Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
འཇམ་དཔལ་ཚེ་བདག་ནག་པོའི་སྒྲུབ་དབང་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་གསལ་བྱེད་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཚེ་བདག་ནག་པོའི་སྒྲུབ་དབང་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་གསལ་བྱེད་ཟིན་བྲིས།next

འཇམ་དཔལ་ཚེ་བདག་ནག་པོའི་སྒྲུབ་དབང་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་གསལ་བྱེད་ཟིན་བྲིས།

འཇམ་དཔལ་ཚེ་བདག་ནག་པོའི་སྒྲུབ་དབང་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་གསལ་བྱེད་ཟིན་བྲིས་བཞུགས་སོ། །བླ་མ་དང་འཇམ་དཔལ་ཚེ་བདག་ནག་པོའི་ཞབས་ལ་ཕྱག་འཚལ་ལོ། །འདིར་ཚེ་བདག་སྒྲུབ་དབང་ཆེན་མོར་གྲགས་པ་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་སྟེང་ནས་ཇི་ལྟར་བསྐུར་བའི་དབང་དངོས་ཀྱི་གསལ་བྱེད་ཟིན་བྲིས་རྗེའི་གསུང་བཞིན་བྲི་བ་ལ། དང་པོ་སློབ་མ་སྟ་གོན་སྐབས་མཚམས་བཅད་བཞི་པོ་བྱེད་དགོས། བསྡུས་པར་ན་བཛྭ་རཀྵས་ཀྱང་རུང་། གང་ལྟར་མཚམས་བཅད་ཀྱི་ས་ཁུལ་མ་སྟོང་ཙམ་ངེས་པར་དགོས། བསྒོ་བ་ལ་གསོལ་གདབ་ལན་གཅིག་གིས་ཆོག ཁྲུས་ཆུ་ཡང་ཁང་པའི་འགགས་ཕྱི་ནས་གཏོང་སྡོམ་གྱི་ཚིགས་བཅད་སྐབས། ཁྲུས་བསྐྲད་གསོལ་དྲང་ཕྱག་བྱ་གསོལ། །ཞེས་པ་ལ་དཔེ་ཆ་མ་དག་རྒྱུན་འབྱམས་པས་ཕྱག་རྒྱ་ཞེས་བྲིས་པ་ནི་ནོར་བ་སྟེ། ཕྱག་བྱ་བའི་དོན་ཡིན། དེ་ཡང་ལས་རྡོར་གྱི་འགགས་ནས་ཆབ་བཏང་བསྒོ་བས་སྒོ་ཕྱེས་སློབ་དཔོན་གྱི་དྲུང་དུ་སླེབ་ཞོར་ནས་སློབ་མས་ཕྱག་འཚལ་བ་གཞིར་བཅས་པའི་ཕྱིར་དེ་ལ་དགོངས་ཀྱི་འདོན་ཆ་སོགས་དང་དམིགས་པ་ནི་གང་ཡང་མི་དགོས། མཎྜྻལ་འབུལ་མཚམས་མི་གསལ་ཡང་། ཧོ བསྟན་པའི་སྒྲོན་མེ་བཅོམ་ལྡན་འདས། །ཞེས་པའི་གསོལ་བཏབ་ཀྱི་མགོ་དེར་སྟ་དངོས་གཉིས་ཀ་ལ་ཡིན། གསོལ་གདབ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སོགས་ཀྱི་ཐུན་མོང་སེམས་བསྐྱེད་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་དང་། རང་བྱིན་རླབས་པའི་སོགས་ནས། བོ་དྷི་ཙིཏྟ་ཨ་དྲ་ཨུ་པ་ད་ཡ་མི་བར་གྱིས་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་སྡོམ་པ་བཟུང་བ། རྣམ་རྟོག་ཡེ་ཤེས་ལྔར་གྱུར་པ་སོགས་ཀྱིས་རིགས་ལྔའི་སྡོམ་བཟུང་བྱ་བ་ཡིན་གྱི། གསང་བ་མཆོག་གི་དཀྱིལ་འཁོར་ཆེར། །རིགས་ལྔའི་སྡོམ་པ་འདི་ཡིས་བླངས། །སོགས་བྲིས་པ་ནི། ཀུན་མཁྱེན་ཆེན་པོ་དང་རང་གི་བླ་མ་གཉིས་ཀའི་དགོངས་པ་མ་ལོན་བཞིན་དུ་ཚིག་བཅོས་ནས་བྲིས་པའི་སློབ་མ་རྣམས་ཀྱི་རྨོངས་བློའོ། །ཡིག་བརྒྱ་དཔོན་སློབ་ཆབས་ཅིག་ཏུ་གསུམ་ལྔ་བདུན་སོགས་གང་རུང་བརྗོད། བཛྭ་དང་བཛྭ་ས་ཏྭ་གར་ཡོད་ལ་ཡ་མནྟ་ཀ་བཅུག་ལ་བཟླའོ། །སོ་ཤིང་དོར་བའི་ཚོམ་བུ་འབྲུའི་ཚོམ་བུ་ལྔ་ཆུང་ཆུང་རང་མིན་པ་ཞིག་བཀོད་པ་ལ། ཚོམས་བུ་ལྔ་པོ་འདི་ཉིད་རྒྱལ་བ་རིགས་ལྔའི་རང་བཞིན་དུ་ཤེས་པས་དེ་ལ་དངོས་གྲུབ་ཀྱི་པྲ་བརྟག་པའི་ཕྱིར་སོ་ཤིང་དོར་བ་ཞུ་སོགས་ལྟ་བུའི་ཚིག་གང་འོས་བློ་ནས་སྤྲོས་ཏེ་བརྗོད་པ་མ་གཏོགས་རིགས་ལྔའི་མངོན་རྟགས་སྐུ་མདོག་དང་ཞལ་ཕྱག་ལྟ་བུའི་དམིགས་པ་བྱེད་མི་དགོས། མཆོད་བསྟོད་དང་དམ་ཡེ་བསྲེ་བ་དམ་ཡེ་དབྱེར་མེད་ཀྱི་ངོ་བོར་མོས་པ་སོགས་ཀྱང་མི་དགོས། སློབ་མས་འདོར་ཚུལ་ལག་གཡས་གཡོན་གྱི་མཛུབ་མོ་རྣམས་དང་མཐེ་བོང་མཐོ་འཇལ་སྟབས་སུ་བརྐྱང་བ་ཁ་སྦྱོར་དུ་བྱས་པའི་མཐེ་བོང་དང་གུང་མོ་གཉིས་ཀྱི་བར་དུ་སོ་ཤིང་བཟུང་ནས། །རྩ་བ་སོ་ལ་དྲུད་པ་དང་། རྩེ་མོ་སོས་འཆའ་ཚུལ་བྱེད་པ་སོགས་བཤད་ཚོད་གང་ཡིན་དང་བསྟུན་པས་འདོར་བའོ། །དེ་ཡང་སོ་ཤིང་། ཁྱོར་ཆུ། ཀུ་ཤ སྲུང་སྐུད་ཐམས་ཅད་ལ་བྱིན་རླབས་ཀྱི་སྔགས་བསྒྲགས་རྒྱུ་རེ་དང་། ལས་ཆུས་བསངས་བ་རེ་ངེས་པར་ཡོད་པ་སྐུ་ཞབས་རྗེ་དབོན་གྱི་ཟིན་བྲིས་ལ་དེ་ཀུན་དབང་སྒྲུབ་སྐབས་ནས་བྱ་བར་གསུངས་ཀྱང་། སོ་སོའི་དུས་དེར་བྱིན་རླབས་བྱས་ནས་སྤྲོད་པ་རྡོ་རྗེ་སློབ་དཔོན་རྣམས་ཀྱི་ཕྱག་བཞེས་ལ་ཡོད་པ་ལྟར་ལེགས་པས། དེ་ལྟར་ན་འདིར་ཡང་ལས་ཆུས་བསངས། ཨོཾ་ཨཱཿཧཱུྃ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་བདུན་ཕྲག་ཙམ་བླ་མས་བསྒྲང་། དེས་རིགས་འགྲེས་ཏེ་ཁྱོར་ཆུ་བསངས། ཨོཾ་སྲཱིཿབི་ཤུདྡྷ་སོགས་ཚར་བདུན་བགྲང་། ཀུ་ཤ་བསངས། ཨོཾ་ནི་མེད། བཛྭ་ཏིཀྵ་ཎ་བཾ་ཚར་བདུན་བགྲང་། སྲུང་སྐུད་བསངས། ཨེ་མྱགས་ལ་ཧཱུྃ་ཕཊ྄་བཏགས་པ་ཉེར་གཅིག་བསྒྲང་། འདི་ལ་མདུད་པ་གསུམ་བྱས་ཕུ་ཡང་རྒྱག་དགོས་ཞེས་གོང་མ་ཚོར་མི་དགོས། དེ་ཐམས་ཅད་སོ་སོ་ལ་འདུན་པ་གཏོད་ནས་སྔགས་བསྒྲང་བ་ཙམ་ལས་དམིགས་པས་དབྱིབས་རྣམས་སུ་བསྒོམ་རྒྱུ་ནི་ཅང་མེད། དཔུང་པར་བཅིངས་ཟིན་ནས་མདུད་མཚམས་སུ་མཛུབ་རྩེའམ་ལས་བུམ་ཁ་རྒྱན་གྱི་རྩ་བས་དྲི་ཐིག་དང་། རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་རྣམས་བྱ། སྟ་གོན་གི་མཇུག་ཏུ་གཏང་རག་མཎྜྻལ་བྱེད་པ་དང་མི་བྱེད་པའི་ལུགས་གཉིས་ཡོད་པར་གཉིས་ཀར་ཕྱག་བཞེས་ཀྱི་ཁྱད་པར་རེ་ནི་ཡིན་ཀྱང་། མི་བྱེད་པ་ཉིད་ལེགས་པ་ཡིན་གསུངས། གཉིས་པ་དངོས་གཞི་ལ། ཁྲུས་བསྐྲད་གསོལ་གྲངས་ཕྱག་བྱ་གསོལ། །སྤྲོ་བསྐྱེད་ཉན་གདམས་སེམས་གཉིས་སྡོམས། །སྟ་གོན་ཇི་བཞིན་འདིར་ཡང་ངོ་། །ཞེས་གསུངས་པས་གཟིམ་ཆུང་འགགས་ནས་བསྒོ་བ་ལ་གསོལ་གདབ་དྲི་ལན་དངོས་སུ་འགྲུབ་ན་དང་། དེ་མིན་ཀྱང་། དེ་དག་མོས་པས་བྱར་གཞུག་སྟེ་ཇི་ལྟར་བལྟམས་པའི་ཁྲུས་ནས། བྱང་ཆུབ་སེམས་གཉིས་ཀྱི་སྡོམ་བཟུང་། གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་དང་སོགས་ལན་གསུམ་པའི་མཐའ། ཨ་དྲ་ཨུ་པ་ད་ཡ་མི་བར་སྟ་གོན་ཇི་ལྟ་བ་བཞིན་དུ་གཏོང་། དང་པོའི་མནྜལ་ཡང་། ཧོ བསྟན་པའི་སྒྲོན་མེའི་མགོར་འབུལ་ཞིང་། དེ་ལ་བླ་མ་དང་འཇམ་དཔལ་ཟིལ་གནོན་ཆེན་པོ་དབྱེར་མ་མཆིས་པའི་དྲུང་དུ་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་དབང་བཞི་རྫོགས་པར་ཞུ་བའི་ཡོན་དུ་འབུལ་བར་བགྱི་ཞེས་འདོན། མིག་དར་འཆིང་རྒྱུ་ཐམས་ཅད་ལ་དཔོན་སློབ་གཉིས་ཀའམ། ཡང་ན་བླ་མས་ཨོཾ་ཨཱཿཧཱུྃ་ཞེས་ངེས་པར་བརྗོད་དགོས། མནྜལ་གཉིས་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ་ཞེས་འདོན། སྟ་དངོས་གཉིས་ཀ་ལ་འདྲ་སྟེ་ལག་གི་རྡོ་རྗེ་ལ་འཆང་ནས་ནང་དུ་འཇུག་པའི་མོས་པ་བྱ་རྒྱུ་ཡོད་ཚད་ལ། སློབ་དཔོན་ཕྱག་གི་རྡོ་རྗེར་སློབ་མས་ལག་པ་རེག་ཙམ་བྱེད་དུ་འཇུག་དགོས། རྗེས་ཟློས་དགོས་རིགས་གྲངས་ཀ་དམིགས་བསལ་མེད་པ་ཚོར་གསོལ་གདབ་གལ་ཆེ་སྙམ་པ་འདུག་ན་ཚར་གསུམ་རེ་དང་། དྲི་བ་དྲི་ལན་ལྟ་བུ་གནད་ཆུང་རིགས་ལ་ཚར་རེས་ཆོག་པ་བབས་བལྟས་ཏེ་རིག་པས་དཔྱོད། སློབ་མའི་དྲིས་ལན། བརཏལ་ཞུགས་ཆེན་པོ་བླ་ན་མེད་པ། མཐར་ལམ་ཕྱིན་པ་སྤྱོད་པར་འཚལ། ཞེས་པ་དག་དགོངས་གསོལ་ལ། སློབ་དཔོན་གྱིས་ནི་དཀྱིལ་འཁོར་ལྷར། །ཞེས་གསུངས་རྒྱུ་ཡིན་འདུག་པས། དགོངས་གསོལ་དངོས་ལྷ་དང་སོགས་ཚིག་རྐང་གསུམ་ལས་མ་བྱུང་། སྒོ་དབྱེ་བའི་ཕྱག་རྒྱ་སོར་མོ་ཀུན་བསྣོལ་ནས་དེ་འགྲོལ་བ་དང་སྦྲགས་དབྱེ་ཚུལ་བྱེད་པ་དང་། སྲིན་ལག་མཐེའུ་ཆུང་གཉིས་བཀུག་པའི་རྩེ་མོའི་ཕྱི་ངོས་ནས་མཐེ་བོང་བཀུག་པས་མནན། མཛུབ་མོ་དང་གུང་མོ་གཉིས་བརྐྱང་བས་དབྱེ་ཚུལ་བྱེད་པ་གཉིས་ཀ་སྒོ་དབྱེ་བའི་ཕྱག་རྒྱ་ཡིན་པ་གང་བྱས་ཀྱང་མི་འགལ། ཕྱག་བྱ་བ་ནི་ཕྱོགས་བཞི་ཆར་ལ་འདྲ་སྟེ། མཉམ་ཉིད་དག་པའི་ཚུལ་སོགས། ཚིགས་རྐང་གཅིག་ཁོ་ན་ལན་བཞིར་ལྡབ་པས་སོ། །སྐབས་འདིའི་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ། ཡབ་ཡུམ་རྩ་བའི་ལྷ་བཞི་ནས། འཁོར་དང་བཅས་པ་ཞལ་མངོན་སུམ་དུ་ཁྲ་སྲམ་མེར་བཞུགས་པ་སོགས་གསུངས་པ་དང་། གཤམ་གྱི་ལྷ་ངོ་སྟོན་པ་གཉིས་ཟློས་པ་ལྟར་བྱུང་ཞིང་། དགོངས་གསོལ་སྒོ་དབྱེ་ཕྱག་ལྷ་བསྟན། །ཞེས་ལྷ་སྟོན་པའི་བརྡ་ཆད་ཀྱང་སྦྱར་བར་མཛད་མོད་ཀྱི། དོན་དུ་འདིར་ནི་ཁང་པ་འདིའི་ནང་དུ་མི་འདི་དང་འདི་ཞེས་བྱ་བ་རྣམས་ཡོད་དོ། །ཞེས་མིང་ཙམ་སྟོན་པ་དང་། འོག་ཏུ་མི་འདི་ནི་འདི་ཡིན། འདི་ནི་འདི་ཞེས་བྱ་བ་ཞིག་གོ །ཞེས་མཛུབ་མོ་བཙུགས་ཏེ་ངོ་སྤྲོད་པ་ལྟ་བུ་ཡིན་པས་དེ་ལ་ནི་ངེས་དོན་གྱི་དག་སྦྱོར་དང་བཅས་ཏེ་སྟོན་པ་ཡིན། དེའི་ཕྱིར་མིག་དབྱེ་གསོལ་དབྱེ་ལྷ་ངོ་སྤྲད། །ཞེས་ངོ་སྤྲད་པའི་ཐ་སྙད་མཛད་པའི་ཁྱད་པར་རོ། །སློབ་མའི་རྒྱུད་བྱིན་གྱིས་རླབས་པ། མཛོད་སྤུའི་དབུས་ནས་འོད་ཟེར་དཀར་པོ་དང་། མགུལ་གྱི་ནས་དམར་པོ། ཐུགས་ཀའི་དབུས་ནས་སྔོན་པོ་སོགས་སྦྲེལ་ཏེ་འདོན་པ་མ་གཏོགས། ཡེ་ཤེས་དབབ་པ་དངོས་མ་ཡིན་པས་བར་མཚམས་སུ་སྤོས་རོལ་མི་དགོས། མཎྜྻལ་གསུམ་པ་ལ་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་ཞེས་འདོན། ཨཱོཾ་བྱང་གྱི་ཨཱོཾ་འོད་དུ་ཞུ་བ་སློབ་མའི་ལུས་ལ་ཐིམ་པའི་རྐྱེན་གྱིས་སྟོང་པར་སྦྱངས། དེའི་ངང་ལས་སློབ་མ་ལྷར་བསྐྱེད་དུས་ཀྱི་མངོན་རྟོགས། རྒྱུ་མེད་ཀླུ་འབུམ་གཉེན་ཁྲི་ས་བདག་སྟོང་། །ནས། གཤན་པ་ཁྲག་སྐྱུག་དྲེགས་པ་ཀུན་གྱིས་བསྐོར་བར་ལས་བྱང་བཞིན་བཏགས་ཀྱང་མི་རུང་བ་མེད་མོད། ཨེ་རིང་ཇི་ལྟར་བརྗོད་ཞེས་གསུང་པས། ེ་རིང་བསྙེན་པའི་མན་ངག་བཞིན་གཏོང་ན་ཡང་རྒྱུ་དང་རྐྱེན་མེད་པར་ནས་གནས་གསུམ་བྱིན་རླབས་བར་མཐར་ཆགས་སུ་བཏང་བས་ལྷ་ཚོགས་ཡོངས་རྫོགས་བསྐྱེད་པ་ཡིན་གྱི་འདོར་ལེན་དགོས་པ་གང་ཡང་མེད། སློབ་མ་མང་ན་བྱིན་འབེབས་དངོས་གཞིར་རོལ་ཆེན་རེ་ངེས་པར་བྱེད། སློབ་མ་གཅིག་པུའམ་ཉུང་ངུ་ལས་མེད་ཅིང་སྤྲོས་མེད་ཀྱི་སྐབས་ཡིན་ནའང་། སྤོས་བདུག སློབ་དཔོན་གྱིས་ཌཱ་དྲིལ་བྱ། མཐར་ཡོངས་གྲགས་ཡིན་པས་གཞན་གྱི་རིགས་འགྲེ་ཤེས་འགྱུར་དུ་དགོངས། དངོས་གསལ་མི་འདུག་ཀྱང་ཏིཥྛ་བཛྭ་གྱིས་བརྟན་བཞུགས་སྤྱི་ལྟར་བྱ་ཞིང་། སྤྱི་བོར་རྡོ་རྗེ་རྒྱ་གྲམ་འཇོག་པ་དེ་ངེས་པར་དགོས། །མེ་ཏོག་འདོར་ས་དཀྱིལ་འཁོར་དངོས་ལ་བྱེད་ན་ཡང་རས་བྲིས་ལྟ་བུ་ལ་ནི་རུང་། རྡུལ་ཚོན་ཡིན་ན་ལྷ་མཚན་ཟུབ་པར་འགྱུར་བའི་ཉེས་པ་འབྱུང་བ་འགོག་པའི་ཕྱིར། སྟེང་ནས་མ་རེག་པར་དར་ལ་སེང་ལྟ་བུ་ཕྱི་ནང་མི་སྒྲིབ་པ་ཞིག་བཀབ་པ་ལ། མེ་ཏོག་དོར་བས་ལྷའི་མཚན་མ་མི་སུབ་ཅིང་གང་ལ་ཕོག་པ་ངོས་ཟིན་པའི་དགོས་པ་ཡོད་པས། རིག་བཟོའི་ལག་ལེན་ཡིན་ཀྱང་དོན་དང་མི་འགལ་བས་བྱེད་དུ་རུང་བ་མ་ཟད་ལེགས་པ་ཡིན་ཡང་དཀྱིལ་འཁོར་དངོས་ལ་མི་འདོར་ན་ཡང་རས་བྲིས་ཀྱི་དཀྱིལ་འཁོར་གཞན་ཞིག་ལ་འདོར་བའི་ལུགས་ཀྱང་ཡོད། དེ་མིན་སྟེགས་བུའམ་མཎྜྻལ་ལ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད་ལྕོག་ན་དང་། གཞན་མཎྜྻལ་པདྨ་འདབ་བརྒྱད་ལ་འབྲུའི་ཚོམ་བུའམ། རིགས་ལྔའི་མཚན་མའམ། བུམ་མཚན་ནམ། རིགས་བརྟགས་ཤིང་གསང་མཚན་འདོགས་པ་ལ་ཕན་པའི་ལྷ་ཚོགས་ཀྱི་གཙོ་བོ་ལྔའམ་དགུའི་ཕྱག་མཚན་སོགས་གང་རུང་བཀོད་པ་ཡིན། འདི་ནི་སོ་ཤིང་འདོར་ས་ལ་ཡང་འདྲ། འོན་ཀྱང་དེ་ལ་ལྷ་བསྐྱེད་མཆོད་བསྟོད་བཟླས་པ་རྣམས་བྱེད་སྲོལ་མེད། དེ་ཡང་ཕྱོགས་ཤར་ལ་སོགས་པའི་རྗེས་འབྲང་མཚམས་ཤར་ལྷོ་སོགས་རིམ་པས་ཡིན་ཕྱིར་མཚན་མ་མ་བཀོད་ཀྱང་། མཚམས་གང་ལ་མེ་ཏོག་ཕོག་པ་དེའི་རིགས་ཤེས་པར་འགྱུར་བས། ཕྱོགས་བཞི་ལྟེ་བ་དང་བཅས་པར་བཀོད་གཞན་ལ་མ་བཀོད་ན་ལྔ་དང་། མཚམས་རྣམས་སུའང་བཀོད་པས་དགུར་འགྱུར་བ་ཡིན། དེ་ལ་དགུར་བྱེད་པ་སྤྲོ་ན་ཡང་། རིགས་ལྔའི་མཚན་མ་དགོད་ན། ཤར་དང་ཤར་ལྷོར་རྡོ་རྗེ་ནས། བྱང་དང་བྱང་ཤར་རལ་གྲིའི་བར་དང་། ལྷ་ཚོགས་ཀྱི་གཙོ་བོའི་ཕྱག་མཚན་དགོད་ན། ལྟེ་བར་གཙོ་བོའི་ཕྱག་མཚན་འཁོར་ལོ་བཀོད། ཡུམ་རྣམས་ལ་མེ་ཏོག་ཕོག་ཀྱང་རིགས་ངོས་འཛིན་རྒྱུ་དང་། མིང་འདོགས་རྒྱུ་ལོག་པ་མེད་པས། ཡུམ་གསུམ་གྱི་ཕྱག་མཚན་འགོད་མི་དགོས་ཤར་དུ་ཕྱག་རྡོར་གྱི་ཕྱག་མཚན་རྡོ་རྗེ། ལྷོར་གཤིན་རྗེའི་ཕྱག་མཚན་འཁོར་ལོ། ནུབ་ཏུ་རུ་སྦལ་ལ་མཆོད་རྟེན། བྱང་དུ་བྱ་ཁྱུང་ལ་སྦྲུལ་རྣམས་དང་། མཚམས་རྣམས་སུ་གྱད་གནོན་གྱི་ཕྱག་མཚན་རལ་གྲི་རྣམས་འགོད་པ་ཡིན་ཀྱང་ཕལ་ཆེར་སྔ་མ་བཞིན་ལེགས། དུས་འཁོར་ལས་ནི་རྣམ་རྒྱལ་བུམ་པའི་ཁར་མནྜལ་ལ་བུམ་མཚན་དགུ་བཀོད་ནས་འདོར་བ་ཡང་གསུང་། དེ་རྣམས་གང་ལ་ཡིན་ཀྱང་འདྲ་སྟེ། དཀྱིལ་འཁོར་དངོས་ལ་དོར་བ་ལས་གཞན་པ་ཀུན་ལ་རྒྱ་གར་ལུགས་ཀྱི་ཕྱག་ལེན་ཕྱིས་དར་ལ། ལྷའི་མཚན་མ་ལྔའམ་དགུ་པོ་གང་ཡིན་དེ་ལ་ལྷ་སོ་སོའི་མཚན་ཙམ་སློབ་དཔོན་གྱིས་སྨོས་ཏེ་སློབ་མར་སྐད་ཅིག་གིས་གསལ་འདེབས་སུ་བཅུག་པའི་དམ་ཚིག་པར་དཀྱིལ་འཁོར་གྱི་ལྷ་དང་དེའི་ཐུགས་ཀ་ནས་རང་འདྲ་བ་རེ་ཆད་དེ་བྱོན་པའི་ཡེ་ཤེས་པ་བསྲེ་བའམ། ཡང་ན་ཐོག་མ་ནས་དམ་ཚིག་ཡེ་ཤེས་དབྱེར་མེད་པའི་ངོ་བོར་གསལ་འདེབས་སུ་བཅུག་པ་ལ། ཡ་མནྟ་ཀ་ས་པཱ་རི་ཝ་ར་ཨརྒྷཾ་པཱདྱཾ་ནས་ཤཔྟའི་བར་དང་། ལྷའི་རྒྱལ་པོའམ་ཆོས་ཀྱི་དབྱིངས་ནས་གོ་འབྱེད་སོགས་གང་རུང་ཤྭ་ལོ་ཀས་བསྟོད། ཨ་ཀྲོ་ཏེ་ཀ་སོགས་ཨེ་ཐུང་བརྒྱ་ཕྲག་ནས་བདུན་གྱི་བར་གང་རུང་བཟླ་བའོ། །བོད་རྙིང་པའི་ཕྱག་ལེན་གྲུབ་མཐའ་ཡོངས་གྲགས་ལ་ནི། ལྷར་བསྐྱེད་མཆོད་བསྟོད་སྔགས་བཟླ་བ་སོགས་དེ་རྣམས་མི་མཛད་པ་ཡིན། དེ་ནས་མེ་ཏོག་འདོར་དུ་གཞུག་དུས་རང་རིགས་ཀྱི་ལྷ་མ་བརྗེད་པར་ཟུངས་ཤིག་ཅེས་གདམས། མེ་ཏོག་སྤྱི་བོར་འཇོག་དུས་གང་ལ་ཕོག་པའི་སྔགས་བརྗོད་ཅེས་གསུངས་པ་ལྟར་ན། གཙོ་བོ་ལ་ཕོག་ན་གཙོ་སྔགས། ཕྱག་རྡོར་ལ་ཕོག་ན། ཕྱག་རྡོར་གྱི་སྔགས། མཚམས་རྣམས་སུ་ཕོག་ན་གྱད་གནོན་གྱི་སྔགས་ཀྱི་བར་འདོན་བཞིན་སྤྱི་བོར་འཆིང་རྒྱུ་ཡིན་ཀྱང་། ཕལ་ཆེར་བཤད་ཚོད་བཞིན་མི་འགྲུབ་པ་ཤས་ཆེ་བས་ཨེ་ཐུང་རང་བསྒྲང་ཀྱང་ཆོག མེ་ཏོག་འདོར་བའི་སྔགས་གཞུང་ནས་བཤད་ལྟར་ལ་སློབ་མ་མང་པོར་བྱེད་དུས་སྔགས་རིང་བ་མ་ལྕོག་ན། པུཥྤེ་ས་མ་ཡ་པཱུ་ཛ་ཧོ། ཞེས་པ་ཙམ་གྱིས་ཆོག ལྷ་ངོ་སྟོན་ཚུལ་རྒྱས་པར་སྤྲོ་ན་དག་སྦྱོར་སོགས་ཕྱག་རྒྱ་གསལ་སྒྲོན་ལས་ལེན། མནྜལ་ལྔ་པ་ལ་བླ་མ་སྐུ་རིན་པོ་ཆེའི་རྡོ་རྗེའི་བདག་ཉིད་ཅན་གྱི་དྲུང་དུ་ལུས་ཀྱི་སྒྲིབ་པ་སྦྱངས་ཤིང་སྐུ་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་འབུལ་བ་བགྱི་ཞེས་འདོན། རིན་ཆེན་དངུལ་གྱི་བུམ་པ་སོགས་ཀྱི་མཇུག