Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
འཇམ་དཔལ་ཚེ་བདག་ནག་པོའི་བརྒྱུད་པའི་གསོལ་འདེབས་བྱིན་ཆེན་ནུས་པའི་ཆར་འབེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousའཇམ་དཔལ་ཚེ་བདག་ནག་པོའི་བརྒྱུད་པའི་གསོལ་འདེབས་བྱིན་ཆེན་ནུས་པའི་ཆར་འབེབས།next

འཇམ་དཔལ་ཚེ་བདག་ནག་པོའི་བརྒྱུད་པའི་གསོལ་འདེབས་བྱིན་ཆེན་ནུས་པའི་ཆར་འབེབས།

འཇམ་དཔལ་ཚེ་བདག་ནག་པོའི་བརྒྱུད་པའི་གསོལ་འདེབས་བྱིན་ཆེན་ནུས་པའི་ཆར་འབེབས་བཞུགས་སོ། །ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ནས། །ཕྱག་རྒྱ་ཟིལ་གནོན་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་ཅན། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །རྒྱ་ནག་རི་བོ་རྩེ་ལྔ་ནས། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་ཅན། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཨུ་རྒྱན་སྤྲུལ་པའི་ཞིང་ཁམས་ནས། །རིག་འཛིན་ཤྲཱི་སེང་ཧ་ལ། །གསོལ་བ་འདེབས་སོ་ཐུགས་རྗེ་ཅན། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །རྒྱ་གར་དུར་ཁྲོད་ནག་པོ་ནས། །པཎ་ཆེན་ཤིནྟཾ་གརྦྷ་ལ། །གསོལ་བྎ །བདག་ལྎ །བལ་ཡུལ་ཡམ་བུའི་གྲོང་ཁྱེར་ནས། །རྒྱལ་པོ་བྷ་སུ་དྷཱ་ར་ལ། །གསོལ་བྎ །བདག་ལྎ །བོད་ཡུལ་སྒྲག་ཀྱི་ཡངས་རྫོང་ནས། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ། །གསོལ་བྎ །བདག་ལྎ །གཡས་རུ་གཙང་གི་རྒྱལ་ཁམས་ནས། །གཏེར་སྟོན་རྒྱ་ཡི་ཞང་ཁྲོམ་ལ། །གསོལ་བྎ །བདག་ལྎ །ལྕགས་གཏུན་ནག་པོ་ཆོས་ཀྱི་གྲགས། །གནུབས་སྟོན་བྱ་བྲལ་མཚན་ཅན་ལ། །གསོལ་བྎ །བདག་ལྎ །སྐལ་ལྡན་རྡོ་རྗེ་རྒྱལ་པོ་དང་། །དྷཱརྨ་ཀེ་ཏུ་སློབ་དཔོན་ལ། །གསོལ་བྎ །བདག་ལྎ །གནུབས་ཆེན་གུ་རུ་མཆོག་ལྡན་དང་། །མཐུ་ཆེན་རྒྱལ་མཚན་ལྷུན་གྲུབ་ལ། །གསོལ་བྎ །བདག་ལྎ །སྔགས་འཆང་ཚེ་བདག་བཀྲ་ཤིས་དང་། །རིག་འཛིན་པདྨ་དཀར་པོ་ལ། །གསོལ་བྎ །བདག་ལྎ །ཡོངས་འཛིན་ངག་དབང་བཟང་པོ་དང་། །རྒྱལ་བ་དཔག་བསམ་དབང་པོ་ལ། །གསོལ་བྎ །བདག་ལྎ །འདྲེན་མཆོག་ཀུན་དགའ་ལྷུན་གྲུབ་དང་། །ཆོས་ཀྱི་དབང་ཕྱུག་དགེ་ལེགས་ཞབས། །གསོལ་བྎ །བདག་ལྎ །ཟིལ་གནོན་ཡེ་ཤེས་རོལ་པ་དང་། །གྲུབ་མཆོག་ངག་དབང་བདེ་ཆེན་ལ། །གསོལ་བྎ །བདག་ལྎ །དཔལ་ཆེན་དྷརྨ་སུརྻ་དང་། །ཡོངས་འཛིན་འཇམ་དཔལ་དཔའ་བོ་ལ། །གསོལ་བྎ །བདག་ལྎ །མི་ཕམ་འཇམ་དཔལ་རྡོ་རྗེ་དང་། །ལས་རབ་བདེ་ཆེན་རྩལ་གྱི་ཞབས། །གསོལ་བྎ །བདག་ལྎ །རིག་འཛིན་ཆོས་སྐྱོང་མགོན་པོ་དང་། །བདུད་འཇོམས་པདྨ་དགྱེས་པ་ལ། །གསོལ་བྎ །བདག་ལྎ །མཐུ་སྟོབས་ཆོས་ཀྱི་རྒྱ་མཚོ་དང་། །དྲིན་ཆེན་རྩ་བའི་བླ་མ་ལ། །གསོལ་བྎ །བདག་ལྎ །འདིར་བརྒྱུད་རིམ་གྱི་འཕྲོའཐུད། གཞན་ཡང་བཀའ་གཏེར་བརྒྱུད་པ་ཡི། །རིག་འཛིན་དཔའ་བོ་མཁའ་འགྲོ་ལ། །གསོལ་བྎ །བདག་ལྎ །སྔོན་ཚེ་བསོད་ནམས་བསགས་པ་ཡིས། །བླ་མེད་ཐེག་མཆོག་འདི་དང་མཇལ། །བདེ་ཆེན་ངང་ནས་སྐུ་བཞེངས་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་ཡིས། །སངས་རྒྱས་ཀུན་གྱི་སྙིང་པོ་མཆོག །འབྲུ་བརྒྱད་སྔགས་ཀྱི་བྲོ་ཆེན་བརྡུང་། །ཧཱུྃ། དང་པོའི་སངས་རྒྱས་ཡིན་པའི་ཕྱིར། །སྐྱེ་དང་འཆི་བ་བྱ་བ་མེད། །འཁོར་བ་ཡེ་ནས་སངས་རྒྱས་ཏེ། །ངན་སོང་གསུམ་པོ་ལྟ་བས་བསྒྲལ། །རྣམ་རྟོག་གདོད་ནས་ཆོས་སྐུ་ཡིན། །སྣང་སྲིད་མ་བཅོས་ཕྱག་རྒྱའི་ཞིང་། །ཐམས་ཅད་དྲེགས་པའི་ལྷ་ཚོགས་ལ། །འབྲུ་བརྒྱད་སྔགས་ཀྱི་མཆོད་པ་འབུལ། །ཐམས་ཅད་གྲགས་སྟོང་ཡེ་ཤེས་སྟེ། །གསུང་གི་དངོས་གྲུབ་ཆེན་པོ་སྩོལ། །འདི་ནི་ཡེ་ཤེས་ཆེན་པོའི་བྲོ། །འཁོར་འདས་གཉིས་སུ་མེད་པར་བརྡུང་། །ཕྱག་རྒྱ་ཟིལ་གནོན་མཆོག་གི་ལམ། །ལམ་འདི་ཀུན་གྱི་ཐོབ་གྱུར་ཅིག །


no previousའཇམ་དཔལ་ཚེ་བདག་ནག་པོའི་བརྒྱུད་པའི་གསོལ་འདེབས་བྱིན་ཆེན་ནུས་པའི་ཆར་འབེབས།next