Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ཚེ་བདག་ནག་པོའི་དབང་ཆོག་སྙིང་གཟེར་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་མཚམས་སྦྱོར་རིན་ཆེན་འབར་བའི་པྲོག་ཞུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ཚེ་བདག་ནག་པོའི་དབང་ཆོག་སྙིང་གཟེར་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་མཚམས་སྦྱོར་རིན་ཆེན་འབར་བའི་པྲོག་ཞུ།next

འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ཚེ་བདག་ནག་པོའི་དབང་ཆོག་སྙིང་གཟེར་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་མཚམས་སྦྱོར་རིན་ཆེན་འབར་བའི་པྲོག་ཞུ།

འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ཚེ་བདག་ནག་པོའི་དབང་ཆོག་སྙིང་གཟེར་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་མཚམས་སྦྱོར་རིན་ཆེན་འབར་བའི་པྲོག་ཞུ་ཞེས་བྱ་བ་བཞུགས་སོ།། ན་མོ་མཉྫྱུ་གྷོ་ཥཱ་ཡ། སྣ་ཚོགས་རྙོགས་བྲལ་ཆུ་ལ་ཟླ་བརྙན་ལྟར། །མོས་པའི་རྗེས་སོང་དཀྱིལ་འཁོར་འཁོར་ལོ་བཞིན། །གཅིག་པུ་དུ་མར་ཤར་བ་ལྷ་ཡི་འཕྲུལ། །འགག་མེད་ཆུ་ཟླའི་གར་བསྒྱུར་དེ་ལ་འདུད། །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །སྒྱུ་འཕྲུལ་རབ་བཀྲམས་འདས་ལ་སྙིང་པོའི་མཆོག །སྒྲུབ་པ་བཀའ་བརྒྱད་ལས་ཀྱང་ཡང་སྙིང་སྐུའི། །དཀྱིལ་འཁོར་ཡངས་པོར་འཇུག་པའི་ཆིང་འདིར་བྲི། །དེ་ཡང་འདིར་འཇམ་དཔལ་ཚེ་བདག་ནག་པོའི་སྨིན་དབང་སྙིང་གཟེར་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་དགོངས་དོན་གསལ་བའི་ཆིངས་མཚམས་སྦྱོར་བ་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དམ་པ་ཐོབ་པར་བྱ། དེའི་ཆེད་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་སྟ་གོན་གྱི་རིམ་པ་ལ། གཞུང་ལས། སློབ་དཔོན་མཚན་ཉིད་དེ་ཡི་ལས། །སློབ་མ་འཇུག་ཅིང་ལྷ་ངོ་བསྟན། །དབང་བསྐུར་བ་བཞི་སྤྱི་ཡི་ཆིངས། །ཞེས་གསུངས་པའི་དང་པོ་སློབ་དཔོན་གྱི་མཚན་དང་དེའི་བགྱི་འོས། ཡང་དེ་ཉིད་ལས། གཉིས་པ་བསྙེན་དང་ས་ཆོག་དང་། སྟ་གོན་དཀྱིལ་འཁོར་སྒྲུབ་པའོ། །ཞེས་སྤྱི་ཁྱབ་སྡོམ་དང་། ནང་ཚན་དུ་དབྱེ་བ་ལ་བསྙེན་པ་ཁ་གསོ། ས་ཆོག་ལ་ནི་བསྲུང་དང་བརྟག །ས་བླ་དབང་བྱ་ཆག་ཆག་འདུལ། །བམ་བླངས་པའང་ཞར་ལས་སོ། །སྟ་གོན་ལའང་། དཀྱིལ་འཁོར་རྫས་བུམ་ལྷ་དང་ནི། །སློབ་མ་བམ་གྱི་སྟ་གོན་སྟོན། །ཞེས་གསུངས་པའི་ས་ཆོག་སྟ་གོན་ལའང་། དཀྱིལ་འཁོར་སྟ་གོན། རྫས་སྟ་གོན། བུམ་པ་སྟ་གོན། ལྷ་སྟ་གོན། ཞེས་གསུངས་པའི་སློབ་དཔོན་གྱི་བགྱི་འོས་དེ་དག་ནི་གཞུང་ཉིད་དུ་འཐུས་པ་བཞིན་སྒྲུབ་པ་སྔོན་དུ་སོང་ནས། འདིར་སློབ་མ་གཞུག་པའི་ཐབས་ལ་སྟ་དངོས་གཉིས་ཀྱི། དང་པོ་སྟ་གོན་ནི། གཞུང་ལས། དེ་ནས་ཡོལ་བས་དེར་བཅད་ལ། །ཁྲུས་བསྐྲད་གསོལ་དྲངས་ཕྱག་བྱ་གསོལ། །སྤྲོ་བསྐྱེད་ཉན་གདམས་སེམས་གཉིས་སྡོམ། །སྒྲིབ་བསལ་བྱིན་རླབས་སོ་ཤིང་དང་། །ཁྱོར་ཆུ་ཀུ་ཤ་བསྲུང་ཆོས་བཤད། །རྨི་ལམ་བརྟག་སྟེ་བཅོ་ལྔའོ། །ཞེས་གསུངས་པས། ས་བཅད་ནང་ཚན་དབྱེ་ན་དང་པོ་ཁྲུས་བྱ་བ། གཉིས་པ་བགེགས་བསྐྲད་པ། ཞར་བྱུང་མཚམས་བཅད་པ། གསུམ་པ་སྒོ་བར་གསོལ་བར་གདབ་པ། བཞི་པ་ལས་ཀྱི་སློབ་དཔོན་གྱིས་ཡོལ་བའི་ནང་དུ་དྲངས་པ། ལྔ་པ་ཕྱག་བྱས་རྡོ་རྗེ་སློབ་དཔོན་ཆེན་པོར་གསོལ་བ་འདེབས་པ། དྲུག་པ་སྤྲོ་བ་སྐྱེད་པ། བདུན་པ་ཉན་པར་གདམས་པ། བརྒྱད་པ་སེམས་བསྐྱེད་གཉིས་ཀྱི་སྡོམ་པ་བཟུང་བ། དགུ་པ་སྒྲིབ་པ་སྦྱང་བ། བཅུ་པ་བྱིན་གྱིས་བརླབས་པ། བཅུ་གཅིག་པ་སོ་ཤིང་འདོར་བ། བཅུ་གཉིས་པ་ཁྱོར་ཆུ་སྦྱིན་པ། བཅུ་གསུམ་པ་ཀུ་ཤ་གཏད་པ། བཅུ་བཞི་པ་བསྲུང་བ་འདོགས་པ། བཅོ་ལྔ་པ་ཆོས་བཤད་པ་རྣམས་ལས། དང་པོ་ནི། རྩ་འཕྲོས་ནི་སློབ་དཔོན་དང་སློབ་མའི་བར་དུ་ཡོལ་བས་བཅད་ལ། སློབ་མའི་གྲངས་ངེས་ནི། བྱ་བ་སྤྱི་རྒྱུད་ཀྱི་རྩ་ཆིངས་གསང་བ་སྤྱི་རྒྱུད་ཀྱི་རྗེས་སུ་འབྲངས་པས་རྒྱུད་སྡེ་ཐམས་ཅད་ལ་འགེབ་པའི་གྲངས་ངེས་མཛད་པོ་དག་མཆིས་ཀྱང་། འདིར་ནི་བྱ་བ་བྱེ་བྲག་གི་རྒྱུད་དམ་ཚིག་གསུམ་བཀོད་དང་རྡོར་འཕྲེང་དུས་འཁོར་སོགས་རྒྱུད་སྡེ་གོང་མར་གྲངས་ངེས་མི་དགོས་པར་བཤད་བཞིན་རང་ལུགས་ཕྱག་ལེན་ལྟར་གྲངས་གང་རུང་ལ། དང་པོ་ཁྲུས་བྱ་བ་ནི། ལས་བུམ་གྱི་བུམ་ཆུ་སྦྱིན་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ནས། ཤྲཱི་ཡེ་ཧཱུྃ་བར་གྱིས་ཁྲུས་བྱས་ལ་གྲལ་དུ་འཁོད། གཉིས་པ་བགེགས་བསྐྲད་ནི། བགེགས་གཏོར་ཡི་གེ་གསུམ་གྱིས་བརླབས་ལ། ཧཱུྃ། ཡང་གསང་ལྷ་ཡི་དུར་ཁྲོད་གཞལ་ཡས་འདིར། སོགས་ཀྱིས་བཀའ་བསྒོ །གུ་གུལ་གྱིས་བདུག །ཡུངས་ཐུན་གྱིས་བྲབ། ཞལ་བཞི་པའི་སྔགས་དང་ཻ་རིང་གཉིས་ཀྱིས་བསྐྲད། དེ་ནས་གཞུང་གི་ས་བཅད་དུ་མི་གསལ་ཡང་ཞར་ཤུགས་ལ་འཐོན་པར་མཚམས་བཅད་པ་ནི། འབར་བ་མེ། མཚོན་ཆ་འཆོལ་བ། ཁྲོ་བོ་འཆོལ་བ། གསང་བ་དོན་དམ་བཞིའི་མཚམས་གཅོད་ཚིག་དོན་བཞིན་གསལ་འདེབས་པར་གྱིས་ཤིག །ཧཱུྃ། གཤིན་རྗེ་གཤེད་པོ་ཁྲོས་པའི་མེ། །སོགས་དང་། ཧཱུྃ། སྟེང་ཡང་མཚོན་ཆའི་བླ་རེ་སོགས་དང་། ཧཱུྃ། དཔའ་བོ་བདུད་དགྲ་བདུད་འདུལ་སོགས་དང་། ཧཱུྃ། ཆོས་དབྱིངས་རྣམ་དག་སྐྱེ་བ་མེད་པའི་དབྱིངས་སོགས་རང་རང་སྔགས་བཅས་ཀྱིས་བཅད་དོ། །གསུམ་པ་གསོལ་བ་གདབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཕྱི་སྒོའི་དྲུང་དུ་འཁོད་པས་སྒོ་བ་ཡབ་ཡུམ་རྣམས་ལ་ནང་དུ་གཞུགས་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ། ཧཱུྃ། མི་ཤེས་འཁོར་བར་འཁྱམས་བསྒྲལ་ཏེ། །ཐེག་པ་ཆེན་པོར་འགོད་པའི་ཕྱིར། །དཔའ་བོ་ཆེན་པོ་དཔའ་བྱེད་ཅན། །ཡེ་ཤེས་སྒོ་འདི་བདག་ལ་ཕྱེས། །ལན་གསུམ་གསོལ། བཞི་པ་དྲངས་པ་ནི། སྒོ་བས་ཕྱི་སྒོ་ཕྱེས་ནས་ལས་ཀྱི་མཁན་པོའི་ཕྱག་གི་རྡོ་རྗེ་ལ་འཆང་བཞིན་པའི་ཁྲིད་པའི་མོས་པ་གྱིས། ཧཱུྃ། འབྲས་བུ་རྡོ་རྗེ་འཆང་བའི་ལམ། །འདི་ནི་ཐེག་ཆེན་བླ་ན་མེད། །གཟུངས་འཕྲེངས་རྡོ་རྗེ་འདི་ལ་འཇུས། །ཐར་པའི་ལམ་མཆོག་འདི་ལ་ཤོག །ཅེས་སྩལ་བཞིན་ནང་དུ་ཁྲིད་ནས་ནང་ཡོལ་གྱི་རྩ་བར་བཞག་པར་མོས་ཤིག །ལྔ་པ་ནི། རང་ཉིད་སློབ་དཔོན་ལ་ཕྱག་བྱས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཧོཿ སྟོན་པའི་སྒྲོན་མེ་བཅོམ་ལྡན་འདས། །ལྷ་དང་སློབ་དཔོན་དགོངས་སུ་གསོལ། །དྲེགས་པའི་སྟོབས་ཀྱིས་ཚུལ་བསྟན་པའི། །བརཏལ་ཞུགས་དམ་པ་བདག་ལ་སྩོལ། །ཞེས་ལན་གསུམ་གདབས། དྲུག་པ་ནི། སྤྲོ་བསྐྱེད་དང་ཉན་པར་གདམས་པ་ས་བཅད་གོང་འོག་དུ་གསུངས་ཀྱང་འཁྲུགས་སྡེབ་ཕྱག་ལེན་དུ་མཛད་པར་འདུག་ཕྱིར། ཉན་པར་གདམས་པ་ནི། འགྲོ་བ་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་ཟབ་མོ་གསན་ནས་ལམ་ཉམས་སུ་ལེན་པར་བགྱིའོ་སྙམ་པས་ཉན་དགོས་ཏེ། ཇི་སྐད་དུ། རྟོགས་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངེས་བློ་ལ་རྡོ་རྗེ་སེམས་སོགས་པ། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །ཞེས་གསུངས་པ་དང་། ཉན་པའི་ཚུལ་ཡང་། རྒྱུད་ལས། ཁ་སྦུབ་ཞབས་རྡོལ་དྲི་མ་ཅན། །སྣོད་གསུམ་སྐྱོན་ནི་སྤང་གྱིས་ལ། །རྩེ་གཅིག་གཡོ་མེད་ཉན་པར་གྱིས། །ཞེས་གསུངས་པ་དང་། ཉན་པའི་ཕན་ཡོན་ནི། རྣམ་བཤད་རིག་པ་ལས། བཅོམ་ལྡན་འདས་ཀྱིས་ཆོས་ཉན་པ་ལ་ཕན་ཡོན་ལྔ་གསུང་སྟེ། ལྔ་གང་ཞེ་ན། མ་ཐོས་པ་ཐོས་པར་འགྱུར་བ་དང་། །ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤངས་པ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱི་ཚིག་དང་དོན་ཟབ་མོ་རྟོགས་པར་འགྱུར་བའོ། །ཞེས་གསུང་ལ། ཐོས་དགོས་པའི་རྒྱུ་མཚན་ཡང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས་སོ། །བདུན་པ་ནི། དེ་ལྟར་ཉན་པར་བསྐུལ་ནས་གང་ཉན་ན། སྨིན་ལམ་ཟབ་མོ་འདིའི་ཚུལ་ཏེ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་པའི་ཁྱད་པར་མཐུན་པའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱང་ཐེག་པ་གསུམ་དུ་འདུ་བ་ལས། འདི་ཐེག་པ་ཆེན་པོ་དེ་ལའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས། འདི་འབྲས་བུ་སྔགས་ཀྱི་ཐེག་པ་སྟེ། རྒྱུད་ལས། རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །སྐྱོབ་པ་ཤཱཀྱ་སེངྒེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །ཞེས་གསུངས་ས་ོ། །གསང་སྔགས་ཀྱི་སྤྱོད་པ་ཡང་རྣམ་པ་བཞི་སྟེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མེད་དོ། །བླ་མེད་དེ་ལ་ཡང་། མ་ཧཱ་ཡོ་ག །ཨ་ནུ་ཡོ་ག །ཨ་ཏི་ཡོ་ག་གསུམ་དུ་ཡོད་པ་ལས། འདི་རྫོགས་པ་ཆེན་པོ་ཨ་ཏི་ལྟར་ཉམས་སུ་ལེན་པ་འདི་ལ་ཡང་། དམོད་པའི་ལས་རྣམ་པ་གསུམ་ལས། དྲག་སྔགས་གནམ་ཐོག་ཆེན་པོའི་སྦྱོར་བ། དེ་ལ་ཡང་ལས་ཀྱི་མཐའ། ཚེ་བདག་སྲོག་བདག་འཆི་བདག་གསུམ་ལས། འདི་ཚེ་བདག །དེ་ཡང་ལྷུན་གྱིས་གྲུབ་པའི་ཚེ་བདག །ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག །ཕྱག་རྒྱ་གཅིག་པའི་ཚེ་བདག །སྤྲུལ་པའི་ཚེ་བདག །ལས་ཀྱི་ཚེ་བདག་དང་ལྔ་ཡོད་པ་ལས། འདི་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག་ཞེས་བྱ་བ་ཡིན་ནོ། །ལུང་ལས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་གསུངས་པ་ལྟར། དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དཀྱིལ་འཁོར་དེར་ཡང་དབྱེ་ན། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར། སྤྲུལ་པ་སྒྱུ་མའི་དཀྱིལ་འཁོར། རིག་པ་ཉམས་ཀྱི་དཀྱིལ་འཁོར་དང་གསུམ་གསུངས་པ་ནི། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞིང་། ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་གདུལ་བྱའི་དབང་པོ་ལ་དཔག་ནས། དབང་རབ་བླ་མའི་ལུས་དཀྱིལ་བསྟན་པ། འབྲིང་ཚོམ་བུའི་དཀྱིལ་འཁོར། ཐ་མ་རས་བྲིས། ཡང་མཐའ་འཇུག་པ་ལ་རྡུལ་ཚོན་ཏེ་རྣམ་པ་བཞི་ལས། དམ་ལམ་རས་བྲིས་ལ་བརྟེན་ནས། རྡུལ་ཚོན་ནམ་རས་བྲིས་སམ་ཚོམ་བུ་ལ་བརྟེན་ནས་དབང་བསྐུར་བར་མཛད་པའི་ཚུལ་སྐབས་སུ་བབས་པའི་ཕྱག་ལེན་ཏེ། རྡུལ་ཚོན་ལྟར་ན། ས་ཆོག་སྟ་གོན་བྱ་བ་དང་། ཞེས་པས་ནུབ་དང་པོ་ས་ཆོག་དང་། གཉིས་པ་སྟ་གོན། རས་བྲིས་ལྟར་ན། ནུབ་དང་པོ་སྟ་གོན་གྱི་ཆོ་ག་དང་། ཚོམ་བུའི་དཀྱིལ་འཁོར་ནུབ་དང་པོའམ་སྐབས་དེ་ཉིད་དུ་བསྒྲུབས་པ་སྟེ། དེ་ལའང་གསུམ་གྱི་ལྷ་དང་བུམ་པའི་སྟ་གོན་སྔོན་དུ་སོང་བས། ད་ནི་སློབ་མ་སྟ་གོན་གྱི་བྱ་བ་དེ་སྒྲུབ་པ་ལ་སྐབས་སུ་བབས་པ་སྟེ། འདིར་ཡང་སྔོན་ནས་དཀྱིལ་འཁོར་དུ་མ་ཞུགས་པའི་སློབ་མ་གསར་པ་ལྟར་ན་དཀྱིལ་འཁོར་དུ་འཇུག་རུང་མིན་བརྟག་ཕྱིར་སྟ་གོན་ཞག་ཆོད་སྔོན་དུ་དགོས་ལ། དེ་མ་ཡིན་པའི་སློབ་མཚན་སྟ་གོན་གྱིས་བརྟག་པ་འདི་འཇུག་རུང་དུ་བགྱིས་ནས། དཀྱིལ་འཁོར་དུ་ཞུགས་ནས་དབང་རྫོགས་པ་རྣམས་ལ་ནི་སྟ་དངོས་སྦྲེལ་ནས་གནང་བ་ལས་ཞག་ཆོད་མི་དགོས་པར་དཀྱིལ་འཁོར་གྱི་ལྷ་རྣམས་གདུལ་བྱ་འདུལ་བྱེད་དུ་སོ་སོར་བསྟན་པ་ཙམ་མ་གཏོགས་པར་དོན་ཆོས་ཀྱི་དབྱིངས་སུ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་གཅིག་པའི་ཕྱིར། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་གསུངས་པས་མཚོན་མདོ་རྒྱུད་དུ་མ་ལས་ཐམས་ཅད་བསམ་པའི་རང་གཟུགས་ཡིན་པར་ལན་དུ་མར་གསུང་བཞིན་ད་ལྟ་བོད་དང་བོད་ཆེན་དུ་བཞུགས་པའི་བཤད་སྒྲུབ་ཀྱི་གྲུབ་མཐའ་རིས་མེད་ཐམས་ཅད་ཀྱིས་སྦྲེལ་གནང་མཛད་པར་སྣང་བས་འདིར་ཡང་རྨི་ལམ་བརྟགས་པ་སོགས་འདུན་པ་སྒོམ་ཡང་ཆོག་པ་ལ། མི་ཆོག་པ་ལྟར་ན་ཞག་ཆོད་ཀྱང་སོང་བ་ཙམ་གྱིས་མི་ཆོག་པར་རྨི་ལམ་སོགས་ལྟས་མཚན་དམན་པར་ཤར་ཚེ་སྦྱིན་བསྲེགས་སོགས་སྤོག་ཆོག་མ་བགྱིས་པར་འཇུག་ཏུ་མི་རུང་ཡང་དེ་ཙམ་མི་གཞིབ་པར་ཞག་ཆོད་མཚོན་པ་ཙམ་མཛད་པའང་འདུན་པ་རྫོགས་བྱེད་ཙམ་དུ་ཟད་དོ། །ཞེས་ནས་ངེས་པར་ཞག་ཆོད་མི་དགོས་པའི་དབང་དུ་བྱས་སམ། ཞག་ཆོད་བྱེད་ན། དང་པོ་ཕྱག་ལེན་འབྲིང་པོ་མི་ཉམས་པའི་ཕྱིར་སྟ་གོན་ཞག་ཆོད་དུ་སྔོན་དུ་གཏོང་བ། དཀྱིལ་འཁོར་ཆེན་པོར་རིམ་འཇུག་བྱ་བའི་སྐལ་བ་མཆོག་ལ་ལོངས་སུ་སྤྱོད་པ་སྐབས་སུ་བབས་པས་མཆོག་ཏུ་སྤྲོ་བ་སྐྱེད་ཅིག །བརྒྱད་པ་སེམས་བསྐྱེད་ཀྱི་སྡོམ་པ་གཉིས་ལེན་པའི། སྔོན་དུ་འཇུག་པ་སེམས་བསྐྱེད་ནི། ཁྱེད་རྣམས་འདི་ཕྱི་རང་དོན་ཞི་བདེའི་ཆེད་དུ་མ་ཡིན་པར་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་ཐོབ་པར་བྱས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་དང་པོ་ཐུན་མོང་དུ་སྨོན་པ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ནས། མཛད་དུ་གསོལ་བར་ལན་གསུམ། གཉིས་པ། ཐུན་མོང་མ་ཡིན་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་དང་། །རང་བྱིན་བརླབ་པའི་ཐབས་ཤེས་ལ་བརྟེན་ནས། །བདེ་བར་གཤེགས་པའི་དངོས་གྲུབ་ཐོབ་བྱའི་ཕྱིར། །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་བཟུང་ངོ་། །ཨོཾ་བོ་དྷི་ཙིཏྟ་ཨཱ་དྲ་ཨུ་པ་ད་ཡ་མི། ལན་གསུམ། རིགས་ལྔའི་སྡོམ་པ་འདི་ཡིས་བླངས། ཞེས་པས་རིགས་ལྔའི་སྡོམ་པ་ལེན་པ་འདི་ཡི་རྗེས་ཟློས་མཛོད། རྣམ་རྟོག་ཡེ་ཤེས་ལྔར་གྱུར་པས། །རྟག་ཏུ་བསྟེན་ཅིང་སྤྱད་པར་བྱ། །རྒྱལ་བ་རིགས་ལྔའི་བརཏལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ལན་གསུམ། དགུ་པ་སྒྲིབ་པ་སྦྱོངས་བ་ནི། རིགས་ཀྱི་གཙོ་བོ་བཅོམ་ལྡན་འདས་འཇམ་དཔལ་ཟིལ་གནོན་རྩལ་གྱི་ཡི་གེ་བརྒྱ་པ་འདི་ལན་གསུམ་དུ་བཟླ་བ་འདིའི་རྗེས་ཟློས་མཛོད། ཡང་ལན་འགའ་ཞིག་བཟླ་བར་གྱིས་ཤིག །ཨོཾ་ཡ་མཱནྟ་ཀ་ས་མཱ་ཡ་སོགས་ཡིག་བརྒྱ་ལན་འགའ་བཟླས་སུ་བཅུག་གོ །བཅུ་པ་བྱིན་གྱིས་རློབས་པ་ལ། དམིགས་པ་འདི་བཞིན་མཛོད་ཅིག །ཁྱེད་རང་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་འཇམ་དཔལ་ཟིལ་གནོན་དུ་གསལ་བའི་སྒོ་གསུམ་སོ་སོ་ལ་སྔགས་ཀྱི་རྒྱས་གདབས་པའི་མོས་པ་མཛོད། དཔྲལ་བར་དྲིའི་ཐིག་ལེ་བྱས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷཱ་ཝ་ཨཏྨ་ཀཱོཧཾ། མགྲིན་པར་དྲིའི་ཐིག་ལེ་བྱས་ལ་སྔགས་ཐོག་མཐའ་འདྲ་བར། ཝཱཀྐ་བཛྭ་བཅུག །སྙིང་ཁར་དྲིའི་ཐིག་ལེ་བྱས་ལ། ཙིཏྟ་བཛྭ་བཅུག །དེའི་སྔགས་དོན་ནི་ཕྱག་འཚལ་དེ་བཞིན་གཤེགས་སྐུ་རྡོ་རྗེའི་བདག་ཉིད་ངའོ། །ཞེས་པའི་འགྲེས་ཀྱིས་གསུངས་དང་ཐུགས་རྡོ་རྗེ་གསུམ་གྱི་རྒྱས་གདབས་བཞིན་ང་རྒྱལ་འཛིན་པར་མཛོད་ཅིག །ད་ནི་དངོས་གྲུབ་ཀྱི་སྐལ་བ་བརྟགས་པ་ལ་གཉིས་ཀྱི་དང་པོ་ནི། སོ་ཤིང་དོར་བ་ནི། མཉྫྱིའི་ར་བ་ཁྲུ་གང་པ་གྲུ་བཞི་པར་བ་བྱུང་ལྔའི་དྲི་བཟང་བྱུག་པ་ཚོམ་བུ་ལྔ་པ་འཇམ་དཔལ་ཟིལ་གནོན་ཆེན་པོའི་རིགས་ལྔར་གསལ་བ་ལ། རིགས་ཀྱི་བདག་པོར་མོས་ལ། ཧཱུྃ་ལས་བྱུང་བའི་སོ་ཤིང་འོ་མ་ཅན་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་གི་འཕྲེང་བ་བཅིངས་ཤིང་དྲིས་བྱུག་པ་འདི་རྩ་བ་རང་གི་སོ་ལ་དྲུད་ཅིང་དམོད་བོར་ནས། བཛྭ་ཧཱ་ས་ཧཿ ཞེས་བརྗོད་བཞིན་དོར་ཅིག །ཅེས་དོར་དུ་གཞུག །དེ་ལྟའི་སོ་ཤིང་དེ་ཡང་གང་ལ་ཕོག་པར་དངོས་གྲུབ་ཀྱི་པྲ་བརྟགས་པའི་ཕྱིར་ཏེ། དེ་ནི་དབུས་སུ་ཟུག་ན་མཆོག་སྟེ་རིགས་ཀུན་འདུས་རྒྱལ། ཤར་དུ་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། མཚམས་སུ་ཞི་རྒྱས་ལ་སོགས་པའི་ཐུན་མོང་སྟེ། དེ་ཡང་ཤར་ལྷོར་ཞི་རྒྱས་ཐུན་མོང་། དེ་བཞིན་ལྷོ་ནུབ་ཏུ་རྒྱས་དབང་། ནུབ་བྱང་དུ་དབང་དྲག །བྱང་ཤར་དུ་ཞི་དྲག་ཐུན་མོང་། སྟེང་དུ་མཁའ་སྤྱོད་འོག་ཏུ་ས་སྤྱོད་རྣམས་འགྲུབ་པ་ཡིན་པས་ངེས་པར་མཛོད་ཅིག །འདི་རྟགས་སུ་བབས་པས་སོ་སོའི་གང་ལ་ཕོག་པ་དེ་རང་རང་གི་འཕྲོས་བབས་སུ་ཟུངས་ཤིག །བཅུ་གཉིས་པ་ཁྱོར་ཆུ་སྦྱིན་པ་ནི། དྲི་བཟང་གིས་སྦག་པའི་ཆུ་ཆོས་ཉིད་རྣམ་པར་དག་པའི་རང་བཞིན་གྱི་རྒྱུན་འདི་ཧུབ་གསུམ་བཏུང་བའི་ལྷག་མ་རྒྱབ་ཏུ་དོར་བས་སྡིག་པ་དང་སྐལ་བ་ངན་པ་ཐམས་ཅད་དོར་བའི་མོས་པ་མཛོད། ཨོཾ་སྲཱིཿབི་ཤུདྡྷ་སརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙཱ་ཀྵྼ་བི་ཤྭ་དྷ་ཡ་སརྦ་བི་ཀལྤནྡ་ཨ་པ་ན་ཡ་ཧཱུྃ། ཞེས་བརྗོད་ལ་སྦྱིན། བཅུ་གསུམ་པ་ནི། ཀུ་ཤ་སྦྱིན་པ་སྟེ། དྷཱི་དང་ཧཱུྃ་ལས་བྱུང་བ་ཀུ་ཤ་སྔོ་ལྗང་རྩེ་མོ་མ་ཉམ་པ་འདི་དྷཱིཿབཟླས་པའི་ཀུ་ཤ་ཆུང་བ་སྔས་དངཧཱུྃ་བཟླས་པའི་ཀུ་ཤ་ཆེ་བ་སྟན་དུ་རྨི་ལམ་བག་ཆགས་ཀྱིས་མི་འཁྲུགས་པར་བྱེད་པའི་ནུས་ལྡན་དུ་སྦྱིན་པའོ། །བཛྭ་ཏིཀྵ་ཎ་བཾ། ཅེས་བརྗོད་བཞིན་སྦྱིན་པས་ཀུ་ཤ་ཞེས་པ་བོད་སྐད་དུ་ངན་སེལ་ཞེས་པ་ཡིན་བཞིན་ལྟས་ངན་པ་སེལ་བའི་དགོས་པའོ། །བཅུ་བཞི་པ་སྲུང་སྐུད་ནི། སྐུད་པ་སྔོ་དམར་བསྲུང་བྱའི་ལུས་ཚད་སུམ་སྒྲིལ་རྡོ་རྗེའི་མདུད་པ་སུམ་བརྩེགས་སུ་བྱས་པར་ཐུགས་ཀྱི་ཛབ་བཟླས་བཏབ་པ་ལས་བུམ་གྱི་ཆུས་བྲན་ལ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་བཞིན་དུ་ཁྱེད་རང་རྣམས་ཀྱི་དཔུང་པ་གཡོན་དུ་བཏགས་པས་སྲུང་བའི་མོས་པ་མཛོད། ཕོའི་དཔུང་གཡོན་དང་བུད་མེད་ཀྱི་དཔུང་གཡས་སུ་བཅིངས་པ་ལ་ལས་བུམ་གྱི་ཆུས་བྲན་ལ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་ཅིང་། ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན། ཞེས་བརྗོད་པས་རྨི་ལམ་བར་ཆད་ཀྱིས་མི་བསྒྲིབ་པའི་དགོས་པའོ། །བཅོ་ལྔ་པ་མི་ལྡོག་པའི་ཕྱིར་ཆོས་བཤད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་བས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབས་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། ཞེས་དཔེ་དང་བཅས་གསུངས་པ་ལྟར་ཨུ་དུམ་ཝ་རའི་མེ་ཏོག་འཆར་བ་ནི། མུན་བསྐལ་དཔག་ཏུ་མེད་པ་རེའི་མཚམས་སུ་སྒྲོན་བསྐལ་རེ་འབྱུང་ཚེ། སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དང་མེ་ཏོག་རེ་འཆར་བ་དེ་བས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འདི་དཀོན་པ་ནི། སངས་རྒྱས་བྱུང་ངོ་ཅོག་གིས་གསང་སྔགས་མི་གསུངས་པས་སོ། །དེ་ལྟར་དཀོན་པས་རྙེད་པར་དཀའ་བ་དང་། མཇལ་ཞིང་དཀྱིལ་འཁོར་མཐོང་བ་ཙམ་ན་བསྐལ་པ་དུ་མའི་སྡིག་སྒྲིབ་འདག་ན། དེར་ཞུག་ཅིང་དབང་ཐོབ་ནས་དབང་དོན་ཉམས་སུ་བླང་ན་སྲིད་པ་ལས་ཐར་པ་ལྟ་ཅི་སྨོས། དེས་ན་འཇུག་ཏུ་རུང་མིན་བརྟག་ཕྱིར་བཞིན་བཟང་ཁྱེད་ཅག་བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་བོ་སྟོན་ལ་དྲག་པོའི་དཀྱིལ་འཁོར་དུ་དབང་ཞུ་བ་ལ་མོས་གུས་ཆེན་པོའི་ཉལ་ནས་དངོས་གྲུབ་ཀྱི་མཚན་མ་བཟང་ངན་རྨི་ལམ་དུ་བརྟག་དགོས་ཏེ། ཇི་སྐད་དུ། བུ་ཀྱེ་ཀུ་ཤའི་སྔས་གདན་ལ། །མི་སྨྲ་དགེ་བའི་སེམས་ཀྱིས་ཉོལ། །རྨི་ལམ་མཚན་མ་གང་མཐོང་བ། །ནང་པར་ང་ལ་སྨྲ་བར་གྱིས། །ཞེས་གསུངས་པ་ལྟར་ཏེ། ནམ་གྱི་ཆ་སྟོད་བག་ཆགས་འཁྲུལ་རྨིས་དང་། །གུང་ཐུན་བར་ཆད་དབང་བཙན་གཉིས་མི་ངེས། ཆ་སྨད་ཐོ་རང་སོགས་ལ་བཟང་ངན་འཆར་བར་འགྱུར་བས་ལེགས་པར་རྟོགས་ཤིག །བར་ཆད་དུ་མ་གྱུར་ན་སང་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ། །ཅེས་བསྒོའོ། །དགེ་བ་བསྔོ་བ་ལ་སློབ་མ་རང་གནས་སུ་གཏོང་། དེ་ནས་སློབ་དཔོན་གྱིས་དབང་སྒྲུབ་གཞུང་གི་ས་བཅད་དྲུག་པ་བམ་ཆོག་ཀྱང་གཞུང་བཞིན་བསྒྲུབ་པ་དང་རྗེས་ཆོག་བྱའོ།། ༈ །།ད་ནི་དངོས་གཞི་དབང་བསྐུར་བ་ལ། གཞུང་ལས། གསུམ་པ་འཇུག་བསྟན་དབབ་དང་སྤྱོད། ཞེས་གསུངས་པར། གསུམ་པ་དཀྱིལ་འཁོར་དུ་འཇུག་པ། ལྷ་ངོ་བསྟན་པ། ལྷ་དབབ་པ། དབང་ལ་སྤྱོད་པ་དང་བཞི་སྟེ། དེའི་དང་པོ་ནི། ཡང་གཞུང་ལས། འཇུག་པ་ཕྱི་ནང་ཕྱི་ལ་ཡང་། །ཁྲུས་བསྐྲད་གསོལ་དྲངས་ཕྱག་བྱ་གསོལ། །སྤྲོ་བསྐྱེད་ཉན་གདམས་སེམས་གཉིས་སྡོམ། །ཞེས་གསུངས་པས། དང་པོ་ཕྱི་འཇུག་ལ་ཡང་། ཁྲུས་གསོལ། གཉིས་པ་བགེགས་བསྐྲད། གསུམ་པ་སྒོ་བར་གསོལ་གདབ། བཞི་པ་ལས་སློབ་ཀྱིས་ཡོལ་ནང་དུ་དྲངས་པ། ལྔ་པ་རྡོ་རྗེ་སློབ་དཔོན་ལ་ཕྱག་བྱ་བ། དྲུག་པ་གསོལ་བ་འདེབས་པ། བདུན་པ་སྤྲོ་བ་བསྐྱེད་པ། བརྒྱད་པ་ཉན་པར་གདམས་པ། དགུ་པ་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ཀྱི་སྡོམ་པ་ཁས་ལེན་པ་རྣམས་ཡོད་པ་ལས་ཞེས་ནས་སྟ་དངོས་སྦྲེལ་ན་ཕལ་ཆེར་སྔོན་དུ་སོང་ཞིང་། ད་ཆ་ཉན་གདམས་སྤྲོ་བསྐྱེད་ཀྱི་ཁ་སྐོང་དུ། སླར་ཡང་ཆོས་སྐོར་འདི་ཉིད་ཀྱི་ཚུལ་ཅུང་ཟད་སྤྲོས་པ་ནི། ཞེས་ལོ་རྒྱུས་འོག་འདིར་འབྱུང་བ་འཆད་པ་མན་ལ་རིམ་པས་འཇུག །སྟ་གོན་སྔོན་དུ་ཞག་ཆོད་པར་སོང་རྗེས་ཡིན་ན། སྔ་ཉིན་སྟ་གོན་བགྱིས་པའི་སློབ་མ་རྣམས་ཚང་བར་བསྡུས་ལ་ཡོལ་རྒྱབ་ཏུ་འཁོད་ཅིང་། དེ་རྣམས་ལ། སྐལ་བཟང་དག་མདངས་གསུམ་ཉལ་བའི་རྨི་ལམ་ཏུ་རྨིས་ལྟས་གང་ལྟར་བྱུང་སྒྲིབ་ཟོལ་སྤང་པར་བདག་ལ་སྨྲོས་ཤིག །ཅེས་དྲིས་ནས། རྨི་ལམ་དེར་དགེ་བའི་མཚན་མཐོང་ན་དེ་ལ། ཁྱེད་རྣམས་རྨི་ལམ་སྒྱུ་མའི་ནང་ཚན་ལ་ཞེན་དུ་མི་གཏུབ་ཀྱང་། ཁར་སང་དཀྱིལ་འཁོར་དུ་དམོད་བོར་བའི་ལྟས་ཀྱིས་མི་བསླུ་ཕྱིར་ལྟས་དེ་དག་ནི་དཀྱིལ་འཁོར་དུ་འཇུག་པར་རུང་བའི་སྐལ་པ་ཅན་དུ་གྱུར་ལགས་པས་དེ་རིང་གི་སྐབས་སུ་ལེ་ལོ་གཡེང་བ་སྤང་ཏེ་ཡིད་ཤིན་ཏུ་བསྒྲིམ་ལ་ཉམས་སུ་བླང་ན་དཀྱིལ་འཁོར་ལྷའི་གོ་འཕང་ཐོབ་པར་མི་རིང་ཞིང་། སངས་རྒྱས་པའི་ལམ་བྱེད་དུ་ཉེ་བའོ། །ཞེས་གཟེང་བསྟོད། ཅི་ཡང་མ་མཐོང་ན་འབྲིང་ཞིང་། ངན་ལྟས་བྱུང་ན་ཞི་དྲག་གང་འོས་ཀྱི་སྦྱིན་སྲེག་གམ་སྒྲིབ་སྦྱོང་བགེགས་བསྐྲད་སོགས་གང་འཚམས་ཀྱིས་བཟློག་པའི་ཐབས་བྱ་བའམ། ཡང་ན་ཀུན་ཀྱང་མཉམ་ཉིད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པས་རྒྱས་གདབ་པས་ཐུབ་བོ། །ངན་ལྟས་བྱུང་བ་བསལ་ནས་དེ་རྣམས་ལ་ཡང་། ཁྱེད་དག་བར་ཆད་ཏུ་འགྱུར་པའི་ལྟས་དེ་རྣམས་རྒྱལ་བ་ཐབས་ལ་མཁས་པའི་ཐུགས་རྗེས་བཟློག་ཅིང་བསལ་བའི་སྤོག་ཆོག་འདི་ལྟར་བགྱིས་པས་ད་ནི་དཀྱིལ་འཁོར་དུ་འཇུག་པར་འོས་པའི་རིགས་སུ་གྱུར་ཏོ། །ཞེས་ངལ་འཚོ་བར་བྱས་ལ། ༈ ད་དེ་རིང་གི་སྐབས་གཉིས་པ་དངོས་གཞིའི་དབང་བསྐུར་བ་སྐབས་སུ་བབས་པ་ལས། དེ་ཡང་འཇུག་པ། བསྟན་པ། དབབ་པ། དབང་དངོས་དང་བཞི་ཡོད་པའི་ཕལ་ཆེར་ཁར་སང་སྟ་གོན་གྱི་སྐབས་སུ་སོང་ཟིན་ཀྱང་། གཞུང་ལས། སྟ་གོན་ཇི་བཞིན་འདིར་ཡང་ངོ་། །ཞེས་གསུངས་པས་དང་པོ་འཇུག་པ་ཕྱི་ནང་གཉིས་ཀྱི། དང་པོ་ཕྱི་འཇུག་ལ་ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་སོགས་ནས། གོང་གི་སྟ་གོན་གྱི་སྐབས་བཞིན། ཁྲུས་བགེགས་བསྐྲད། མཚམས་བཅད། གསོལ་དྲངས་ཕྱག་བྱ་གསོལ་བ་ཡན་ས་བཅད་ལྔ་པ་སོང་ནས། དྲུག་པ་ཉན་གདམས་སྤྲོ་བསྐྱེད་ཁར་སང་གི་སྐབས་སུ་མདོ་ཙམ་སོང་རུང་། སླར་ཡང་ཆོས་སྐོར་འདི་ཉིད་ཀྱི་ཚུལ་ཅུང་ཟད་སྤྲོ་བ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པས་མ་ཡེངས་པར་གསན་འཚལ། དེ་ཡང་གནས་ཕུན་སུམ་ཚོགས་པའི་ཀློང་། མཐའ་དབུས་བྲལ་བའི་ཕོ་བྲང་རྒྱ་ཡོངས་སུ་མ་ཆད་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཞལ་གཡས་ཁང་དུ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཆེན་པོ། འཁོར་ཕུན་སུམ་ཚོགས་པ་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པའི་ངོར། ཡེ་ཤེས་ཕུན་སུམ་ཚོགས་པ་མི་རྟོག་པའི་དབྱིངས་ལས་ཐུགས་རྗེ་ཆེན་པོས་རྗེས་སུ་ཆགས་པའི་སྐུར་བཞེངས་ཏེ། དྲེགས་པ་ཅན་དབང་དུ་བསྡུ་བ་དང་། གདུག་པ་ཅན་འདུལ་བའི་ཕྱིར་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། ཆོས་ཕུན་སུམ་ཚོགས་པ་གསང་བ་སྔགས་ཀྱི་ཡང་སྙིང་རྩ་རྒྱུད་སྡིག་པ་སྙིང་འཛིན་གྱི་ཆོས་སྐོར་ཡོངས་སུ་ཚང་བར་གསུངས་པ་དང་། ཆོས་སྐོར་དེ་ལས་བྱུང་བ་ཡེ་ཤེས་ཁྲོ་བོ་སྤྲུལ་པའི་དགོས་ཆེད་ཀྱང་། སྔོན་བསྐལ་པ་དང་པོ་རྫོགས་ལྡན་གྱི་དུས་སུ་འཛམ་བུའི་གླིང་འདིར་བདེ་བའི་དབང་ཕྱུག་དེད་དཔོན་ཞེས་བྱ་བ་རིགས་ཀྱི་བདག་པོར་གྲགས་པ་གཅིག་བྱུང་བ། སྔགས་ཀྱི་སྒོར་ཞུགས་ཀྱང་བརྡ་མ་འཕྲོད་བཟོད་པ་མ་ཐོབ་པས་རིགས་ངན་དང་འགྲོགས་ཤིང་ཤ་ཁྲག་རོལ་པས་སྔགས་ཚོགས་ཕྲ་མོའི་ཡོན་ཏན་ཡོད་ཀྱང་སྟོབས་དང་ལྡན་ཕྱིར་བརྟགས་པའི་ཁྲོ་བོ་ཡོད་པར་རློམ་པ་དེ་གསང་བ་སྔགས་ཀྱི་བཀའ་བསྒོ་ལོག་པས། དུས་མ་ཡིན་པར་ཚེ་ཡི་དུས་བྱས། རྡོ་རྗེ་དམྱལ་བར་སྡུག་བསྔལ་མྱོང་བའི་མཐར་རྫུ་འཕྲུལ་གྱིས་ལུས་བླང་ཏེ་གཤིན་ཡུལ་འཇིགས་ཤིང་སྐྱི་གཡའ་བའི་ལྕགས་མཁར་བཅུ་དྲུག་པ་འོབས་བཅུ་གཉིས་དང་ལྡན་པ་ཐོད་མཁར་ཆེན་པོའི་ཕོ་བྲང་དུ་ལས་ཀྱི་གཤིན་རྗེ་ནག་པོར་གྱུར་ནས་འཇིག་རྟེན་ཕུང་བར་བྱས་པའི་ཚེ། རྒྱལ་བ་ཀུན་གྱི་ཐུགས་བརྒྱུད་ནས་བཀའ་བགྲོས་ཏེ། སྤྲུལ་པ་སྣ་ཚོགས་བཀྱེ་བས་སྐུ་འཁོར་སྤྲུལ་ནས་འཐབ་ཀྱང་མ་ཐུབ་པས། རྒྱལ་བ་ཀུན་གྱིས་སླར་ཡང་ཁྱད་པར་ཁྲོ་བོ་སྨེ་བ་བརྩེགས་པར་བསྔགས་པས་དེའི་ཐུགས་ལས་ཡེ་ཤེས་ཀྱི་མེ་སྲས་མཆོག་ཡ་མ་རཱ་ཛ་སྤྲུལ་ཏེ་གཤིན་རྗེ་ནག་པོ་དེའི་དམར་ནག་ཙིཏྟའི་དཀྱིལ་དུ་ཞུགས་ཏེ་གཟེར་བཏབ་སྟེ་རྒྱལ་བ་རིགས་ལྔའི་གཙོ་བོ་སྤྱིའི་གཟུགས་ཅན། ཟིལ་གནོན་ཕྱག་རྒྱ་ཆེན་པོར་བཞེངས་ཏེ་འཁོར་བཅས་གདན་དུ་མནན་པས། དེ་དག་གིས་ཁས་བླངས་པ་ནི། རྫུ་འཕྲུལ་རྨད་བྱུང་ངོ་མཚར་ཆེ། །བདག་ཅག་རྒྱལ་བའི་འཁོར་བགྱིད་པས། །སྲོག་དང་མ་ཕྲལ་བྲན་དུ་ཞོག །ཅི་བཅོལ་ལས་རྣམས་བཀའ་ལ་ཉན། །ཞེས་ཞུས་པར། ཟིལ་གནོན་ཆེན་པོས་བཀའ་སྩལ་པ། ང་ཡི་བསྒོ་བའི་ལས་རྣམས་ཀྱིས། །སངས་རྒྱས་བཀའ་འཁོར་སྲུང་ལ་སྐྱོབ། །བསྟན་པ་འཇིག་ན་དྲེགས་པས་སྒྲོལ། །རྣལ་འབྱོར་ཅན་གྱི་འཕྲིན་ལས་གྱིས། །བསྟན་འགྲོའི་དཔལ་དུ་ཅི་སྨོན་པ། །འབད་མེད་ཡིད་བཞིན་སྒྲུབ་པར་གྱིས། །ཞེས་པ་བཞིན། རྟེན་བརྟེན་པའི་དཀྱིལ་འཁོར་ཆེན་པོར་བསྒྱུར་བ་ཡིན་ལ། དེ་ལྟའི་སྤྲུལ་རྒྱུད་ཀྱི་ཆོས་སྐོར་འདི་ནི་བཀའ་གཏེར་གཉིས་ལས་གཏེར་མ། དེ་ཡང་སྦ་བའི་གནས་བསྲུང་ནི། སྔོན་ཚེ་གཤིན་ཡུལ་དམེ་ནག་ཏུ་གཤིན་རྗེའི་བླ་མཚོ་གཏིང་ཁོལ་ཀློང་དུ། འཆི་བདག་གཤིན་རྗེ་ནག་པོ་ཁ་གདང་གློག་ཕྲེང་དང་། བདུད་མོ་ཁྲག་རལ་མ་ཁྱོ་ཤུགས་ཀྱིས་སྲིད་གསུམ་ཟ་བར་བྱེད་པ་དེ་ལ་བུ་གསུམ་བྱུང་བ་མི་སྡུག་པའི་སྤྲུལ་པ་སྣ་ཚོགས་བཀྱེ་བ། དུག་གི་སྡིག་པ་ནག་པོ་དང་། བསྭེ་ཡི་སྡིག་པ་དམར་པོ། ལྕགས་ཀྱི་སྡིག་པ་སྔོན་པོ་གསུམ་བྱུང་བས་འཇིག་རྟེན་ཕུང་བར་བྱས་ཚེ། རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཁྲོ་བོའི་སྐུར་བཞེངས་ཏེ་ཟིལ་གྱིས་མནན་དབང་དུ་བསྡུས་ནས་ཕྱག་རྒྱ་ཆེན་པོ་ཟིལ་མནོན་རྔམས་པའི་སྐུས་དེ་རྣམས་ཀྱི་སྲོག་གི་སྙིང་པོ་འཕྲོག་སྟེ་བཀའི་བསྟན་པ་བསྲུང་ཕྱིར་འཆི་བདག་སྲོག་བདག་ཚེ་བདག་གསུམ་དུ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ལ། དེ་ལྟར་སྡིག་པ་གསུམ་ལས་ལྕགས་ཀྱི་སྡིག་པ་སྔོན་པོའི་ལུས་ལ་གནམ་ལྕགས་སྡིག་པའི་ཆོས་སྐོར་ཐམས་ཅད་ཚང་བར་སྦས་པ། ལྷོ་ཕྱོགས་དུག་མཚོ་ཁོལ་མའི་གླིང་དུ་གནས་པ། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱིས་སྲས་མཆོག་ཡ་མ་རཱ་ཛ་བསྐུལ། སྲས་མཆོག་ཡ་མ་རཱ་ཙས་དྲེགས་པ་ཕྱག་ན་རྡོ་རྗེ་བསྐུལ་ཏེ། ལྕགས་ཀྱི་སྡིག་པ་སྔོན་པོའི་ལུས་ལས་འཇམ་དཔལ་ཁྲོ་བོའི་ཆོས་སྐོར་རྫོགས་པར་བླངས་བ་ལས་རིམ་པར་འཕྲོས་པ་ལས། དེ་ཡང་ལྷོ་ཕྱོགས་དུག་མཚོ་ཁོལ་མའི་གླིང་དུ་ལྕགས་ཀྱི་སྡིག་པ་ཆེན་པོ་ཡོད་ཅིང་དེའི་ལུས་ལ་འཇམ་དཔལ་ཁྲོ་བོའི་ཆོས་སྐོར་ཚང་བར་ཡོད་པ་དེ་ལོང་ལ་ཤོག་ཅིག་ཞེས་གསུངས་པ་བཞིན་བྱོན་ཏེ་ལྕགས་ཀྱི་སྡིག་པར་གསུངས་པས། དང་པོ་མེད་ཅེས་གབ་པས་ཕྱག་ན་རྡོ་རྗེས་མངོན་པར་ཤེས་པས་གཟིགས་ཀྱང་རྗེས་སུ་སྡིག་པ་ཉིད་ཀྱིས་ཀྱང་ཕུལ་བ་དེ་ལས་རིམ་པར་འཕྲོས་པ་ལས་ལྕགས་སྡིག་གི་སྐོར་ཞེས་པ་དང་། རྗེས་སུ་བོད་ཀྱི་ཡུལ་དུ་གནུབས་བན་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས་རྒྱས་པར་ཕྱེས་པ་ལྕགས་འདྲ་ཞེས་པའི་ཆོས་སྐོར་གཉིས་སུ་ཡོད་པ་ལས་དམ་ལམ་གཞུང་བསྡུས་པ། ལྕགས་སྡིག་གི་ཆོས་སྐོར་ཞེས་གྲགས། དེ་ཡང་ལྕགས་སྡིག་ཁམས་ལྔའི་མདངས་ལས་བུམ་ཆོག་མུ་ཏིག་འཕྲེང་བ་བྱུང་བ་དང་། མཆུ་ཡི་རྩེ་མོ་ལས་སྡིག་པ་ནག་པོའི་སྐྱེ་རྒྱུད། ལུས་པོ་མཐིང་ནག་ལས་རྩ་རྒྱུད་སྡིག་པ་སྙིང་འཛིན། མགོ་བོ་གྲུ་གསུམ་ལས་སྒྲུབ་ཐབས་སྙིང་གཟེར་ནག་པོ། དེ་ལ་སྒྲོལ་མ་རྒྱས་འབྲིང་བསྡུས་གསུམ་སྟེ་གནམ་ལྕགས་འཕྲུལ་གྱི་ལྡེའུ་མིག །ཨུར་མོ་གྱང་འགྱེལ་ལས་བཞི་ལྕགས་སྡིག་གཏན་ལ་ཕབ་པ། བརྡུང་བའི་རྭ་གཉིས་ལས་ཨུར་མོ་བཞི། བལྟ་བའི་མིག་གཉིས་ལས་བཀའ་འབྱེད་གསེར་གྱི་ལྡེ་མིག །རྒྱབ་སྟོད་གཉེར་མ་གསུམ་ལས་སྒྲུབ་ཐབས་ཞལ་གདམས་ཆེ་འབྲིང་ཆུང་གསུམ། སྨད་ཀྱི་གཉེར་མ་གསུམ་ལས་བསྟོད་བསྐུལ་ཆེ་འབྲིང་ཆུང་གསུམ། བར་གྱི་གཉེར་མ་གསུམ་ལས་མངོན་རྟོགས་ཆེ་འབྲིང་ཆུང་གསུམ། ཡན་ལག་དྲུག་ལས་ལྕགས་སྡིག་ནག་པོའི་གཏོར་བཟློག །བསྐང་བ་དམ་རྫས་བམ་བསྐང་། གཡས་ཀྱི་ཡན་ལག་ལས་གནམ་ལྕགས་ཨུར་མོ་ལས་བཞི། གཡོན་གྱི་ཡན་ལག་ལས་ཨུར་མོ་མནན་པའི་ལས། བུ་ག་བརྒྱད་ལས་དམར་ལེན་སྲོག་གི་སྤུ་གྲིའི་ཡི་གེ །སྟོད་དྲིལ་ཉི་མ་ཤར་བ་ལས་བྱང་ཆུབ་སྒྲུབ་པའི་ཆོས་སྡེ། བར་གྱི་སྒལ་ཚིག་ལས་གནམ་ལྕགས་ཨུར་མོའི་ཆོས་སྡེ། སྨད་ཀྱི་དུག་གི་རྩ་བ་ལས་མཚོན་ཆ་ལས་སྦྱོར་དུག་འཁོར། སྨད་ཀྱི་སྣོད་རྣམས་ལས་གཅེས་པའི་འཁོར་ལོ་བཅུ་གསུམ་སྟེ། ཏྲི་ཀ་རིན་ཆེན་འཕྲེང་བ། གཞང་ཁ་ཚིལ་གྱི་འཁོར་ལོ་ལས་གཏད་བཟློག་ནང་འགྲས་འཁོར་ལོ། རྒྱུ་མ་ཁུག་པ་པ་རིང་མོ་ལས། བྱས་པ་བཤིག་པའི་འཁོར་ལོ། གྲོད་པ་སྣོད་བཞིའི་རྫིང་བུ་ལས། བསད་བཟློག་སྦྲག་པའི་འཁོར་ལོ། མཚེར་པ་རྒྱ་ཟོར་ཁུག་པ་ལས། མན་ངག་གསེར་གྱི་ཡང་ཞུན། ཞེ་སྡང་ཁྲོས་པའི་ཆུ་རྒྱུས་ལས། སྦྲུལ་ནག་རྭ་ཅན་འཁོར་ལོ། གསང་བ་མཇུག་མ་རིང་མོ་ལས་སྟོང་བཟློག་སོ་མཚམས་གཅོད་པའི་བསམ་གཏན་སྲིད་པའི་མཆོད་རྟེན། མཁྲིས་པ་དྭངས་མའི་མཛོད་ཕུག་ལས། གནམ་ལྕགས་སོ་བདར་འཁོར་ལོ། གཡས་ནས་རྒྱུ་བའི་རྐྱང་མ་ལས། བཤིག་པ་གནོད་སྦྱིན་མཛེ་ཐོད། གཡོན་ནས་རྒྱུ་བའི་རོ་མ་ལས། མནན་པ་རི་རབ་སྟོབས་ཆེན། སྲོག་རྩ་དྭངས་མ་དཀར་པོ་ལས་ཨུར་མོ་སོ་འདེབས་འཁོར་ལོ། དོན་སྣོད་རྩ་ལས་ཆད་པའི་ཆོས་སྡེ་ཊིཀྐ་རིན་ཆེན་ཕྲེང་བ། རྣམ་ཤེས་སྙིང་གི་ཕོ་བྲང་ལས་སྔགས་བྱང་སྙེ་མ་དཀར་མོ། གློ་བ་ལས་ལག་ལེན་དོན་སྡེབས་ཆེན་མོ། མཆིན་པ་ལས་སྔོན་འགྲོ་གནད་ཀྱི་ལས་རིམ། མཁལ་མ་ལས་རབ་གནས་ཡེ་ཤེས་ཟུང་འཇུག །མཚེར་པ་ལས་བྱུང་བའི་མན་ངག་ཐམས་ཅད་ཀྱི་རྩ་བ་ལྡེ་མིག་རིན་ཆེན་འཕྲུལ་གྱི་སྒོ་འབྱེད་ཞེས་བྱ་བ་མན་ངག་གསེར་གྱི་ཡང་ཞུན་སྒྲོན་མ་དྲུག་གི་རྩ་བ། ཟིལ་གནོན་ཚེ་བདག་ནག་པོའི་འཕྲིན་ལས་འབྲིང་པོ། སྒོམ་ཁོག་ཞལ་གདམས་གནད་ཀྱི་ཊིཀྐ་ཟབ་པའི་མཐར་ཐུག །གཡུ་སྤྱང་བཅུ་བཞི། དྲག་སྔགས་སྤུ་གྲི་གཅིག་དྲིལ། འཁོར་ལོ་བཅོ་བརྒྱད་ཀྱི་དཔེའུ་རིས་སོགས་ལས་ཚོགས་མང་དུ་ཡོད་པ་ལས། འདི་ནི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི་དབང་བསྐུར་བ་སྟེ། དེ་ལའང་རྒྱས་འབྲིང་བསྡུས་པའི་རྣམ་གྲངས་མང་བ་ལས། འདིར་རྒྱས་པ་སྒྲུབ་དཀྱིལ་དུ་དབང་བསྐུར་བའི་བརྒྱུད་པ་ནི། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན། དེས་རྒྱ་ནག་བཀྲ་ཤིས་ཁྲི་སྒོར་འཁྲུངས་པ་ཤྲཱི་སེང་ཧ་ལ། དེ་ནས་རིམ་བཞིན་ཤནྟིཾ་གརྦྷ། བལ་པོའི་རྒྱལ་པོ་བ་སུ་དྷཱ་ར། སློབ་དཔོན་སངས་རྒྱས་ཡེ་ཤེས། གཏེར་སྟོན་རྒྱ་ཞང་ཁྲོམ། དེས་གཏེར་དུ་བཞེས་པ་ནས་བཀའ་གཏེར་གཉིས་ཀ་ཚང་ཡང་གཙོ་བོར་གཏེར་མ་པད་ལུགས་དང་གནུབས་ལུགས་གཉིས། དེ་ཡང་ལྕགས་སྡིག་གཞུང་ལ་གསལ་བའི་ཡི་གེ་བསྡུས་འབྲིང་། ཨོ་རྒྱན་རིན་པོ་ཆེས་མཛད་པ་རྒྱས་པ་ནི། སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་དེ་དང་དོན་དུ་གཅིག །དེ་ཡང་ཨོ་རྒྱན་རིན་པོ་ཆེས་མཛད་པ་སྔ་མ་དང་། སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་ཕྱི་མ་ཡིན། དེའི་གཏེར་གཉིས་རྒྱ་ཞང་ཁྲོམ་གྱིས་བཞེས་པ་ལས་འདིར་ནི་ཐམས་ཅད་མཁྱེན་ཅིང་གཟིགས་པའི་བདག་ཉིད་ཆེན་པོ་ཀུན་མཁྱེན་པདྨ་དཀར་པོས་གནུབས་ལུགས་རྗེས་འབྲངས་སུ་མཛད་པའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་དུ་གྲགས་པའི་སྟེང་ནས་དབང་བསྐུར་བ་ལས་འདིར་ནི་རྒྱས་པ་གནུབས་ལུགས་ཏེ། འདིར་ཡང་གཞུང་གཏེར་མ་ཉིད་དང་། རྗེས་སུའང་ཀུན་མཁྱེན་པད་དཀར་གྱིས་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་ཆེས་ཟབ་རྒྱས་དེའི་གཞུང་གིས་དབང་བསྐུར་བ་ཡིན། དེ་ནས་གཏེར་སྟོན་ཉིད་ནས་བརྒྱུད་རིམ་ནི། ལྕགས་གཏུན་ཆེན་པོ་ནག་པོ་ཆོས་གྲགས། གནུབས་སྟོན་བྱ་བྲལ་མཚན་ཅན། རྡོ་རྗེ་རྒྱལ་པོ་ཆོས་ཀྱི་རྒྱལ་མཚན། གནུབས་ཆེན་གུ་རུ་མཆོག་ལྡན། མཐུ་ཆེན་རྒྱལ་མཚན་ལྷུན་གྲུབ། དེས་སྲས་ཚེ་བདག་བཀྲ་ཤིས། དེ་ནས་རིམ་པ་བཞིན། ཀུན་མཁྱེན་པདྨ་དཀར་པོ། རྗེ་བཙུན་ངག་དབང་བཟང་པོ། རྒྱལ་བ་དཔག་བསམ་དབང་པོ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། དེས་མི་ཕམ་ཆོས་ཀྱི་དབང་ཕྱུག་འཇིགས་མེད་རིག་པ་འཛིན་པའི་དཔའ་བོ། འཇམ་དཔལ་དགའ་བའི་བཤེས་གཉེན་རྗེ་དགེ་ལེགས་བཞད་པ། ངག་དབང་ཀུན་དགའ་བསྟན་འཛིན། གྲུབ་མཆོག་ངག་དབང་བདེ་ཆེན། པཎ་ཆེན་ཆོས་ཀྱི་ཉི་མ། གསང་བདག་གྲུབ་པའི་དཔའ་བོ། ཀུན་མཁྱེན་སྒྲུབ་བརྒྱུད་ཉི་མ། དེས་རྗེ་རིག་པ་འཛིན་པ་ཆོས་སྐྱོང་མགོན་པོ། ཁམས་སྤྲུལ་བསྟན་པའི་ཉི་མ་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེ། ཀུན་མཁྱེན་པདྨ་དྲི་མེད་གྲུབ་པའི་དབང་པོ། ཁྱབ་བདག་བླ་མ་རྫོགས་པའི་སངས་རྒྱས་དེའི་བཀའ་དྲིན་ལས་བདག་གིས་ལེགས་པར་ཐོབ་པའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་ཡིན། བརྒྱུད་པ་དེ་ལྡན་གྱི་སྨིན་དབང་ཟབ་མོ་ཞུ་བ་སྔོན་དུ་འགྲོ་བ་སེམས་གཉིས་སྡོམ་པ་སྟེ། དེ་ལ་དམིགས་པ་འདི་བཞིན་མཛད་པར་ཞུ། བླ་མ་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་སྤྱན་སྔར་ཁྱེད་རང་རྣམས་ལམ་ལོག་པ་ལས་ཁྱད་པར་གྱུར་པའི་སྐྱབས་འགྲོ་དང་། ལམ་དམན་པ་ལས་ཁྱད་པར་འཕགས་པའི་ཐེག་པ་ཆེན་པོའི་སེམས་བསྐྱེད་འདི་གཉིས་མེད་དུ་མི་རུང་ཕྱིར་རྒྱུན་བཤགས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ནས། ཐུགས་ཀྱི་སྲས་སུ་མཛད་དུ་གསོལ། བར་ལན་གསུམ། གཉིས་པ་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་དང་སྡོམ་པ་ལེན་པ་འདིའི་རྗེས་ཟློས་མཛོད། གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་དང་། སོགས་སྔགས་བཅས་ལན་གསུམ། རིགས་ལྔའི་སྡོམ་པ་འདིས་ཡིས་བླང་། ཞེས་པས་རིགས་ལྔའི་སྡོམ་པ་བཟུང་བ་འདི་ཡི་རྗེས་ཟློས་མཛོད། རྣམ་རྟོག་ཡེ་ཤེས་ལྔར་གྱུར་པས། །རྟག་ཏུ་བསྟེན་ཅིང་སྤྱད་པར་བྱ། །རྒྱལ་བ་རིགས་ལྔའི་བརཏལ་ཞུགས་དག །སྲོག་གི་ཕྱིར་ཡང་མི་བཏང་ངོ་། །ཅེས་ལན་གསུམ། དེ་ལྟར་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོའི་ཕྱིའི་འཇུག་པ་སོང་ནས། གཉིས་པ་ནང་འཇུག་ལ་དབྱེ་ན། གདོང་གཡོག་པ། མཎྜྻལ་ཕུལ་བ། གསོལ་བ་གདབ་པ། ནང་དུ་དྲངས་པ། དྲི་བ། ཁས་ལེན་པ་དང་དྲུག་གི །དང་པོ་སྔར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཆེན་པོའི་དཀྱིལ་འཁོར་མ་མཐོང་བ་མཚོན་པའི་ཕྱིར། གདོང་གཡོགས་དམར་པོ་རེ་འཆིང་བར་མཛོད། ཨོཾ་ཨཱཿཧཱུྃ ཞེས་པས་བཅིངས། དཀྱིལ་འཁོར་ཆེན་པོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་སློབ་མས་མཎྜྻལ་ཕུལ། དེ་ལྟར་མཎྜྻལ་ཕུལ་ནས་མོས་གུས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཧཱུྃ། ཡང་གསང་གཤེད་པོའི་དཀྱིལ་འཁོར་དུ། །བདག་ནི་འཇུག་པར་འཚལ་ལགས་ཀྱིས། །རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །དཔའ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་སོང་ནས། གཉིས་པ་ནང་དུ་དྲངས་བ་ལ། སློབ་དཔོན་བདག་ཉིད་ཀྱིས་རྡོ་རྗེ་གཏད་པ་འདི་ལ་འཇུས་ནས་རིམ་བཞིན་ནང་དུ་དྲངས་བའི་མོས་པ་གྱིས། ཧཱུྃ། འཁོར་བའི་སེམས་ཅན་མ་ལུས་ཀུན། རྒྱུད་ལྔ་ལམ་གྱི་སྒོ་བཅད་དེ། །མཐོ་རིས་ཐར་པའི་སྒོ་ཕྱེས་ནས། །བླ་མེད་གནས་སུ་དྲངས་བར་བྱ། །ཡོལ་བ་ཕྱེས། ཨོཾ་བཛྭ་ས་མ་ཡ་ཛཿཛཿ དེས་ནང་དུ་དྲངས་པ་སོང་ནས། ལྔ་པ་དམ་ཚིག་བསྲུང་བར་ནུས་སམ་འདྲི་བ་ནི། འདི་ལྟར་བྱ་བ་ཡིན་ཏེ། དེ་ལ་རྡོ་རྗེ་མགོ་བོར་བཞག་ནས། སྐལ་ལྡན་རིགས་ཀྱི་བུ་ཁྱོད་རྣམས། །གསང་བའི་དམ་ཚིག་བསྲུང་ནུས་སམ། །བསྒྲུབ་མཆོག་བརཏལ་ཞུགས་སྤྱོད་ནུས་སམ། །མངོན་སྤྱོད་ལས་རྣམས་བྱེད་ནུས་སམ། །ལན་གསུམ། དེ་ལྟར་བདག་གིས་ལན་གསུམ་དུ་དྲིས་པ་ལ། དྲིས་ལན། ཁྱེད་རང་རྣམས་ཀྱིས་ཀྱང་དྲིས་ལན་དུ་གྱུར་པ་འདིའི་རྗེས་ཟློས་གྱིས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཁྱོད་ཀྱིས་བཀའ་སྩལ་བདག་རྗེས་སྒྲུབས། །དམ་ཚིག་སྡོམ་པ་གང་ཡིན་དང་། །གསང་བའི་ལས་ཀུན་བསྒྲུབ་པར་འཚལ། །བརཏལ་ཞུགས་ཆེན་པོ་བླ་མེད་པ། །མཐར་ལ་ཕྱིན་པར་སྤྱོད་པར་འཚལ། །འཕྲིན་ལས་རྣམ་བཞིའི་བྱ་བ་རྣམས། །ཇི་ལྟར་གསུངས་པ་ཉན་པར་འཚལ། ལན་གསུམ། དེས་ཁས་བླངས་པ་སྟེ། དེ་ལྟར་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པ་ཕྱི་ནང་སོང་ནས་ད་རྩ་བའི་ས་བཅད་གཉིས་པ་ལྷ་ངོ་བསྟན་པ་སོགས་ལ་ནང་ཚན་དུ་དབྱེ་ན་དགོངས་གསོལ། ཕྱོགས་བཞིའི་སྒོ་ཕྱེ་བ། ཕྱག་བྱ་བ། ལྷ་བསྟན་པ། ཁྱེད་རང་རྣམས་ཀྱི་རྒྱུད་ལ་བྱིན་གྱིས་རླབས་པ་སོགས། ཡོད་པའི་དང་པོ་དགོངས་གསོལ་ནི། སློབ་དཔོན་བདག་གིས་དཀྱིལ་འཁོར་གྱི་ལྷར་གསོལ་བ་འདི་ལྟར་འདེབས་ཏེ། ལྷ་དང་རྡོ་རྗེ་སློབ་དཔོན་མཆེད། །ཕྱོགས་མཚམས་ཀུན་ནས་མཁྱེན་པའི་དཔལ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། དེས་དཀྱིལ་འཁོར་གྱི་ལྷར་གསོལ་གདབ་སོང་ནས། སྒོ་ཕྱེ་བ་ནི་འདིར་ལྟར་རོ། །ཧོཿཡེ་ཤེས་རྣམ་པ་ཀུན་ལྡན་ཞིང་། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །ཡུལ་ལས་འདས་པའི་ཡེ་ཤེས་ཀྱིས། །མཁའ་དབྱིངས་དག་པའི་ཤར་སྒོ་ཕྱེ། །ཞེས་པའི་དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ཤག་གིས་བྱེ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཁྲ་ལྷམ་མེར་མཐོང་བར་གྱུར་པའི་མོས་པ་གྱིས། དེ་ནས་ཕྱག་འཚལ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་དཀྱིལ་འཁོར་ཤར་སྒོར་ཞུགས་ཏེ་ཕྱག་འཚལ་བར་མོས་ལ་འདི་ཡི་རྗེས་ཟློས་མཛོད། མཉམ་ཉིད་དག་པའི་ཚུལ་གྱིས་ཕྱག་འཚལ་ལོ། །དེས་ཕྱག་འཚལ་བ་སོང་ནས། ལྷ་ངོ་བསྟན་པ་ནི། དཀྱིལ་འཁོར་ཆེན་པོ་འདིའི་དབུས་སུ་ཚོམ་བུའི་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཡབ་ཡུམ། རྩ་བའི་ལྷ་བཞི། གྱད་གནོན་གྱི་ལྷ་བརྒྱད། སྤྲུལ་པ་ལས་གཤིན་གསུམ། ཡུམ་དྲུག །ལོ་གཤེད་ཕོ་མོ་ཉེར་བཞི། ཟླ་གཤེད་བཅུ་གཉིས། སྦས་མའི་མ་བཞི། ཞག་གཤེད་སོ་གཉིས། སྒོ་བ་གཤེད་ཆེན་བཞི། ཡུམ་རོ་ལངས་མ་བཞི། ཟ་མའི་གཤིན་རྗེ། བཀའ་ཉན་ཇི་སྙེད་པའི་འཁོར་དང་བཅས་པ་ཞལ་མངོན་སུམ་དུ་སྲམ་མེར་བཞུགས་པ་རྣམས་ལ་མོས་གུས་དུངས་པར་གྱིས་ཤིག །དེས་ལྷ་ངོ་བསྟན་པ་སོང་ནས། བྱིན་གྱིས་རླབས་པ་ལ་དམིགས་པ་འདི་བཞིན་དུ་གྱིས། དེ་ནས་དཀྱིལ་འཁོར་གྱི་ལྷའི་མཛོད་སྤུའི་དབུས་ནས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ན་ར་ར་བྱུང་། ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཞུགས། ལུས་ལ་ཐིམ་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་ལུས་ཀྱི་སྒྲིབ་པ་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་ལྟར་བསྲེག །མགུལ་གྱི་དབུས་ནས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་ན་ར་ར་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། ངག་ལ་ཐིམ། ངག་གི་སྒྲིབ་པ་དག །ཐུགས་ཀའི་དབུས་ནས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་ན་ར་ར་བྱུང་། ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུག །ཡིད་ལ་ཐིམ། ཡིད་ཀྱི་སྒྲིབ་པ་དག་པར་གྱུར་པའི་མོས་པ་མཛོད། དེ་ནས་སླར་དཀྱིལ་འཁོར་ཆེན་པོའི་ལྷོ་སྒོར་ཕྱིན་པའི་མོས་པ་དང་བཅས་སྒོ་ཕྱེ་བ་ནི། ཧོཿ ཡེ་ཤེས་རྣམ་པ་ཀུན་ལྡན་ཞིང་། །ཞེས་པ་ནས། མཁའ་དབྱིངས་དག་པའི་ལྷོ་སྒོ་ཕྱེ། །ཞེས་པས་དཀྱིལ་འཁོར་ཆེན་པོའི་ལྷོ་སྒོ། སོགས། ཕྱག་འཚལ་ལྎ །ཁྱེད་རང་རྣམས་དཀྱིལ་འཁོར་ལྷོ་སྒོར་ཞུགས་ནསྎ །མཉམ་ཉིདྎ །དེས་ཕྱག་འཚལ་བ་སོང་ནས། དཀྱིལ་འཁོར་ཆེན་པོ་འདིའི་ཞེས་པ་ནས། ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག་པར་གྱུར་པའི་མོས་པ་གྱིས། །ཞེས་པའི་བར། དེ་ནས་ནུབ་སྒོར་ཕྱིན་པའི་ཞེས་སོགས། བྱང་དང་བཅས་པར་འདོན་པ་བཅས་ཕྱོགས་བསྒྱུར་ལ་སྔར་ལྟར་འགྲེའོ། །དེ་ལྟར་རྣམས་ཀྱི་ཕྱོགས་བཞིའི་བྱིན་རླབས་ཞུ་བ་སོང་ནས། ད་ནི་རྩ་བའི་ས་བཅད་གསུམ་པ་ཡེ་ཤེས་དབབ་པ་ལ་ནང་ཚན་དུ་དབྱེ་ན། དང་པོ་དམ་ཚིག་བསྒྲག་པ་གཉིས། ཡོན་གྱི་མཎྜྻལ། གསོལ་བ་འདེབས་པ། ཁྱེད་རང་རྣམས་ལྷར་བསྐྱེད་པ། ཡེ་ཤེས་པ་དགུག་པ། བསྟིམ་པ། སྔགས་བཟླ་མེ་ཏོག་དོར་བ། བརྟག་པ། ལྷ་བསྟིམ་པ་རྣམས་ཀྱི་དང་པོ་ལ་གཉིས་ལས་ཕན་ཡོན་ཉེས་དམིགས་གཉིས་ཀའི་སྒོ་ནས་མནའ་ཆུ་བླུད་པ་འདི་ལྟ་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྭ་ཡཀྴ་ཀྲོ་དྷ་ཛ་ཧཱུྃ་ཋ་ཋ་ཨི་དནྟ་ན་ར་ཀན། དེས་གཉིས་ཀའི་སྒོ་ནས་མནའ་ཆུ་བླུད་པ་སོང་ནས། གཉིས་པ་སློབ་དཔོན་གྱི་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རཀྴའི་ཕྲེང་བ་མགོ་བོར་བཀོན་པར་བྱ་སྟེ། རིགས་ཀྱི་བུ་མཆོག་རྡོ་རྗེ་ཁྱོད། །དེ་རིང་ཕན་ཆད་ང་ཡི་བུ། །ང་ཡིས་བསྒོ་བར་བྱ་བ་དང་། །དམ་ཚིག་ལ་ཡང་གནས་པར་བགྱི། །དངོས་གཞི་ཡེ་ཤེས་དབབ་པའི་ཡོན་དུ་མཎྜྻལ་ཕུལ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མོས་གུས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་པ་ཡིས། །ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས། །ཡེ་ཤེས་ཁྲོ་བོའི་སྤྲིན་ཆེན་པོ། །མ་ལུས་བདག་ལ་དབབ་ཏུ་གསོལ། །དེས་གསོལ་བ་འདེབས་པ་སོང་ནས། དེ་ནས་ལྷ་བསྐྱེད་པ་ལ་དང་པོར། བུམ་པའི་མགུལ་གྱི་ཨོཾ་བྱང་རྣམས་ཁྱེད་རང་རྣམས་སོ་སོར་གཏད་པའི་ཚེ། སློབ་མའི་མགོ་བོར་བཞག །ཞེས་གཞུང་ནས་གསུངས་ཏེ། དང་པོ་ནས་སློབ་མ་ཇི་སྙེད་པའི་གྲངས་དེ་སྙེད་པའི་ཨོཾ་བྱང་གཙོ་བོ་བུམ་པའི་མགུལ་དུ་བཏགས་པ་ད་ལམ་སོ་སོར་གཏད་རྒྱུ་ཡིན་ནའང་། དེ་ལྟར་མ་འགྲུབ་པས་ན། ད་ལམ་མཚོན་བྱེད་གཅིག་འདི་ཉིད་མགོ་བོར་འཇོག་སྟེ་དེ་ལ་དམིགས་པ་འདི་བཞིན་དུ་གྱིས། དཀྱིལ་འཁོར་གྱི་གཙོ་བོ་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཐུགས་ཀ་ནས་ཨོཾ་རེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པའི་མོས་པ་གྱིས། ཧཱུྃ། ཐིག་ལེའི་ངོ་བོ་འཇམ་དཔལ་སྐུ། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ན་རོ་རྡོ་རྗེ་སེམས་པའི་སྐུ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །ཟླ་ཚེས་པདྨ་དབང་གི་སྐུ། །ཀུན་རྟོགས་ཡེ་ཤེས་ངོ་བོ་ཉིད། །འ་ནི་དོན་ཡོད་གྲུབ་པའི་སྐུ། །བྱ་བ་ནན་ཏན་ངོ་བོ་ཉིད། །ཨུ་ནི་སངས་རྒྱས་བདེ་གཤེགས་སྐུ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ཡིག་འབྲུ་ལྔ་ཡིས་བྱིན་བརླབས་པས། །སྐུ་ལྔ་ཡེ་ཤེས་ལྡན་པར་ཤོག །ཨོཾ་དེ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་ཞུགས་པས། ལུས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྒྱུ་དང་རྐྱེན་མེད་པར་ནས། དཔལ་གྱི་ཆས་ཀྱིས་བརྒྱན་པའོ། །ཞེས་པའི་བར། རྒྱུ་མེད་ཅེས་སོགས། དྲེག་པ་ཀུན་གྱི་བསྐོར་བར་ཨེ་རིང་བསྙེན་པའི་མན་ངག་ཇི་བཞིན་བརྗོད། དེས་ཁྱེད་རང་རྣམས་དམ་ཚིག་གི་ལྷར་བསྐྱེད་པ་སོང་ནས། ད་ནི་བརྒྱུད་པའི་བླ་མའི་བྱིན་རླབས་འཇུག་པའི་ཕྱིར་གསོལ་བ་འདེབས་ཏེ། དེ་ཡང་ཁྱེད་རང་རྣམས་ལྷར་གསལ་བའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ་ལ་མོས་གུས་ཆེན་པོས་གསོལ་བ་འདེབས་པའི་རིམ་པ་འདི་བཞིན་དུ་མཛོད། ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ནས། །སོགས་གསོལ་འདེབས་བྱ། དེ་ནས། བླ་མ་རྣམས་འོད་དུ་ཞུ་ནས་མཐར་ཐམས་ཅད་ཁྱེད་རང་རྣམས་ལ་ཐིམ་པས་བྱིན་རླབས་མ་ལུས་པ་ཐོབ་པའི་མོས་པ་གྱིས། དེས་བརྒྱུད་པའི་བླ་མའི་བྱིན་རླབས་ཞུ་བ་སོང་ནས་དཀྱིལ་འཁོར་གྱི་ལྷའི་ཡེ་ཤེས་དབབ་པ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀར་ས་བོན་ཡི་གེ་ཧཱུྃ་མཐིང་ནག །དེ་ལས་ཛཿཧཱུྃ་བྃ་ཧོཿས། སྒྲ་དང་བཅས་པའི་འོད་ཟེར་བླ་མའི་ཐུགས་ཀར་ཕོག །བླ་མའི་ཐུགས་ཀ་ནས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་ཐོགས་པའི་ཕོ་ཉ་སྤྲོས་ཏེ། ཆོས་ཀྱི་དབྱིངས་དྲག་པོ་ཨེ་ཡི་གཞལ་ཡས་ཁང་ནས། བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཡབ་ཡུམ་རྩ་བའི་ལྷ་བཞི། གྱད་གནོན་གྱི་ལྷ་བརྒྱད། སྤྲུལ་པ་ལས་གཤིན་ཡབ་ཡུམ་དྲུག །ལོ་གཤེད་ཕོ་མོ་ཉེར་བཞི། ཟླ་གཤེད་བཅུ་གཉིས། སྦས་པའི་མ་བཞི། ཞག་གཤེད་སོ་གཉིས། སྒོ་བ་གཤེད་ཆེན་བཞི། ཡུམ་རོ་ལང་མ་བཞི། ཟ་མའི་གཤིན་རྗེ་བཀའ་ཉན་ཇི་སྙེད་པའི་འཁོར་དང་བཅས་པ་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཛྭ་ས་མ་ཛཿ ཧཱུྃ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། སོགས་དང་། དམ་ཚིག་པ་དང་ཡེ་ཤེས་ཤེས་སེམས་དཔའ་སོགས། ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་སྙིང་ཁར་ལྕགས་ཀྱུས་ཛཿ ཞགས་པས་ཧཱུྃ། ལྕགས་སྒྲོག་གིས་བྃ། དྲིལ་བུས་ཧོཿ མདུན་གྱི་ནམ་མཁར་ཆར་པ་བབ་པ་བཞིན་དུ་བྱོན་པ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས། སྐུ་གསུང་ཐུགས་ཀྱི་སྔགས་ཀྱི་མཐར། ཛྙྱཱ་ན་ཨ་བེ་ཤ་ཡ་ཨཱཿ ཞེས་པ་བཏག་ལ་དྲག་ཏུ་བཟླ། སྤོས་ཀྱིས་བདུག་ཅིང་རོལ་མོ་བསྒྲགས། གར་དང་བརྡ་སྐད་འཕར་སོགས་འབྱུང་། དེས་ཡེ་ཤེས་པ་དབབ་པ་སྐུ་གསུང་ཐུགས་ཀྱི་སྔགས་བཟླ་བ་སོང་ནས། མེ་ཏོག་དོར་བའི་དང་པོ་རིགས་བརྟག་པ་ནི། དཀྱིལ་འཁོར་ཆེན་པོའི་ནང་དུ་གསུང་ཀྱང་ཕྱག་ལེན་མཎྜྻལ་ཐོག་ཏུ། དེ་ཡང་དཀྱིལ་འཁོར་གྱི་ལྷ་རྣམས་སོ་སོར་སྣང་བ་ཙམ་ལས་དོན་དམ་ཆོས་དབྱིངས་ཡེ་ཤེས་ཀློང་དུ་གཅིག་པས་འདིར་མཎྜྻལ་གྱི་སྟེང་དུ་ཟིལ་གནོན་རིགས་ལྔ་ཧེ་རུ་ཀའི་ས་བོན་རང་མདོག་བྲིས་པ་རང་སྐལ་ལྷ་གང་ཡིན་པ་ལ་འབབ་པར་ཤོག་སྙམ་པའི་མོས་པ་གྱིས། ཧཱུྃ། བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་ལས་འཕྲོ་ཡོད་པའི་ལྷ། །གང་ཡིན་མཆོག་ལ་འབབ་པར་ཤོག །ཞེས་པའི་སྨོན་ལམ་དང་བཅས་པས། ཨེ་ཀ་ཡ་མ་མུ་དྲ་ཏྲཾ་པུཥྤེ་ས་མཱ་ཡ་པཱུ་ཛ་ཧོཿ ཞེས་ལྟོས་པ་མེད་པར་མེ་ཏོག་དོར་ཅིག །སླར་དེ་དངོས་གྲུབ་ཀྱི་དོན་དུ་མགོ་བོར་བཅིངས་པའི་ཚེ། གང་ལ་ཕོག་པའི་ལྷ་དེ་ཉིད་ལུས་ལ་ཐིམ་པའི་མོས་པ་གྱིས། དེས་མེ་ཏོག་དོར་བ་སོང་ནས། དེ་ནས་ལྷ་ངོ་སྤྲད་པ་ལ་དང་པོ་མིག་དར་དབྱེ་བ། དངོས་གཞི་ལྷ་ངོ་སྤྲོད་པ། རྗེས་སུ་དོན་དམ་པའི་རྣམ་པར་དག་པ་གསུམ་གྱི་དང་པོར་གསོལ་བ་གདབ་པ་འདིིའི་རྗེས་ཟློས་གྱིས། ཤིན་ཏུ་མ་རིག་མུན་པ་ཡིས། །བདག་ཉིད་ལོང་བར་གྱུར་པ་ལས། །འཇམ་དཔལ་ཐུགས་རྗེ་ཆེན་པོ་ཡིས། བདག་གི་མིག་འདི་དབྱེ་རུ་གསོལ། ཨོཾ་བཛྭ་པྲ་བེ་ཤ་ཡ་ཕཊ། དེས་གསོལ་བ་བཏབ་པ་སོང་ནས། མིག་དབྱེ་བ་དངོས་ནི་མིག་ཐུར་ཐོག་པས་དབྱེ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་འཇམ་དཔལ་བདག་གིས་བསལ། ཙཀྵུ་པྲ་བེ་ཤག །ཅེས་མིག་དར་ཕྱེ། དེས་མིག་དབྱེ་བ་སོང་ནས། དངོས་གཞིའི་དཀྱིལ་འཁོར་གྱི་ལྷ་ངོ་སྤྲད་པ་ནི། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། རྩོལ་བའི་སེམས་སྟོབས་ལས་བྱུང་བ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། གཞན་ལ་གསང་བ་མ་སྨྲ་ཞིག །དེ་ནས་ལྷ་ངོ་བསྟནཔ་ལ་རྒྱས་པ་དཀྱིལ་འཁོར་ཆེན་པོའི་མངོན་པར་རྟོགས་པ་ཕྱི་ནང་གསང་བའི་དག་སྦྱར་བཅས་སྣང་སྟོང་ལྷ་སྐུར་ངོ་སྤྲད་པ། འབྲིང་པོ་རྒྱུ་མཚན་རྣམ་གཞག་བཅས་གྲང་ངེས་ཟུང་འཇུག་ངོ་སྤྲད། བསྡུས་པ་མཚོན་བྱ་དཔེ་དང་མཚོན་བྱེད་དུ་དོན་དུ་བསྡུ་བ་གསུམ་ལས་དམ་ལམ་ཕྱི་མ་འདི་ལྟར་ངོ་སྤྲད་བསྡུ་བ་ལས། གཞི་ཆོས་དབྱིངས་རྣམ་པར་དག་པའི་མཁའ་དབྱིངས་ཆོས་ཀྱི་འབྱུང་གནས་ཁྱབ་གདལ་ཡངས་པ་ཆེན་པོའི་ཀློང་དུ་གང་འདུལ་སྣ་ཚོགས་དེར་སྣང་སྐུ་གཉིས་ཀྱི་ཆོ་འཕྲུལ་མི་ཟད་པ་ལས། འབྱུང་བརྩེགས་རི་རབ་དང་བཅས་པའི་ལྟེ་བར་པདྨ་དུར་ཁྲོད་རྡོ་ར་མེ་རིའི་སྲུང་བའི་འཁོར་ལོའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་མེད་ཀྱི་ཁང་པ་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བའི་དཀྱིལ་འཁོར་ཆེན་པོའི་དབུས་ཆོས་འབྱུང་གྲུ་གསུམ་མཐིང་ནག་དབུས་སུ་ལིང་ཚེ་བརྒྱད་དབུས་དང་དགུའི་དབུས་སུ་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཡུམ་གསུམ་དང་བཅས་པ་སྟེ་རྩ་བའི་ལྷ་བཞི། ཕྱོགས་བཞིའི་ལིང་ཚེར། ཡ་མ་རཱ་ཙ་སོགས་སྲས་མཆོག་བཞི། མཚམས་སུ་གཤེད་ཆེན་བཞི་སྟེ་གྱད་ནོན་ལྷ་བརྒྱད། ཆོས་འབྱུང་ཕྱིའི་ཟླ་གམ་དམར་པོ་གསུམ་དུ་སྤྲུལ་པ་གསུམ་ཡུམ་བཅས་ཏེ་དྲུག །དེའི་ཕྱིའི་འཁོར་ལོ་རྩིབས་བཅུ་གཉིས་ལ་ལོ་གཤེད་བཅུ་གཉིས། ཡུམ་བཅས་ཏེ་ཡབ་ཡུམ་ཉེར་བཞི། དེའི་ཕྱིའི་གྲུ་ཆད་བཞི་ལ་གྲུ་ཆད་རེ་རེར་ལྷ་གསུམ་རེ་སྟེ་ཟླ་གཤེད་བཅུ་གཉིས། སྦས་པའི་མ་བཞི་བཅས། དེའི་ཕྱི་ཁྱམས་འོབས་སོ་གཉིས་ལ་ཞག་གཤེད་སོ་གཉིས། སྒོ་བཞི་གཤེད་ཆེན་བཞི། ཡུམ་རོ་ལངས་མ་བཞི་བཅས་ཏེ་དཀྱིལ་འཁོར་ནང་མའི་ལྷ་རྣམས་དང་། གཞན་ཡང་འཁོར་ཡུག་ཏུ་ཟ་མའི་གཤིན་རྗེ་རྣམས། མཐར་བཀའ་ཉན་གྱི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་སྒྱུ་མའི་འཕྲུལ་འཁོར་མི་ཟད་པའི་རྣམ་པ་མེ་ལོང་ལ་པྲ་ཕབ་པ་བཞིན་སྣང་ལ་རང་བཞིན་མེད་པའོ། །མངོན་སུམ་དུ་གསལ་ཐོབ་མཛོད། གསུམ་པ་དོན་དམ་པའི་རྣམ་པར་དག་པའི་བཤད་པ་ནི་འདི་ལྟ་སྟེ། ངོ་བོ་ཆོས་ཉིད་སྤྲོས་པ་དང་བྲལ་བས་ན་ཀ་དག་རྣམ་པ་རང་བྱུང་གི་ཡེ་ཤེས་ལས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་རང་ཤར་བས་ལྷུན་གྲུབ། དེ་ཡང་དོན་བླ་ན་མེད་པའི་ས་ལ་ལྷུན་གྱིས་རྫོགས་པ་དང་། རྟགས་ཀྱི་གདུག་པ་ཅན་བསྒྲལ་བར་བསྟན་པ་སྟེ། ཡང་དག་པར་ན་དོན་རྟགས་གཉིས་སུ་མེད་པའོ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཉིད་སྦྱོར་བ་སྣ་ཚོགས་མ་འགགས་པར་སྤྱོད་པན་ི་ཐུགས་རྗེ་སྟེ་སྲིལ་གྱིས་བསྒྲིལ་ན། ཡ་གི་འཇམ་དཔལ་གཤིན་རྗེ་གཤེད་པོ་ནས་མ་གི་དཀྱིལ་འཁོར་ཆེན་པོའི་དུར་ཁྲོད་ལ་གནས་པའི་འབྱུང་པོའི་བར་རྟེན་དང་བཅས་པ་གཞི་མ་བཅོས་པ་དེ་ཁོ་ན་ཉིད་ཆོས་སྐུ་འགྱུར་བ་མེད་པར་གཅིག །སྐུ་མཚན་མའི་གཟུགས་སུ་སྣང་བ་ཀུན་ནི་སྒྱུ་མ་ལྷུན་གྲུབ་ཡེ་ཤེས་ལོངས་སྤྱོད་རྫོགས་པར་གཅིག །ལས་སྣ་ཚོགས་སོ་སོ་ནས་འདུལ་བ་ནི་སྤྲུལ་པའི་སྐུ་རུ་གཅིག་སྟེ། དེ་ལྟར་སྐུ་གསུམ་གྱི་གྱི་རོལ་པར་རང་རང་གི་དོན་ལ་སྤྱོད་པ་ནི། ཆོས་ཉིད་ལ་ཆོས་ཉིད་རོལ། ཡེ་ཤེས་ལ་ཡེ་ཤེས་རོལ། སྤྲུལ་པ་ལ་སྤྲུལ་པར་རོལ་པ་སྟེ། རྒྱུད་ལས་ཀྱང་། ངོ་བོ་མ་བཅོས་ཆོས་ཀྱི་སྐུ། །ཆོས་སྐུ་འགྱུར་བ་མེད་པར་གཅིག །སྐུ་དང་མཚན་མར་བཏགས་པ་ཀུན། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་སྐུ། ལས་དང་སྦྱོར་བ་སྣ་ཚོགས་ཀུན། །སྒྱུ་མ་ལྷུན་གྲུབ་སྤྲུལ་པས་འདུལ། །རོལ་པའི་ཕྱག་རྒྱར་སྣང་བའོ། །དེ་ལྟར་རྣམས་ཀྱིས་དཀྱིལ་འཁོར་ལྷ་ངོ་བསྟན་པ་དང་དོན་དམ་གནས་ལུགས་བཤད་པ་དག་སོང་བ་སྟེ། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་དབང་བསྐུར་བའི་སྔོན་འགྲོ་སོང་ནས། དངོས་གཞི་དབང་ལ་སྤྱོད་པ་ལ་བཞི། བུམ་དབང་ཕྱི་ལ་བསྐུར་བ། གསང་དབང་ནང་ལ་བསྐུར་བ། ཤེས་རབ་ཡེ་ཤེས་ཀྱི་དབང་གསང་བར་བསྐུར་བ། ཞོར་དུ་མཚན་དབང་དང་། བླ་མེད་དབང་སོགས་ཏེ། དང་པོ་བུམ་དབང་ལ། བུམ་པ། ཅོད་པན། རྡོ་རྗེ། དྲིལ་བུ། མིང་གི་དབང་སྟེེ་རིགས་པའི་དབང་ལྔ། ལྷ་ཚོགས་སྐུ་གསུང་ཐུགས་དབང་དང་དྲུག་སྟེ་དེ་རྣམས་ཞུ་བའི་ཡོན་དུ་མཎྜྻལ། དེ་ནས་ཁྱེད་རང་རྣམས་མོས་གུས་གདུང་བ་དང་བཅས་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས། ཧཱུྃ། ཁམས་གསུམ་དབང་དུ་སྡུད་པ་དང་། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །སྟོང་གསུམ་ཡུམ་དུ་བསྒྲུབ་པའི་ཕྱིར། །དུས་གསུམ་སངས་རྒྱས་དབང་བསྐུར་སྩོལ། འཇམ་དཔལ་གསང་བའི་དཀྱིལ་འཁོར་དུ། །བསྙེན་སྒྲུབ་ལས་ལ་སྦྱར་བ་དང་། །དཀྱིལ་འཁོར་ལས་མཐའ་བསྟན་པའི་ཕྱིར། །ཕྱི་ནང་གསང་བའི་དབང་བསྐུར་སྩོལ། །གཤེད་བཞི་སྦྱོར་བ་འཁོར་ལོ་དང་། །བན་དགྲ་གསོད་དང་བསྒྲལ་བ་དང་། །ཕྲིན་ལས་རྣམ་བཞི་སྒྲུབ་པའི་ཕྱིར། །མཐུ་རྩལ་དབང་བསྐུར་སྩལ་དུ་གསོལ། །ལན་གསུམ། དེས་གསོལ་བ་གདབ་པ་སོང་ནས། དང་པོ་མི་བསྐྱོད་པའི་དབང་ལ། ལས་ཀྱི་བུམ་པ་ཁྲོ་བོ་བདུད་རྩི་འཁྱིལ་པའི་རང་བཞིན་གྱིས་དབང་བསྐུར་བས་ཁྱེད་རང་རྣམས་ཀྱི་སྡིག་སྒྲིབ་མ་ལུས་པ་ཡོངས་སུ་དག་པའི་མོས་པ་གྱིས། ཧཱུྃ། རིན་ཆེན་དངུལ་གྱི་བུམ་པ་ནི། བྱང་ཆུབ་སེམས་ཀྱི་ཆུ་ཡིས་བཀང་། །བྱང་ཆུབ་ཆུ་ཡིས་ཁྲུས་བྱས་པས། ཉོན་མོངས་བག་ཆགས་བྱང་གྱུར་ཅིག །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཱཧཾ། དེ་ལྟར་ཁྲུས་བྱས་པས་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར་པའི་མོས་པ་གྱིས། དེས་ཕྱི་དྲི་མ་འཁྲུད་པར་བྱེད་པ་ལས་ཀྱི་བུམ་པའི་དབང་བསྐུར་བ་སོང་ནས། ཟིལ་གནོན་རཏྣ་ཧེ་རུ་ཀའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཟིལ་གནོན་རཏྣ་ཧེ་རུ་ཀ་གཡས་ཐོད་དབྱུག་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་མཱ་མ་ཀི་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ་དཔལ་ཆེན་པོའི་ཆས་བརྒྱད་ཀྱིས་བརྗིད་པ། གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་སྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བྃ་ཧོཿ །བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀ་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོའི་རྒྱལ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་མོས་པ་གྱིས། ཧཱུྃ། ངོ་བོ་མཉམ་ཉིད་ཡེ་ཤེས་ལས། རང་བཞིན་ཡོན་ཏན་ལྷ་རུ་གསལ། རྣམ་པ་བུམ་ཆུས་དབང་བསྐུར་བས། རིན་ཆེན་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་རཏྣ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་བུམ་པ་ཆུ་དང་བཅས་པའི་དབང་བསྐུར་བས་ང་རྒྱལ་རྣམ་པར་དག་ནས་རིན་པོ་ཆེའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག །དེས་ཡེ་ཤེས་ལྷ་ཚོགས་ཀྱི་བྱིན་རླབས་འཇུག་པར་བྱེད་པ་ཟིལ་གནོན་རཏྣ་ཧེ་རུ་ཀ་བུམ་ཆུས་དབང་བསྐུར་བ་སོང་ནས། ད་ནི་ཟིལ་གནོན་པདྨ་ཧེ་རུ་ཀ་དར་དཔྱངས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཟིལ་གནོན་པདྨ་ཧེ་རུ་ཀ་དམར་ནག་གཡས་པདྨ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་ན་བཟའ་དཀར་མོ་ཏྲི་ཤཱུ་ལྎ །གཤེགས་མ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་དར་དཔྱངས་ཀྱི་ཕུར་མ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོགས། ཧཱུྃ། ངོ་བོ་སོར་རྟོགས་ཡེ་ཤེས་ལས། །རང་བཞིན་གསུང་གི་ལྷ་རུ་གསལ། །རྣམ་པ་ཅོད་པན་དབང་བསྐུར་བས། །པདྨ་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་པདྨ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་ཅོད་པན་དར་དཔྱངས་དང་བཅས་པའི་དབང་བསྐུར་བས་འདོད་ཆགས་རྣམ་པར་དག་ནས་པདྨ་རིགས་ཀྱི་དབང་དང་ལྡན་ཏེ་སོ་སོར་རྟོགས་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །དེས་གསང་བ་ཡོན་ཏན་རྒྱས་པར་བྱེད་པ་ཟིལ་གནོན་པདྨ་ཧེ་རུ་ཀ་དར་དཔྱངས་ཀྱིས་དབང་བསྐུར་བ་སོང་ནས། ཟིལ་གནོན་ཀརྨ་ཧེ་རུ་ཀ་དྲིལ་བུས་དབང་བསྐུར་བ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཟིལ་གནོན་ཀརྨ་ཧེ་རུ་ཀ་ལྗང་ནག་གཡས་རལ་གྲི། གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་དམ་ཚིག་སྒྲོལ་མ་ཏྲི་ཤཱུྎ །གཤེགས་མ་རྣམས་ཀྱིས་དྲིལ་བུ་སྒྲ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོགས། ཧཱུྃ། ངོ་བོ་བྱ་གྲུབ་ཡེ་ཤེས་ལས། །རང་བཞིན་ཕྲིན་ལས་ལྷ་རུ་གསལ། །རྣམ་པ་དྲིལ་བུས་དབང་བསྐུར་བས། །ལས་ཀྱི་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་ཀརྨ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་དྲིལ་བུ་སྒྲ་དང་བཅས་པའི་དབང་བསྐུར་བས་ཕྲག་དོག་རྣམ་པར་དག་ནས་ལས་ཀྱི་དབང་དང་ལྡན་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །དེས་ཟིལ་གནོན་ཀརྨ་ཧེ་རུ་ཀ་དྲིལ་བུས་དབང་བསྐུར་བ་སོང་ནས། སླར་ཡང་ཟིལ་གནོན་བཛྭ་ཧེ་རུ་ཀ་རྡོ་རྗེའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཟིལ་གནོན་བཛྭ་ཧེ་རུ་ཀ་མཐིང་ནག་གཡས་རྡོ་རྗེ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་རྡོ་རྗེ་ཁྲོས་མ་ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ་ཏྲི་ཤཱུྎ །གཤེགས་མ་རྣམས་ཀྱིས་རྡོ་རྗེ་གསོར་བ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་སོགས། ཧཱུྃ། ངོ་བོ་མེ་ལོང་ཡེ་ཤེས་ལས། །རང་བཞིན་ཐུགས་ཀྱི་ལྷ་རུ་གསལ། །རྣམ་པ་རྡོ་རྗེའི་དབང་བསྐུར་བས། །རྡོ་རྗེ་རིགས་ཀྱི་དབང་ཐོབ་ཤོག །ཨོཾ་ཨེ་ཀ་ཡ་མ་བཛྭ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་རྡོ་རྗེ་གསོར་བ་དང་བཅས་པའི་དབང་བསྐུར་བས་ཞེ་སྡང་རྣམ་པར་དག་ནས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་གྱུར་ཅིག །དེས་ཟིལ་གནོན་བཛྭ་ཧེ་རུ་ཀ་རྡོ་རྗེས་དབང་བསྐུར་བ་སོང་ནས། ཟིལ་གནོན་བུདྡྷཱ་ཧེ་རུ་ཀ་མིང་གིས་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཟིལ་གནོན་བུདྡྷཱ་ཧེ་རུ་ཀ་སྨུག་ནག་གཡས་འཁོར་ལོ་གཡོན་ཐོད་ཁྲག་བསྣམས་པ། ཡུམ་ཁྲོས་མ་སངས་རྒྱས་སྤྱན་མ་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། དཔལ་ཆེན་པོའི་ཆས་ཀྱིས་བརྗིད་པ་གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་དེ་ལས་འོད་ཟེར་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བྃ་ཧོཿ བླ་མ་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་དབང་གི་ལྷ་རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་སྤྲོས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་མིང་འདི་ཞེས་བྱ་བར་འབོད་པ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀྲ་ཤིས་བརྗོད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོའི་རྒྱལ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་མོས་པ་གྱིས། ཧཱུྃ། ངོ་བོ་ཆོས་དབྱིངས་ཡེ་ཤེས་ལས། །རང་བཞིན་སྐུ་ཡི་ལྷ་རུ་གསལ། །རྣམ་པ་མིང་གི་དབང་བསྐུར་བས། །ཆོས་དབྱིངས་ཡེ་ཤེས་ཐོབ་པར་ཤོག །ཨོཾ་ཨེ་ཀ་ཡ་མ་བུདྡྷཱ་ཨ་བྷི་ཥིཉྩྨ་མཾ། རིགས་ཀྱི་བུ་ཁྱེད་རྣམས་ལ་མིང་འབོད་པ་དང་བཅས་པའི་དབང་བསྐུར་བས་གཏི་མུག་རྣམ་པར་དག་ནས་བདེ་བར་གཤེགས་པའི་རིགས་ཐམས་ཅད་ཀྱི་དབང་དང་ལྡན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་པར་གྱུར་ཅིག །དེ་ནི་ཟིལ་གནོན་བུདྡྷཱ་ཧེ་རུ་ཀ་མིང་གི་དབང་བསྐུར་བའོ། །རིགས་ཀྱི་བུ་ཁྱེད་རྣམས་ལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་སྒོ་ནས་ཧེ་རུ་ཀ་ལྔའི་དབང་བསྐུར་བས་ཉོན་མོངས་ལྔ་གནས་སུ་དག །རིག་པ་ཡེ་ཤེས་ལྔའི་དབང་ཐོབ་པས། ཕུང་པོ་ལྔ་ཁྲག་འཐུང་རིགས་ལྔར་གནས་འགྱུར་བའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །དེ་ལྟར་རྣམས་ཀྱིས་རིགས་པའི་དབང་ལྔ་བསྐུར་བ་སོང་ནས། དྲུག་པ་ནུས་པ་རྫོགས་པར་བྱེད་པ་ཡེ་ཤེས་ལྷའི་དབང་བསྐུར་བ་ལ་གསུམ་སྟེ། སྐུའི་ནུས་པ་རྫོགས་པར་བྱེད་པ་ཕྱག་རྒྱའི་དབང་དང་། གསུང་གི་ནུས་པ་སྐྱེད་པར་བྱེད་པ་སྔགས་ཀྱི་དབང་། ཐུགས་ཀྱི་ནུས་པ་སྟེར་བར་བྱེད་པ་ཕྱག་མཚན་གྱི་དབང་བསྐུར་བའོ། །དང་པོ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་གི་ཕུང་ཁམས་སྐྱེ་མཆེད་མི་དམིགས་པ་སྟོང་པའི་ངང་ལས་རྣམ་པར་ཤེས་པའི་ངོ་བོ་རྒྱུ་དང་རྐྱེན་མེད་པར་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་འཇམ་དཔལ་ཧེ་རུ་ཀ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི། ཁྲོ་བོའི་རྒྱལ་པོ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ། དུག་ཧ་ལ་ཧ་ལ་ལྟར་མཐིང་ནག །དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། ཡན་ལག་རགས་ཤིང་གསུས་པ་འཕྱང་བ། གཡས་ཞལ་དཀར་ལ་བཞད་པ། གཡོན་ཞལ་དམར་ལ་ཆགས་པ། དབུས་ཞལ་མཐིང་ལ་རྔམ་པ། མཆེ་བ་བཞི་བཞི་གཙིགས་ཤིང་ལྗགས་ལ་ཁྲག་གི་རྒྱ་མཚོ་འཁྲུག་པ། སྨ་ར་ཨག་ཚོམ་སྨིན་པ་སྐྲ་ཐམས་ཅད་ཁམ་སེར། སྤྱན་གསུམ་སྡང་མིག་ཏུ་གཟིར་ནས་བསྐལ་པ་འཇིག་པའི་མེ་སྤྲོ་བ། ཁྲོ་གཉེར་བཅིངས་པའི་ཤངས་ཀྱིས་བུ་ག་དྲུག་ནས་འཐོར་བྱེད་ཀྱི་རླུང་ནག་པོ་འཚུབས་པ། ཕྱག་དྲུག་གི་གཡས་པ་གསུམ་ན་འཁོར་ལོ་རྡོ་རྗེ་རལ་གྲི། གཡོན་པ་གསུམ་ན་བེ་ཅོན་གཏུན་ཤིང་སྡིགས་མཛུབ། ཐོད་པ་ལྔ་ཡི་ཅོད་པན། བདུད་དང་མུ་སྟེགས་དང་སྲིད་པ་གསུམ་གྱི་བདག་པོ་ཐམས་ཅད་བསྒྲལ་བའི་མགོ་བོ་ལྔ་བཅུ་རྩ་གཅིག་དང་སྙིང་སྦྲེལ་བའི་རྒྱུ་མའི་ག་ཤ། རུས་པའི་རྒྱན་དྲུག་དང་སྦྲུལ་ཆེན་བརྒྱད་ཀྱིས་བརྒྱན་པ། གླང་པོ་ཆེའི་ཀོ་བ་རློན་པ་སྟོད་དུ་གསོལ་ཞིང་། ཞིང་ཆེན་གྱིས་རྐེད་དཀྲིས་པ། ཁྲག་དང་བཅས་པའི་སྟག་ལྤགས་ཤམ་ཐབས་སུ་བྱས་པ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་སྣ་ལ་རཀྟའི་ཐིག་ལེ། བྲང་གི་འཛོམས་སུ་ཞག་གི་སོར་རིས་རྩེ་གསུམ་གྱི་དབྱིབས་སུ་བྲིས་ཤིང་། རྡོ་རྗེའི་མཚོན་ཆ་ངར་མའི་གཤོག་པ་བརྒྱངས་པ། ཡུམ་བེ་ཏ་ལི་མཐིང་ནག་སྙིང་དང་ཐོད་ཁྲག་འཛིན་པར་སྙོམ་པར་འཇུག་པ། གཡོན་བརྐྱང་ནས་འབར་བའི་ཕྲེང་བ་འཁྲུག་པའི་ཀློང་ན་བཞུགས་པར་གྱུར། འབྱུང་བའི་དྭངས་མ་བཞི་གཙོ་བོའི་ལྷ་བཞི། འབྱུང་བའི་སྙིགས་མ་བཞི་གྱད་གནོན་གྱི་ལྷ་བཞི། དུག་གསུམ་ལས་གཤིན་གསུམ། ཉོན་མོངས་པ་བཞི་གསང་བའི་གཤེད་བཞི། རྣམ་ཤེས་བཞི་མོན་པ་བདུད་བཞི། སེམས་བྱུང་གི་རྒྱུ་བ་ཞག་དང་ཟ་གཤེད། གནས་སྐབས་བཞིའི་ཐིག་ལེ་སྒོ་བ་བཞི་ལ་སོགས་པ་ལུས་གདོད་མ་ནས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་ཆེན་པོར་གྲུབ་པའི་ཕྱིར། ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པར་གྱིས་ཤིག །དེ་ནས་ཕོ་བྲང་ནང་ན་དཀྱིལ་འཁོར་ལྷ་ཚོགས་ཁྲ་ལམ་མེར་བཞུགས་པ་རྣམས་ལས་རང་འདྲ་བ་ཆད་དེ་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་དྲེགས་པ་སྐུའི་དབང་ཐོབ་པའི་མོས་པ་གྱིས་ཤིག །གཙོ་བོའི་ཙཀ་ལི་སོགས་རིམ་པས་མགོ་ཐོག་ཏུ་བཞག་སྟེ། ཧཱུྃ། ཆོས་ཀྱི་དབྱིངས་ནས་གོ་འབྱེད་གཟུགས་ཕུང་དགྲར། ནས། བདེ་གཤེགས་ཁྲོ་བོའི་ཚོགས་རྗེས་དབང་བསྐུར་རོ། །ཞེས་སོགས་དེ་བཞིན་ཕྲིན་ལས་བསྟོད་པའི་ཕྱག་འཚལ་ཚབ། །དབང་བསྐུར་རོ་ཞེས་སྦྱར་བས་བསྐུར། ཡུམ་དང་རྩ་དང་གྱད་ལས་གཤིན། །གཤེད་དང་མོན་བདུད་ཞག་དང་སྒོ། །ལྷག་མ་ཐམས་ཅད་གཅིག་ཏུ་བྱ། །རྒྱས་འདོད་རེ་རེས་བསྐུར་བ་ཡིན། དེ་ལྟར་ཡེ་ཤེས་ལྷ་རྣམས་ཀྱི་སྐུའི་དབང་བསྐུར་བ་སོང་ནས། སླར་ཡང་རྡོ་རྗེའི་ཕྱག་རྒྱས་དཔྲལ་བར་དྲི་ཡི་ཐིག་ལེ་བྱས་པས་དངོས་གྲུབ་དེ་ཉིད་བརྟན་པར་གྱུར་པའི་ཐུགས་མོས། སྐུ་རྡོ་རྗེའི་དངོས་གྲུབ་བརྟན་པར་བྱ་བའི་ཆེད་དུ་དཔྲལ་བར་དྲི་ཡི་ཐིག་ལེ་བྱ་བ་ཡིན་ཏེ། དཔྲལ་བར་རྡོ་རྗེས་དྲིའི་ཐིག་ལེ་བྱ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཨོཾ། སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོས་རྒྱས་བཏབ་པའི་མོས་པ་གྱིས། རིགས་ཀྱི་བུ་ཁྱོད་ཀྱིས་དྲེགས་པའི་སྐུའི་དབང་ཐོབ་པ་ཡིན་པས་དེང་ཕྱིན་ཆད་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དུར་ཁྲོད་ཀྱི་དཀྱིལ་འཁོར་གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཁྲག་འཐུང་ཆེན་པོའི་ལྷ་ཚོགས་སུ་ཤེས་པར་གྱིས་ཤིག །གསུང་གི་དབང་ནི། གཉིས་པ་ནི་ཡེ་ཤེས་ལྷའི་གསུང་གི་ནུས་པ་བསྐྱེད་པར་བྱེད་པ་སྔགས་ཀྱི་དབང་བསྐུར་བ་ལ། དང་པོ་ཛབ་བྲོ་བརྡུང་བ་སྟེ། དེ་ཡང་ཁྱེད་རང་རྣམས་སྔོན་ཆད་ཚེ་རབས་རྣམས་སུ་བསོད་ནམས་རྒྱ་ཆེན་པོ་བསགས་པས་དེའི་མཐུས་ད་ལྟ་གསང་སྔགས་བླ་མེད་ཉེ་ལམ་འདི་ལྟ་བུ་དང་མཇལ། འདིིའི་སྒོར་བཞུགས་པས་འབྲས་བུ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཆེན་པོ་ཡང་དཀའ་བ་མེད་པར་མྱུར་དུ་འགྲུབ་པར་འགྱུར་བ་འདི་ལྟ་བུ་ནི་ཤིན་ཏུ་སྐལ་པ་བཟང་སྟེ། དེ་ལྟར་གོ་བས་དགའ་སྤྲོའི་བྲོ་བརྡུང་གླུ་ལེན་བྱེད་པ་སྟེ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་མཐའ་ལ་བསྐོར་བཞིན་དུ་བརྗིད་པ་དཔའ་བོའི་བྲོ་ཆེན་དགྱེས་པ་དཔའ་མོའི་གླུ་དབྱངས་འདི་ལྟར་སྒྲོགས་པའི་མོས་པ་མཛོད། །སྔོན་ཆད་བསོད་ནམས་བསགས་པ་ཡིས། །བླ་མེད་ཐེག་མཆོག་འདི་དང་མཇལ། །བདེ་ཆེན་ངང་ནས་སྐུ་བཞེངས་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་ཡི། །སངས་རྒྱས་ཀུན་གྱི་སྙིང་པོ་མཆོག །འབྲུ་བརྒྱད་སྔགས་ཀྱི་བྲོ་ཆེན་བརྡུངས། །ཞེས་བསྐུལ་ཐམས་ཅད་བརྒྱན་པས་བཞེངས། །དཀྱིལ་འཁོར་མཐའ་ལ་བསྐོར་བཞིན་དུ། །བརྗིད་པ་དཔའ་བོའི་བྲོ་ཆེན་དང་། །དགྱེས་པ་དཔའ་མོའི་གླུ་དབྱངས་བསྟུན། །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ཧཱུྃ་ཕཊ། ཧཱུྃ། དང་པོའི་སངས་རྒྱས་ཡིན་པའི་ཕྱིར། །སྐྱེ་དང་འཆི་བ་བྱ་བ་མེད། །འཁོར་བ་ཡེ་ནས་སངས་རྒྱས་ཏེ། །ངན་སོང་གསུམ་པོ་ལྟ་བས་བསྒྲལ། །རྣམ་རྟོག་གདོད་ནས་ཆོས་སྐུ་ཡིན། །སྣང་སྲིད་མ་བཅོས་ཕྱག་རྒྱའི་ཞིང་། །ཐམས་ཅད་དྲེགས་པའི་ལྷ་ཚོགས་ལ། །འབྲུ་བརྒྱད་སྔགས་ཀྱི་མཆོད་པ་འབུལ། །ཐམས་ཅད་གྲགས་སྟོང་ཡེ་ཤེས་ཏེ། །གསུང་གི་དངོས་གྲུབ་ཆེན་པོ་སྩོལ། །འདི་ནི་ཡེ་ཤེས་ཆེན་པོའི་བྲོ། །འཁོར་འདས་གཉིས་སུ་མེད་པར་བརྡུང་། །ཕྱག་རྒྱ་ཟིལ་གནོན་མཆོག་གི་ལམ། །ལམ་འདི་ཀུན་གྱིས་ཐོབ་གྱུར་ཅིག །ཅེས་བརྗོད་དུས་སུ། དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་དྲགས་སྔགས་ཆར་བཞིན་དུ་བབས་པ་ཁྱེད་རང་རྣམས་ཀྱི་ངག་ལ་ཐིམ་པར་གྱུར་པའི་མོས་པ་མཛོད། དེ་ནས་ཁྱེད་རང་རྣམས་ཀྱི་སྙིང་གྱེན་དུ་ཁ་ཕྱོགས་པའི་སྙིང་ཚིལ་ཟླ་གདན། སྙིང་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཧཱུྃ་མཐིང་ནག །བླ་མའི་ཐུགས་ཀའི་ས་བོན་ལས་ཐུགས་ཀྱི་སྔགས་ཕྲེང་འོད་ཟེར་མགལ་མེ་འཁོར་བ་ལྟ་བུ་འཐོན། ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། །སྙིང་གའི་ཧཱུྃ་ཡིག་གི་མཐར་གཡས་བསྐོར་དུ་སྲམ་མེ་འདུག་པས་རྡོ་ཚན་ལ་སྣུམ་མི་ཆགས་པ་བཞིན་དུ་ཡིད་ཀྱི་སྒྲིབ་པ་སྦྱངས་བའི་ཐུགས་མོས་དང་བཅས་སྔགས་འདིའི་རྗེས་ཟློས་གྱིས། ེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་ཧཱུྃ་ཕཊ། ལན་གསུམ། ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་གསུང་གི་སྔགས་མེའི་ཚྭ་ཚྭ་ལྟ་བུ་འཕྲོས་པས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཞུགས། ངག་གི་སྒྲིབ་པ་དང་སྡིག་པ་ཐམས་ཅད་དག་པའི་མོས་པས་འདིའི་རྗེས་ཟློས་གྱིས། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ། ཅེས་གསུང་གི་སྔགས་ནི་ལན་གསུམ་བྱིན། སྐུའི་བུ་ག་ཐམས་ཅད་ནས་སྐུའི་སྔགས་འཇའ་ཚོན་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་བུ་ག་ཐམས་ཅད་ནས་ཞུགས། ལུས་ཀྱི་སྒྲིབ་པ་དང་སྡིག་པ་ཐམས་ཅད་དག་པའི་མོས་པས་འདིའི་རྗེས་ཟློས་གྱིས། ཨོཾ་ཨེ་ཀ་ཡ་མ་ཧེ་དུན་རཀྵ་དུན་དུན་ཛ་ཡ་ཧཱུྃ་ཕཊ། །ཅེས་པ་སྐུའི་སྔགས་ནི་ལན་གསུམ་བྱིན། དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང་སློབ་དཔོན་གྱི་གནས་ཐམས་ཅད་ནས། སྔགས་ཕྲེང་ལ་ལ་དཀར་པོ་ཞི་བར་བྱེད་པའི་ནུས་པ་ཅན་མགལ་མེ་འཁོར་བ་ལྟ་བུ། ལ་ལ་སེར་པོ་སྒྲོའི་ཆུན་པོ་ལྟ་བུ་རྒྱས་པར་བྱེད་པའི་ནུས་པ་ཅན། ལ་ལ་དམར་པོ་ལྕགས་སྒྲོག་འཁྱིལ་བ་ལྟ་བུ་དབང་དུ་བྱེད་པའི་ནུས་པ་ཅན། ལ་ལ་ནག་པོ་མེའི་ཚྭ་ཚྭ་ལྟ་བུ་དྲག་པོ་དགྲ་བགེགས་སྒྲོལ་བར་བྱེད་པའི་ནུས་པ་ཅན་སྤྲིན་ལས་ཆར་པ་བཞིན་དུ་ཐོན་པ་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་རོ་གཅིག་ཏུ་གྱུར་པས། དྲག་སྔགས་ཀྱི་དབང་ཐོབ་པའི་མོས་པ་གྱིས། དེས་ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་གསུང་གི་དབང་བསྐུར་བ་སོང་ནས་སླར་ཡང་གསུང་རྡོ་རྗེའི་དངོས་གྲུབ་བརྟན་པར་བྱ་བའི་ཆེད་དུ་མགྲིན་པར་དྲིའི་ཐིག་ལེ་བྱས་པས་དངོས་གྲུབ་བརྟན་པར་གྱུར་པའི་མོས་པ་མཛོད། དེ་ནས་རྡོ་རྗེས་མགྲིན་པར་ཐིག །ན་མཿསརྦ་ཏ་ཐཱ་ག་ཏ་ཝཱཀྐ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཨཱཿ མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པ་ལ་ཨཱཿདམར་པོས་རྒྱས་བཏབ་པས། རིགས་ཀྱི་བུ་ཁྱོད་ཀྱིས་དྲག་པོ་སྔགས་ཀྱི་དབང་ཐོབ་པ་ཡིན་པས་ངག་གི་བརྗོད་པ་ཐམས་ཅད་སྔགས་ཀྱི་སྒྲར་ཤེས་པར་གྱིས་ཤིག །གསུམ་པ་ཐུགས་ཀྱི་ནུས་པ་སྟེར་བར་བྱེད་པ་ལ་ཕྱག་མཚན་གྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་ཟུག །ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་དང་མཚན་མའི་རྣམ་པར་ཆར་བཞིན་བབ་པ་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ་པའི་མོས་པ་གྱིས། སློབ་མའི་ལག་གཡས་ཕྱག་མཚན་གཏད། ཧཱུྃ། འཁོར་བ་སྒྲོལ་བྱེད་འཁོར་ལོ་དང་། །ཉོན་མོངས་གཅོད་བྱེ་རལ་གྲི་དང་། །ཆོས་ཉིད་མཚོན་པའི་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཙཀྲ་ཁཱུ་བཛྭ་ཡཱ་ཧོཿ གཡོན་པར་གཏད་ཅིང་འདི་སྐད་དུ། ཧཱུྃ། བེ་ཅོན་དུག་ལྔ་ཡེ་ཤེས་སྒྲོལ། །གཏུན་ཤིང་དགྲ་བགེགས་འདུལ་བར་བྱེད། །སྡིག་མཛུབ་བག་ཆགས་བསྡིགས་པ་སྟེ། །རིག་པའི་དབང་མཆོག་ཐོབ་པར་ཤོག །ཨེ་ཀ་ཡ་མ་བྷི་ས་ཧཱུྃ་ཏི་ར་ཧོཿ སླར་ཡང་ཐུགས་རྡོ་རྗེའི་བྱིན་རླབས་བརྟན་པར་བྱ་བའི་ཆེད་དུ་སྙིང་གར་དྲིའི་ཐིག་ལེ་བྱས་པས་དངོས་གྲུབ་བརྟན་པར་གྱུར་པའི་མོས་པ་མཛོད། ཧཱུྃ་ཏི་ར་ཧོཿ །སྙིང་གར་རྡོ་རྗེས་དྲི་ཐིག་བྱ། ན་མཿསརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྭ་སིདྡྷི་ཨ་བྷི་ཥིཉྩྨ་ཧཱུྃ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོས་རྒྱས་བཏབ་པས། རིགས་ཀྱི་བུ་ཁྱོད་ཀྱིས་དྲེགས་པ་ཐུགས་ཀྱི་དབང་ཐོབ་པ་ཡིན་པས་ཡིད་ཀྱི་རྒྱུ་བ་ཐམས་ཅད་ཆོས་ཉིད་ལ་ཆོས་ཉིད་རོལ་བ་ཡིན་པར་ཤེས་པར་གྱིས་ཤིག །དཀྱིལ་འཁོར་རྡུལ་ཚོན་ནམ་ཚོམ་བུ། དེ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཁྱེད་རང་རྣམས་ཀྱི་ལུས་ལ་བུམ་པའི་ཆོས་དྲུག་གི་དབང་བསྐུར་བས་བུམ་པའི་དབང་ཐོབ། བྱེད་པ་ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་བསྒོམ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ། སྐུའི་ཕྲིན་ལས་ཀྱི་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དེ་ལྟར་རྣམས་ཀྱིས་བུམ་དབང་མཐའ་བརྟེན་དང་བཅས་པ་སོང་ནས། ད་ནི་དབང་གཉིས་པ་གསང་དབང་ལ་དངོས་གཞི་བྱང་སེམས་ཀྱིས་དབང་བསྐུར་བ། ཞོར་དུ་རཀྟ་གཏོར་མ་རྒྱན་ཆས་རྣམས་དང་ཚེ་དབང་ཚོགས་ཀྱི་དབང་བསྐུར་བ་སྟེ་དྲུག་ཡོད་པ་དེ་རྣམས་སྔར་མ་ཐོབ་པ་མཚོན་པའི་ཕྱིར། ཨོཾ་ཨཱཿཧཱུྃ། ཞེས་པས་མིག་དར་བཅིངས། གསང་དབང་ཞུ་བའི་ཡོན་ཏན་མཎྜྻལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། འགྱུར་མེད་བདེ་ཆེན་ཕོ་བྲང་ནས། དྲེགས་པའི་ལྷ་ཚོགས་དགོངས་སུ་གསོལ། །དམ་ཚིག་དཀའ་ཐུབ་སྡོམ་པའི་མཆོག །གསང་བའི་སྒྲོན་མ་བདག་ལ་སྩོལ། །དེ་ལྟར་གྱི་གསོལ་བ་གདབ་པ་སོང་ནས། བྱང་སེམས་གྱི་དབང་ལ་དམིགས་པ་འདི་བཞིན་དུ་གྱིས བླ་མ་ཡབ་ཡུམ་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་ཚེ་བདག་ཡབ་ཡུམ་དུ་གསལ་བའི་གསང་བ་དང་མཁའ་ཧཱུྃ་དང་སྲཱིཿལས་སྐྱེས་པའི་རྡོ་རྗེ་དང་པདྨ་ནོར་བུ་དང་ཟེའུ་འབྲུར་ཨོཾ་ཨཱཿས་བྱིན་གྱིས་བརླབས་པ་འདུས་བྱས་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ། སྐུའི་ཆ་ཐམས་ཅད་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་འཁོར་ལོ་བཞིའི་ལྟེ་བར་བབས། དགའ་བཞིའི་ཡེ་ཤེས་མངོན་དུ་མཛད། རྡོ་རྗེ་ནོར་བུའི་རྩེ་མོ་ནས་ཡུམ་གྱི་རྩ་ཀཱ་ཀ་མུ་ཁའི་སྒོར་དཀར་དམར་རོ་གཅིག་ཏུ་འདྲེས་པར་གྱུར། རིག་པའི་སྟོབས་ལྡན་སྦྱོར་བའི་མཐུས། །འཁྲུལ་པའི་བག་ཆགས་སྤྲིན་གཏོར་ནས། །ཡེ་ཤེས་ནམ་མཁའ་གསལ་བྱེད་པ། །གཉིས་མེད་བརཏལ་ཞུགས་ཆེན་པོ་ལོངས། ཨེ་ཀ་ཡ་མ་པྲ་ཏཱིཙྪ་ཧོཿ བླ་མས་དེ་བརྗོད་སླར་གཟུངས་མས། འདི་སྟེ་ཁྲག་འཐུང་ཡབ་ཡུམ་གྱི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་ལྡན་པའི་རོ་རྟོགས་བྱེད། །བདེ་བ་དམ་པ་མྱོང་བར་གྱིས། །བདུད་རྩི་སྦྱིན། སྐྱེ་གནས་བྱང་སེམས་གནང་བ་སྟེ། །ཨ་ཧོཿམ་ཧཱ་སུ་ཁཾ། ཞེས་བརྗོད་དེ་ལྕེ་ཡིས་མྱང་། མིག་དར་དཀྲོལ། རྟོགས་ཅན་ཤ་ལྔ་བདུད་རྩི་ལྔས། །མགྲིན་པའི་འཁོར་ལོ་གཙོ་བོར་གྱུར་པའི་རྩ་ཐམས་ཅད་ཁྱབ། སྐྱེ་གནས་མཐོང་བས་ལྷག་པར་བསྐུལ་པའི་བདེ་བ་སྒྱུ་མའི་སྣང་བ་སྣ་ཚོགས་སུ་གསལ་བ་སོ་སོ་རང་རིག་པའི་ངོ་བོ་ཉིད་དུ་བྱེད་པར་གྱུར། དེ་ལྟར་བྱང་སེམས་ཀྱི་དབང་བསྐུར་བ་སོང་ནས། གཉིས་པ་དང་གསུམ་པ་རཀྟ་དང་གཏོར་མས་དབང་བསྐུར་བ་ཡིན་ཏེ། དེ་དག་ལག་ཏུ་གཏད་པས་ཁྱེད་རང་རྣམས་ཀྱིས་མཆོད་པའི་ཚོགས་ཀྱི་ཡན་ལག་ཐམས་ཅད་ལ་དབང་ཐོབ་པའི་མོས་པ་གྱིས། ཧཱུྃ། དྭངས་མ་སྙིང་ཁྲག་བསྒྲལ་བ་ཤོ་ནའི་ཁྲག །སོགས། ཨེ་ཀ་ཡ་མ་གུ་་རཀྟ་བོ་དྷི་ཙིཏྟ་ཨ་བྷི་ཥིཙྪ་ཧོཿ རཀྟ་དང་། ཧཱུྃ། ཕྱི་སྣོད་འཇིག་རྟེན་ཁམས་ཀྱི་སྣོད་ཆེན་པོར། །སོགས། ཨེ་ཀ་ཡ་མ་བ་ལིང་ཛྙྱཱ་ན་པཱུ་ཛ་ཨ་བྷི་ཥིཉྩྨ་ཧོ། །གཏོར་མར་བཅས་མཆོད་པའི་ཚིག དབང་བསྐུར་འདོན་པ་བསྒྱུར་ལ་བསྐུར། །དེས་རཀྟ་དང་གཏོར་མའི་དབང་བསྐུར་བ་སོང་ནས། བཞི་པ་རྒྱན་ཆས་ཀྱིས་དབང་བསྐུར་བ་ལ། ཁྱེད་རང་རྣམས་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དུ་གསལ་བ་ལ་ཆས་དང་རྒྱན་རྣམས་རིམ་པ་བཞིན་བཏགས་པའི་དང་པོ་ཐོད་ཕྲེང་མགོ་ལ་བཀོན་པའི་མོས་པ་གྱིས། ཧཱུྃ། ཐོད་པ་ཚར་གསུམ་ཕྲེང་བ་འདི། །དུག་གསུམ་སྐུ་གསུམ་དུ་བསྒྲལ་ནས། །འདས་དང་མ་འོངས་ད་ལྟར་གྱི། །རྒྱལ་བ་ཀུན་གྱི་དབང་ཐོབ་ཤོག །མགོ་རློན་དོ་ཤལ་ཁྱེད་རང་རྣམས་ལ་སྦྱིན་པའི་མོས་པ་གྱིས། ཧཱུྃ། ཁྲག་འཛག་མགོ་བོའི་ག་ཤལ་འདིས། །སེམས་བྱུང་ཡེ་ཤེས་སུ་བསྒྲལ་བས། །ཁམས་གསུམ་དབང་དུ་སྡུད་པ་དང་། །སྲིད་གསུམ་ཟིལ་གྱིས་གནོན་གྱུར་ཅིག །ཐལ་ཆེན་ཚོམ་བུ་དཔྲལ་བར་བཏབ་པའི་མོས་པ་གྱིས། ཧཱུྃ། ཐལ་ཆེན་ཚོམ་བུ་འདི་བཏབ་པས། །ཐུགས་རྗེ་མཐའ་རུ་ཕྱིན་པའི་དབང་། །སྐྱེ་འགྲོ་མ་ལུས་དབུགས་ཕྱུང་ནས། །སྨིན་གྲོལ་བྱེད་པའི་དབང་ཐོབ་ཤོག །མཁུར་འཛུམ་སྣ་རྩེར་ཁྲག་ཆེན་བསྐུ་བའི་མོས་པ་གྱིས། ཧཱུྃ། རཀྟའི་ཐིག་ལེ་འདི་བཏབ་པས། །ཐུགས་རྗེའི་ཆགས་པའི་དབང་ཉིད་དེ། །རྟག་ཏུ་མྱ་ངན་མི་འདའ་བར། །འགྲོ་དོན་བྱེད་པའི་དབང་ཐོབ་ཤོག །ཞག་ཆེན་གྱི་ཟོ་རིས་བཏབ་པའི་མོས་པ་མཛོད། འདྲ་བ་གཉིས་འདུག །སྙིང་གར་རྩེ་གསུམ་ཞག་གིས་བྲིས་པ་བཞག་པའི་མོས་པ་གྱིས། ཧཱུྃ། ཞག་ཆེན་ཟོ་རིས་འདི་བཏབ་པས། །དམ་རྫས་བཅུད་ཀྱི་དབང་མཆོག་སྟེ། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །སྐྱེ་འཆི་མེད་པའི་དབང་ཐོབ་ཤོག །སྦྲུལ་ཆུན་སྐེད་ལ་བཅིངས་ཕྱིར་སྦྱིན་པའི་མོས་པ་གྱིས། ཧཱུྃ། སྦྲུལ་ནག་ཆུན་པོའི་སྐེ་རགས་འདིས། །ཞེ་སྡང་རྩད་ནས་གཅོད་པའི་དབང་། །ན་རཀ་དམྱལ་བ་བསྒྲལ་བའི་ཕྱིར། །ཞེ་སྡང་དག་པའི་དབང་ཐོབ་ཤོག །གླང་ཆེན་ཀོ་རློན་སྟོད་གཡོགས་སུ་བགྱིས་པའི་མོས་པ་གྱིས། ཧཱུྃ། གླང་ཆེན་ཀོ་རློན་ཆེན་པོ་འདི། །ཐེག་པ་ཆེན་པོ་ཐོབ་པའི་དབང་། །མ་ལུས་དེ་ལ་གནས་པའི་ཕྱིར། །ཐེག་ཆེན་ཆོས་ཀྱི་དབང་ཐོབ་ཤོག །ཞིང་ལྤགས་གཡང་གཞི་སྐེད་པར་དཀྲི་བའི་མོས་པ་གྱིས། ཧཱུྃ། ཞིང་གི་གཡང་གཞི་ཆེན་པོ་འདི། །གཏི་མུག་རྩད་ནས་གཅོད་པའི་དབང་། །ཏིར་ཡ་ཀ་ནི་བསྒྲལ་བའི་ཕྱིར། །གཏི་མུག་དག་པའི་དབང་ཐོབ་ཤོག །སྟག་གི་ཤམས་ཐབས་སྨད་ལ་དཀྲིས་པའི་མོས་པ་གྱིས། ཧཱུྃ། སྟག་ལྤགས་ཤམ་ཐབས་ཆེན་པོ་འདི །ཕྲིན་ལས་རྣམ་བཞི་རྫོགས་པའི་དབང་། །ཞི་རྒྱས་དབང་དྲག་ལས་བྱའི་ཕྱིར། །ཐབས་ཀྱི་དོན་བྱེད་དབང་ཐོབ་ཤོག །རུས་པའི་རྒྱན་གྱིས་བརྒྱན་པའི་མོས་པ་གྱིས། ཧཱུྃ། རུས་པའི་རྒྱན་དྲུག་ཆེན་པོ་འདི། །འདོད་ཆགས་རྩད་ནས་གཅོད་པའི་དབང་། །པྲེ་ཏ་ཀ་ནི་བསྒྲལ་བའི་ཕྱིར། །འདོད་ཆགས་དག་པའི་དབང་ཐོབ་ཤོག །དེ་ལྟར་རྣམ་ཀྱིས་ཆས་ཀྱི་དབང་བསྐུར་བ་སོང་ནས། ལྔ་པ་ཚེའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ཀྱི་སྙིང་གྲུ་གསུམ་པའི་ནང་དུ་ཉི་མ་འོག་དང་སྟེང་དུ་ཟླ་བ་ཁ་སྦྱོར་བའི་གྭའུའི་ནང་དུ་ཚེའི་གཟུངས་ནྲི་དེའི་གི་གུ། ན། ར་ཏ་གསུམ་ལས་འོད་དཀར་དམར་མཐིང་ག་འཕྲོས། སྲིད་པ་གསུམ་གྱི་ཚེ་སྲོག་ཐམས་ཅད་བསྡུས་ནས་དེ་ལ་ཐིམ། འོད་ཀྱི་ཐིག་ལེ་གཅིག་ཏུ་གྱུར་པའི་མོས་པ་གྱིས། ཧཱུྃ། བཀྲ་ཤིས་བརྟན་པའི་གའུ་རུ། །མི་འགྱུར་བརྟན་པའི་ཚེ་བསྐྱིལ་ནས། །རང་རྟགས་ཚེ་ཡི་དབང་བསྐུར་བས། །འཆི་མེད་ཚེ་ཡི་དབང་ཐོབ་ཤོག །ེ་ེ་ེ་ཡ་མ་ནྲྀ་བྷྲཱུྃ་བཛྭ་ཨཱ་ཡུ་ཥེ་ཧཱུྃ་ཛཿ ཚེ་ཡི་ལྷ་མོ་བདུད་རྩིར་ཞུ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཞུགས། འཆི་མེད་ཚེ་ཡི་བདུད་རྩིའི་ལུས་དཀར་མེར་གྱིས་གང་བའི་མོས་པ་གྱིས། དེས་ཚེ་ཡི་དབང་བསྐུར་བ་སོང་ནས། དེ་ནས་ཚོགས་ཀྱི་དབང་བསྐུར་བ་ལ་ཚོགས་རྫས་གཏད་པས་ཚོགས་ཀྱི་ལས་ལ་དབང་བའི་མོས་པ་གྱིས། ཧཱུྃ། འཆི་མེད་བདུད་རྩི་རཱ་ས་ན། །བཀྲ་ཤིས་མཚན་ལྡན་ལྷག་པའི་རྫས། །འཕེལ་འགྲིབ་མེད་པའི་དབང་བསྐུར་བས། །རིགས་ལྔ་ཡེ་ཤེས་དབང་ཐོབ་ཤོག །འཆི་བ་མེད་པ་ཞལ་ཟས་ཀྱི་དབང་བསྐུར་བས་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ལྟར་དབང་བསྐུར་བ་རྣམས་ནི་དཀྱིལ་འཁོར་སློབ་དཔོན་གྱི་ལུས། བསྐུར་ཡུལ་ཁྱེད་རྣམས་ཀྱི་ངག་ལ། བྱང་ཆུབ་སེམས་ལ་སོགས་པ་དྲུག་གི་དབང་བསྐུར་བས་གསང་བའི་དབང་ཐོབ། བྱེད་པ་ངག་གི་སྒྲིབ་པ་དག །ལམ་ཁྱེར་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། །འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་སྟེ་གསུང་གི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དེས་དབང་གཉིས་པ་གསང་དབང་སོང་ནས་དབང་གསུམ་པ་ཤེས་རབ་ཡེ་ཤེས་ལ་གསོལ་བ་འདེབས་པ། སྤྲོ་བ་འདྲི་བ་གཉིས། དེའི་ལན་གདབ་པ། ཐིག་ལེ་བྱ་བ། དྲི་ལན་གདབ་པ། ཕྱག་རྒྱ་གཏད་པ། ཡེ་ཤེས་དབབས་པ། སློབ་མ་སྟོང་ཉིད་དུ་སྦྱངས་པ། ལྷར་བསྐྱེད་པ། སྙོམ་པར་འཇུག་པ། དེའི་དོན་བཤད་པ་སྟེ་བཅུ་གཉིས་ཡོད་པ་དེ་རྣམས་ཞུ་བའི་ཡོན་དུ་མཎྜྻལ། གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་གྱིས། །བྷ་ག་གསང་བའི་དཀྱིལ་འཁོར་ནས། །མཉམ་པའི་རྒྱལ་པོ་དགོངས་སུ་གསོལ། དམ་ཚིག་ཚངས་སྤྱོད་སྡོམ་པའི་མཆོག །ཡེ་ཤེས་རོལ་པ་བདག་ལ་སྩོལ། །དེས་དང་པོ་གསོལ་འདེབས་སོང་ནས། ཤེར་དབང་སྔར་མ་ཐོབ་པ་མཚོན་པའི་ཕྱིར། ཨོཾ་ཨཱཿཧཱུྃ། ཞེས་མིག་དར་བཅིངས། དེ་ནས་དང་པོ་གཟུངས་མ་ལ་སྤྲོ་བ་དྲི་བ་ནི། བྷ་ག་གསང་བའི་དཀྱིལ་འཁོར་གྱི། །ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷས། །རིགས་ཀྱི་བརཏལ་ཞུགས་སྦྱིན་བྱེད་པ། །གཟུངས་མ་ཡིད་འོང་སྤྲོ་བར་གྱིས། །ཞེས་དྲིས་པར་སྤྲོ་ཞེས་ཁས་བླངས་པའི་མོས་པ་གྱིས། དེ་ནས་ཁྱེད་རང་རྣམས་ལ་སྤྲོ་བ་དྲི་བ་ནི། འདི་འདྲའི་དཀྱིལ་འཁོར་བླ་ན་མེད། །ཡང་དག་གསང་བའི་ལམ་མཆོག་སྟེ། །བུ་ཁྱོད་སྐལ་པ་རབ་ཏུ་གྱུར། །འདི་དང་མཇལ་ལ་དགའ་བ་སྐྱེད། །དེའི་ལན་དུ་གྱུར་པ་འདིའི་རྗེས་ཟློས་གྱིས། བདག་ཅག་ཤིན་ཏུ་སྤྲོ་བ་ལགས། །དཔའ་བོ་ཆེན་པོ་བཀའ་དྲིན་ཆེ། །དེ་ལྟར་རྣམས་ཀྱིས་སྤྲོ་བ་དྲི་བ་གཉིས་ལན་བཅས་སོང་ནས། ཐིག་ལེ་འགོད་པ་ནི། ལས་མཁན་གྱིས་གསུང་ཀྱང་ད་ལམ་བདག་གིས་བྱ་སྟེ་གནས་ལྔར་བྱིན་གྱིས་བརླབས་པའི་མོས་པ་གྱིས། ཅེས་སློབ་མའི་གནས་ལྔར་ཐིག་ལེ་བཀོད། དེས་ཐིག་ལེ་བཀོད་པ་སོང་ནས ཚིག་འདི་ལྟར་དྲི་སྟེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །བྷ་གའི་གནས་ལ་ལོངས་སྤྱོད་དང་། །གཟུངས་མ་མཚན་ལྡན་རྟག་ཏུ་བསྟེན། །འདོད་ཡོན་ལྔ་ལ་བདེ་བར་རོལ། །གཙང་དམེ་ངོ་ཚའི་རྟོག་པ་སྤོངས། །དེ་ལྟར་ནུས་ན་བརཏལ་ཞུགས་སྦྱིན། །དེའི་ལན་དུ་གྱུར་པ་འདིའི་རྗེས་ཟློས་གྱིས། །དཔའ་བོ་ཆེན་པོས་བཀའ་སྩལ་ལྟར། །བདག་ནི་དེ་ལྟར་རྗེས་སུ་འཇུག །དེས་དམ་ཚིག་དྲིས་ལན་སོང་ནས། མིག་དར་དབྱེ། དངོས་གཞི་ཁྱེད་རང་རྣམས་ཀྱི་ལག་གཡོན་དུ་རིག་མ་གཏད་དེ། གཅེར་བུ་བྷ་ག་རྒྱས་པར་བསྟན་པའི་མོས་པ་གྱིས། དུས་གསུམ་སངས་རྒྱས་བྱོན་པའི་གནས། །བདེ་བ་ཀུན་གྱི་འབྱུང་གནས་ཆེ། །གཉིས་མེད་ཆོ་གས་སྙོམས་ཞུགས་ནས། །སངས་རྒྱས་ཐམས་ཅད་མཉེས་པར་བྱོས། །དེས་གཏད་པ་སོང་ནས་ཡེ་ཤེས་དབབས་པ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་འོད་དཔག་མེད་དང་དེའི་མདུན་གྱི་ནམ་མཁར་ཉི་མའི་དཀྱིལ་འཁོར་དང་བཅས་པར་གསལ་བ་ལས། ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་འོད་ཀྱིས་དམར་ལམ་ལམ་གྱུར་པའི་མོས་པ་གྱིས། ཁྱེད་རང་རྣམས་མེ་ལོང་ལ་ཧས་བཏབ་པ་ལྟར་འོད་དཔག་མེད་དུ་གསལ་བའི་སྐུ་དེ་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ་སྟོང་པ་ཉིད་དུ་ཡལ་བར་མོས། དེས་སྦྱངས་བ་སོང་ནས་ལྷ་བསྐྱེད་སྙོམས་འཇུག་ལ་དམིགས་པ་འདི་བཞིན་དུ་སྒོམ་ཅིག །ཁྱེད་རང་རྣམས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་སྐུ། གཟུངས་མ་རྡོ་རྗེ་ཁྲོས་མ་རྗེས་ཆགས་ཀྱི་སྦྱོར་བས་བསྐུལ་བའི་ནང་གི་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་འདྲེས་པའི་རྒྱུན་གྱིས་ལུས་ཐམས་ཅད་གང་ཞིང་དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱས་པས་ཡུམ་གྱི་བྷ་གའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་མཆོད་དེ་ཐབས་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོར་མཉེས་ནས་བྱང་ཆུབ་ཀྱི་སེམས་ཐིག་ལེར་ཞུ་བ་དུང་ཅན་གྱི་ནང་ནས་གྱེན་དུ་གཤེགས་པས་རིམ་གྱིས་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོར་རང་ཤར་ཆོས་ཀྱི་དབྱིངས་བདེ་སྟོང་ལྷན་སྐྱེས་ཀྱི་ལྷའི་རོལ་མོར་སད་པའི་མོས་པ་གྱིས། དེས་ལྷར་བསྐྱེད་པ་དང་སྙོམས་པར་འཇུག་པ་སོང་ནས། རྗེས་དེའི་དོན་བཤད་པ་ནི། འདི་ནི་གསང་བའི་ཐེག་མཆོག་སྟེ། །ཡེ་ཤེས་བླ་ན་མེད་པའི་དོན། །རང་བྱུང་ཡེ་ཤེས་འདི་ལས་ཐོབ། །འདི་ལས་མཆོག་ཏུ་གཞན་མེད་དོ། །སྦྱོར་དུ་བཅུག་ན་དེ་བརྗོད་དོ། །དཀྱིལ་འཁོར་ཤེས་རབ་མའི་བྷ་ག །ཁྱེད་རང་རྣམས་ཀྱི་ཡིད་ལ་སྙོམས་པར་འཇུག་པའི་ཡེ་ཤེས་ཀྱིས་དབང་བསྐུར་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བྱེད་པ་ཡིད་ཀྱི་སྒྲིབ་པ་དག །ལམ་ཁྱེར་ཕོ་ཉ་སྒོམ་པ་ལ་དབང་། །འབྲས་བུ་ཆོས་ཀྱི་སྐུ་ཐོབ་སྟེ་ཐུགས་ཀྱི་ཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །དེས་གསུམ་པ་ཤེར་དབང་སོང་ནས། དབང་བཞི་པ་ཚིག་དབང་ནི། མི་རྟོག་པ་མཚོན་བྱེད་དུ་བམ་གྱི་དབང་བསྐུར་བ་སྟེ། དེ་ལའང་རྗེས་གནང་གསོལ་གདབ། བསྐྱེད་བསྐུར་རྒྱས་གདབ། བསྒྲལ་བ་དངོས་གྲུབ་བླང་བ། ངོ་སྤྲོད་གཟེངས་བསྟོད་དབུགས་དབྱུང་བ་རྣམས་ལས། དང་པོ་རྗེས་གནང་ནི། བདག་ཉིད་ཀྱི། ཧི་ཧི་ཞེས་པའི་བཞད་སྒྲ་ཡིས། །སྟེང་འོག་ཕྱོགས་མཚམས་ཅི་སྣང་བ། །ཐམས་ཅད་དཔའ་བོ་དཔའ་མོའི་ཚོགས། །མ་ལུས་ཀུན་གྱི་ནང་ན་ཡང་། །བླ་མེད་ཟིལ་གནོན་རྔམ་པའི་སྐུ། །གཉིས་མེད་རོལ་པའི་ཆ་ལུགས་ཀྱི། །བདེ་ཆེན་ལྷག་པའི་ང་རོ་འབྱུང་། །མཉམ་པའི་བརཏལ་ཞུགས་སྦྱིན་པར་བྱའོ། །དེས་རྗེས་སུ་གནང་བ་སོང་ནས། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ན་མོ། ཆེ་བའི་ནང་ནས་ཆེ་བའི་མཆོག །ཕྱག་བཙལ་ཕྱག་རྒྱ་ཟིལ་གནོན་ལའོ། །མཉམ་ཉིད་བརཏལ་ཞུགས་ཆེན་པོ་ཡིས། །བམ་ཆེན་རྟོགས་མེད་བདེ་ཆེན་གང་། །ད་ལྟ་ཉིད་དུ་ཅི་ནུས་ཕོབསྦྲེལ། །ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས། འདི་འདྲའི་ཐེག་ཆེན་བླ་ན་མེད། །བརཏལ་ཞུགས་ད་ལྟ་ཉིད་དུ་ཐོབ། དེས་རྨད་བྱུང་བཤད་ནས། དེས་སྤྲོ་བའི་སེམས་ཀྱིས་གསོལ་བ་གདབ་པ་སོང་ནས། ཁྱེད་རང་རྣམས་ལྷར་བསྐྱེད་ཅིང་དབང་བསྐུར་བ་གཉིས་ལ་རིམ་པ་བཞིན་དམིགས་པ་འདི་ལྟར་གྱིས། ཧཱུྃ་མུྃ། རིགས་ཀྱི་བུ་ཁྱེད་རང་རྣམས་འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ནས་གསར་སྒྲིགས་བམ་སྙིང་ལྟར་གྱི་དཀྱིལ་འཁོར་ཆེན་པོར་གསལ་བར་གྱུར་པའི་དཀྱིལ་འཁོར་མངོན་རྟོགས་དོན་བསྡུས། དཀྱིལ་འཁོར་གྱི་ལྷར་སྐད་ཅིག་གིས་གསལ་བའི་དམ་ཚིག་སེམས་དཔའ་ལ། བམ་ཆེན་སྙིང་གའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་ཀྱི་ཡེ་ཤེས་སེམས་དཔའ་ཐམས་ཅད་ཆིལ་ཆིལ་ཐིམ་པས་གཉིས་མེད་བདེ་བ་ཆེན་པོའི་ངོ་བོ་གཅིག་ཏུ་གྱུར་པས་ཡེ་ཤེས་བླ་ན་མེད་པའི་དབང་ཐོབ་པའི་མོས་པ་གྱིས། རོལ་སྒྲ་སྤོད་ངད་ཅི་ལི་ལི། །ེ་རིང་། ཛཿཧཱུྃ་བྃ་ཧོཿ བཏགས་པ་ལན་གསུམ་བཟླས། དེས་བམ་ཡེ་ཤེས་ཀྱི་དབང་བསྐུར་བ་སོང་ནས་སླར་ཡང་དེ་རྒྱས་བཏབ་པའི་ཕྱིར་རྡོ་རྗེའི་ཕྱག་རྒྱའི་རྩེ་མོས་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་པས་བརྟན་པར་གྱུར་པའི་མོས་པ་མཛོད། ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྭ་སྭ་བྷཱ་ཝ་ཨཏྨ་ཀཱོཧཾ། ཝཱཀྐ་ཙིཏྟ་སྔགས་སྔར་བཞིན་བརྗོད། དེས་རྒྱས་བཏབ་པ་སོང་ནས་བསྒྲལ་བར་བྱ་བའི་ཕྱིར་རལ་གྲི་གཏད་པས་འདིས་བམ་དུམ་བུར་གཏུབ་ཅིག །ཧཱུྃ། གཤེད་ཆེན་མཐུ་སྟོབས་ཡོངས་རྫོགས་ལས། །དཔག་མེད་ཕྲིན་ལས་མཐར་ཕྱིན་ཞིང་། །སྟོང་གསུམ་སྲིད་པ་ཟིལ་མནན་ནས། །སྣང་སྲིད་སྐུར་སྒྲོལ་དབང་བསྐུར་རོ། །ཨེ་ཀ་ཧེ་དུན་ཡ་མ་ཀྲོ་དྷ་ཨ་བྷི་ཥིཉྩྨ་ཧཱུྃ། དེ་ནས་དངོས་གྲུབ་ལེན་པའི་རིམ་པ་ལ་དང་པོ་བམ་རོ་དུམ་བུར་བཏུབ་ཅིང་སྤུང་པའི་ཁར་བདུད་རྩིའི་ཀ་པཱ་ལ་བཞག་པ་བྱིན་གྱིས་རླབས་པ་བཞིན་བསྒོམ་པར་གྱིས། །ཧཱུྃ། ཐོད་དབུས་རིགས་ལྔ་སྙོམས་ཞུགས་བདུད་རྩི་ཞུ། །ནས། ཧཱུྃ་སྲཱིཿཋ། བར་བདུད་རྩི་བཞིན་དུ་བྱིན་གྱིས་བརླབས། དེ་ནས་དེ་ཐམས་ཅད་བདུད་རྩིའི་རང་བཞིན་དུ་སྐྱ་མེར་གྱིས་ཞུ་བ་ལ་ལོངས་སྤྱོད་པའི་མོས་པ་མཛོད། ཨ་ཧོ། འདི་ནི་ངོ་མཚར་རྨད་ཀྱི་ཐབས། །འཆི་མེད་རང་བྱུང་བདུད་རྩིའི་གཏེར། །ལོངས་སྤྱོད་དག་པས་དབང་བསྐུར་བས། །ཐམས་ཅད་རྫོགས་པའི་དབང་ཐོབ་ཤོག །བདུད་རྩི་སྦྱིན། དེ་ནས། བམ་ཆེན་མཾ་སས་དབང་བསྐུར་བ་ནི། ཧཱུྃ། མཉམ་པ་ཉིད་ཀྱི་བརཏལ་ཞུགས་ཀྱིས། ནས། བདེ་ཆེན་མཉམ་ཉིད་ཐོབ་པར་ཤོག །ཨེ་ཀ་ཡ་མ་ཨ་དྷི་པ་ཏི་ཏི་ར་ཧོཿ གཙང་རྨེའི་རྟོག་པ་མེད་པར་མཉམ་ཉིད་ཆེན་པོའི་ངང་དུ་རོལ་པས་ལུས་ཐམས་ཅད་ཟག་པ་མེད་པའི་བདུད་རྩིས་སྐྱ་མེར་གྱིས་གང་བས་བདེ་ཆེན་ལྷུན་གྱིས་གྲུབ་པའི་མཆོག་གི་སྐལ་པ་ཅན་དུ་གྱུར་པའོ། །བམ་རོ་དུམ་བུ་བྱིན། ཞེས་བརྗོད་ཆང་དང་ཤ་ལ་རོལ། །དེས་དངོས་གྲུབ་ལེན་པ་སོང་ནས་སླར་དེའི་དོན་ངོ་སྤྲད་པ་ནི་འདི་ལྟ་སྟེ། རང་སེམས་མ་བཅོས་པའི་ངང་ལ་བཞག་པས་ཆོས་ཉིད་སྐྱེ་བ་མེད་པ་ཀུན་བཟང་བདེ་ཆེན་ཡངས་པའི་ཀློང་ན་འཁོར་འདས་འདམ་ཀ་མེད་པ་མཉམ་ཉིད་ཆེན་པོར་ཁྱབ་གདལ་བ་ཆོས་ཀྱི་སྐུ་ད་ལྟ་རང་གི་རིག་པ་འདི་ཁོ་ན་དབང་བཞི་པ་ཡིན་ནོ། །འདིར་དཀྱིལ་འཁོར་རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཁྱབ་གདལ་ཆེན་པོ་དེ་ཡང་བམ་གྱི་རྣམ་པར་མཚོན་ཏེ། བམ་ལ་རྟོག་པ་སྐད་ཅིག་ཀྱང་མེད་པ་བཞིན། སྐྱེ་མཆེད་ཐམས་ཅད་བཀྲ་ལམ་མེར་སྣང་བ་ནི་དཀྱིལ་འཁོར་གྱི་རང་བཞིན། དོན་རྣམ་པར་མི་རྟོག་པས་ཆོས་ཉིད་ཡིན་པས་སོ། ཁྱེད་རང་རྣམས་ཀྱི་ཀུན་གཞིའི་རྣམ་ཤེས་ལ་རྣམ་པར་མི་རྟོག་པའི་རྫས་ཀྱི་དབང་བསྐུར་བས་དབང་བཞི་པ་ཡང་དག་ཆོས་ཉིད་མི་རྟོག་པའི་ཡེ་ཤེས་སུ་ཐོབ། བྱེད་པ་ཤེས་སྒྲིབ་དག་ལམ་ཁྱེར་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་རྡོ་རྗེའི་སྐུ་ཐོབ། ཕྲིན་ལས་ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་མཛད་པ་སྟེ། རིགས་ཀྱི་བུ་ཁྱེད་རྣམས་དེ་ལྟ་བུའི་དོན་དང་ལྡན་པས་རྒྱུད་ཡོངས་སུ་སྨིན་པ་ཡིན་ནོ། །དེས་གཟེངས་བསྟོད་སོང་ནས་གཉིས་པ་དབུགས་དབྱུང་བ་ནི། དེ་ལྟར་དབང་བཞི་ཐོབ་ནས་དམ་ཚིག་མ་ཉམས་པར་ལམ་བསྙེན་བསྒྲུབ་རྣམ་པ་བཞིའི་སྒོ་ནས་བསྒྲུབ་ན་བརྩོན་འགྲུས་ཅན་ཚེ་གཅིག་གིས་འཚང་རྒྱ་བས། དམན་པ་ཉན་རང་ལྟར་བསྐལ་པ་གྲངས་དུ་མར་དཀའ་བ་སྤྱད་མི་དགོས་ཏེ་ལམ་མཆོག་ཆེན་པོའི་སྐལ་པས་དགེ་བ་ཡིན་ནོ། །དབུག་དབྱུངས་བ་སོང་ནས། རྗེས་ཀྱི་བྱ་བ་རྡོ་རྗེ་སློབ་དཔོན་ཆེན་པོར་དབང་བསྐུར་བ་ལ། མཐུས་དབང་བསྐུར་བ་དང་། ཐུན་གྱིས་དབང་བསྐུར་བ་དང་། ཟོར་གྱིས་དབང་བསྐུར་བ་སྟེ་བཞི་ཡི་དང་པོ་སློབ་དཔོན་དུ་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་གྱིས། ཁྱེད་རང་རྣམས་ལྷར་གསལ་བའི་འོག་ཏུ་སེངྒེའི་ཁྲི། སྟེང་དུ་གདུགས། རྐང་པར་འཁོར་ལོ། ཁར་དུང་། ལག་པར་རྒྱུད་ཀྱི་གླེག་བམ་རྣམས་གཏད་པའི་མོས་པ་གྱིས། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ། །ཁྱེད་ཀྱི་དབང་རྣམས་རྫོགས་པར་ཐོབ། ད་ནི་ཁྱེད་ཀྱིས་སློབ་དཔོན་གྱིས། སློབ་མ་སྨིན་ཅིང་གྲོལ་བར་མཛོད། དེས་སློབ་དཔོན་དུ་དབང་བསྐུར་བ་སོང་ནས། གཉིས་པ་མངོན་སྤྱོད་ཀྱི་མཐུ་ཡི་དབང་ནི། གཞུང་ལས། བྲུབ་ཁུང་ཐོད་ནང་ལིངྒ་བཅུག །ཕུར་བུས་བཏབ་ཅིང་མཚོན་གྱིས་གཏུབ། །ཞེས་གསུངས་པ་ལྟར་ལ་དམིགས་པ་འདི་བཞིན་དུ་མཛོད། བྲུབ་ཁུང་ཡངས་ཤིང་སོགས། ད་ལམ་རྒྱས་པར་བྱ་སྟེ། དེར་དབང་ཕྱིར། དང་པོ་ཁྱེད་རང་རྣམས་ལ་བསྒྲལ་ཆས་གཏད་པས། དྲག་པོ་མངོན་སྤྱོད་ཀྱི་ལས་ཐམས་ཅད་ལ་དབང་བའི་མོས་པ་གྱིས། ཧཱུྃ། གདུག་པ་ཅན་གྱི་དགྲ་བགེགས་ལ། །སྙིང་རྗེས་མ་རུངས་སེམས་ཅན་ནི། །ཕྲིན་ལས་དྲག་པོས་བསྒྲལ་བའི་ཕྱིར། །མངོན་སྤྱོད་མཐུ་ཡི་དབང་བསྐུར་རོ། །བསྒྲལ་ཆས་གཏད། དགྲ་བོ་མཱ་ར་ཡ་ཨ་བྷི་ཥིཉྩྨ་མཾ། བསྒྲལ་ལས་བྱ། དེ་རྣམས་ཀྱིས་དྲག་པོ་མངོན་སྤྱོད་ཀྱི་དབང་བསྐུར་བ་སོང་ནས། གསུམ་པ་ཐུན་གྱི་དབང་བསྐུར་བ་ལ་ཁྱེད་རང་རྣམས་ཀྱི་ལག་པ་གཡས་སུ་ཐུན་དང་གཡོན་དུ་ཕྲེང་བ་གཏད་པ་ནི། ཧཱུྃ། དྲག་པོ་སྔགས་ཀྱི་དབང་ཐོབ་ནས། དགྲ་བགེགས་གདུག་པ་འཇོམས་པའི་ཕྱིར། །གཟི་བྱིན་བསྐྱེད་པའི་ཐུན་དང་ནི། །བགྲང་ཕྲེང་རཀྵའི་དབང་བསྐུར་རོ། །ཨེ་ཀ་ཧེ་དུན་ཏྲག་རཀྵ་ཡ་མ་རཱ་ཙ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡཀྵེ་ཡ་ཙ་ནི་ར་མ་ཡ་དགྲ་བོ་ེ་མྱགས་ཡ་རྔུབས་མུག་ཤག་ཀ་དུན་བྷྱོ་ཎི་ཧུར་ཐུཾ་ཛ་མཱ་ར་ཡ་རྦད་ཨ་བྷི་ཥིཉྩྨ་མཾ། ཅེས་གཏད། དེས་ཐུན་གྱི་དབང་བསྐུར་བ་སོང་ནས། ཟོར་གྱིས་དབང་བསྐུར་བ་ལ་ཟོར་རྫས་རྣམས་ལག་ཏུ་གཏད་པས་འཕེན་པའི་ལས་རབ་འབྱམས་ལ་དབང་ཐོབ་པའི་མོས་པ་གྱིས། ཧཱུྃ། ཐབས་ཤེས་ནུས་པ་མཐར་ཕྱིན་ནས། །བྱད་མ་རྡུལ་དུ་བརླག་པ་ལ། །ང་རྒྱལ་ཆེན་པོས་འཕེན་བྱེད་པའི། །ཟོར་རྫས་རྣམས་ཀྱི་དབང་ཐོབ་ཤོག །ཨེ་ཀ་ཧེ་དུན་བྷྱོ་བཟློག །ཡ་མ་རཱ་ཙ་བྷྱོ་བཟློག །མ་མོ་ཨེ་ཀ་ཛ་ཊི་བྷྱོ་བཟློག མཱ་ར་ཡ་བཟློག །མ་མོ་ཨེ་ཀ་ཙ་ཏི་ཐུན་བྷྱོ་བཟློག །ཕུ་ས་ན་ག་གཏད་ཁྲོཾ་བྷྱོ་བཟློག་ཕྱུང་ཕྱུང་། ཤིག་ཤིག །ཁྲོལ་ཁྲོལ། མཱ་ར་ཡ་ཧྶཾ་བྷ་ཡ་ལཾ་ནན། ཨ་བྷི་ཥིཉྩྨ་མཾ། དེས་ཟོར་དབང་བསྐུར་བ་སྟེ། དེ་ལྟར་རྣམས་ཀྱིས་རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པར་ཐོབ་ཀྱིས་དེང་ཕྱིན་ཆད་བསྐྱེད་རྫོགས་བསྙེན་བསྒྲུབ་ལེགས་པར་གྱིས་ལ་འདིའི་སྒོ་ནས་དབང་དང་བྱིན་རླབས་འཆད་ཉན་དང་གདུག་པ་ཅན་ལ་དྲག་པོའི་ཕྲིན་ལས་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛོད་ཅིག །ཞེས་བརྗོད་སློབ་མས་འདི་སྐད་ཞུ། དེ་ལྟར་གདམས་པ་རྣམས་ཁས་ལེན་པ་འདི་ཡི་རྗེས་ཟློས་མཛོད། དཔའ་བོ་ཆེན་པོའི་བཀའ་བཞིན་དུ། །སེམས་ཅན་དོན་ལ་བརྩོན་པར་བགྱི། །བླ་མའི་སྐུ་ཆུ་ལྷ་ཚོགས་དེར། །ཉ་ལྡང་འདྲ་བསམ་ཡོན་ཕུལ་ལ། །ཚོགས་ལ་རོལ་ཞིང་ལས་ཀྱི་རྗེས། །སྐབས་དང་བསྟུན་ཏེ་བསྡུ་བར་བྱ། །སྒྲུབ་རྫོགས་རྫས་ཀྱི་དངོས་གྲུབ་བླང་། །ལུས་བསྲུང་རྡུལ་ཚོན་ཆུ་བོར་དྲངས། །ཞེས་གསུངས་པའི་རིམ་པ་རྣམས་ནི་སྒྲུབ་པ་ཆེན་པོའི་སྤྱིའི་འགྲོས་བཞིན་བྱའོ། །དེ་ལྟར་སྙིང་གཟེར་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ཉིད་ལས་ཆོས་ཐམས་ཅད་ཅི་དགར་སྤྱོད་པའི་ལུང་ཐོབ་པ་ཀུན་མཁྱེན་པདྨ་དཀར་པོས། རྒྱུད་དང་མན་ངག །གནུབ་སངས་རྒྱས་ཡེ་ཤེས་ལ་སོགས་པའི་ལུང་འཐོར་བ་གཅིག་ཏུ་བསྡུས་ནས་སྐལ་ལྡན་འཇུག་པ་བདེ་བར་བགྱིས་པ་འདི་ཡང་ཅུང་ཟད་བསྡུས་དྲག་པར་མཚམས་སྦྱོར་རྣམས་གསལ་དུ་བཀྲལ་བ་ཞིག་དགོས་ཞེས་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་བསྐུལ་ངོར། ངག་དབང་ཀུན་དགའ་བསྟན་འཛིན་གྱིས་དམར་མཆན་བཏབ་དང་གཞན་དུ་ཞལ་འཕེན་གནང་བ་རྣམས་ཇི་ལྟ་བར་དཀྱུས་སུ། ཡི་གེ་ཁྲིགས་སུ་སྡེབས་པ་བསྐུལ་པ་པོ་ཉིད་དང་མཆོད་དཔོན་བིདྱཱ་དྷ་ཀཱརྻ་གཉིས་ཀྱིས་མ་ནོར་བར་བསྒྲིག་པ་ཡི་གེར་བཏབ་པའི་དགེ་བས་ཀུན་ཀྱང་འཇམ་པའི་རྡོ་རྗེའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །བཀྲ་ཤིས་ཞལ་གྲོ། དགེའོ།


previousའཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན་པའི་ཚེ་བདག་ནག་པོའི་དབང་ཆོག་སྙིང་གཟེར་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་མཚམས་སྦྱོར་རིན་ཆེན་འབར་བའི་པྲོག་ཞུ།next