དེའི་མཚན་མ། བུད་ཤིང་། མཆོད་རྫས། སྲེག་རྫས། དེ་དག་འགོད་ཚུལ། དགང་གཟར་བླུགས། ཆས་གཞུག འདུག་སྟངས། ཁ་ཕྱོགས་བདག་བསྐྱེད། མཆོད་པ་དང་སྲེག་རྫས་བྱིན་བརླབ། ཀུ་ཤ་བཀྲམ་པ། མེ་སྤར་ཚུལ། འཇིག་རྟེན་པའི་མེ་ལྷ་བསྐྱེད་པ། རང་བཞིན་པའི་གནས་ནས་སྤྱན་དྲང་པ། དམ་ཚིག་པ་ལ་བསྟིམ་པ་མཆོད། དགང་བླུགས། འབུལ་བའི་དུས་ཀྱི་ཁུ་ཚུར། སྔགས་ཚིག འབུལ་བ། བསྟོད་པ་མེ་བསྒྱུར་རམ་ལྟོ་བར་རམ་དཔང་པོར་འཇོག་པ་གང་རུང་བ་འཇིག་རྟེན་ལས་འདས་པའི་ལྷ་བསྐྱེད་ཆོག པྲ་ངན་ན། བཟློག་པ། རྫས་གཉིས་འབུལ་བ། བསྟོད་པ། འདོད་གསོལ། གཤེགས་གསོལ། སླར་འཇིག་རྟེན་པའི་མེ་ལྷ་མཆོད་པ། ལས་གཞུག་སྡུད་པའི་ཁྱད་པར་ཞིབ་མོ་ཕྱེད་པར་བྱའོ། །ལེའུ་བཅུ་དགུ་པའོ།། །། བཞི་པ་བསྟོད་པས་འགྲུབ་པ་ནི། ཞུ་ལན་གྱི། ང་ཡི་མིང་ནི་ཉི་ཤུ་གཅིག །དུས་གསུམ་སངས་རྒྱས་རྣམས་ཀྱི་གསང་། །མི་འགྱུར་གཡུང་དྲུང་དབང་བསྐུར་ཏེ། །ཞེས་ངོ་བོ་བསྟན། ན་མོ་ནཱི་ལམ་སོགས་ཀྱིས་སོ་སོ་བཤད། རྡོ་རྗེ་གཏུམ་པོའི་མཚན་ཉི་ཤུ་རྩ་གཅིག་པོ་འདི་འཛིན་པ་སོགས་ཀྱིས་ཕན་ཡོན་བསྟན་ནོ། །འདིའི་མཚན་རེ་རེ་ལྷ་སྔགས། དེས་བསྒྲུབས་པའི་ཐབས་རེ་ཡང་རིགས་ཏེ། མཚན་བརྒྱད་གསང་བའི་བདག་པོ་བརྒྱད་དུ་བཤད་པའི་རིགས་པའི་འཕུལ་འདེད་ལས་སོ། །རྒྱས་པར་མཚན་བརྒྱ་རྩ་བརྒྱད་པ་སོགས་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འཛིན་པའི་ཕྱིར་གྱིས་སོ། །ལེའུ་ཉི་ཤུ་པའོ།། །། གསུམ་པ་བཤད་ཟིན་མཇུག་དོན་བསྟན་པ་ནི་དཔའ་མོ་རྡོ་རྗེ་བདེ་མས་གསོལ་པ། རྡོ་རྗེ་འཆང་གི་རྒྱུད་འདི་བཤད་པ་དང་། སྦ་བ་དང་། ཇི་ལྟར་གཟུང་བའི་ཆོ་ག་ཇི་ལྟ་བུ་ལགས། ཞེས་ཞུས་སོ། །ལན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཛེས་མ་ཁྱོད་ཀྱིས་ཞུས་པ་ལེགས། །ཟག་མེད་བདེ་བའི་རྒྱུ་འབྱུང་མ། །བདག་མེད་ཤེས་རབ་མ་ཡི་མཆོག །ཁྱོད་ལ་བཤད་ཀྱིས་ལེགས་པར་ཉོན། །ཕྱི་མའི་དུས་སུ་ང་ཡི་རྒྱུད། །གསང་བ་སྐུ་གསུང་ཐུགས་ཀྱི་གཏེར། །བླ་མེད་རྒྱུད་རྒྱལ་རིན་ཆེན་འདི། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །སོགས་ཀྱིས་མཚན་ལྡན་ལ་བཤད་པར་བྱ་བ། དེ་ལས་བཟློག་པའི་གང་ཟག་ལ། །སོགས་ཀྱིས་གསང་ཞིང་སྦ་བར་བྱ་བ། དེ་བས་གསང་བ་སྐུ་གསུང་ཐུགས། སོགས་ཀྱིས་གཅེས་སྤྲས་ཀྱིས་དེད་དཔོན་འདོད་ཆེན་པོས་ནོར་བུ་རིན་ཆེན་ལ་བྱ་བ་ལྟ་བུར་བྱའོ། །དེའི་དགོས་པ། འདི་དང་བྲལ་བར་མ་གྱུར་ན། །བསྙེན་པ་དེ་ཡིན་སྒྲུབ་པ་དེ། བསྒྲུབ་པ་ཆེན་པོ་དེ་ཡིན་ཏེ། །ཀུན་ཀྱང་དེ་ཡིན་ལྷ་ཡང་དེ། བླ་མ་དེ་ཡིན་སློབ་དཔོན་ཀྱང་། །སངས་རྒྱས་ཆོས་དང་དགེ་འདུན་ཀྱང་། །དེ་ཡིན་བསྐྱེད་དང་རྫོགས་པ་སྟེ། །མ་ལུས་དབང་ཡང་དེ་ཡིན་ཏེ། །སྲིལ་གྱིས་བསྒྲིལ་ན་གཅིག་ཆོག་རྒྱལ་པོ་ཞེས་བྱའོ། །འཇིག་རྟེན་བྱ་བ་ཀུན་སྤངས་ནས། །འདི་ལ་མཆོད་པར་གྱུར་ན་ནི། །ཚོགས་གཞན་ཅི་ཡོད། ཚོགས་ཐམས་ཅད་འདིས་རྫོགས་པས་གཞན་བསག་ཏུ་མེད་དེ་རྒྱལ་བ་ཀུན་གྱི་དམ་པའི་ཆོས་ཀུན་ཏུ་གཟུང་བར་སོང་བས་སོ། །དེ་ནས་ཡུམ་ལ་བསྟོད་ཅིང་དེས་མཆོད་ཅིང་བསྟོད་དེ། སླར་རྡོ་རྗེའི་ལྟེ་བར་ཐིམ་པ་དང་འཁོར་རྣམས་ཀྱིས་རྗེས་སུ་ཡི་རང་བ་དང་བཅས་པའི་ཚུལ་གྱིས་རྒྱུད་ཆེན་པོ་འདི་རེ་ཞིག་རྫོགས་པར་ཤེས་པར་བྱའོ། །ལེའུ་ཉེར་གཅིག་པའོ།། །། སྤྲིན་འཛིན་ངོས་ཀུན་བཻ་ཌྭཱུརྻ། །བྱེད་ལ་ལྷུན་པོ་དེ་བཞིན་དུ། །མ་ལུས་ནུས་པ་ཅན་ཉིད་དུ། །གསང་བ་མངོན་པར་བསྟན་འདིས་སོ། །ཞེས་གསང་བ་མངོན་པར་བསྟན་པའི་རྒྱུད་ཆ་ཙམ་དུ་བཤད་པ་འདི་ཆོས་འདི་ལ་ལྷག་པར་བཀའ་དྲིན་ཆེ་བ་རྡོ་རྗེ་འཛིན་པ་ཆེན་པོ་ཆོས་ཀྱི་མགོན་པོས་རྩོམ་འོས་ཞེས་སྔ་མོ་ནས་བསྐུལ་བར་མཛད་པ་དང་ཉེ་རྐྱེན་སྔགས་འཆང་ཀུན་དགའ་སྙིང་པོས་གསོལ་བ་བཏབ་པའི་ངོར། ཤར་ཀོང་པོའི་ལྗོངས་ལྟ་བ་གཡུང་དྲུང་རྫིངས་ཕྱོགས་སུ་མགོ་གཏད་ལྷ་གཉའ་ཁྲི་བཙན་པོའི་ཕོ་བྲང་འཆིང་བར་སྟག་རྩེ་ད་ལྟ་རྒྱལ་རིར་གྲགས་པའི་ཞོལ་སྲིབ་མོ་གཉའ་ཁྲིའི་སྒར་དུ་རྫོགས་པར་བསྒྲུབས་པའི་དགེ་བས་ཐམས་ཅད་ཀྱང་མཐུ་སྟོབས་གསང་བའི་བདག་པོ་དང་མཉམ་པར་གྱུར་ཅིག་གུ །མངྒ་ལཾ།།


previousརྡོ་རྗེ་གཏུམ་པོའི་རྩ་བའི་རྒྱུད་གསང་བ་མངོན་པར་བསྟན་པའི་བསྡུས་འགྲེལ་གསང་བའི་སྙིང་པོ།next