ཁྲུས་བྱས་སྡིག་སྒྲིབ་དག་པར་བསམ། ཞེས་པའི་སྐབས་སྭ་བྷཱ་ཝ་བརྗོད། ལས་བུམ་གྱི་ཆུ་འཐུང་དུ་གཞུག ཀུ་ཤས་ལས་བུམ་གྱི་ཆུ་གཏོར་མགོ་བོར་བཞག་ནི་མི་དགོས། མིང་དབང་སྐབས་གསང་མིང་འདོགས་དགོས་ཏེ། དེ་ཡང་སྔར་མེ་ཏོག་གང་ལ་ཕོག་པ་ཡིན་དྲིས་ཏེ། དེ་དང་བསྟུན་པའི་མིང་འདོགས་ཚུལ། རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐས་རྡོ་རྗེ་ཕུར་པའི་དབང་གི་སྐབས། རྙིང་མ་རང་ལུགས་ཀྱི་རྡོ་རྗེ་ཐོད་ཕྲེང་རྩལ་སོགས་རིགས་ལྔ་དང་། མི་འགྱུར་ལྷུན་གྲུབ། མི་ལྡོག ཡང་དག དྲི་མེད། གྲུབ་པ་རྣམས་ལ་རྩལ་གྱི་མཐའ་ཅན་དུ་དབྱེ་བ་སོགས་ཀྱང་འདུག་ཅིང་། མེ་ཏོག་གང་ལ་ཕོག་པའི་ལྷའི་མཚན་རྟགས་ཀྱང་ལེགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར། འདིར་ཡང་སྟེ། དེ་ཡང་དཔེར་ན་མེ་ཏོག་ཤར་ལྟ་བུ་ལ་ཕོག་ན་རྡོ་རྗེ་མི་འགྱུར་རྩལ་ནས། རྡོ་རྗེ་གྲུབ་པ་རྩལ་གྱི་བར་དང་། བུད་མེད་ལ་ལྷོ་དང་ནུབ་ཏུ་མེ་ཏོག་ཕོག་ན། རིན་ཆེན་མྱུ་གུ་དང་། པདྨ་མྱུ་གུ་ཞེས་ཀྱང་འདོགས་པའི་སྲོལ་སྣང་། གཞན་ཆགས་པ་རྡོ་རྗེ་དང་གཏི་མུག་རྡོ་རྗེ་སོགས་ཀྱང་། དོན་དུ་འདོགས་རུང་ཙམ་དུ་མ་ཟད་བཤད་ཚོད་ཀྱང་དེ་ག་ཡིན་མོད་ཀྱི། རྣམ་པ་མིང་མི་སྙན་པས། བླུན་པོ་འགའ་རེ་མ་དགའ་བ་བྱེད་ཀྱི་དོགས། དེང་སང་དེ་ལྟར་འདོགས་པ་ཉུང་བ་ཡིན། ཡང་སྐབས་འདིར་ནི་དབུས་སུ་ཕོག་པའི་རིགས་ལ། འཇམ་དཔལ། ཟིལ་གནོན། སྣང་མཛད། རྣམ་སྣང་སོགས་སྦྱོར། རིགས་ལྔ་ཀ་ལ་བཞད་པ། དགའ་བ། དགྱེས་པ་སོགས་ཀྱང་སྦྱར་ན་ལེགས་པ་ཡིན་གསུངས། ཡེ་ཤེས་ལྷ་དབང་གི་མགོར། གཙོ་བོ་ལུས་དཀྱིལ་བཞིན་དུ་བསྒོམ། ཞེས་པར་སྒོམས་ལུགས་ཟིན་བྲིས་ཟུར་དུ་ཡོད་པ་ལྟར་ཤེས་པར་བྱའོ། །ཙ་ཀ་ལིའི་ལྷ་དབང་སློབ་མ་མང་བ་དང་། མདོར་བསྡུས་ཀྱི་སྐབས་བསྟོད་པ་ཁ་བསྒྱུར་གྱི་མཐར་སོ་སོའི་སྔགས་ལ་ཨ་བྷི་ཥིཉྩྨ་མཾ་བཏགས་པས་བསྐུར། སློབ་མ་ཉུང་ཞིང་སྤྲོ་ན། རྒྱས་འདོད་རེ་རེས་བསྐུར་བ་ཡིན། ཞེས་གསུངས་པའི་ཕྱིར། མུ་ཏིག་འཕྲེང་བ་སོགས་ལེན་འོས་པ་ནས་ཀྱང་བླང་བའམ། ཙ་ཀ་ལིའི་རྒྱབ་བྱང་བཞིན་ལྷ་རེ་དང་བསྐུར་ཚིག་ཤྭ་ལོ་ཀ་རེ་ཙ་ཀ་ལི་རེ་རྣམས་སྦྲགས་ནས་བསྐུར་བ་ཡིན། རྡོ་རྗེའི་དྲི་ཐིག་དགོས་ཚད་ནི་སློབ་དཔོན་ལག་གིས་རྡོ་རྗེའི་རྩེ་མོས་སོ། །བརྗིད་པ་དཔའ་བོའི་བྲོ་ཆེན་དང་། དགྱེས་པ་དཔའ་མོའི་གླུ་དབྱངས་ཀྱི་སྐབས། སྔོན་ཚེ་བསོད་ནམས་བསགས་པ་དང་། ེ་མྱགས་འབྲུ་བརྒྱད་ཀྱི་ཛ྄བ་དབྱངས་དང་། དང་པོའི་སངས་རྒྱས་སོགས་དབྱངས་དང་བཅས་པས་བརྗོད་བཞིན་སློབ་མ་ཚོས་དཀྱིལ་འཁོར་གྱི་མཐའ་ལ་བསྐོར་བ་དངོས་སུའམ་མོས་པ་བྱ། དེའི་དུས་སུ་དཀྱིལ་འཁོར་པའི་ལྷའི་ཐུགས་ཀ་ནས་དྲག་སྔགས་ཀྱི་ཆར་ཆེན་པོ་བྱུང་བ་སློབ་མ་རང་རང་གི་ངག་ལ་ཐིམ་པའི་མོས་པ་བྱར་གཞུག་དགོས་ཀྱང་། སྔགས་ཀྱི་བཟླས་ལུང་དངོས་ནི་གཤམ་དེ་མ་ཐག་ནས་རིམ་པས་འབྱུང་བ་རྣམས་ཡིན་ནོ། །མཎྜྻལ་དྲུག་པ་ལ། བླ་མ་གསུང་རྡོ་རྗེའི་བདག་ཉིད་ཅན་གྱི་དྲུང་དུ་ངག་གི་དྲི་མ་སྦྱངས་ཞིང་གསུང་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ་གསང་བའི་དབང་བསྐུར་ཞུ་བའི་ཡོན་ཞེས་འདོན། གཉིས་མེད་བརཏལ་ཞུགས་ཆེན་པོ་ལ་སོགས་ཨེ་ཀ་ཡ་མ་སོགས་ཀྱི་སྐབས། བླ་མའི་བྱང་སེམས་དཀར་ཆར་མོས་པས་ཐོད་ཆང་ཚར་གཅིག་དང་། ཡང་བདེ་བ་དམ་པ་མྱང་བར་གྱིས། ཨ་ཧོ་མ་ཧཱ་སུ་ཁཾ་སོགས་ཀྱིས་སྐབས་ཀྱང་། ཡུམ་གྱི་བྱང་སེམས་དམར་ཆར་མོས་པས་ཐོད་ཆང་ཚར་གཅིག་ཏུ་ལན་གཉིས་སྦྱིན་དགོས། འདི་ནས་མིག་དར་དཀྲོལ། རཀྟ་དང་གཏོར་མའི་བསྐུར་ཚིག་ཆོས་ཀྱི་དབྱིངས་གོ་འབྱེད་སོགས་བསྟོད་པའི་ཤྭ་ལོ་ཀ་དང་པོ་ཁ་བསྒྱུར་བའམ་ལྷའི་རྒྱལ་པོ་ལྷ་མཆོག་སོགས་ཀྱིས་ལྷ་དབང་གི་གཙོ་ཙ་ཀ་བཞིན་དུ་བསྐུར་ན་ཡིད་ལ་བདེ་མདོག་ཁ་བ་ཞིག་སྣང་ཡང་། ཀུན་མཁྱེན་ཆེན་པོ་རང་གིས། རཀྟ་གཏོར་མ་མཆོད་པའི་ཚིག །དབང་བསྐུར་འདོན་པ་བསྒྱུར་ལ་བསྐུར། །ཞེས་གསུངས་པར་མ་ཟད། ལུགས་གཞན་གྱི་དབང་ལ་ཡང་རཀྟ་དང་གཏོར་མའི་བསྐུར་ཚིག་འདིར་བཤད་པ་བཞིན་དུ་འདུག་པས་དྭངས་མ་སྙིང་ཁྲག་དང་། ཕྱི་སྣོད་འཇིག་རྟེན་སོགས་ཀྱི་ཤྭ་ལོ་ཀའི་ཚིག་མཐའ་དབང་བསྐུར་རོ་ཞེས་བསྒྱུར་བས་བསྐུར། རཀྟ་ལ་སྔགས་ཨེ་ཀ་ཡ་མ་གུ་ཡེ་རཀྟ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩྨ་ཧོ། ཞེས་བརྗོད་ནས་ལག་པར་གཏད་པ་དང་། གཏོར་མ་ལ་ཨེ་ཀ་ཡ་མ་བ་ལིཾ་ཛྙྱཱ་ན་པཱུ་ཛ་ཨ་བྷི་ཥིཉྩྨ་ཧོ། ཞེས་འདོན་བཞིན་དུ་དབང་གཏོར་མགོ་བོར་འཇོག་པ་ཡིན། མགོ་རློན་ག་ཤལ་སྦྱིན་པའི་ཚིགས་བཅད་དཔེ་ལ་ལར་ཡོད། ལ་ལར་མེད་པ་ཞིག་སྣང་བ་རེ་ཞིག་ཡོད་པའི་ལུགས་སུ་བྱས་ན་ལེགས་པས། དེ་ལྟ་ན་ཚིགས་བཅད་སྔ་མ་ཐོད་སྐམ་གྱི་དབུ་རྒྱན་ལྔ་པོ་གཡས་དཀར་གཡོན་དམར་དབུས་མཐིང་གི་ཞལ་གསུམ་པོ་རེ་རེ་ལ་ཡང་ཚར་རེ་ཡོད་པ་ལ་དགོངས་ནས་ཚར་གསུམ་ཞེས་བརྡ་ཆད་སྦྱོར་བར་མཛད་འདུག་པ་ལྟར་ན། ཙ་ཀ་ལི་སོགས་ལའང་དེ་བཞིན་འབྲི་དགོས་པ་འདྲ། འོན་ཀྱང་རྙིང་མ་སོགས་སྤྱི་གྲགས་ཐམས་ཅད་ལ་ཐོད་པ་ཚར་གསུམ་ཟེར་ན་མི་མགོ་སྐམ་རྙིང་རློན་གསུམ་ལས་འོས་མེད་པས་སྐབས་འདིར་ཡང་ཇི་ལྟར་ཡིན་ད་དུང་བརྟག་དགོས་པར་སྣང་ངོ་། །ཚེ་གལ་སྤྱི་བོར་དང་། ཚོགས་ལག་པར་བསྐུར། མཎྜྻལ་བདུན་པ་ལ། བླ་མའི་ཐུགས་རྡོ་རྗེའི་བདག་ཉིད་ཅན་གྱི་དྲུང་དུ། ཡིད་ཀྱི་དྲི་མ་སྦྱངས་ཤིང་ཐུགས་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་ཞེས་འདོན། དྲི་ལན་གྱི་རིགས་དབང་འདིའི་ཐོག་མཐའ་བར་གསུམ་དུ་ཡོད་པ་ཀུན་ལ་རྗེས་ཟློས་བྱར་གཞུག