Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
འཇམ་དཔལ་ཚེ་བདག་ནག་པོའི་ེ་རིང་བསྙེན་པའི་མན་ངག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཚེ་བདག་ནག་པོའི་ེ་རིང་བསྙེན་པའི་མན་ངགnext

འཇམ་དཔལ་ཚེ་བདག་ནག་པོའི་ེ་རིང་བསྙེན་པའི་མན་ངག

འཇམ་དཔལ་ཚེ་བདག་ནག་པོའི་ེ་རིང་བསྙེན་པའི་མན་ངག་བཞུགས་སོ། །སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཤཱུ་ཨཿདྷརྨ་དྷཱ་ཏུྎ ཧཱུྃ་བཛྭ་ཙིཏྟྎ ཀ་ནས་དག་པ་དེ་བཞིན་ཉིད་ཀྱི་དབྱིངས་དང་། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀུན་ཏུ་སྣང་བའི་རྩལ་གཉིས་སུ་མེད་ཅིང་དབྱེར་མེད། དབྱེར་མེད་པའི་ཐུགས་རྗེའི་འཕྲོ་འདུ་ཨེ་ལས། སྣ་ཚོགས་རྡོ་རྗེ་རྩེ་མོ་ལྔ་པ། མར་སྣ་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་དང་། ཡར་སྣ་སྲིད་པའི་རྩེ་མོར་ཟུག་པ། དེ་ལས་འོད་ཟེར་འཕྲོས། འོག་རྡོ་རྗེའི་ས་གཞི། འཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ་དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་འཁོར་ལོ་པདྨ་རིན་པོ་ཆེ་རལ་གྲིའི་གུར་མཚོན་ཆ་རྣོ་བའི་ངར་དང་ལྡན་ཞིང་དབལ་རྩུབ་པ་ཐམས་ཅད་ཀྱིས་བར་མཚམས་མེད་པར་གཏམས་ཤིང་སྲུབ་མེད་པ་ཅིས་ཀྱང་མི་ཚུགས་པ་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་དམར་འུར་འུར་འབར་བའི་ལྟེ་བར། ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། ཕྱོགས་སྐྱོང་མ་ཧེ་བརྫིས་པའི་གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ལྟེ་བར། རྒྱུ་དང་རྐྱེན་མེད་པར་བདག་ཉིད་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་འཇམ་དཔལ་ཧེ་རུ་ཀ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱན། ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ། དུག་ཧ་ལ་ཧ་ལ་ལྟར་མཐིང་ནག དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། ཡན་ལག་རགས་ཤིང་གསུས་པ་འཕྱང་བ། གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་ཆགས་པ། དབུས་ཞལ་མཐིང་ལ་རྔམ་པ། མཆེ་བ་བཞི་བཞི་གཙིགས་ཤིང་ལྗགས་ལ་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུག་པ། སྨ་ར་ཨག་ཚོམས་སྨིན་མ་སྐྲ་ཐམས་ཅད་ཁམ་སེར། སྤྱན་གསུམ་གསུམ་སྡང་མིག་ཏུ་གཟིར་ནས་བསྐལ་པ་འཇིག་པའི་མེ་སྤྲོ་བ། ཁྲོ་གཉེར་བཅིངས་པའི་ཤངས་ཀྱི་བུ་ག་དྲུག་ནས་འཐོར་བྱེད་ཀྱི་རླུང་ནག་པོ་འཚུབ་པ། ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ་རྡོ་རྗེ་རལ་གྲི། གཡོན་པ་གསུམ་ན་བེ་ཅོན་གཏུན་ཤིང་སྡིགས་མཛུབ། ཐོད་པ་ལྔའི་ཅོད་པན་བདུད་དང་མུ་སྟེགས་དང་སྲིད་པ་གསུམ་གྱི་བདག་པོ་ཐམས་ཅད་བསྒྲལ་བའི་མགོ་བོ་ལྔ་བཅུ་རྩ་གཅིག་དང་སྙིང་སྤེལ་བའི་རྒྱུ་མའི་ག་ཤ རུས་པའི་རྒྱན་དྲུག་དང་། སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། གླང་པོ་ཆེའི་ཀོ་བ་རློན་པ་སྟོད་དུ་གསོལ་ཞིང་ཞིང་ཆེན་གྱིས་སྐེད་དཀྲིས་པ། ཁྲག་དང་བཅས་པའི་སྟག་ལྤགས་ཤམ་ཐབས་སུ་བྱས་པ། དཔྲལ་བར་ཐལ་ཆེན་གྱི་ཆོམ་བུ། མཁུར་ཚོས་དང་སྣ་ལ་རཀྟའི་ཐིག་ལེ་བྲང་གི་འཛོམས་སུ་ཞག་གི་སོར་རིས་རྩེ་གསུམ་གྱི་དབྱིབས་སུ་བྲིས་ཤིང་། རྡོ་རྗེའི་མཚོན་ཆ་ངར་མའི་གཤོག་པ་བརྒྱངས་པ་གཡོན་བརྐྱང་ནས་འབར་བའི་འཕྲེང་བ་འཁྲུག་པའི་ཀློང་ན་བཞུགས་པར་གྱུར། སྤྱི་བོར་དེ་བཞིན་གཤེགས་པའི་ཁྲོ་བོ་བྱ་ཁྱུང་དཀར་པོ། རྡོ་རྗེའི་རྭ་དང་མཆུ་སྡེར་ཉི་ཟླའི་མིག མཚོན་ཆ་མི་བཟད་པའི་སྤུ་གཤོག་ཅན། སྦྲུལ་ཆེན་པོ་བཟུང་ནས་ཁར་ཟ་བ། དཔྲལ་བར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་དབུས་སུ། སྐུའི་ཁྲོ་བོ་ཡ་མ་རཱ་ཛ་སྨུག་ནག་འཁོར་ལོ་དང་བེ་ཅོན་ཅན། མགྲིན་པར་པདྨ་དམར་པོ་འདབ་བརྒྱད་དབུས་སུ་གསུང་གི་ཁྲོ་བོ་རྟ་མཆོག་རོལ་པ་དམར་ནག་འཁོར་ལོ་དང་རྡོ་རྗེའི་ཞགས་པ་ཅན། སྙིང་གར་རྡོ་རྗེ་རྩེ་དགུ་པའི་དབུས་སུ་ཐུགས་ཀྱི་ཁྲོ་བོ་ཕྱག་རྡོར་ལྗང་ནག་རྡོ་རྗེ་དང་སྙིང་འཕྲེང་ཅན། ལྟེ་བར་རིན་པོ་ཆེ་ཆ་བརྒྱད་པའི་དབུས་སུ་ཡོན་ཏན་གྱི་ཁྲོ་བོ་རུ་སྦལ་རྔམ་པ་མི་གཟན་དམར་སེར་མཆེ་སྡེར་གནམ་ལྕགས་ལས་གྲུབ་ཅིང་ཁྲག་གི་ཐིག་ལེ་དང་དུག་གི་སྨེ་བ། ཡན་ལག་དྲུག་ལ་མཆོད་རྟེན་གྱིས་མཚན་པ། སྙིང་གར་ལྷ་སྲིན་གྱིས་སྲོག་འཆང་ཞིང་ལྟོ་བ་སྲིད་པའི་ཁྱམས་ཁང་དུ་སྣང་བ། གསང་གནས་སུ་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་འཕྲིན་ལས་ཀྱི་ཁྲོ་བོ་རྡོ་རྗེ་ཕུར་པ་མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ་ཕྱག་དྲུག་རྡོ་རྗེ་རྩེ་དགུ་རྩེ་ལྔ། མེ་དཔུང་ཁ་ཊྶཱཾ་ཐ་མ་གཉིས་ཀྱིས་ཕུར་བུ་བསྒྲིལ་བ་ཁྲོ་བོ་ཐམས་ཅད་དཔལ་གྱི་ཆས་ཀྱིས་བརྒྱན་པའོ། །བསྲུང་འཁོར་ལྟར་བསྒོམ་ན། སྤྱི་བོར་བྱ་ཁྱུང་དཀར་པོ། སྙིང་གར་སྲས་མཆོག་ཡ་མ་རཱ་ཙ། དེའི་སྙིང་གར་དྲེགས་པ་ཕྱག་རྡོར། དེའི་སྙིང་གར་རུ་སྦལ་རྔམ་པ་མི་གཟན་ཞེས་བྱའོ། །ཕྲག་གོང་གཉིས་སུ་ཁྱུང་མོ་སྨུག་ནག ནུ་ཁ་གཉིས་སུ་སེང་གེ་དཀར་མོ་རལ་པ་སྤྲུག་པ། སོག་གཞུག་གཉིས་སུ་སྟག་མོ་མི་རོ་ཟ་བ། སྟ་ཟུར་གཉིས་སུ་སྦྲུལ་ནག་ཁ་ནས་དུག་རླངས་འགྱེད་པ། སེང་སྟག་སྦྲུལ་ལས་གཤིན་གསུམ་ཡིན་ནོ། །གཡོན་དུ་སྦྱོར་ཡུམ་པེ་ཏཱ་ལི་མཐིང་ནག་སྙིང་དང་ཐོད་ཁྲག་འཛིན་པ་དང་། དབྱིངས་ཡུམ་མུ་ཁ་ལེ་དམར་སྨུག་ཁྲམ་ཤིང་ནད་རྐྱལ་འཛིན་པ། གཡས་སུ་སྒྲོལ་ཡུམ་ཨེ་ཀ་ཛ་ཊཱི་སྔོ་སྐྱ་རལ་གྲི་དང་གཡུ་སྤྱང་འཛིན་པ། ཁྲོ་མོ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རྩིབས་སྟོང་ལ་ཕྱི་ནང་གསང་བ་ལོ་ཟླ་ཞག་དུས་བཞི་ཟ་མའི་གཤེད་ཕོ་མོ་ཐམས་ཅད་གདུག་པ་ཅན་གྱི་མཚོན་ཆ་བཟུང་ཞིང་དྲག་ཤུལ་ཆེན་པོའི་སྐུ་གླང་པོ་ཆེའི་གོ་ཟུ་གྱོན་ཞིང་ཧ་ཧ་དང་ཧི་ཧིའི་སྒྲ་སྒྲོག་ཅིང་རྔམ་པའི་འཆམས་ཀྱིས་རོལ་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། བསྒོམས་པ་དང་འདྲ་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་འོད་ཀྱིས་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་བཀུག དེ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔས་བཀང་བས་དབང་བསྐུར། ལུས་གང་དྲི་མ་དག ཆུ་རྒྱུན་གྱེན་དུ་ལུད་པས་རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔ་ཐོད་པའི་གཞལ་ཡས་ཁང་དུ་བཞུགས་པས་རྒྱས་བཏབ་པར་གྱུར། དེ་ནས་བསྙེན་པ་གཞུང་བཞིན་བྱ། རྗེས་ལྷ་ཚོགས་རང་ལ་བསྟིམ། དགེ་བ་བསྔོ་བར་བྱའོ། །པདྨ་དཀར་པོས་སྦྱར་བའོ།། །།མངྒལཾ།། །།


previousའཇམ་དཔལ་ཚེ་བདག་ནག་པོའི་ེ་རིང་བསྙེན་པའི་མན་ངགnext