གཟུང་མ་ལ་སྤྲོ་བ་འདྲི་བར་མན་དམིགས་གསལ་བཤད་པ་མི་འདུག་ཀྱང་། སྤྲོ་ཞེས་ཁས་བླངས་པར་མོས་དགོས། འདི་ལས་མཆོག་ཏུ་གཞན་མེད་དོ་ནས་མིག་དར་དཀྲོལ། མནྜལ་བརྒྱད་པ་དབང་བཞི་པའི་མནྜལ་འབུལ་མཚམས་མི་གསལ་ཡང་། ན་མོ། ཆེ་བའི་ནང་ནས་ཆེ་བའི་མཆོག །སོགས་ཀྱིས་གསོལ་གདབ་ཀྱི་གོང་དེར་འབུལ་བ་ཡིན་པས་དེ་ལ། བླ་མ་ངོ་བོ་ཉིད་སྐུའི་བདག་ཉིད་ཅན་གྱི་དྲུང་དུ་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་སྦྱངས་ཤིང་། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཀྱི་ནུས་པ་འཇོག་པ་དབང་བཞི་པ་ཚིགས་དབང་རིན་པོ་ཆེ་ཞུ་བའི་ཡོན་དུ་ཞེས་འདོན། དྲག་པོ་མཐུ་ཡི་དབང་བསྐུར་གྱི། །བྲུབ་ཁུང་ཐོད་ནང་ལིངྒ་བཅུག །ཞེས་པའི་སྐབས་དབང་རྒྱས་པ་སྤྲོས་བཅས་འཆམས་སོགས་དང་འབྲེལ་བ་ཡིན་ན། ལས་བྱང་གི་བསྒྲལ་ལས་སྟབས་པ་དང་བཅས་བྱས་ཀྱང་འགལ་བ་མེད་ཅིང་ལེགས་པ་ཡིན། གཞན་བྲུབ་ཁུང་བསྐྱེད་ཆོག་བྱ། བདེན་བརྡར་འགུགས་གཞུག་ཚར་གསུམ་ནས། ཐུགས་རྗེ་ཐབས་ཀྱི་སྦྱོར་བ་སོགས་ཀྱིས་ཕུར་པ་བཏབ། གདུག་པ་ཅན་གྱི་དགྲ་བགེགས་ལ། །སོགས་སྔགས་དང་བཅས་པས་ལིངྒ་ཕུར་པ་དང་སྦྲགས་པ་ལག་ཏུ་བཞག་སྟེ་དབང་བསྐུར། སླར་ཡང་ལིངྒ་སློབ་མའི་གཙོ་བོའི་མདུན་དུ་བཀོད། ཐུན་གྱི་དབང་ནི་ལག་གཡས་སུ་ཡུངས་ཀར་དང་ཁྲག་ཐུན་སོགས་རྫས་ཡོངས་རྫོགས་དང་། གཡོན་དུ་རཀྴ་གཏད་དེ་དྲག་པོའི་སྔགས་སོགས་ཚིགས་བཅད་བརྗོད། ཐུན་སྔགས་ནི། ཡུངས་ཀར་རྒྱལ་པོའི་གཤམ་གྱི་ཨེ་ཀ་ཧེ་དུན་ཏྲག་རཀྴ་ཡ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་མེ་དོ་རུ་སོགས་ཡིན། ཡང་ཐུན་རྣམས་ཀྱང་སློབ་མའི་གཙོ་བོ་མདུན་དུ་བཀོད་དེ། རྒྱས་པར་སྤྲོ་ན། ཐུན་སོ་སོའི་ཚིགས་བཅད་ལས་བྱང་ལྟར་ལེན་པས་སམ། བསྡུ་ན་ཐུན་སྔགས་ཁོ་ནས་རིམ་བཞིན་རྡེག་ཏུ་གཞུག་ཟོར་དབང་བསྐུར་རྒྱུ་དབང་རྫས་ལ། དམར་གཏོར་ནི་མི་དགོས། བྱས་ཀྱང་མི་རུང་བ་ནི་མེད། གཏོར་མ་ཡོད་ཕྱིན་སྐབས་དེར་འཕེན་དུ་གཞུག གཞན་འུར་རྡོ་སོགས་ཟོར་རྫས་ཚང་མ་དགོས་པ་ཡིན་ནོ། །ཟོར་སྔགས་ནི་བཟློག་བསྒྱུར། དུས་གསུམ་སངས་རྒྱས་སྤྱི་གཟུགས་པ། །སོགས་ཀྱི་གཤམ་ཨེ་ཀ་ཧེ་དུན་བྷྱོ་བཟློག་སོགས་སོ། །གཤམ་དུ་གཙོ་བོས་ཇི་ལྟར་དང་། དེང་ནས་བརྩམས་ཏེ་བདག་བྲན་སོགས་ཀྱང་དགོས་གསུངས། དེ་ལྟར་ན་འཇམ་དཔལ་ཚེ་བདག་ནག་པོའི་སྒྲུབ་དབང་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་ལག་ལེན་མི་བདེ་བའི་འཕྲང་སེལ་འདིའང་རྗེ་ཐམས་ཅད་མཁྱེན་པ་ཆེན་པོ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་བཀའ་དྲིན་ལས་བྱུང་བ་བརྗེད་ཐོར་བཀོད་པ་མངྒ་ལཾ་བིསྟཱ་ར་ཀུ་རུ། སརྦ་མངྒ་ལཾ།། །།


previousའཇམ་དཔལ་ཚེ་བདག་ནག་པོའི་སྒྲུབ་དབང་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་གསལ་བྱེད་ཟིན་བྲིས།next